Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 7

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
རྩི་གནས་སུ་ཡིད་

ཀྱིས་མོས་པར་བྱ་བ་ནི་ཡིད་ཅན་ཏེ། བུམ་པའི་དབུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ལུས་སུ་མོས་པར་བྱ་ཞིང་བུམ་པའི་སྟེང་དུ་ནི་ཞལ་ཁོ་ན་བལྟ་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཁོ་ན་ཆོས་ཐམས་ཅད་ཀྱི་སྒོ་ཡང་དག་པ་ཇི་ལྟ་བའི་རང་གི་ངོ་བོ་སྟོན་པའི་ཐབས་སོ་ཞེས་
པའི་དོན་དུའོ། །ཤེས་རབ་ཀྱི་ཞལ་གྱི་སྟེང་དུ་སྐ་རགས་ཀྱི་སྐུད་པ་ལ་གནས་པའི་པདྨ་སྟེ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་སྔ་མ་ལྟ་བུའི་རྡོ་རྗེའོ། །དྲིལ་བུའི་དབུས་སུ་ཟུར་བརྒྱད་པའི་ཡེ་ཤེས་ཀྱི་དབྱུག་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱེད་པའོ། །དེ་ཡང་རང་གི་ངང་ཁོ་ནས་བདེ་བ་
ཆེན་པོའི་རང་བཞིན་ཅན་གྱི་རྣལ་འབྱོར་པའི་དངོས་པོ་རྣམས་ཐམས་ཅད་སྤྲོ་བ་དང་སྡུད་པ་དག་བྱེད་དོ་ཞེས་པས་དབྱུག་པ་ཡང་དེ་ལྟར་ཐ་སྙད་དུ་བྱ་སྟེ་སྒྲ་སྤྲོ་བ་དང་སྡུད་པའི་ཆ་ལས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བསྐྱོད་པར་བྱ་ཞེས་པ་ལ་སོགས་པའོ། །ཅི་ལྟར་ཞེ་ན་གསུངས་པ། ཨཱ་ལི་ཞེས་པ་
ལ་སོགས་པའོ། །ཨཱ་ལི་ནི་རྡོ་རྗེ་སྟེ། དེའི་ཀཱ་ལི་དྲིལ་བུ་ཆོས་འབྱུང་ངོ་། །དེ་ལ་རྩ་བརྒྱད་ཀྱི་ཕྱོགས་རྣམས་སུ་བདེ་བ་རབ་ཏུ་རྟོགས་པའི་ཆེད་དུ་རབ་ཏུ་སྦྱོར་བར་ཇི་ལྟར་འགྱུར་བ་དེ་ལྟར་རྡོ་རྗེ་གཡས་ཀྱི་རྒན་པོ་དང་། མིང་མེད་དག་གིས་དང་དྲིལ་བུ་གཡོན་པ་དག་གིས་བསྡམས་ནས་དྲིལ་བུའི་ནང་གི་
ཕྱོགས་བརྒྱད་རྣམས་སུ་ལྕེ་བསྐྱོད་ཅིང་དཀྲོལ་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ནང་གི་རྩ་བརྒྱད་བསྐྱོད་པ་མཚོན་པའི་དོན་དུ་ལྕེ་ཟུར་བརྒྱད་པ་སྟེ། དེ་ལྟར་རྡོ་རྗེའི་ལྟེ་བ་ཡང་ཆ་བརྒྱད་པའོ། །ལྕགས་ཀྱི་ལྕེ་གང་དུ་འཕྱང་བ་དེ་ནི་མཁའ་འགྲོ་གདོང་མཚན་པའོ། །འདིས་ཅི་ཞེ་ན་གསུངས་
པ། ཨཱ་ལི་ཞེས་པ་ལ་སོགས་པའོ། །ཨཱ་ལི་ཤེས་རབ་དང་ཀཱ་ལི་ཐབས་ཏེ། བསམ་པའི་དབྱེ་བས་སོ། །དེ་དག་རབ་སྦྱོར་བས་ཏེ། ཕན་ཚུན་རྗེས་སུ་འགྲོ་བས་འཁོར་བ་གཅོད་དོ། །གང་གི་ཕྱིར་དྲིལ་བུ་ཤེས་རབ་ལ་ཉེ་བར་འགྲོའོ་ཞེས་པས་ཐབས་ཏེ་རྡོ་རྗེའོ། །རྡོ་རྗེ་ཤེས་རབ་ཉེ་བར་འགྲོའོ་
ཞེས་པ་ཐབས་ནི་དྲིལ་བུའོ། །དེ་དག་དུས་གཅིག་ཏུ་འཛིན་པའི་ཕྱིར་ཞེས་དགོངས་པའོ། །ཅི་ཞིག་ཏུ་ཞེ་ན། དབུས་ནི་དབུས་སུ་སྟེ་ཆང་ཟུངས་སུའོ། །འཛིན་པའི་དག་པ་གསུངས་པ། ལག་པ་ཞེས་པ་ལ་སོགས་པ་སྟེ། པདྨའི་བསྐོར་བ་ནི་རབ་ཏུ་གྲགས་སོ། །མངོན་པར་འདོད་

པའི་དངོས་གྲུབ་ལ་ཉེ་བར་འགྲོའོ་ཞེས་པ་ཐབས་ཏེ་ལྷའི་བདག་ཉིད་དོ། །ལག་པ་གཡས་པར་ཉི་མ་སྟེ། གཡོན་པར་ཟླ་བ་བསམ་ཞིང་རྡོ་རྗེ་དང་དྲིལ་བུ་ཡང་གཟུང་བར་བྱའོ་ཞེས་པའི་དོན་ཏོ། །བྱང་དུ་ཞེས་པ་ནི་ཤར་ལ་སོགས་པ་རྣམས་ཉེ་བར་མཚོན་པ་སྟེ། སྒྲོ་འདོགས་པ་ནི་ལྷག་པར་མོས་
པའོ། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མཉེས་པར་བྱའོ་ཞེས་ལྷག་པར་མོས་པས་ཧཱུྃ་ཡིག་བརྗོད་པ་སྔོན་དུ་འགྲོ་བར། མཛེས་པ་ཞེས་པ་ལ་སོགས་པ་གློག་ཅིང་རྡོ་རྗེ་གསོར་བར་བྱའོ། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །སེམས་ཅན་བསྒྲལ་བ། གང་ལས་སེམས་ཅན་རྣམས་
རྣམ་པར་ཐར་པར་བྱེད་རྣམ་པར་དག་པར་བྱེད་དོ་ཞེས་པ་རྣམ་ཐར་རོ། །ཅིས་ཤེ་ན། གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོས་སྟོང་པ་ཉིད་དེ། དེ་ཁོ་ནས་རྣམ་ཐར་རྣམ་པར་རྟོག་པ་རྣམས་མཐའ་དག་ཉེ་བར་ཞི་བ་སྟེ། དེས་བྱ་བ་ཐར་པ་འདོད་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་སླར་ཡང་མཐོ་བ་ཉིད་
དེ། རྡོ་རྗེ་སེམས་དཔའོ་ཞེས་མཉེས་བཞིན་པར་བརྗོད་པར་བྱའོ། །གང་གི་ཕྱིར་རྡོ་རྗེ་གསོར་བ་འདི་ནི། རྡོ་རྗེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོའི་བྱང་ཆུབ་སེམས་ནི་ཁྱོད་ཀྱི་གཟུགས་བརྙན་ཏེ་རྣལ་འབྱོར་པའི་ལྷག་པར་མོས་པ་ཙམ་ཉིད་ཀྱིས་འཛིན་ཏོ། །བརྗོད་པ་ཡང་ཧཱུྃ་གསུམ་གྱི་སྐུ་དང་གསུང་
དང་ཐུགས་རྣམས་ཕན་ཚུན་དབྱེར་མེད་པ་རྟོགས་པར་བྱེད་ཅིང་། ཧོཿགསུམ་གྱིས་ཆུང་ངུ་དང་འབྲིང་དང་ཆེན་པོའི་སེམས་ཅན་གྲོལ་བར་བྱེད་པ་ཉིད་ཀྱིས་ན་ཡང་དག་པར་སད་པར་བྱེད་དོ། །དྲིལ་བུས་སྒྲ་བྱེད་པ་ཡང་ཤེས་རབ་དང་ཐབས་སུ་ལྷག་པར་མོས་པས་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་དང་ལྷའི་ངོ་བོ་
ཉིད་དུ་ཡང་གཞན་རྣམས་ལ་བྱ་བའི་ཆེད་དུ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཟླ་བ་དང་། ཉི་མ་ལྡན་པའི་ལག་པ་དག་གིས་འགྲོ་བ་རྣམས་ཀྱི་ནད་དེ། ནད་རྣམས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ་ཞེས་གསུངས་པའི་ཕྱིར་རོ། །
ཉེ་བར་ཞི་བར་གྱིས་ཞེས་པ་ལྷག་མའོ། །ཨོཾ་བཛྲ་ཞེས་པ་ལ་སོགས་པ་དྲིལ་བུ་དཀྲོལ་བའི་སྔགས་སོ། །ཨོཾ་སརྦ་ཞེས་པ་ལ་སོགས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྔགས་སོ། །ཤེས་རབ་ཐབས་ཀྱིས་དཀྲོལ་བ་ཡིས། །ཞེས་པ་རྒྱས་པར་སྟོན་པ་ཤེས་རབ་ཅེས་པ་ལ་སོགས་པའོ། །བྱང་ཆུབ་

སེམས་ཀྱི་ངོ་བོས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐྱེད་པའི་ཆེད་དུ་འགྲོའོ་ཞེས་པ་འགྲོ་བ་སྟེ། སེམས་ཅན་གྱི་འཇིག་རྟེན་དང་། སོགས་པས་སྣོད་ཀྱང་རྟོགས་པར་བྱའོ་ཞེས་སྒྲ་བསྒྲགས་སོ། །སེམས་ཅན་ཞེས་པ་སེམས་ཅན་རྣམས་ཀྱིས་སངས་རྒྱས་དོན་དུ་ཞེས་པ་
སངས་རྒྱས་ཉིད་ཀྱི་དོན་དུའོ། །དེ་ལྟར་རྡོ་རྗེ་ཐུགས་དང་དྲིལ་བུ་སྐུར་དང་དེའི་སྒྲ་གསུང་ངོ་ཞེས་གསུམ་པོ་བྱང་ཆུབ་ཀྱི་སེམས་ཁོ་ནར་རྟོགས་པར་བྱའོ་ཞེས་ཉེ་བར་བསྡུ་བ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་པ་རྣམས་ཀྱི་ནི་ཀྱེ་རྣལ་འབྱོར་པའོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་མི་ཤེས་པ་
ལས་དངོས་གྲུབ་མ་ཡིན་ནོ་ཞེས་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པའོ། །འདིར་ཆ་གསུམ་མཉམ་པ་ཉིད་ནི་རྡོ་རྗེ་རྣམས་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་དོ། །ཆ་གསུམ་པའི་སུམ་ཆའི་ཚད་དུ་ལྟེ་བ་ཆ་ཤས་བརྒྱད་པའོ། །རྭ་རྣམས་ནི་ཆ་ཤས་ཟུར་བཞི་པ་རྩེ་མོ་གུག་པའོ། །རྭའི་དབུས་
ཀྱི་འོག་ནི་ཟླུམ་པའོ། །རྭ་དབུས་མ་ནི་དྲང་བ་གྲུ་བཞི་པ་རྣོ་བ་རྐེད་དཀྲིས་གསུམ་དང་ལྡན་པ་ནས་ཀྱི་དབྱིབས་ཅན་ནོ། །འདིའི་རྩེ་མོ་དང་ཕྱོགས་ཀྱི་རྭའི་རྩེ་མོ་རྣམས་ཀྱི་བར་ནི་ནས་བརྩམས་ཏེ། རྭ་ཐམས་ཅད་ཕན་ཚུན་མཉམ་པའོ། །དབུས་མ་ནི་ཅུང་ཟད་ལྷག་པའོ། །རྭ་རྣམས་ཀྱི་ཅུང་ཟད་
འོག་ཕྲ་བ། དབུས་དེ་ལས་སྦོམ་པ། སྟེང་ནི་འོག་གི་ཆ་ལས་ཕྲ་བའོ། །དབུས་ཀྱི་ཆ་ཡིས་ཡང་དབུས་སྦོམ་ཞིང་མཐའ་གཉིས་དེ་བས་ཕྲ་བའོ། །རྭ་རྣམས་ཆུ་སྲིན་གྱི་སོའི་བར་ན་གནས་པ་རྣམས་ཏེ། འདིའི་སྣ་ནི་སྟེང་དུ་འབྲས་སོ་བའི་ལྐོག་པའི་ཕྱེད་ཀྱི་ཚད་དོ། །ཆུ་སྲིན་གྱི་གདོང་ནི་རྭའི་
བཞི་ཆའོ། །ཆུ་སྲིན་གྱི་གདོང་གི་ཕྱེད་ཀྱི་མུ་ཁྱུད་དོ། །སྐེ་རགས་འདིའི་དབུས་ཀྱི་ཆ་ནི་ཅུང་ཟད་ལྷག་པར་བྱའོ། །ཆ་ལྷག་མ་དག་ཕན་ཚུན་མཉམ་ཞིང་རིམ་གྱིས་ཉིས་འགྱུར་གྱིས་མཐོ་བའོ། །བསྐོར་བ་ཡང་རྡོ་རྗེའི་ཕྱེད་ཀྱི་ཚད་དེ། བསྐོར་བའི་ཚད་གཉིས་ནི་རྡོ་རྗེ་ཐམས་ཅད་ཀྱི་རིང་བར་
རོ། །འོད་ཟེར་ལ་སོགས་པ་ཡང་ལུང་ཇི་ལྟ་བར་བལྟ་བར་བྱའོ། །སོར་བཞི་ནས་བརྩམས་ནས་སོར་ཉི་ཤུའི་བར་དུ་རྡོ་རྗེ་རབ་ཏུ་གྲགས་སོ། །ཇི་ལྟར་འདོད་པར་རོ་ཞེས་པ་ཁ་ཅིག་གོ། །གང་དུ་དབུས་ཀྱི་ལྟེ་བ་ལ་བླ་ན་མེད་པའི་ཆོས་ཉིད་མཚོན་པར་བྱེད་པ་ཧཱུྃ་ཡིག་གོ། །རྭ་དབུས་མ་ལ་མངོན་དུ་ཕྱོགས་

པ་ཉིད་ཀྱི་རྭ་རྣམས་ཀྱི་ཡོངས་མཐའ་འཇུག་པས་གཟུགས་ལ་སོགས་པ་རྣམས་ཐམས་ཅད་རྣམ་པར་ཤེས་པའི་གཙོ་བོ་ཅན་ནོ་ཞེས་གསལ་བར་བྱེད་པའོ། །འདི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་རིག་པའི་ཆེད་དུ་ཐམས་ཅད་དུ་གྲུ་བཞི་པའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་
མེད་པ་ཉིད་རྟོགས་པའི་དོན་དུ་ཐམས་ཅད་དུ་རྒྱས་པ་གསུམ་མོ། །རྩེ་གཅིག་པ་དང་རྩེ་གསུམ་པ་དང་རྩེ་ལྔ་པ་དང་རྩེ་དགུ་པ་ཞེས་པ་རྡོ་རྗེ་རྣམ་པ་བཞིའོ། །རྣོ་བ་དང་མི་རྣོ་བ་དང་གདེངས་པ་དང་ཞི་བའི་དབྱེ་བས་རྣམ་པ་གཉིས་སོ། །སྣ་ཚོགས་རྡོ་རྗེ་ནི་རྩེ་མོ་ལྔའི་སྒོ་བཞི་པ་ཅན་དང་རྩེ་གསུམ་པའོ། །དེ་ལ་
ཁྲོ་བོའི་རྡོ་རྗེ་ཁ་གདེངས་པ་སྟེ། རྡོ་རྗེ་རྩེ་གཅིག་པ་ནི་འདོད་ཆགས་དམན་པར་བྱེད་པའོ། །རྒྱན་གྱི་རྡོ་རྗེ་ནི་སྤྱི་བོར་སོར་ལྔ་པའི་ཚད་དོ། །རྣ་བ་དག་ལ་སོར་དྲུག་པའི་ཚད་དོ། །མགྲིན་པ་ལ་སོར་བཞི་པའི་ཚད་དོ། །སྙིང་གར་སོར་ལྔ་པའི་ཚད་དོ། །གསང་བར་སོར་དྲུག་པའི་ཚད་དོ། །ལག་པ་
དག་ལ་སོར་དྲུག་པའི་ཚད་དོ། །ཡང་ན་རྒྱན་རྡོ་རྗེ་རྣམས་ཀྱི་ཚད་ནི་ཇི་ལྟར་མཛེས་པར་རོ། །དྲིལ་བུ་རྣམས་ཐམས་ཅད་ནི་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཚད་དོ། །དེ་རྣམས་ཀྱི་འོག་གི་ཆ་གསུམ་པ་ནི་ཁ་ནས་བཟུང་སྟེ་འཁར་བ་དག་པའི་རང་བཞིན་དུ་བྱའོ། །དེའི་སྟེང་གི་ཆ་གཉིས་ནི་
གསེར་ལ་སོགས་པ་ལས་བྱུང་བའོ། །དེའི་འཁར་བའི་དབུས་ཀྱི་ནམ་མཁའ་རྒྱ་དང་མཆུར་མཉམ་པའོ། །མཆུ་ལས་སྐེད་དུ་སྐ་རགས་དག་གི་དབུས་སུ་རྡོ་རྗེ་ལ་སོགས་པའི་ཕྲེང་བའོ། །བདུད་རྩིའི་བུམ་པའི་འོག་ཏུ་སྟེགས་བུ་གྲུ་བཞི་པའོ། །དེའི་འོག་ཏུ་ཕྲེང་བ་གསུམ་མོ། །དེའི་འོག་ཏུ་པདྨའོ། །
དེའི་འོག་ཏུ་སྐ་རགས་དག་གི་དབུས་སུ་ཇི་ལྟར་རིགས་པར་རྡོ་རྗེ་ལ་སོགས་པའི་ཕྲེང་བའོ། །དེའི་འོག་ཏུ་རིན་པོ་ཆེ་སྣ་ཚོགས་པའི་དྲ་བ་དང་དྲ་བ་ཕྱེད་པའོ། །དྲ་བའི་ནང་བརྒྱད་དུ་མཚན་མ་བརྒྱད་རྣམས་ཏེ། ཤར་ལ་སོགས་པ་རྣམས་སུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲིའོ། །སྤྱན་དང་རྡོ་
རྗེ་དང་པདྨ་དང་ཨུཏྤ་ལ་ནི་མེ་ལ་སོགས་པ་ཕྱོགས་མཚམས་རྣམས་སུའོ། །ཇི་ལྟར་མཛེས་པར་གནས་རྣམས་སུ་ཀུ་མུ་ད་དང་ཨུཏྤ་ལ་དང་པདྨ་དང་རིན་པོ་ཆེ་དང་པ་ཏྲ་དང་མུ་ཁྱུད་ལ་སོགས་པ་སྟེ། ལུང་ཇི་ལྟ་བར་གཞན་ཡང་ཤེས་པར་བྱའོ། །བུམ་པའི་ཚད་དུ་ཤེས་རབ་ཀྱི་ཞལ་ལོ། །ཞལ་ལས་སྟེང་དུ་

སྔར་གྱི་རྡོ་རྗེ་ཕྱེད་ལྟ་བུའི་རྡོ་རྗེ་ཕྱེད་པའོ། །འདིར་དྲིལ་བུ་འགའ་ཞིག་དཔལ་རྒྱལ་མ་ཅུང་ཟད་ཟླུམ་པའི་ཆུ་སྐྱེས་ཀྱི་ཁ་ཅན་ནོ། །ཁ་ཅིག་པདྨའི་འོ། །ཁ་ཅིག་བ་ལང་གི་ཁ་ཅན་ནོ། །རྡོ་རྗེ་སེམས་དཔའི་དྲིལ་བུ་ནི་རྩེ་དགུ་པ། སོར་བཅུ་གཉིས་པའི་ཚད་ཅན་ཤར་ལ་སོགས་
པའི་ཕྱོགས་རྣམས་སུ་མཚོ་སྐྱེས་དཀར་པོ་དང་ཆུ་སྐྱེས་སྔོན་པོ་དང་ཆུ་སྐྱེས་དམར་པོ་དང་ཨུཏྤལ་རྣམས་སོ། །ཁ་ཅིག་ཏུ་དྲིལ་བུ་སོར་མོ་དགུ་པ་དྲ་བ་དང་དྲ་བ་ཕྱེད་པའི་མཚན་མ་སྤངས་པ་ཁ་སོར་ལྔ་པའོ་ཞེས་གསུངས་སོ། །རྩེ་ལྔ་པའམ་རྩེ་དགུ་པ་ནི་དཔའ་བོའི་དྲིལ་བུར་བརྗོད་དོ། །རྣམ་པར་སྣང་
མཛད་ལ་སོགས་པའི་ཡང་། འཁོར་ལོའི་ཕྲེང་བ་གཉིས་དང་ལྡན་པ་ནི་སྐརགས་གཉིས་ཀྱི་དབུས་སུ་སྟེ། དེ་བཞིན་དུ་པདྨ་དང་རིན་པོ་ཆེ་དང་རལ་གྲིའི་ཕྲེང་བ་གཉིས་དང་ལྡན་པའོ། །རྡོ་རྗེའི་རིགས་ཀྱི་ནི་བ་ལང་གི་ཁ་ཅན་རྡོ་རྗེའི་ཕྲེང་བའི་སྐ་རགས་གཉིས་དང་ལྡན་པའོ། །གང་འདིར་སྟེང་དང་འོག་
གི་ཆ་དག་ཏུ་རྡོ་རྗེ་ཕྲེང་བ་ཟུང་གིས་མཛེས་པ་དེ་ནི་ཆོས་འབྱུང་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་གནས་ཉིད་དུ་རྟོགས་པའི་དོན་དུའོ། །འཁོར་ལོ་ལ་སོགས་པ་ཟུང་དང་ལྡན་པ་རྣམས་ནི་ཇི་ལྟར་རིགས་པར་བླ་ན་མེད་པའི་ཞི་བ་ལ་སོགས་པའི་གནས་ཉིད་དུའོ། །ཁམས་གསུམ་པའི་རང་བཞིན་གཞལ་ཡས་ཁང་
ཉིད་དུ་འདི་བཤད་པའི་ཆེད་དུ་དྲ་བ་དང་དྲ་བ་ཕྱེད་པའི་རྣམ་པའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་དགུ་པའོ།། །།བགྲང་ཕྲེང་གི་དེ་ཁོ་ན་ཉིད་རྒྱས་པར་བསྟན་པའི་ཆེད་དུ་གསུངས་པ། ཉོན་ཞེས་པ་ལ་སོགས་པའོ། །བགྲང་
བ་སྟེ་ཡེ་ཤེས་སུ་ལྷག་པར་མོས་པའི་ལྷའི་གཟུགས་ཀྱི་སྐུད་པ་ནི་བགྲང་ཕྲེང་ངོ་། །ཡང་མི་འགྱུར་བ་སྔགས་རྣམས་ཕྲེང་བར་བྱེད་གྲངས་སུ་བྱེད་པའི་ཕྱིར་བགྲང་ཕྲེང་སྟེ། ར་ཡིག་ཕྱིས་པ་ནི་ངེས་ཚིག་གོ། །སོགས་པས་དེ་ལ་རབ་གནས་ལ་སོགས་པའི་མཚན་ཉིད་དང་། གང་གིས་སྔགས་རྣམས་
འགྲུབ་པའོ། །མུཀྟི་ཞེས་པ་མུ་ཏིག་གོ། །ཁམས་དཀར་པོ་རྣམས་ནི་རུས་པ་རྣམས་སོ། །སོགས་པས་རྡོ་བའི་ཁྱད་པར་དཀར་པོ་རྣམས་སོ། །ནོར་བུ་དཀར་པོ་ནོར་བུ་རྣམས་སོ། །སོགས་པས་དྲི་མ་མེད་པའི་རྫས་ཀྱང་དྲི་བཟང་བར་བྱས་པའོ། །ནག་པོའི་ས་བོན་ནི་ལུང་ཐང་གི་ས་བོན་ནོ། །

ཁྱད་པར་གྱི་ལས་དང་རྗེས་སུ་མཐུན་པས་ལས་ཐམས་ཅད་པའི་སྔགས་འགྲུབ་པའི་དོན་དུ། རིལ་བུ་ལྔ་བཅུ་རྣམས་ཀྱིས་བགྲང་ཕྲེང་ངོ་། །ཕྱོགས་དང་ཕྱོགས་བྲལ་གྱི་སྐུད་པ་བརྒྱད་རྣམས་ལ་ཕྱག་ན་པདྨ་ལ་སོགས་པ་བརྒྱད་རྣམས་བལྟ་བར་བྱའོ། །སྐུད་པ་དབུས་མ་ལ་སངས་རྒྱས་ཐམས་ཅད་ཀྱི་རང་
བཞིན་རྡོ་རྗེ་སེམས་དཔའོ། །སྐུད་པ་ཡང་རས་བལ་ལས་བྱུང་བ་གཞོན་ནུ་མས་བཀལ་བ་གཟུང་བར་བྱའོ། །དགྲ་འདོད་ཆགས་ལ་སོགས་པ་རྣམས་བཅོམ་མོ་ཞེས་པའམ། མཆོད་པ་ལ་སོགས་འོས་སོ་ཞེས་པས། དགྲ་བཅོམ་པ་རྫོགས་པའི་སངས་རྒྱས་རྣམས་ཏེ་རིལ་བུའི་རང་བཞིན་རྣམས་
སོ། །སྐུད་པའི་སྣ་གཉིས་མདུད་པའི་སྟེང་དུ་རིལ་བུ་བསྒྲེང་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་ངོ་བོ་མཆོད་རྟེན་ཞེས་བསམ་མོ། །དེའི་སྟེང་དུ་རིལ་བུ་གཞན་ནི་ཆོས་ཀྱི་དབྱིངས། དེ་བཞིན་ཉིད་ཆོས་ཐམས་ཅད་མངོན་དུ་བྱེད་པའི་ངོ་བོ་ཅན་ཏེ། ཆོས་ཉིད་རྟོགས་པ་ཁོ་ན་
ལས་རྣམ་པར་དག་པའི་ཆོས་རྟོགས་པའོ། །ཅི་བྱས་ནས་རྟོགས་པ་འདི་ཡིན་ཞེ་ན། ལག་མཐིལ་ཞེས་པ་ལ་སོགས་པའོ། །དབྱངས་རྣམས་ཀྱི་སྔ་མ་ཨ་ཡིག་གང་གི་དང་པོ་ཡིན་པ་དེ་ལ་ཨཱཿཞེས་པ་ཡི་གེ་སྟེ། དེ་ཡོངས་སུ་གྱུར་པ་ལས་ལག་པ་གཡས་པར་ཡུད་ཀྱིས་བསྒོམ་པའི་སོར་མོ་རྡོ་རྗེ་
རྩེ་ལྔ་པའི་ངོ་བོ་ཅན་ལ་ཉི་མ་དེས་བྱིན་གྱིས་བརླབས་པའོ། །ལག་པ་གཡོན་པ་ན་ཡུད་ཀྱིས་སོར་མོའི་འདབ་མ་ཅན་པདྨའི་རྣམ་པར་བསམས་ལ། བདུད་རྩིའི་ཡི་གེ་ཨ་ཡིག་སྟེ། དེ་ཡོངས་སུ་གྱུར་པ་ཟླ་བ་ཁ་དོག་དཀར་པོ་དེས་བྱིན་གྱིས་བརླབས་པའོ། །དེ་དག་གི་དབུས་སུ་བགྲང་ཕྲེང་བཟུང་ནས་
བཤད་པའི་ལྷའི་རང་བཞིན་དུ་བསྒོམ་ཞིང་། ཨཀྑ་རུ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པོ་ཞེས་པ་འདིའི་རབ་གནས་སོ། །ལག་པ་གཡོན་པ་རྡོ་རྗེ་མ་ཡིན་པ་རྡོ་རྗེ་རུ་གྱུར་པ་སྟེ། ཅི་ལྟར་ཞེ་ན་རྡོ་རྗེ་ལག་པ་གཡས་པ་དང་གཉིས་སུ་མེད་པའི་ཕྱིར་རོ། །རྡོ་རྗེ་དང་པདྨ་དག་སྟོང་པ་ཉིད་དང་
སྙིང་རྗེ་དག་དབྱེར་མེད་པར་བསྒོམ་པས་ལག་པ་གཡས་པས་སྔགས་བཟླའོ་ཞེས་པའི་དོན་ཏོ། །སོར་མོའི་ཁྱད་པར་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ། །ཁྲོ་བོ་ཞེས་པ་སྡིགས་མཛུབ་ལའོ། །ཡོངས་ཀྱི་མཐའ་ཞེས་པ་མཐེའུ་ཆུང་ལའོ། །ལྷ་རྣམས་དགུག་པའི་བསམས་པས་རྡོ་རྗེ་ལྕགས་

ཀྱུའི་ངོ་བོར་བསྒོམ་པའི་མཐེ་བོང་གིས་བགྲང་ཕྲེང་རབ་ཏུ་འབེབས་ཤིང་བཟླའོ། །དེ་ལྟ་བུ་ཡང་མཉམ་པར་གཞག་པ་ཇི་སྐད་བཤད་པའི་ངོ་བོ་ལ་ཏིང་ངེ་འཛིན་པར་གལ་ཏེ་གྱུར་པ་དེའི་ཚེ་འགྲུབ་ཀྱི་གཞན་དུ་མ་ཡིན་ནོ་ཞེས་གསུངས་པ། དེ་ཉིད་མེད་པས་ཤེས་པ་སྟེ། ཇི་སྐད་བཤད་པའི་
དེ་ཁོ་ན་ཉིད་མི་བསྒོམ་པས་སོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་སྟོང་པ་ཉིད་དུ། ལྷག་པར་མོས་པ་མེད་པར་མི་འགྲུབ་པ་ཞེས་པ་ལྷག་མའོ། །དེའི་ཕྱིར་རྣལ་འབྱོར་པ་དེ་ཁོ་ན་ཉིད་སྒོམ་པ་ཁོ་ནས་དེ་ཁོ་ན་ཉིད་གང་གི་གང་ངོ་བོ་ཡིན་པ་དེས་ཐམས་ཅད་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཨཀྑ་རུ་ཞེས་པ་ལ་སོགས་པ་སྭཱ་ཧཱའི་
མཐར་ཐུག་པའི་སྔགས་སོ། །ཡི་གེ་ཨ་ཡིག་ལ་སོགས་པ་རྣམས་གང་གི་རྒྱུ་ཡིན་པ་དེ་རྣམས་དེ་སྐད་དོ། །དེ་གང་གི་ངོ་བོ་ཡིན་པ་དེ་དེ་ཁོ་ན་ཉིད་ཀྱིས་སྦྱང་བའི་སྔགས་སོ། །དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་སྙིང་པོའོ། །དེ་ཉིད་ཀྱི་ཕྱིར་རྒྱས་པར་སྟོན་པ། བགྲངས་ཞེས་པ་ལ་སོགས་པའོ། །བགྲངས་པ་
ལས་ཏེ་གྲངས་ལས་ཀྱང་གྲངས་མེད་པ་སྟེ། དོན་དམ་པར་རོ། །གང་གི་ཕྱིར་བརྫུན་པ་སྒྱུ་མ་ལྟ་བུ་སྟེ། བརྫུན་པར་རྟོགས་པ་ཁོ་ནས་འགྲུབ་བོ། དེའི་ཕྱིར་དེ་ཁོ་ན་ཉིད་ཁོ་ན་སྙིང་པོ་སྟེ། མངོན་པར་འདོད་པ་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཉེ་བར་སྡུད་དེ། བགྲང་ཞེས་པ་ལ་སོགས་པའོ། །
དེ་ལྟར་བགྲང་ཕྲེང་དག་པར་བྱེད་པའི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ལ། གང་གི་ཚེ་ཁ་ཅིག་ཏུ་བསྒྲུབ་པར་བྱ་བ་ལ་ཐོབ་པར་འདོད་པར་གྱུར་པ་དེའི་ཚེ་དེ་སྒྲུབ་པར་བྱེད་དེ། དེ་དང་རྗེས་སུ་མཐུན་པའི་སྔགས་ཟློས་ཤིང་བྱིན་གྱིས་བརླབས་པའི་བགྲང་ཕྲེང་གིས་སོ། །དེ་ཉིད་ཅེས་པ་དེ་ཁོ་ན་ཉིད་ཀྱིས་
སོ། །ཡོངས་སུ་མི་གསལ་བ་ནི་མི་གསལ་བ་སྟེ། གལ་ཏེ་ངེས་པས་ལྷག་པར་མོས་པ་མེད་ན་དེའི་ཚེ་དངོས་གྲུབ་རིང་བ་སྟེ། མེད་པ་ཁོ་ནའམ། དུས་ཡུན་རིང་པོས་རེས་འགའ་ཅུང་ཟད་ཙམ་འགྲུབ་བོ་ཞེས་པ་དགོངས་པའོ། །ཡེ་ཤེས་ཀྱི་མཚན་ཉིད་རྒྱས་པར་སྟོན་པ། ཉོན་ཞེས་པ་ལ་སོགས་པ་
སྟེ། ཡེ་ཤེས་ཆེན་པོ་ནི་རྡོ་རྗེ་སྙིང་པོའོ། །མཉམ་པར་གཞག་པ་ན་སྟེ། ཏིང་ངེ་འཛིན་པར་གྱུར་པ་ནའོ། །འཁོར་ལོ་ནི་ལྷའི་ཚོགས་པ་དང་ཁམས་གསུམ་པའི་འཁོར་ལོའོ། །ཤེས་རབ་དང་སྙིང་རྗེ་དག་རོ་གཅིག་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་པར་ལས་སོ། །ཟླ་བ་ལ་སྟེ་སྣ་ཚོགས་

པདྨའི་སྟེང་དུའོ། ཡེ་ཤེས་ཁོ་ན་ས་བོན་ཏེ། ཤེས་རབ་རྣོན་པོས་རྫུས་སྐྱེས་ཉིད་ཀྱིས་ཡེ་ཤེས་རྫོགས་པའི་ཕྱིར་རོ། །དེ་གསུངས་པ། རྣམ་པ་ཐམས་ཅད་མཆོག་ལྡན་པ། །སྤྲོ་དང་སྡུད་པའི་བྱེད་པ་པོ། །ཡུད་ཀྱིས་ཡེ་ཤེས་རྫོགས་པ་ནི། །རྣལ་འབྱོར་རྫོགས་པར་བརྗོད་པར་བྱ། །ཞེས་སོ། །
ཤེས་རབ་རྟུལ་པོ་ནི་ཡེ་ཤེས་ཀྱི་ས་བོན་ཧཱུྃ་ངོ་། །རྒྱན་ནི་འཁོར་ལོ་ཅན་ལ་སོགས་པའོ། །རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་དང་ལྡན་པའི་ཕྱག་དག་གིས་ཕྱག་རྒྱ་ཆེན་མོ་རང་དང་འདྲ་བ་ཁ་དོག་དཀར་མོ་ཤིན་ཏུ་མཛེས་མ་ལ་འཁྱུད་པ་སྙིང་གར་འཚིར་བའོ། །ཨཱ་རཱ་ཏ་སྟེ་རིང་དུ་སྒྲིབ་པ་གཉིས་ལས་སོང་བ་ནི་འཕགས་པའོ། །
དེ་ཉིད་ཀྱི་ཕྱིར་མངོན་པར་ཤེས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །རྣམ་པར་སྣང་མཛད་དེ་ཁོ་ན་རྡོ་རྗེ་འཛིན་པའོ། །གཙོ་བོ་ནི་སྤྲོ་བ་དང་སྡུད་པ་ལ་སོགས་པ་རྣམས་ལ་མཐུ་ཅན་གྱི་ངང་ཚུལ་ཉིད་ཀྱི་ཕྱིར་རོ། །ཅིག་ཅར་ཟློས་པ་ནི་དམ་ཚིག་གི་བཟླས་
པའོ། །རིམ་གྱིས་ཟློས་པ་ནི་ཁྱོགས་ལ་སོགས་པའི་བཟླས་པའོ། །དེ་གཉིས་ཀ་ཁྱད་པར་དུ་བྱེད་དེ། གཡོན་ཞེས་པ་ལ་སོགས་པས་སོ། །ལག་པ་གཉིས་གང་ཡང་རུང་བས་བགྲང་ཕྲེང་བསྐོར་བའི་ཕྱིར་བཟླས་པ་ཡང་བསྐོར་བ་ལྟ་བུའོ། །ལྷ་རྣམས་དེ་ལས་ཏེ་སྔགས་བཟླས་པ་ལས་བདེ་བར་དགྱེས་
པར་འགྱུར་རོ། །ཅིའི་སྔགས་ཀྱི་བཟླས་པ་ཞེ་ན། ཨཱ་ལི་དག་གི་ཨོཾ་ཨཱཿཡིག་དག་གོ། །ཀཱ་ལི་ནི་སྭཱ་ཧཱའོ། །ས་བོན་ནི་ཧཱུྃ་སྟེ་དེ་རྣམས་ཀྱིའོ། །ཅི་ལྟར་ཞེ་ན་ཧཱུྃ་ཡིག་སྐུད་པ་སྟེ། ལུས་དང་ངག་དང་སེམས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཕྱིར་རོ། །དེས་བརྒྱུས་ཤིང་སྙིང་པོར་བྱས་པར་ཇི་ལྟར་
འགྱུར་བ་ལྟར་རོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པའོ། །ས་བོན་འདི་ཁོ་ན་བསྐྱེད་པའི་དོན་དུ་སྙིང་གར་ཡང་བསྒོམ་མོ་ཞེས་པ་དྲང་བའི་དོན་ཏོ། །ཅིག་ཅར་འགའ་ཞིག་གི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རིམ་པ་ཁྱད་པར་དུ་བསྐྱེད་པས་སྔགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཟླས་པ་གོམས་
པའོ། །ཁྱད་པར་ཅི་ཞེ་ན། བརྗོད་པར་བྱ་སྟེ། གཡོན་པ་ཤེས་རབ་བོ། །གཡས་པ་ཐབས་སོ། །དེ་དག་གི་ལག་པ་དག་གི་བདེ་བ་འཛིན་པའི་ཐབས་རྡོ་རྗེ་དང་པདྨ་དག་གོ། །དེ་གཉིས་ལས་མཁའ་འགྲོ་མ་རྣམས་ཀྱི་སྟེ། ཨ་ཝ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱི་དེའི་བདེ་བ་ཁྱད་པར་ཏེ་གང་རྣམས་ཀྱིས་

བགྲོད་པར་བྱའོ་ཞེས་དགོངས་པའོ། །བསྐོར་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པའོ། །ཨཱ་ལི་ནི་ཁུ་བའོ། །ཀཱ་ལི་ནི་རྡུལ་ལོ། །ས་བོན་ནི་གཉིས་ཀའི་ནང་དུ་སོན་པའི་སེམས་ཏེ། མངལ་འཛིན་པའི་གནས་སྐབས་སུ་བར་དོའི་སྲིད་པ་ནས་འོངས་ནས་
སྐྱེ་བའི་མྱུ་གུ་སྐྱེ་བའི་ཕྱིར་རོ། །དེ་རྣམས་དང་འབྲེལ་བ་ཅན་ཧཱུྃ་ཡིག་སྟེ། ལུས་དང་ངག་དང་སེམས་ཀྱི་དགའ་བ་གསུམ་པོ་དགའ་བ་དང་མཆོག་དགའ་དང་ཁྱད་དགའི་ངོ་བོའོ། །དེ་ཁོ་ན་སྐུད་པ་ལྟ་བུ་སྟེ། དེས་བརྒྱུས་པས་ན་སྦྲེལ་བ་སྟེ། དགའ་བ་གསུམ་པོ་རོ་གཅིག་པའི་ལྷན་ཅིག་སྐྱེས་པ་ནི་ཁྱད་
པར་རོ་ཞེས་པའི་དོན་ཏོ། །འདིའི་ཞེས་པ་འདི་ཁོ་ན་སྟེ་ས་བོན་གྱིས་རང་གི་ངོ་བོ་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་གོམས་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སེམས་ཅན་གྱི་དོན་གྱི་དབང་ལས་དཀར་པོ་
དང་སེར་པོ་དང་དམར་པོ་ལ་སོགས་པ་གཟུགས་དང་དབྱིབས་དང་ཕྱག་ལ་སོགས་པ་མ་ངེས་པར་ཁམས་གསུམ་པ་མུ་མཐའ་མེད་པ་རྣམས་སུ་དེ་བཞིན་གཤེགས་པ་ལ་སོགས་པའི་བཀོད་པ་སྣ་ཚོགས་རྣམས་ཀྱིས་སྤྲོ་བ་དང་སྡུད་ཅིང་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་ནི་ཡེ་
ཤེས་ཀྱི་དེ་ཁོ་ན་ཉིད་དོ་ཞེས་གསུངས་སོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་པའོ།། །།སྐྱེ་བའི་བྱེ་བྲག་ཀྱང་ཐབས་ཀྱི་ཡན་ལག་ཡིན་པས། འཆི་བའི་རྟགས་ཡོངས་སུ་ཤེས་པ་ལས། གལ་ཏེ་ཕྱིར་བཅོས་
པར་མི་ནུས་ན་དེའི་ཚེ་འཕོ་བས་རྣམ་པར་ཤེས་པ་བཏང་བ་ལས་ཁྱད་པར་ཅན་གྱི་གནས་སུ་སྐྱེའོ་ཞེས་པས་འཕོ་བ་བཤད་པའི་ཆེད་དུ་རྩོམ་པ་ཉོན་ཞེས་པ་ལ་སོགས་པའོ། །གྱེན་དུ་བགྲོད་པ་ནི་འཕོ་བ་སྟེ། དེའི་དོན་དུ་བའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་ཁྱད་པར་ཏེ་དེའི་རང་གི་ངོ་བོའོ། །
འགྲོ་བ་མཛེས་པ་ཞེས་གསུངས་ན་ཡང་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཆེད་དུ་ཞུས་པའོ། །རབ་ཏུ་སྦྱོར་བ་ནི་རྗེས་སུ་བསྒྲུབ་པ་སྟེ་འཆི་བའི་དུས་སུའོ། །ཚད་མ་ནི་དེ་ཁོ་ནའི་འོ། །སྲིད་པར་སྐྱོན་ནི་ངན་འགྲོ་གསུམ་དུ་སྡུག་བསྔལ་བར་གནས་པའོ། །རྒྱས་པར་སྟོན་པའི་ཆེད་

དུ་གསུངས་པ། ཐིག་ལེ་ཞེས་པ་སྨིན་མའི་དབུས་ཀྱི་བུ་ག་སྟེ། དེ་ནས་འཕོས་པའི་རྣམ་པར་ཤེས་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེའོ། །ལྟེ་བའི་ཁུང་བུ་ནས་འདོད་པའི་ཁམས་སུའོ། །སྟེང་ནི་གསེར་གྱི་སྒོ་སྟེ། དེ་ནས་སྟེང་རྣམས་སུ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་གནས་
རྣམས་སུའོ། །འགྲོ་བ་ནི་འགྲོ་བ་གཞན་ཁྱད་པར་ཅན་དུའོ། །མིག་ནས་མིའི་འགྲོ་བར་རོ། །སྣ་ནས་ནི་གནོད་སྦྱིན་གྱི་སྐྱེ་གནས་སོ། །སོགས་པས་ཁ་སྲིད་པའི་སྒོར་ཤེས་པར་བྱ་སྟེ། དེ་ནས་ཡི་དགས་ཀྱི་འགྲོ་བར་རོ། །རྣ་བ་ནས་གྲུབ་པའི་ལྷའི་སྐྱེ་གནས་སུའོ། །བཏུང་བ་ནི་གཅི་
བའི་ལམ་སྟེ། དེས་དུད་འགྲོར་རོ། །བཏུང་མིན་ནི་བཤང་ལམ་སྟེ། དེས་དམྱལ་བ་རྣམས་སུའོ། །བརྒྱད་ཅེས་པ་དམྱལ་བ་གཞན་རྣམས་ཉེ་བར་མཚོན་པའོ། །སྒོའི་ཁྱད་པར་གྱིས་འཕོ་བའི་རྣལ་འབྱོར་མཆོག་གོ་ཞེས་འབྲེལ་ལོ། །ཤིན་ཏུ་མཉམ་གཞག་ནི་ལེགས་པར་མཉམ་པར་
གཞག་ཅིང་ལས་གཞན་མེད་པ་རྣམས་ཀྱིའོ། །འཆི་བའི་དུས་ཐོབ་པ་རྣམས་ཀྱི་སྟེ། འཆི་བ་གང་ཡང་མཚན་མས་ཤེས་པར་བྱའོ། །དེ་ཡང་རྒྱུད་གཞན་རྣམས་སུ་བསྟན་ཏོ། །འཆི་བའི་དུས་ལ་མ་བབ་པ་ཁོ་ནར་རྒས་པས་དང་ནད་རྣམས་ཀྱིས་གདུངས་པས་ནི་རྣམ་ཤེས་དབྱེ་མི་བྱ་སྟེ་འཕོ་བར་མི་
བྱའོ། །གསུང་བར་འགྱུར་བ་ཡང་། དུས་མིན་ལྷ་རྣམས་གསོད་པའོ། །ཞེས་སོ། །དེ་ལ་འཕོ་བ་བྱེད་པར་འདོད་པས་ཐོག་མར་དགང་བ་བུམ་པ་ཅན་གོམས་པར་བྱ་སྟེ། དེས་ནི་སྒོ་རྣམས་ཐམས་ཅད་དུ་རླུང་རེངས་པ་འགྲོ་བ་བཅོམ་པར་འགྱུར་རོ། །འོན་ཀྱང་ས་བོན་རྣམས་ཀྱིས་སྒོ་
རྣམས་བུ་ག་མེད་པར་བཙིར་བར་བྱ་ཞེས་གསུངས་པ། ལྔ་ཞེས་པ་ལ་སོགས་པའོ། །མགོ་བོ་དང་ལག་པ་དང་རྐང་པ་སྟེ། འབུར་བ་ལྔ་རྣམས་འདི་ལ་ཡོད་དོ་ཞེས་པ་འབུར་པོ་ལྔ་ཅན་ཏེ་ལུས་སོ། །དེའི་མཆོད་རྟེན་ནི་མགོ་བོ་དང་དེའི་སྒོ་གསེར་གྱི་སྒོ་དང་སྨིན་མའི་དབུས་སོ། །དེའི་
བུ་གར་སྒོམ་པ་སྟེ། ཀྵུཾ་ཡིག་དང་ཧཱུྃ་ཡིག་གོ་ཞེས་པ་ལྷག་མའོ། །དེ་ལ་གསེར་གྱི་སྒོར་ཀྵུཾ་ཡིག་སྟེ། དེའི་འོག་ཏུ་ཧཱུྃ་བསྒོམ་མོ། །སྨིན་མའི་དབུས་སྒོར་ནི་ཧཱུྃ་དང་། དེའི་ནང་དུ་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་ལྟེ་བར་ཧཾ་ངོ་། །མཆོད་རྟེན་དེའི་འོག་གི་སྒོ་ལྕེའི་རྩ་བ་དང་མགྲིན་པའི་བུ་ག་

སྟེ། དེ་དག་གི་ས་བོན་སུཾ་དང་། སྨྼྻུཾ་ཆུ་ལྟར་དཀར་པོ་སྟེ། དེ་རྣམ་པར་དག་པའི་ཕྱིར་རོ། །བཏུང་དང་བཏུང་མིན་གྱིའམ། དེའི་སྟེ་ལྟེ་བའི་སྒོའི་མེའི་ས་བོན་ཀྵྨྼྻུཾ་འབར་བ་ལྟ་བུའོ། །གསུངས་ཟིན་པ་འདི་རྣམས་དང་འཆད་པར་འགྱུར་བའི་ས་བོན་རྣམས་སྔ་མའི་
བུམ་པ་ཅན་གྱི་འབྲེལ་བ་ཅན་རྣམས་ཏེ། ལྷན་ཅིག་བྱེད་པ་ཉིད་ཀྱིས་བསྒོམ་མོ་ཞེས་པ་རླུང་འཆིང་བ་ནི་འདི་རྣམས་ཀྱི་དགོངས་པའོ་ཞེས་མངོན་པར་དགོངས་པའོ། །རླུང་གི་མདོག་ཅན་སྔོན་པོ་ལུས་ཧཱུྃ་ཡིག་ནི། རླུང་གི་དཀྱིལ་འཁོར་རྣམ་པར་དག་པའི་སེམས་ཀྱི་སྒོམ་སྟེ། མིག་དག་
ལའོ། །ཧཱུྃ་གི་ས་བོན་འདི་ནི་འཕོ་བ་ལ་སོགས་པས་དཀར་པོ་ཁོ་ནའོ། །འདི་དང་ས་བོན་གཞན་རྣམས་ཀྱི་ཡང་སྔོན་པོ་ཉིད་ནི་ལས་གཞན་ལ་ཁ་དོག་གཞན་ཉིད་ཉེ་བར་མཚོན་ཏོ། །རླུང་གི་ས་བོན་ནི་ཡུཾ་ཡིག་གོ། །གང་གི་ཕྱིར་དེའི་རྩ་བ་རྣམས་ནི་རླུང་གི་རྩ་བ་སྟེ། དེའི་ས་བོན་གྱི་རྩ་བ་ཅན་
ནོ། །རྩ་བ་ཅི་ཞེ་ན་རླུང་སྟེ། ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་རྣམས་ཏེ་འབྲས་བུ་དང་རྒྱུའི་དངོས་པོའི་རྒྱུན་ཐོག་མ་མེད་པའོ་ཞེས་ཐམས་ཅད་པའི་རིགས་པ་མཚོན་པ་ཞར་ལ་བྱུང་བའོ། །དེ་ཡང་ཐིག་ལེ་དང་ནཱ་ད་དག་དང་ཨུ་ཡིག་དང་ལྡན་པ་སྟེ། དེའི་ཕྱིར་ཡུཾ་གྱི་ས་བོན་རྣ་བ་དག་དང་
སྣ་བུག་དག་ལ་བསྒོམ་པའོ། །དེས་དང་གཞན་རྣམས་ཀྱིས་ཏེ། སེམས་ཀྱིས་ཡོངས་སུ་བསྒོམས་པ་ཉིད་ཀྱི་ཕྱིར་སེམས་ཀྱི་ས་བོན་རྣམས་ཀྱིས་དགུག་པར་བྱ་ཞིང་ནང་དུ་གཞུག་སྟེ། རླུང་དགག་པར་བྱ་ཞེས་པའི་དོན་ཏོ། །རྡོ་རྗེ་མ་ཞེས་པ་རྡོ་རྗེ་མཁའ་འགྲོ་མ་དང་སེང་གེ་མ་སྟེ། དེ་དག་
གི་ས་བོན་དག་ནི་སུཾ་དང་སྨྼྻུཾ་སྟེ་དེ་དག་ཁ་ལ་མདོར་བསྟན་པ་དག་གི་རྒྱས་པར་བསྟན་པ་འདིའོ། །འཇིགས་མའི་ས་བོན་ནི་ཀྵུཾ་སྟེ། དེ་ཚངས་པའི་སྒོར་བསྒོམ་པ་རྒྱས་པར་བསྟན་པ་འདིའོ། །དེ་ལྟར་རྣམ་པར་བསྒོམས་ཏེ། ལྕགས་ཀྱུ་ལ་སོགས་ཞེས་པའོ། །འདི་རྒྱས་པར་སྟོན་ཏེ།
འཇིགས་མ་ཞེས་པ་གཏུམ་མོའི་ལྟེ་བར་ཏེ། ཀུན་དུ་རྟོག་པ་མཐའ་དག་བསྲེགས་པས་བྱ་དཀའ་བ་ཉིད་ཀྱིས་ན་མོས་པ་ཆུང་བ་རྣམས་སྐྲག་པའི་གནས་ཉིད་ཀྱི་ཕྱིར་རོ། །དེའི་འོད་ཟེར་གྱི་ལྕགས་ཀྱུ་ལྟ་བུས་དགོང་པ་ལ་སོགས་པས་བཀུག་པ་ཞེས་པ་བཀུག་པའི་བརྟེན་པ་རྣམས་

ཀྱིས་རྟེན་ལ་ཉེ་བར་བཏགས་པ་ལས་སྒོ་དགུ་དང་སྙིང་གའི་རླུང་རྣམས་ཀྱིས་སོ། །དང་པོ་མགོ་བོ་དང་སྤྱི་གཙུག་དང་སྨིན་དབུས་དང་། མིག་དང་རྣ་བ་གཡས་དང་རྣ་བ་གཡོན་དང་སྣ་དང་ཁ་དང་མགྲིན་པ་དང་རྒྱབ་སྟོད་ལྟག་པ་དང་། ཕྲག་པ་དང་མཆན་ཁུང་དང་ནུ་མ་དང་སྙིང་ག་དང་ལྟེ་བ་དང་ཕོ་
མཚན་དང་རྟགས་དང་བཤང་སྒོ་དང་བརླ་དང་པུས་མོ་དང་བྱིན་པ་དང་རྐང་པའི་རྒྱབ་དང་མཐེ་བོང་དང་སོར་མོ་སྟེ་གནས་ཉི་ཤུ་རྩ་བཞི་རྣམས་ལས་བཀུག་ནས། དེའི་ནང་དུ་སོན་པ་གནས་བཅུ་ལ་གནས་སུ་བཅུག་པ་རྣམས་ཀྱིས། གསང་བའི་འཁོར་ལོ་ཉིད་དུ་གོང་བུར་བྱས་པ་རྣམས་ཀྱིས། དེས་
སྦར་བ་ནི་གཏུམ་མོ་འབར་བའི་ལྕགས་ཀྱུ་སྙིང་གའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་སྦྱར་བར་བྱའོ། །དེས་ན་རབ་ཏུ་རྒྱས་པར་སྟོན་ཏེ། ཅི་ཞེས་པ་ལ་སོགས་པའོ། །ཅི་རྟགས་མེད་པའི་གོ་འཕང་གི་གནས་ཀྱི་གཞི་ལ་གོམས་པས་གནས་ནས། གཞི་ལ་སྟེ་རྟེན་ལ་གོང་དུ་
ས་བོན་སྦྱར་བར་བྱའོ། །འོག་གི་གནས་སུ་ཅི་ལ་སྦྱར། །ཞེས་ཤུགས་ཀྱིས་གསུང་ངོ་། །དེ་ལྟར་ཧི་ཀ་ཞེས་ཕྱེད་དང་བཅས་པའི་ཡི་གེ་ནི་སྒོ་དགུ་རྣམས་ཀྱི་སྟེང་དུ་སྟེ་གསེར་གྱི་སྒོ་ལ་དག་པར་བྱའོ། །མཛོད་སྤུ་ནི་སྨིན་དབུས་སོ། །དེར་སྐྲ་དཀར་ཉམས་པར་བྱེད་པ་ཉེ་བར་མཚོན་པའི་ས་བོན་ཧཾ་
དང་ཧཱུྃ་སྟེ་དེས་སོ། །ནང་དུ་གོམས་པའི་གནས་སྐབས་སུ་མཛོད་སྤུའི་འོག་གི་མཚམས་ཇི་སྲིད་པར་དྲང་སྟེ། དེས་སྟེང་དུ་མིག་ལས་འཕོ་བར་འགྱུར་རོ། །དེ་ལྟར་དབང་དུ་བྱེད་པ་ཁོ་ན་སྟེང་དུ་སྦྱོར་བའོ། །སྙིང་གར་སླར་ཡང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་སྔོན་པོ་སྦྱོར་བ་སྦྱང་བར་
སྐྲ་དཀར་ས་བོན་གྱིས་ཞེས་གསུངས་པས་གསལ་བར་བྱས་ཏེ། གཞན་དུ་ན་བུག་པའི་ས་བོན་གྱིས་ཞེས་གསུངས་བྱར་འགྱུར་རོ་ཞེས་འདོམས་སོ། །ཅི་ལྟར་གོམས་པ་ཡིན་ཞེ་ན་གསུངས་པ། དྲག་པ་ཞེས་པ་ལ་སོགས་པ་སྟེ། དྲག་པ་ཞེས་པ་ནི་འཆི་བའི་རྒྱུའོ་ཞེས་པས་འཚོ་བ་
འཛིན་པ་རྣམས་ཀྱི་སྒྲ་སྐད་དེ། དེས་སྟེང་དུ་གསང་ཆེན་པོར་ནང་གི་བརྗོད་པས་བསྐུལ་བར་ཞེས་སྦྲེལ་ལོ། །ཅི་ཞེ་ན། སྡེ་པ་བརྒྱད་རྣམས་ཀྱི་མཐའ་ནི་ཧའི་ས་བོན་ཏེ། ནང་གི་གཽ་རཱིའི་ས་བོན་ཨི་ཡིག་གིས་ཁྱད་པར་དུ་བྱས་པ་ནི་དྲག་པ་སྟེ། ཡི་གེ་ཕྱེད་ཀྱི་སྦྱར་བའོ། །དྲག་པ་སྟེ་ཅི་

ཞིག་ཅེ་ན། སྡེ་པ་རྣམས་ཀྱི་སྔ་མ་དབྱངས་ཀྱི་སྡེ་པ་གང་གི་དང་པོ་ཡིན་པ་དེ་ནི་སྡེ་པ་སྔ་མ་དང་པོ་ཅན་ཏེ་ཀ་སྡེའོ། །དེའི་སྔ་མ་ཀའི་ས་བོན་ནོ། །སྒྲའི་སྒྲས་ནི་འོག་གི་རླུང་གིས་སྦར་བའི་གཏུམ་མོའི་སྒྲས་སོ། །རླུང་གི་ས་བོན་ནི་ཡུཾ་སྟེ། དམའ་བར་ནི་རླུང་གི་དཀྱིལ་འཁོར་
གྱི་འོག་གི་མཐར་རོ། །སྟེང་གི་མཐར་ཡང་རླུང་གི་ས་བོན་ནོ། །འདི་ཐམས་ཅད་རླུང་གི་དཀྱིལ་འཁོར་ལ་གནས་པ་ཞེས་བསྒོམ་པས། གནས་ཉི་ཤུ་རྩ་བཞི་རྣམས་ཀྱིས་བསྐྱོད་པའི་རླུང་བཀུག་ནས། གསང་བའི་འཁོར་ལོ་ལས་སྟེང་དུ་ལྟེ་བ་དང་སྙིང་གར་དང་དེ་ལས་སྟེང་དུ་མགྲིན་པ་དང་སྨིན་
དབུས་ཀྱི་མཚམས་དང་དེ་ལས་ཀྱང་གོང་དུ་འཕོ་བའི་དུས་སུ་བསྐུལ་བར་བྱའོ། །གལ་ཏེ་སླར་ཡང་འཆི་བ་བཅོམ་ནས་སྐྲ་དཀར་ལ་སོགས་པ་ཡང་ཉམས་པར་འདོད་པ་དེའི་ཚེ་འཕོ་བ་ནི་ཐབས་སྒོམ་པ་པོར་ནས་གཞན་སྒོམ་ཞིང་སྐྲ་དཀར་ཉམས་བྱེད་ཀྱི་ས་བོན་ཧཾ་དང་ཧཱུྃ་ཡིག་ནག་པོས་འོད་
ཟེར་ནག་པོ་རྣམས་ཀྱིས་བདུད་རྩིའི་ཆར་པས་ཁྱབ་པར་བྱས་ནས་མགོ་བོར་དང་གཞན་དུ་ཡང་སྐྲ་དང་སྤུ་དཀར་པོ་ཉིད་བསལ་བར་བྱའོ། །འདི་ཡང་ཉེ་བར་མཚོན་པ་སྟེ། གདམས་ངག་ཇི་ལྟ་བར་བསྒོམ་པའི་དབྱེ་བ་ལས་གཉེར་མ་དང་ནད་དང་འཆི་བ་ཉམས་པར་བྱེད་པ་ལ་སོགས་པའོ། །འདིར་
ནུས་པ་མེད་པ་ཡང་མཆོག་ཏུ་བསྐུལ་བར་བྱའོ་ཞེས་གསུངས་སོ། །དེའི་ཚེ་ནི་སྒོ་དགུ་རྣམས་ཀྱི་མཆོག་སྟེ་དམ་པ་གསེར་གྱི་སྒོ་ཕྱེ་ནས། དེའི་སྐད་ཅིག་ལ་ཡིད་འཕོ་བར་འགྱུར་རོ། །ཡིད་ཉིད་ཅེས་པ་དྲུག་པའི་དོན་ལ་དང་པོའོ། །འཕོ་བ་འདིའི་ཕན་ཡོན་སྟོན་པ། ལྷ་ཞེས་པ་ལ་
སོགས་པའོ། །ལྷ་སྐུ་གཟུགས་ལ་སོགས་པ་རྣམས་དང་། བྲམ་ཟེ་རྣམས་སྡིག་པ་དང་བྲལ་བའི་མི་རྣམས་གསོད་པ་པོ་དང་། མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེན་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པ་ལྔ་བྱེད་པ་
དང་། མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་སྤྱོད་པ་ཡང་གསེར་གྱི་སྒོའི་ལམ་འདིས་འཕོ་བ་ནི་ངན་འགྲོ་རྣམས་ལས་གྲོལ་ཏེ། དེས་ནི་མ་ཡིན་པ་ཁོ་ནའོ་དེས་ནི་སྔོན་བག་མེད་པ་ལས་བྱས་པའི་སྡིག་པས་གོས་པ་མ་ཡིན་ནོ། །མང་པོས་ཅི་བྱ་སྟེ་འཁོར་བའི་སྐྱོན་ཉོན་མོངས་པ་ལ་

སོགས་པ་དང་ནད་དང་རྒས་པའང་དེ་ལ་རིང་དུ་འགྱུར་ཏེ། བདེ་འགྲོར་སྐྱེས་པ་ན་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐོང་བས་དེ་རྣམས་རྩད་ནས་འབྱིན་པའི་ཐབས་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །ཇི་ལྟར་འདམ་དུ་སྐྱེས་ཀྱང་པདྨ་མཛེས་པས་ཤིན་ཏུ་དྲི་མ་མེད་པ་དེ་བཞིན་དུ། སྡིག་པ་རྣམས་
ཀྱིས་དང་པོར་སྔར་མི་ཤེས་པ་ལ་སོགས་པས་གང་རྣམས་ཀྱི་ལུས་གོས་པ་དེ་རྣམས་ཀྱིས་ཞེས་པ་འཕོ་བས་སྲིད་པ་བར་དོ་ལ་སོགས་པ་རྣམས་སུ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་རང་འདོད་པས་སྤྱོད་པར་འགྱུར་རོ། །འཕོ་བ་ཡང་འཆི་བའི་དུས་ལ་བབ་པ་ན་བྱ་སྟེ། དུས་མ་ཡིན་པར་བྱས་
ན་ལྷ་གསོད་པར་འགྱུར་རོ། །དེའི་ཕྱིར་འཆི་བའི་རྟགས་རྣམས་ལུས་ལ་མཚོན་པར་བྱ་བ་ནི་རང་བཞིན་དུ་གནས་པའི་ལུས་ལ་སྟེ་གཞན་དུ་ན་ཐེ་ཚོམ་མོ། །ཁམས་མི་མཉམ་པ་ལས་དང་ནད་ལས་དང་རབ་རིབ་ལ་སོགས་པའི་མཐུ་ལས་དང་འཇིགས་པ་དང་མྱ་ངན་ལ་སོགས་པའི་ནུས་
པ་ལས་རྣམ་པ་གཞན་དུ་སྣང་ངོ་། །དབང་ཐང་དང་འབྱུང་བ་དང་གཉིས་ཀ་འཁྲུགས་པ་ལས་འཆི་བའི་མཚན་ཉིད་རྣམ་པ་གསུམ་མོ། །འཆི་ལྟས་འབྱུང་བ་ཐོབ་ནས་དེ་ལས་དབྱེ་བས་མཚོན་པར་བྱའོ། །དེ་ལ་བསྐལ་པ་འཁྲུགས་པ་ནང་དང་ཕྱི་སྟེ། རིམ་པ་ཇི་ལྟ་
བར་ཨ་ན་ཤ་ན་ལ་སོགས་པ་དང་ཐོག་འབབ་པ་ལ་སོགས་པའོ། །དེ་བཞིན་དུ་འབྱུང་བ་འཁྲུགས་པ་ནི་མཁྲིས་པ་ལ་སོགས་པ་དང་མེ་དང་ཆུ་ལ་སོགས་པའི་ཉེ་བར་འཚེ་བའོ། །འཆི་བའི་རྟགས་རྣམས་ནི་སླར་ཡང་ཕྱིའི་རྣམས་དང་ནང་གི་རྣམས་སོ། །དེ་ལ་ཕྱིའི་འཆི་བའི་རྟགས་
རྣམས་གྲངས་ལས་འདས་པ་རྣམས་ཏེ། དེ་རྣམས་ཁ་ཅིག་གིས་ནི་ལོ་བརྒྱ་རྣམས་ཀྱིས་ཀྱང་སུས་སྨྲ་བར་ནུས། གཞན་ཡང་ཕྱིའི་མཚན་ཉིད་ཙམ་ལས་འཆི་བ་ཡང་དག་པར་ངེས་པ་མ་ཡིན་ཏེ། ཕྱི་རོལ་དུ་བློ་ཕྱིན་ཅི་ལོག་པས་ནད་ལ་སོགས་པ་ལས་ཀྱང་དོགས་སོ། །ནང་གི་
རྣམས་ནི་མཉམ་པ་རང་བཞིན་དུ་གནས་པས་བརྟག་པར་བྱའོ། །དེ་ལ་ནི་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཉིན་གསུམ་དུ་རླུང་ཟླ་བ་ནས་ཐོ་རངས་དུས་སྦྱོར་གཅིག་གམ་ཐུན་ཕྱེད་དུ་འབབ་སྟེ་དུས་སྦྱོར་རམ་ཐུན་ཕྱེད་གཉིས་པ་ཉི་མར་རོ། །དེའི་རྗེས་སུ་ཉིན་གསུམ་རྣམས་

ཉི་མ་ནས་ཐོ་རངས་དུས་སྦྱོར་གཅིག་གམ་ཐུན་ཕྱེད་དུ་སྟེ་གཉིས་པའི་དུས་སྦྱོར་རམ་ཐུན་ཕྱེད་ནི་ཟླ་བ་ནས་སོ། །དབུགས་བརྒྱ་ཕྲག་བཅོ་བརྒྱད་དུས་སྦྱོར་གཅིག་དང་། དབུགས་ཕྱེད་དང་བཅས་པའི་བརྒྱ་ཕྲག་བཅུ་གསུམ་ཐུན་ཕྱེད་དོ་ཞེས་སྔར་བཤད་ཟིན་ཏེ།
འདོད་པ་གཉིས་ཀྱང་ངོ་། །དེ་ལྟར་ཉིན་ཞག་གསུམ་གསུམ་རྣམས་ཀྱིས་དུས་སྦྱོར་རེ་རེ་འམ་ཐུན་ཕྱེད་ཕྱེད་རྣམས་ཀྱིས་སྣ་བུག་དག་ཏུ་རླུང་སྣྲེལ་ཞིའི་རིམ་པའོ། །རིམ་པ་འདི་བཟློག་པ་ནི་འཆི་བའི་རྟགས་སུ་རྣམ་པར་ངེས་སོ། །ཟླ་བ་ཕྱེད་པ་གསུམ་ཕྱིན་ཅི་ལོག་པ་ལས་ཟླ་བ་དྲུག་
རྣམས་ཀྱིས་འཆི་བའོ། །ཟླ་ཕྱེད་གཉིས་ཀྱིས་མཛའ་བོ་རྒུད་པའོ། །ཟླ་བ་ཕྱེད་ཀྱི་གཅིག་གིས་ནད་དོ། །སྣ་བུག་དང་ཁ་སྟེ་ལམ་གསུམ་རྣམས་ཀྱིས་རྒྱུ་ན་ཉི་མ་ཕྱེད་ལས་ཕ་རོལ་དུ་འཆིའོ། །སྣ་བུག་དག་འཕོ་བ་དང་བྲལ་བར་འབབ་ན་ཉིན་བཅུ་རྣམས་ཀྱིས་འཕོ་བ་ནའོ། །མཉམ་པ་
ལྡན་པའི་སྐད་ཅིག་ལ་མིག་དག་འགུལ་ན་ཉིན་ཞག་གིས་སོ། །སྣ་བུག་གཉིས་སྤངས་ནས་ཁ་ནས་རྒྱུ་ན་ཉིན་དེ་ཁོ་ན་ལའོ། །དགུན་ཟླ་ར་བའི་འཕོ་བའི་དུས་ནས་བརྩམས་ནས་ཉིན་ལྔར་ཉི་མའི་ལམ་ནས་རྒྱུ་ན་ལོ་བཅོ་བརྒྱད་རྣམས་ཀྱིས་སོ། །ཐ་སྐར་ཅན་ལ་དེ་ལྟར་རྒྱུ་ན་ལོ་བཅོ་ལྔ་རྣམས་
ཀྱིས་སོ། །དབྱར་ཟླ་ཐ་ཆུངས་ལ་དེ་ལྟར་རྒྱུ་ན་ལོ་བཅུ་གཉིས་རྣམས་ཀྱིས་སོ། །དབྱར་ཟླ་ར་བ་ལ་དེ་ལྟར་རྒྱུ་ན་ལོ་དགུ་རྣམས་ཀྱིས་སོ། །ནག་པ་ཅན་གྱི་ལ་དེ་ལྟར་རྒྱུ་ན་ལོ་དྲུག་རྣམས་ཀྱིས་སོ། །མཆུ་ཅན་གྱི་ལ་དེ་ལྟར་རྒྱུ་ན་ལོ་གསུམ་རྣམས་ཀྱིས་སོ་ཞེས་པ་ཐུན་མོང་དུ་དུས་སོ། །ཁྱད་
པར་དུ་ནི། མཉམ་པ་བདུན་སོང་ཉི་མ་ལ། །གལ་ཏེ་སྐྱེ་སྐར་ལ་ཟླ་བ། །དུས་འདི་རྒྱས་ཅན་ཞེས་བྱ་སྟེ། །འཆི་བ་ངེས་པར་བྱེད་པའོ། །ཁྱིམ་གང་ལ་ནི་མི་སྐྱེས་པ། །དེ་ལས་བདུན་པ་གང་ཡིན་གཞན། །མཉམ་པ་བདུན་ཞེས་གྲགས་པ་སྟེ། །དེ་རུ་ཉི་མ་མཉམ་བདུན་འགྲོ། །
གལ་ཏེ་ཁྱིམ་དེར་ཟླ་བ་ན། །སྐྱེས་པའི་སྐར་མར་སོན་པར་འགྱུར། །རྒྱས་པའི་དུས་སུ་དེ་ཤེས་བྱ། །དེ་ལ་འཆི་བ་བརྟག་བྱ་བའོ། །རྒྱས་པའི་དུས་སུ་གལ་ཏེ་རླུང་། །ཉིན་ཕྱེད་ཉི་མར་སོན་པར་འབབ། །ལོ་ནི་བཅུ་བཞིའི་གྲངས་རྣམས་ཀྱིས། །དེ་ཚེ་འཆི་བས་མཚོན་པར་

བྱ། །ཉིན་མོ་གཅིག་དང་ཉིན་མཚན་གཅིག །ཉིན་མོ་གཉིས་གསུམ་བཞི་འབབ་ན། །ཉི་མ་ཕྱོགས་དང་རི་བོ་དྲུག །རིག་བྱེད་ལོ་ཡིས་རིམ་པས་འཆི། །གཞན་ཡང་མ་རིག་པ་ལ་སོགས་པའི་རང་བཞིན་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་རིམ་པ་གཉིས་པ་བྲིའོ། །དེ་ལ་
རིམ་པ་དང་པོ་ལ། །སྐྱེ་བའི་ཁྱིམ་ནས་གཟུང་བའི་འཆི་ལྟས་ཀྱི་རླུང་རྒྱུ་བའི་ཉིན་མོ། །ཉིན་མཚན་གྱི་བདག་ཉིད་རྣམས་སོ། །གཉིས་པ་ལ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་ཚེ་ལོ་དང་ཟླ་བ་དང་ཉིན་ཞག་རྣམས་མདོར་བསྟན་པ་ཙམ་གྱིས། རྡོ་རྗེ་མཁའ་འགྲོ་དང་དུས་ཀྱི་འཁོར་
ལོར་གསུངས་སོ། །རྒྱས་པར་བསྟན་པ་ལས་ནི་ཉིན་ཞག་འདོར་བ་བརྗོད་པར་བྱ་སྟེ། འདིར་གང་གི་དུས་ན་ཚེའི་ལྷག་མ་ལོ་གསུམ་རྣམས་ལྟེ་བ་ལ་སྟེ། དུས་སྦྱོར་གྱི་རྩ་རྣམས་ལ་ཤར་དུ་སྐྱེ་བའི་དུས་སྦྱོར་གྱི་རྩ་ལ། རླུང་ཉི་མའི་ལམ་ནས་ཉིན་མོ་ལྔ་རྣམས་རྒྱུན་མི་འཆད་པར་རྒྱུ་
བ་དེའི་ཚེ་ལོ་གསུམ་གྱིས་ཉིན་ཞག་བརྒྱད་ཅུ་ལྷག་པའི་སྟོང་ཕྲག་རྣམས་ལས་འཆི་ལྟས་ཀྱི་ཉིན་ཞག་རྣམས་དང་ལྷན་ཅིག་མདའ་དང་མེ་དང་མེའི་ཉིན་ཞག་རྣམས་འདོར་རོ། །རྩ་གཞན་ལ་ཡང་ཉིན་ཞག་འདོར་བ་ནི་འཆི་ལྟས་ཀྱི་ཉིན་ཞག་དང་ལྷན་ཅིག་པ་ཁོ་ནས་ཤེས་པར་བྱའོ། །དེ་ནས་
རྩ་དེ་དོར་ནས་རྩ་གཉིས་པ་ལ། ལྷག་མ་བཞི་བཅུ་རྩ་ལྔ་དང་བདུན་བརྒྱའི་ཉིན་ཞག་རྣམས་དང་ལྷན་ཅིག་འཇུག་སྟེ། འཕོ་བ་བཅུ་གཅིག་རྣམས་ཀྱིས་དབུགས་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་པ་གཉིས་ཀྱིས་ཉིན་ཞག་བྱེད་དོ། །རྩ་དོར་ན་ཡང་དབུགས་ཀྱི་འཁོར་ལོ་དམན་པ་
མེད་དོ། །དེ་བཞིན་དུ་རྩ་གཞན་ཇི་སྙེད་པ་རྣམས་སུ་རྒྱུ་བ་དེ་སྙེད་ཀྱི་འཕོ་བ་རྣམས་ཀྱིས་ཉིན་མཚན་ཏེ། དབུགས་ཀྱི་འཁོར་ལོ་ཡང་སྨན་པ་མེད་པ་ཁོ་ནའོ། །རྩ་གཉིས་པ་ལ་ཡང་ཉིན་ཞག་བཅུ་རྣམས་དེ་ལྟ་ཁོ་ནར་རྒྱུ་ན། མདའ་དང་ཆུ་གཏེར་དང་མེའི་ཉིན་ཞག་རྣམས་ལ་དོར་
ཏེ། དེ་སྤངས་ནས་ལྷག་མའི་ཉིན་ཞག་རྣམས་དང་ལྷན་ཅིག་གསུམ་པ་ལ་ཞུགས་ཏེ། ཉིན་ཞག་བཅོ་ལྔ་དེ་ལྟར་རྒྱུ་ཞིང་ཉིན་ཞག་བདུན་ཅུ་ལྷག་པའི་བརྒྱ་འདོར་རོ། །དེ་སྤངས་ཏེ་ལྷག་མའི་ཉིན་ཞག་རྣམས་དང་ལྷན་ཅིག་བཞི་པ་ལ་ཞུགས་ནས་ཉིན་ཞག་ཉི་ཤུ་རྣམས་དེ་ལྟར་

རྒྱུ་སྟེ། ཉིན་ཞག་བརྒྱད་ཅུ་རྩ་གཉིས་འདོར་རོ། །དེ་སྤངས་ནས་ཉིན་ཞག་ལྷག་མ་རྣམས་བཟུང་ནས་ལྔ་པ་ལ་སྟེ། ཉིན་ཞག་ཉི་ཤུ་རྩ་ལྔ་རྣམས་དེ་ལྟར་རྒྱུ་ཞིང་། ཉིན་ཞག་ལྔ་བཅུ་རྩ་བདུན་རྣམས་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་དྲུག་པ་
ལ་ཞུགས་ཏེ་ཉིན་ཞག་ཉི་ཤུ་རྩ་དྲུག་རྣམས་རྒྱུ་ཞིང་ཉིན་ཞག་ཉི་ཤུ་རྩ་བརྒྱད་རྣམས་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བདུན་པ་ལ་ཞུགས་ཏེ་ཉིན་ཞག་ཉི་ཤུ་རྩ་བདུན་རྣམས་རྒྱུ་ཞིང་ཉིན་ཞག་ཉི་ཤུ་རྩ་བདུན་རྣམས་འདོར་རོ། །ལྷག་མ་ཉིན་ཞག་སུམ་ཅུ་རྩ་དྲུག་རྣམས་དང་ལྷན་ཅིག་བརྒྱད་
པར་ཞུགས་ནས་ཉིན་ཞག་བཅོ་ལྔ་རྒྱུ་སྟེ། ཉིན་ཞག་བཅོ་ལྔ་རྣམས་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་དགུ་པར་ཞུགས་ཏེ་ཉིན་ཞག་བཅུ་རྣམས་རྒྱུ་ཞིང་ཉིན་ཞག་བཅུ་རྣམས་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བཅུ་པ་ལ་ཞུགས་ཏེ་ཉིན་མོ་ལྔ་རྣམས་རྒྱུའོ། །ལྔ་
འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བཅུ་གཅིག་པ་ལ་ཞུགས་ནས་ཉིན་ཞག་གསུམ་རྒྱུ་སྟེ་ཉིན་ཞག་གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བཅུ་གཉིས་པ་ལ་ཞུགས་ནས་ཉིན་མོ་གཉིས་རྒྱུ་སྟེ་ཉིན་ཞག་གཉིས་འདོར་རོ། །ཉིན་ཞག་གཅིག་བཟུང་ནས་ལྟེ་
བ་ལ་ཨ་ཝ་དྷཱུ་ཏཱི་རུ་འཇུག་གོ་རྒྱུའོ་འདོར་རོ། །འདིར་ཉིན་ཞག་ལྔ་དང་ཉི་ཤུ་རྩ་ལྔ་དག་གི་བར་དུ་ཉིན་ཞག་བཅུ་དྲུག་རྣམས་ལ་བརྗོད་དེ། དེ་ལ་ཉིན་ཞག་དྲུག་རྒྱུ་ན་ཉིན་ཞག་ཉི་ཤུ་རྩ་བཞིས་དམན་པའི་ལོ་གསུམ་ན་འཆི་བའོ། །ཉིན་ཞག་བདུན་ན་ནི་བཞི་བཅུ་རྩ་བརྒྱད་ཀྱིས་དམན་
པ་རྣམས་ཀྱིས་སོ། །ཉིན་ཞག་བརྒྱད་ན་བདུན་ཅུ་རྩ་གཉིས་ཀྱིས་དམན་པ་རྣམས་ཀྱིས་སོ། །དགུའི་ཉིན་ཞག་ན་དགུ་བཅུ་རྩ་དྲུག་རྣམས་ཀྱིས་དམན་པ་རྣམས་ཀྱིས་སོ། །ཉིན་མོ་བཅུ་གཅིག་ན་ལོ་གཉིས་ལས་ཉི་ཤུ་རྩ་བཞིས་དམན་པས་སོ། །ཉིན་མོ་བཅུ་གཉིས་ན་ནི་
བཞི་བཅུ་རྩ་བརྒྱད་ཀྱིས་དམན་པ་ལས་སོ། །ཉིན་ཞག་བཅུ་གསུམ་གྱིས་བདུན་ཅུ་རྩ་གཉིས་ཀྱིས་དམན་པ་ལས་སོ། །ཉིན་ཞག་བཅུ་བཞིས་དགུ་བཅུ་རྩ་དྲུག་གིས་དམན་པ་ལས་སོ། །ཉིན་ཞག་བཅུ་དྲུག་གིས་ལོ་གཅིག་ལས་བཅུ་གཉིས་ཀྱིས་དམན་པ་ལས་སོ། །

ཉིན་ཞག་བཅུ་བདུན་གྱིས་ཉི་ཤུ་རྩ་བཞིས་དམན་པ་ལས་སོ། །ཉིན་ཞག་བཅོ་བརྒྱད་ཀྱིས་སུམ་ཅུ་རྩ་དྲུག་གིས་དམན་པ་ལས་སོ། །བཅུ་དགུས་བཞི་བཅུ་རྩ་བརྒྱད་ཀྱིས་དམན་པ་ལས་སོ། །ཉི་ཤུ་རྩ་གཅིག་གིས་ཟླ་བ་དྲུག་གིས་དམན་པ་ལས་སོ། །ཉི་ཤུ་རྩ་གཉིས་ཀྱིས་བཅུ་གཉིས་ཀྱིས་
དམན་པ་ལས་སོ། །ཉི་ཤུ་རྩ་གསུམ་གྱིས་ཟླ་བ་ལྔ་ལས་དྲུག་དམན་པ་ལས་སོ། །ཉི་ཤུ་རྩ་བཞིས་ཉིན་ཞག་བཅུ་གཉིས་ཀྱིས་དམན་པ་ལས་སོ་ཞེས་པ་ཉི་མའི་འཆི་ལྟས་སོ། །གང་གི་ཚེ་དུས་སྦྱོར་གྱི་རྩ་སྔ་མ་ལ་རླུང་ཟླ་བའི་ལམ་ནས། ཟླ་བ་སུམ་ཅུ་རྩ་དྲུག་རྣམས་ཀྱིས་ཟླ་བ་ཐོག་མའི་དང་པོའི་
ཞག་གཅིག་འབབ་བོ། །ཟླ་བ་གཉིས་པ་ལ་མི་རྒྱུའོ། །གསུམ་པའི་དང་པོར་ཉིན་ཞག་གཉིས་རྒྱུའོ། །བཞི་པ་ལ་མ་ཡིན་ནོ། །ལྔ་པའི་དང་པོར་ཉིན་ཞག་གསུམ་འབབ་སྟེ་དྲུག་པ་ལ་མ་ཡིན་ནོ། །དེ་ལྟར་རྩ་གཅིག་ལ་འཆི་ལྟས་ཀྱི་ཉིན་ཞག་གསུམ་རྣམས་དང་ལྷན་ཅིག་ཟླ་དྲུག་འདོར་རོ། །
ལྷག་མ་རྣམས་དང་ལྷན་ཅིག་གཉིས་པ་ལ་ཞུགས་ནས། བདུན་པ་ལ་སོགས་པའི་ཟླ་བ་གསུམ་རྣམས་ལ་རིམ་པ་ཇི་ལྟ་བར་ཉིན་ཞག་བཞི་རྣམས་དང་ལྔ་རྣམས་དང་དྲུག་རྣམས་རྒྱུ་སྟེ། དེ་ལྟར་ཉིན་ཞག་དྲུག་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་གསུམ་པར་འཕོ་སྟེ།
དེ་ལས་གཞན་པའི་ཟླ་བ་གསུམ་ལ་ཉིན་ཞག་བདུན་དང་བརྒྱད་དང་དགུ་རྣམས་འབབ་བོ། །དེ་ལྟར་ཉིན་ཞག་དགུ་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །ལྷག་མ་དང་ལྷན་ཅིག་བཞི་པར་སོང་ནས་གསུམ་རྣམས་སུ་དེ་ལྟར་བཅུ་དང་བཅུ་གཅིག་དང་བཅུ་གཉིས་རྣམས་འབབ་བོ། །དེ་ལྟར་ཉིན་ཞག་བཅུ་
གཉིས་རྣམས་ཀྱིས་ཟླ་གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་ལྔ་པར་ཞུགས་ཏེ། བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་རྣམས་རྒྱུའོ། །དེ་ལྟར་ཉིན་ཞག་བཅོ་ལྔ་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །ལྷག་མ་དང་ལྷན་ཅིག་དྲུག་པར་ཞུགས་ཏེ་གསུམ་རྣམས་ལ་བཅུ་དྲུག་དང་བཅུ་
བདུན་དང་བཅོ་བརྒྱད་རྣམས་རྒྱུའོ། །དེ་ལྟར་ཉིན་ཞག་བཅོ་བརྒྱད་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བདུན་པར་སོང་ནས་གསུམ་རྣམས་སུ་བཅུ་དགུ་དང་ཉི་ཤུ་དང་ཉི་ཤུ་རྩ་གཅིག་རྒྱུ་སྟེ། དེ་ལྟར་ཉིན་ཞག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །

ལྷག་མ་དང་མཉམ་དུ་བརྒྱད་པར་སོང་བས་གསུམ་རྣམས་སུ་ཉི་ཤུ་རྩ་གཉིས་དང་། ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་བཞི་རྒྱུ་སྟེ། དེ་ལྟར་ཉིན་ཞག་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་དགུ་པར་ཞུགས་ནས་གསུམ་
རྣམས་སུ་ཉི་ཤུ་རྩ་ལྔ་དང་ཉི་ཤུ་རྩ་དྲུག་དང་ཉི་ཤུ་རྩ་བདུན་རྒྱུ་སྟེ། དེ་ལྟར་ཉིན་ཞག་ཉི་ཤུ་རྩ་བདུན་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བཅུ་པར་སོང་བ་གསུམ་རྣམས་སུ་ཉི་ཤུ་རྩ་བརྒྱད་དང་ཉི་ཤུ་རྩ་དགུ་དང་སུམ་ཅུ་རྒྱུའོ། །དེ་ལྟར་ཉིན་ཞག་སུམ་ཅུ་རྣམས་ཀྱིས་ཟླ་
གསུམ་འདོར་རོ། །ལྷག་མ་རྣམས་དང་ལྷན་ཅིག་བཅུ་གཅིག་པར་སོང་ནས་གསུམ་རྣམས་སུ་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་རྣམས་རྒྱུ་སྟེ། དེ་ལྟར་ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས་ཀྱིས་ཟླ་བ་གསུམ་འདོར་རོ། །བཅུ་གཉིས་པར་ཞུགས་ནས་ཐོག་མའི་རྩ་ལ་མ་བབ་པའི་ཉིན་ཞག་གསུམ་
གྱིས་ཉིན་ཞག་གཉིས་འབབ་བོ། །ལྟེ་བ་ལ་ཉིན་ཞག་གཅིག་གོ་ཞེས་པ་ཟླ་བའི་འཆི་ལྟས་སོ། །འདིར་གལ་ཏེ་མངལ་ནས་སྐྱེས་པའི་དང་པོར་བྱིས་པ་ལ་སོགས་པ་ལ་ཉིན་ཞག་གཅིག་གམ་ཉིན་ཞག་གཉིས་ལ་སོགས་པ་རྣམས་འབབ་པ་དེའི་ཚེ་ལྟེ་བ་ནས་བཟུང་སྟེ། ལུགས་ལས་བཟློག་
པས་ཚེའི་ཉིན་ཞག་རྣམས་འདོར་རོ་ཞེས་ཤེས་པར་བྱ་སྟེ། ཉི་མ་དང་ཟླ་བའི་འཆི་ལྟས་དག་ལའོ། །དུས་ཚོད་ཀྱི་སྐད་ཅིག་གང་ལ་རླུང་གི་འགྲོ་བ་གཞན་འཇུག་པའི་དུས་ཚོད་ཀྱི་སྐད་ཅིག་དེ་རྫོགས་པ་ན་འཆི་བ་སྟེ་འདི་ལ་ཐེ་ཚོམ་མེད་དོ། །དེ་ལྟར་ཉི་མའི་འཆི་ལྟས་ཀྱིས་སམ་ཟླ་བའི་འཆི་ལྟས་
ཀྱིས་ཁྱིམ་བཅུ་གཉིས་འདོར་བ་ལས་རྣམ་པར་ཤེས་པ་ཡང་དབུགས་ཀྱི་འཁོར་ལོ་སྤངས་ཤིང་སྐལ་བ་མཉམ་པའི་རྒྱུན་འགགས་པ་ནི་ལས་ཀྱིས་བསྐུལ་བའི་སྲོག་གི་རླུང་དང་ལྷན་ཅིག་དྲི་ཟས་པར་མེད་པར་རམ་རྣམ་པ་གཞན་གྱིས་འགྲོ་བ་གཞན་དུ་འགྲོ་ཞིང་། སྐལ་པ་མི་མཉམ་པའི་རྒྱུན་མངོན་
པར་འགྲུབ་པར་བྱེད་དོ། །འཆི་བ་ནི་སྐལ་བ་མཉམ་པའི་རྒྱུན་གྱིས་རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པའོ། །དེ་ཁོ་ན་མཚན་རྟགས་ངེས་པ་རྣམས་ཀྱིས་ཤེས་ནས་འཕོ་བའི་དོན་དུ་རྣལ་འབྱོར་བརྩམ་པར་བྱའོ། །རྣལ་འབྱོར་བརྗོད་པའི་ཆེད་དུ་གསུངས་པ། ཉོན་ཞེས་པ་ལ་སོགས་པའོ། །

རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་དག་གཅིག་པ་ཉིད་དེ། དེའི་བདག་ཉིད་ཀྱིས་བསྒྲུབ་བྱའི་ཁྱད་པར་ལས་ལྷའི་རྣལ་འབྱོར་གྱིས་སོ། །མཉམ་ཉིད་ནི་རོ་གཅིག་པ་ཉིད་དེ། སེམས་ཞེས་པ་ཁམས་བཅོ་བརྒྱད་ཀྱི་ངོ་བོ་ཐོག་མར་གསུངས་པའི་ཆོས་རྣམས་ཐམས་ཅད་ཉེ་བར་མཚོན་པའོ། །དེ་ཉིད་ཀྱི་ཕྱིར་
གསུངས་པ། སྔར་གྱི་མཚན་ཉིད་ཐམས་ཅད་ལས། །ཞེས་སོ། །མཉམ་པ་ཉིད་འདིའི་སྒྲུབ་པར་བྱེད་པའི་རིམ་པ་གསུངས་པ། སྙིང་གར་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ལྔའི་ས་བོན་ནི་ཧཱུྃ་འོད་ཟེར་དམར་པོ་ཅན་ནོ། །དེ་ནི་དེས་བཀུག་པའི་ལྷ་མོའོ། །ཇི་སྲིད་དུ་གཟུགས་ལ་སོགས་པ་ཐམས་ཅད་
དུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུའོ། །ཧཱུྃ་ཞེས་པ་ནི་ས་བོན་གཞན་ཉེ་བར་མཚོན་པའོ། །དབུགས་མི་གཡོ་བ་ཉིད་ཅི་ལྟར་ཞེ་ན། དགང་བྱ་ཞེས་པ་ལ་སོགས་པ་སྟེ། ཧཱུྃ་སུཾ་ཡུཾ་ཡུཾ་ཀྵུཾ་སྨྼྻུཾ་ཧྨྼྻུཾ་ཡྨྼྻུཾ་ཀྵྨྼྻུཾ་ཞེས་པ་སྒོ་དགུ་རྣམས་སུའོ། །སྙིང་གར་ནི་ཧཱུྃ་ཞེས་པའོ། །ས་བོན་བརྒྱད་རྣམས་ནི། ཧཱུྃ་
སུཾ་ཡུཾ་ཀྵུཾ་སྨྼྻུཾ་ཧྨྼྻུཾ་ཡྨྼྻུཾ་ཀྵྨྼྻུཾ་ཞེས་པ་གོ་ཆའི་ས་བོན་བརྒྱད་རྣམས་སོ། །དེ་རྣམས་སྤྱིར་བཏུ་བ་ནི། ཨཱ་ལི་ཞེས་པ་ལ་སོགས་པ་སྟེ། ཇི་བཞིན་ཞེས་པ་ཇི་ལྟར་རིགས་པར་རོ། །ས་བོན་ལྡན་ནི་ས་བོན་དང་ལྡན་པ་སྟེ། དེ་དང་དེའི་གནས་སོ། །གལ་ཏེ་ཡང་སྔར་ཁ་དོག་སྣ་ཚོགས་རྣམས་བརྗོད་
མོད། དེ་ལྟ་ན་ཡང་འདིར་ས་བོན་རྣམས་ཐམས་ཅད་དཀར་པོ་འོད་ཟེར་དཀར་པོ་ཅན་རྣམས་སོ། །སྙིང་གའི་ས་བོན་མདོར་བསྟན་པ། ཆུ་ཤིང་ཞེས་པ་ལ་སོགས་པ་སྟེ། སྙིང་གར་པདྨ་ཆུ་ཤིང་མེ་ཏོག་བཞིན་ཅུང་ཟད་ཁ་བྱེ་བ་འོག་ཏུ་ཁ་ཕྱོགས་པ་སྟེ། དེའི་དབུས་སུ་སྒོང་སྐྱེས་སོ། །
དེ་ཡང་ཡེ་ཤེས་རླུང་ལ་ཞོན་པ་ཧཱུྃ་ངོ་། །རྣམ་ཤེས་ནི་ཡུཾ་ཡུཾ་ཧི་ཀ་ཅེས་པའོ། །དངོས་པོ་ནི་འབྱུང་བས་ན་སྟེ་ཁམས་བཅོ་བརྒྱད་ཀྱི་ངོ་བོའོ། །དེའི་དངོས་པོ་ནི་རང་བཞིན་ཏེ། རང་བཞིན་མེད་པ་ཉིད་མཉམ་པ་ཉིད་དོ། །སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ་འདི་ཐམས་ཅད་བསྒོམ་པར་བྱ་ཞེས་པའི་
དོན་ཏོ། །དེ་ལས་ཕྱི་རོལ་ཏེ་གཞན་རྣལ་འབྱོར་རྣམ་ཤེས་འཕྲོག་པ་བསམ་པར་བྱའོ། །ཕྱོགས་ཀྱི་ཁྱིམ་རྣམས་ནི་སྟེང་དང་འོག་གི་གནས་རྣམས་སོ། །དེ་རྣམས་སུ་སེམས་པར་བྱེད་དོ་ཞེས་སེམས་ཏེ་རླུང་རྣམས་སོ། །དེ་རྣམས་ཀྱི་དགང་བ་དང་བུམ་པ་ཅན་དང་ཞི་བྱེད་རྣམས་ཀྱིས་སྡུད་པས་གང་

ལྟེ་བའི་འོག་ཏུ་སོར་བཞི་དོར་ནས་རླུང་གི་དཀྱིལ་འཁོར་ཏེ། དེ་ཡི་སེམས་ཀྱིས་བཟླས་པ་བྱ། །ཞེས་འབྲེལ་ལོ། །ཕྱོགས་གཉིས་གནས་ཞེས་པ་འདོན་པ་ལ་ཡང་གཉིས་དག་ཏུ་སྟེང་དང་འོག་ཏུ་ཞེས་འདོན་ཏེ་ཁོ་ནའོ། །དེ་ཡི་སྟེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་མེའི་དཀྱིལ་འཁོར་རོ། །
དེའི་སྟེང་དུ་དབུས་སུ་ལྟེ་བ་ལ་ཉི་མ་རྡུལ་ལོ། །དེ་རུ་ཨཱ་ལིའི་གཙོ་བོ་ཨཾ་ས་བོན་ཏེ་ནཱ་དའི་ངོ་བོའོ། །ཀཱ་ལི་ལྡན་པའི་ས་བོན་ནི་ཧཱུྃ་སྟེ་སྙིང་གར་རོ། །དེ་ཁོ་ན་ནི་ཨཾ་གི་ས་བོན་ཏེ་ཁ་དོག་དམར་པོའོ། །སེམས་ཀྱི་རྒྱལ་པོ་ཞོན་པའི་ཕྱིར་ཁྱོགས་དང་འདྲ་བས་ཁྱོགས་ཏེ་སྟེང་དུ་རྗེས་སུ་འགྲོ་བའི་རླུང་ངོ་། །འཁྱེར་
བར་བྱེད་དོ་ཞེས་པ་འཁྱེར་བ་ཁོ་ན་འཁྱེར་བྱེད་དེ་འོག་ཏུ་འཇུག་པའོ། །དེ་དག་གིས་གོམས་པར་བྱའོ། །དེ་ལ་ཁྱོགས་ཀྱིས་བསྣུན་བཞིན་པ་ནི་སྙིང་གའི་ཧཱུྃ་གི་ས་བོན་འཁོར་དང་བཅས་པ་མགོ་བོ་ཇི་སྲིད་པར་འདྲེན་ནོ། །དེའི་རྗེས་སུ་ཁྱེར་བྱེད་ཀྱིས་དེ་ནས་སྙིང་ག་ཇི་སྲིད་པར་ཚུར་འདྲེན་ནོ། །དེ་ལྟར་ཀཱ་
ཤཱིའི་མེ་ཏོག་བཞིན་འདྲེན་པ་དང་ཚུར་འདྲེན་པ་ནི་རྣམ་པར་ཤེས་པ་ཁྱེར་བར་བྱེད་པའོ། །ཁྱོགས་ཀྱི་ཁྱོགས་ནི་གྱེན་དུ་བསྐྱོད་པ་སྟེ། དུ་ལ་འདེགས་པ་ལའོ་ཞེས་བྱིངས་སོ། །དེས་ཁྱོགས་ཀྱི་རྗེས་ཐོགས་སུ་ཁྱེར་བྱེད་ཀྱང་བཟླས་པས་དབང་དུ་བྱས་ནས་རྣལ་འབྱོར་པས་བདག་ཉིད་ཀྱི་ལུས་ལས་
ཕྱི་རོལ་དུ་ཡང་གོམས་པར་བྱའོ། །ཇི་ལྟར་ཞེ་ན་གསུངས་པ། ཁྱོགས་ཞེས་པ་ལ་སོགས་པའོ། །འདེགས་པ་ནི་ཁྱོགས་ཏེ་སྙིང་ག་ནས་ཕྱི་རོལ་དུ་འདྲེན་པའོ། །དེ་ཁོ་ན་མཚན་ཉིད་དེ། དེས་མཚོན་བྱ་རླུང་ལ་སོགས་པའི་འོ། །ཁྱེར་བ་ནི་ཁྱེར་བྱེད་དེ་སྙིང་ག་ཇི་སྲིད་པར་འཇུག་པར་བྱའོ། །དེ་ཁོ་ན་
མཚན་ཉིད་དེ་བསམ་པར་བྱའོ། །དེ་ལྟར་མཉམ་པར་གཞག་པ་རྣམ་གཡེང་མེད་པར་ཇི་ལྟར་འགྱུར་བ་དེ་ལྟར་ཡང་དང་ཡང་དུ་གོམས་པས། ཁྱོགས་དང་ཁྱེར་བྱེད་ཀྱི་ཏིང་ངེ་འཛིན་ལས་མཉམ་པ་ཉིད་དུ་རོ་གཅིག་པ་ཉིད་རང་གི་ངང་གིས་འབྱུང་བ་ཉིད་འགྲུབ་འགྱུར་ཏེ། རླུང་དང་རྣམ་པར་ཤེས་པ་
དག་གི་དེ་ཁོ་ན་ཉིད་རོ་མཉམ་པ་ཉིད་དང་། དེ་བསྒོམ་པ་རང་གི་ངང་གིས་འབྱུང་བ་འགྲུབ་བོ། །དེ་ལྟར་གྱུར་པ་ན་ཡང་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྒྲུབ་པ་པོའི་ལུས་ལས་ཕྱི་རོལ་དུ་གྱུར་པ། རྣམ་པར་ཤེས་པ་སྲིད་པ་བར་དོ་ལ་སོགས་པར་རམ་ཕ་རོལ་གྱི་ལུས་ལ་སྤྲུལ་པར་འགྱུར་རོ། །གཞན་གྱི་

སེམས་ནི་རང་གི་ལུས་ཁོ་ན་ལས་མེ་ལ་གཟུང་བའི་རྗེས་སུ་བའི་སེམས། གཞན་གྱི་སྙིང་གར་བཅུག་ནས་རྗེས་སུ་སེམས་པ་ཤེས་པར་བྱའོ། །དེ་ལྟར་ཚར་གཅད་པ་དང་རྗེས་སུ་བཟུང་བར་ནུས་པ་འདི་ནི་བདག་ཉིད་ཆེན་པོའོ་ཞེས་གཞན་ལ་རྟོགས་སུ་གཞུག་པར་བྱའོ། །དེ་ལྟར་ནི་བསྟན་པ་ལ་སོགས་པ་
ལ་གནོད་པར་བྱེད་པ་ཡོངས་སུ་སྤངས་ནས་ཕན་པ་བྱེད་པ་ལྷུར་ལེན་པར་ཕ་རོལ་པོར་འགྱུར་རོ། །འདི་ཐམས་ཅད་ནི་སེང་གེ་རྣམ་རོལ་དུ་གསུངས་ཏེ། སེང་གེའི་བཞིན་དུ་མནན་ནས། འགྲོ་བ་གཞན་དུ་དང་གཞན་གྱི་གྲོང་དུ་ཡང་ཚར་གཅོད་པ་ལ་སོགས་པ་དང་ཇི་ལྟར་མངོན་པར་འདོད་པར་ཡུལ་ཉེ་བར་
སྤྱོད་པ་རྣམས་ཀྱིས་དོགས་པ་མེད་པར་འདིར་རོལ་བའོ་ཞེས་བྱས་ནས་སོ། །མིག་དང་རྣ་བ་དང་སྣ་དང་ཁ་རྣམས་སོར་མོ་རྣམས་ཀྱིས་འགོག་པ་ནི་སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་སྟེ་དེས་རླུང་སྟེང་དང་འོག་ཏུ་བསྡམས་ནས་ཇི་སྐད་གསུངས་པའི་རྣལ་འབྱོར་གོམས་པར་བྱ་ཞེས་ཁ་ཅིག་གོ། །དེ་
ལྟ་ཁོ་ནར་བསྒོམ་པ་ལ་སོགས་པ་རྣམས་ཀྱིས་སེམས་པར་བྱེད་པའི་གསེར་གྱི་ལམ་མངོན་པར་འདོད་པ་རྫོགས་པའི་ཆེད་དུ་འགྲུབ་པོ་ཞེས་པ་ཉེ་བར་བསྡུ་བའོ། །དེ་ནས་ཀྱང་འཕོ་བའི་རྗེས་ཐོགས་སུ་ཡེ་ཤེས་ཀྱི་གཟུགས་ཀྱི་ཡིད་ཀྱི་རང་བཞིན་གྱིས་ལུས་སུ་གྱུར་ནས་རང་དང་གཞན་གྱི་མུན་པ་འཇོམས་
པའི་ཕྱིར་མར་མེས་བཞིན་དུ་དེ་ཁོ་ན་ཉིད་སྣང་བའི་ངོ་བོའི་སེམས་ཀྱི་ཡུལ་རྣམས་ཀྱིས་སེང་གེ་བཞིན་དུ་དོགས་པ་མེད་པར་རྣམ་པར་རོལ་ཅིང་རང་དང་གཞན་ལ་ཕན་པའི་ལས་སོ། །འོ་ན་འདི་ཐམས་ཅད་ལེགས་པར་བཤད་པ་ཁོ་ན་སྟེ། འདི་འདྲ་བ་ཆ་ཤས་ཀྱང་བལྟ་བ་གཞན་ལ་ཡོད་པ་མ་ཡིན་མོད།
འོན་ཀྱང་དེ་ཁོ་ན་ཉིད་ལ་གོམས་པ་དང་ལྡན་པ་ནི་དེ་ཁོ་ན་ལས་མངོན་པར་འདོད་པ་ཐམས་ཅད་འགྲུབ་པའི་ཕྱིར་ན། འཕོ་བའི་ཐབས་བཤད་པས་ཅི་བྱ་ཞེ་ན། གསུངས་པ། ཉན་ཞེས་པ་ལ་སོགས་པ་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་སྐྱེ་བ་གཅིག་ལ་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་བརྟན་པ་མ་
ཡིན་ནོ་ཞེས་དགོངས་པའོ། །གང་ཤིན་ཏུ་ཡུན་རིང་བར་བསོད་ནམས་བསགས་པ། རིགས་ཆེན་པོ་སད་པ་ནི་ཐེ་ཚོམ་དང་བཅས་པའི་ཕྱིན་ཅི་ལོག་གི་དྲི་མས་མ་རྙོགས་པ་ཉིད་ཀྱིས་ཤེལ་བཞིན་དུ་ཉེ་བར་གཞག་པ་ཇི་ལྟ་བའི་སྣ་ཚོགས་པའི་རྣམ་པ་འཛིན་པ་ཉིད་ཀྱིས་ཀྱང་གསུངས་ཏེ། སྤྲོས་པ་གཞན་ལ་

ཕན་པའི་ཆེད་དུ་རྟོགས་ནས་དོར་བར་བྱའོ། །འོད་ཀྱི་ངོ་བོའི་སེམས་ཀྱིས་ཀྱང་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་རྣལ་འབྱོར་ཁོ་ན་ལ་དམིགས་པར་བྱའོ། །འདིར་དང་པོ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་དམར་པོའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་མཁའ་འགྲོ་མ་ཡང་དག་
པར་མཆོད་ནས། ཇི་སྲིད་སྟོང་པ་ཉིད་ཀྱི་བར་མ་ཆོད་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་ཧཱུྃ་དཀར་པོ་ལས་སྐྱེས་པའི་བདག་ཉིད་ཡེ་ཤེས་མཁའ་འགྲོ་མ་སེམས་དཔའི་སྐྱིལ་ཀྲུང་ཅན་དཀར་མོ་བཞད་ཅིང་དཀར་བ་དང་ཁྲོས་ཤིང་ནག་པ་དང་སྒེག་ཅིང་དམར་བའི་རྩ་བ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་གསུམ་
པ། སྤྱན་གསུམ་མ། ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་རྡོ་རྗེ་གདེངས་པ་དང་མདའ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དཔག་བསམ་ཀྱི་འཁྲི་ཤིང་དང་སྟེང་དུ་གོ་གོན་པའི་གཞུ་བསྣམས་པ། སྐྲའི་ཞགས་པ་ཆས་ལེགས་པ། སྣ་ཚོགས་
པའི་རིན་པོ་ཆེ་དང་གོས་ཀྱི་རྒྱན་ཅན། ཅོད་པན་ནས་དེ་བཞིན་གཤེགས་པ་ལ་སོགས་པ་འཕྲོ་བ་རྣམས་ཀྱིས་ནམ་མཁའི་ཁོང་འགེངས་པར་བལྟས་ཏེ་སྟེང་གི་སྒོར་ཀྵུཾ། དེའི་འོག་ཏུ་ཧཱུྃ། སྨིན་མཚམས་ཀྱི་བུ་གར་ཧཱུྃ། དེའི་སྟེང་དུ་ཧཾ། ལྕེའི་རྩ་བར་སུཾ། མགྲིན་པའི་བུག་པར་སྨྼྻུཾ། མིག་དག་ལ་ཧཱུྃ། རྣ་བ་དག་
ལ་ཡུཾ་ངོ་། །སྣ་བུག་དག་ལ་ཡུཾ། ལྟེ་བའི་སྒོར་ཀྵྨྼྻུཾ། བཏུང་བར་ཀྵྨྼྻུཾ། ཐུར་སེལ་དུ་ཀྵྨྼྻུཾ། སྒོ་དགུ་རྣམས་སུ་ས་བོན་འདི་རྣམས་དཀར་པོ་སྟེ། འོད་ཟེར་འཐུག་པོ་རྣམས་ཀྱིས་མཚམས་མེད་པར་བྱས་ནས་ནང་དུ་མགོ་བོས་གནས་པ་རྣམས་བསམ་མོ། །གོ་ཆའི་དོན་དུ་ཕྲག་པ་དག་ལ་ཧྨྼྻུཾ་
སྙིང་གར་ཡྨྼྻུཾ་ཞེས་པ་སྟེ་ས་བོན་གཞན་གཉིས་དེ་ལྟར་ཁོ་ནའོ། །དེའི་རྗེས་སུ་སྙིང་གར་ཁ་ཐུར་དུ་བལྟས་པའི་ཆུ་སྐྱེས་ཀྱི་དབུས་སུ་ཐུར་དུ་ཕྱོགས་པའི་སྲོག་གི་རླུང་གི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རྣམ་པར་ཤེས་པའི་རང་གི་ངོ་བོ་ཧཱུྃ། སྟེང་གི་མཐར་ཡུཾ། ཡུཾ་གི་དབུས་སུ་
ཧི། འོག་གི་མཐར་ཡུཾ། ཡུཾ་གི་སྟེང་དུ་ཀ་ཞེས་པའོ། །ཧཱུྃ་ཡིག་ལ་སོགས་པ་རྣམས་འོག་ཏུ་མགོ་བསྟན་པའོ། །ཡུཾ་ཡིག་ལ་སོགས་པ་རྣམས་སྔོན་པོར་བསྒོམས་ཏེ། ཁྱད་པར་དུ་སྐྱིལ་ཀྲུང་བཅས་ནས་ཡན་ལག་ཐམས་ཅད་དྲང་པོར་བྱས་ཤིང་མིག་སྣ་རྩེར་གཏད་ལ། ལུས་ཐམས་ཅད་

ལ་སོང་པའི་ཁྱབ་བྱེད་ཀྱི་རླུང་བཀུག་སྟེ་ལྟོ་བའི་ནང་དགང་བར་བྱའོ་ཞེས་པ་དགང་བས། དུག་དང་གདུང་བ་དང་རིམས་ལ་སོགས་པ་ཞི་བའི་འབྲས་བུ་མཐོང་བས་ནི་རབ་ཏུ་ཞུགས་པ། ལྟེ་བ་ཁོ་ནས་བུམ་པར་ཆུ་མི་འབོ་བར་གནས་པ་ལྟ་བུའི་བུམ་པ་ཅན་བྱའོ། །དེས་ནི་སྒོ་དགུ་རྣམས་རེངས་པར་
འགྱུར་རོ། །དེའི་རྗེས་སུ་དལ་བུས་དེ་ཡང་གསང་བའི་ཆུ་སྐྱེས་ཀྱི་ལྟེ་བ་ཁོ་ནར་རིལ་པོར་བྱས་པ་འབྱུང་བ་དང་འཇུག་པ་དང་བྲལ་བར་བསམ་པར་བྱའོ་ཞེས་པ་རབ་ཏུ་ཞི་བའི་མཐར་ཐུག་པས་རླུང་དབང་དུ་བྱས་ཏེ། དེས་ཁྱོགས་ཀྱིས་རབ་ཏུ་སྦར་བའི་མེ་ཆེར་གསལ་བ། ཇི་སྐད་གསུངས་པའི་ཇི་ལྟར་
འདོད་པའི་གཏུམ་མོ་ཡང་དག་པར་སྦར་བས། བསྣུན་བཞིན་པའི་སྙིང་གའི་པདྨ་གྱེན་དུ་ཕྱོགས་པར་བྱས་ནས། དེར་སོན་པའི་རླུང་གི་དཀྱིལ་འཁོར་ཡི་གེ་དང་བཅས་པ་སྟེང་དུ་ཕྱོགས་པ། ཧི་དང་ཀ་དག་སྟེང་དང་འོག་ཏུ་གནས་པ་དང་འོག་དང་སྟེང་དུ་གནས་པར་གྱུར་པ་དག་ཅེས་བསྒོམས་
ཏེ། མན་ངག་ཇི་ལྟ་བར་ནང་གི་བཟླས་པ་བྱེད་ཅིང་བདེ་བ་ཆེན་པོའི་འཁོར་ལོ་ཇི་སྲིད་པར་དྲང་བར་བྱའོ། །དེའི་རྗེས་སུ་རླུང་དེ་ཁོ་ན་འོག་ཏུ་འཇུག་པའི་ཁྱེར་བྱེད་ཀྱིས་སྔར་བཞིན་དུ་ཐམས་ཅད་འོག་ཏུ་ཕྱོགས་ཤིང་ཀ་དང་ཧི་དག་ཀྱང་རང་གི་གནས་སུ་སླར་དྲང་བར་བྱའོ། །དེ་ལྟར་ཡུད་ཙམ་སོ་
སོ་ལ་དེ་ལྟ་ཁོ་ནར་འདྲེན་པ་དང་སླར་འདྲེན་པ་དག་གིས་རྣམ་པར་ཤེས་པའི་བཞོན་པ་སྲོག་གི་རླུང་དབང་དུ་བྱས་ཏེ། དབྱུང་བ་དེ་ཁོ་ནས་སྟེང་གི་སྒོ་ཕྱེ་ནས་འཕོ་བར་རུང་བ་ཉིད་ཀྱི་ཆེད་དུ། ཕྱི་རོལ་དུ་ཡང་དེ་ལྟ་ཁོ་ནར་དེ་དག་གིས་དབང་དུ་བྱའོ། །དེ་ལས་དེའི་རྣམ་པར་ཤེས་པ་རང་གི་འདོད་
པས་འཕོས་ནས་བར་དོའི་སྲིད་པར་གནས་པ་ལམ་འགྲོ་བ་གཞན་ཡོངས་སུ་འཛིན་ཏེ། ཡང་ན་གཞན་གྱི་གྲོང་དུ་འཇུག་གོའམ། གཞན་རྣམས་ཚར་གཅོད་པ་དང་རྗེས་སུ་འཛིན་པ་དག་བྱེད་དོ། །དེ་ལ་གཏུམ་མོའི་ས་བོན་གྱིས་ཐིག་ལེ་ལས་བྱུང་བའི་འོད་ཟེར་དང་བཅས་པའི་
འབར་བས་ཨཱ་ལི་ཀཱ་ལིའི་ཕྲེང་བ་དང་ལྷན་ཅིག་སྣ་གཡས་པ་ནས་བྱུང་སྟེ། བསྒྲུབ་བྱའི་སྣ་བུག་གཡོན་ནས་ཞུགས་ནས་སྙིང་གའི་ཆུ་སྐྱེས་སུ་སོང་བའི་འབར་བའི་རིན་པོ་ཆེའི་རྣམ་པ་ཅན་རྣམ་པར་ཤེས་པ་ལ་ཁྱབ་པར་བྱས་ཏེ་ཁྱེར་ནས། སྣ་གཡས་པ་ནས་བྱུང་ཞིང་རང་གི་

གཡོན་པ་ནས་ཞུགས་ཏེ་གསང་བའི་མེར་བཅུག་ལ་བསྲེག་ཅིང་ཚར་བཅད་དོ། །དེའི་རྗེས་སུ་དེ་གནོད་པ་བྱེད་པ་ལ་སོགས་པའི་བསམ་པ་ལོག་པ་མེ་དང་བྲལ་བ་ལ། མན་ངག་ཇི་ལྟ་བར་གཞོམ་དུ་མེད་པའི་བདུད་རྩིའི་རྒྱུན་དཀར་པོ་རྣམས་ཀྱིས་དབང་བསྐུར་བ་
ལས། ནད་ལ་སོགས་པ་རབ་ཏུ་ཞི་ཞིང་། སེར་པོ་རྣམས་ཀྱིས་ཡོན་ཏན་གྱི་ཚོགས་རྒྱས་ལ་དམར་པོ་རྣམས་ཀྱིས་དབང་དུ་བྱས་པ། དེ་ལྟ་ཁོ་ནར་བཏོན་ཏེ། བཅུག་ནས་སྙིང་གའི་ཆུ་སྐྱེས་སུ་གཞུག་པས་རྗེས་ཐོགས་སུ་འཛིན་ཏོ། །དེ་ལས་ཕྱུང་ནས་རང་གི་ལུས་ལ་རབ་ཏུ་འཇུག་གོ། །འཆི་
བ་ནི་ཇི་སྐད་བཤད་པའི་གཏུམ་མོའི་རྣལ་འབྱོར་གོམས་པ་རབ་ཏུ་གྱུར་པ་ཁོ་ན་ལས་ངེས་པར་སླུ་བར་བྱེད་ཅིང་གཉེར་མ་ལ་སོགས་པ་ཡང་སྟེ། དེ་ཁོ་ན་ལས་རླུང་དབང་དུ་གྱུར་པ་ལ་སོགས་པ་ཡོན་ཏན་རིན་པོ་ཆེའི་ཕུང་པོ་བསྐྱེད་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུ་ནི་སྔར་རྣམ་པར་སྤྲོས་སོ་ཞེས་པ་མན་
ངག་དང་བཅས་པའི་བསྡུས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ཅད་ལྡོག་པས་སྙིང་རྗེ་དང་ཤེས་རབ་རོ་གཅིག་པ་ཉིད་གོམས་པ་ཕུལ་དུ་བྱུང་བ་ཁོ་ན་ལས་ཚོགས་གཉིས་ལས་སྐྱེས་པ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཕུན་སུམ་ཚོགས་པ་ཤིན་ཏུ་ཆེན་པོ་ཉིད་རྣམས་གསལ་བར་འགྱུར་རོ་ཞེས་
རྟོགས་པའི་ཆེད་དུ་སྐབས་བྱེད་པ་ལ་ཞུས་པ། ཀྱེ་ཞེས་པ་ལ་སོགས་པའོ། །ཡེ་ཤེས་ཀྱི་ཁྱད་པར་ཅི་ལགས་པའོ། །གསང་བ་ནི་དམན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡུལ་རྣམས་མེ་ལོང་ལ་བཞིན་བཞིན་དུ་དང་བས་ཕལ་ཆེར་མི་དགེ་བ་མི་སྤྱོད་པའི་ཕྱིར་དང་། འགའ་ཞིག་གི་ཡིད་ཀྱི་རང་བཞིན་གྱིས་ལུས་སྣང་
བརྙན་དུ་བྱེད་པའི་ཕྱིར་རོ། །ལྷ་མིན་རྣམས་ནི་ལྷའི་ཕུན་སུམ་ཚོགས་པ་རྣམས་ལ་མི་བཟོད་པ་འབར་བའི་སེམས་སོ། །བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཀྱིས་འཁྲུགས་པ་ཉིད་ཀྱི་ཕྱིར་ཡི་དགས་རྣམས་དམན་པའི་ཡིད་ཅན་རྣམས་སོ། །དམྱལ་བ་བ་རྣམས་ཀྱི་ནི་གཤིན་རྗེའི་སྐྱེས་བུ་རྣམས་ལས་མི་མཉམ་པའི་སྡུག་བསྔལ་དང་
འཇིགས་པས་ཡང་དག་པར་ནོན་པའི་སེམས་རྣམས་སོ། །དུད་འགྲོ་རྣམས་ཀྱི་ནི་ཤིན་ཏུ་བརྟན་པའི་རྨོངས་པ་དང་ལྡན་པའི་སེམས་སོ། །མི་རྣམས་ཀྱི་ཡེ་ཤེས་ནི་ཇི་ལྟར་རིགས་པར་དང་བ་ཉིད་ལ་སོགས་པའི་ཁྱད་པར་ཅན་ནོ། །རང་བཞིན་ཉིད་ཀྱི་ཕྱིར་ཕལ་ཆེ་བས་དེ་རྣམས་མདོར་བསྟན་ནས་བསྟན་པ་འཇུག་པ་ལས་རྣམ་

པར་ཤེས་པར་བྱའོ། །འོ་ན་ཤིང་རྣམས་སེམས་པ་ཅན་ཡིན་ཏེ། ཉལ་བའི་ཕྱིར་རོ་ཞེས་ཕྱོགས་ཀྱི་གོས་ཅན་འདོད་པའི་ཡེ་ཤེས་ཀྱི་ཁྱད་པར་ཅི་ཡིན་ཞེ་ན། ཅི་ཡང་མེད་དེ། ཤིང་རྣམས་ལ་སེམས་མེད་པ་དེ་ཁོ་ནའི་ཕྱིར་རོ་ཞེས་གསུངས་པ། སེམས་མེད་ཅེས་པ་སེམས་པ་མེད་པའོ། །བསྟན་པ་ནི་འདིར་རྒྱུན་དུ་གནས་པའི་ཆོས་དང་
ལྡན་པ་ཤིང་སྡོང་ལ་སོགས་པ་ནི་དུས་ཐུང་ངུར་གནས་པ་གློག་ལ་སོགས་པ་གང་གི་དང་པོ་ཡིན་པ་དེ་ནི་དེ་སྐད་དོ། །རི་དང་ཆུ་ཀླུང་དང་གློག་ལ་སོགས་པ་བཞིན་དུ་ལྗོན་ཤིང་དང་འཁྲི་ཤིང་ལ་སོགས་པ་ལ་ཡང་སོགས་པ་མེད་པའོ་ཞེས་དགོངས་པའོ། །སྒྲུབ་བྱེད་ཉལ་བ་ལ་སོགས་པ་ནི་གཞན་དུ་ཤིང་རྟ་ཆེན་པོ་རྣམས་ཀྱིས་སུན་
ཕྱུང་ཟིན་ཏོ་ཞེས་པས་གྱི་ནའོ། །དེའི་ཕྱིར་དཀྱུས་མཉེ་བར་སྡུད་དེ། ལྔ་ཡིས་ཞེས་པ་ལ་སོགས་པའོ། །མེ་ལོང་ཡེ་ཤེས་ཉིད་དང་ཁྲོ་བ་དང་། དམན་པ་ཉིད་དང་འཇིགས་པས་དུ་བ་དང་རྨོངས་པ་ཞེས་པ་རྣམ་པ་ལྔ་སྟེ། ཕལ་ཆེར་ཁྱད་པར་ནི། ཇི་ལྟར་རིགས་པར་ཁྱད་པར་གཞན་རྣམས་ཉེ་བར་མཚོན་པའོ། །རྣམ་
པ་འདི་ལྟ་བུའི་ཤེས་པ་ཅན་འཁོར་བ་པ་ལྷ་ལ་སོགས་པ་འདི་རྣམས་ནི་གླེན་པ་ཉིད་མི་ཤེས་པ་སྟེ། མ་རིག་པ་ཉིད་ཀྱིས་ཡང་དག་པ་མ་ཡིན་པ་སྒྲོ་བཏགས་པའི་འདོད་ཆགས་ལ་སོགས་པས་ངན་པར་སེམས་པའི་ཕྱིར་གླེན་པ་རྣམས་ཀྱང་ངོ་། །དེ་ཉིད་ཀྱིས་ཁྱབ་པས་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའི་ཕྱིར་ཁེབས་པ་
རྣམས་ཀྱང་ངོ་། །ཡང་དག་པ་ཇི་ལྟ་བའི་དོན་གྱི་དེ་ཁོ་ན་ཉིད་སྨྲ་བར་མི་ནུས་པའི་ཕྱིར་ལྐུགས་པ་རྣམས་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་བྱིས་པའོ། །བསམ་པ་ངན་པ་སེམས་ཤིང་བྱ་བ་ངན་པ་བྱེད་པ་སྨྲ་བ་ངན་པ་སྨྲ་བའི་ངང་ཚུལ་ཅན་ནི་བྱིས་པ་ཞེས་གསུངས་སོ། །དེ་རྣམས་ཀྱི་བྱིས་པའི་ཤེས་པ་ནི་འདི་འདྲ་བ་སྟེ།
དེའི་གཉེན་པོའི་ཕྱོགས་ནི་ཁམས་གསུམ་པར་སོ་སོར་སྣང་བའི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ཕྱོགས་སོ་སོར་སྤོང་བ་ལས། དེ་ཁོ་ན་ཉིད་ཀྱི་བྱེ་བྲག་རང་བཞིན་མེད་པ་ནི། ཤེས་རབ་དང་ཐབས་དབྱེར་མེད་པ་གསལ་བར་བྱེད་པའི་ཕྱིར་དང་། ཉོན་མོངས་པའི་དགྲ་འཆོས་
པ་དང་ངན་འགྲོའི་འཇིགས་པ་ལས་སྐྱོབ་པས་ན་བསྟན་བཅོས་ལས་ཏེ། རྒྱུད་རྣམ་པ་གསུམ་བསྡུས་པ་རྫོགས་པ་སྙིང་པོའི་དོན་རབ་ཏུ་གསལ་བར་བྱེད་པས་ན། རྒྱུད་གཞན་རྣམས་ལས་ཁྱད་པར་དུ་འཕགས་པ་ཞེས་པས་ཁྱད་པར་ལས་ཏེ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་འདི་

ལས་རྟོགས་པར་བྱའོ། །འདི་ལས་ཀྱང་རྒྱུད་འདིའི་བདག་ཉིད་ཆེན་པོ་ཉིད་གསལ་བར་བྱེད་ཅིང་གསུངས་པ། སྐྱེ་བ་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་མར་མེ་མཛད་ཚུན་ཆད་དུ་སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་ཤིན་ཏུ་མང་པོ་རྣམས་ལ་རྒྱུད་མ་ལུས་པའི་སྙིང་པོ་རྒྱུད་
སྡེ་རིན་པོ་ཆེ་འདི་དག་ཁོ་ནས་བཤད་ཀྱི། རྫོགས་པའི་སངས་རྒྱས་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་བདག་གིས་འདིར་བཤད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བསྐུལ་བ་སྟེ། ཀྱེ་ཐར་པ་འདོད་པ་རྣལ་འབྱོར་གྱི་བསྟན་བཅོས་འདི་ཁོ་ན་ལ་མཁས་པ་ཤེས་པ་དང་ལྡན་པ་ཤིན་ཏུ་བར་
འགྱུར་རོ། །འབྱུང་བ་མོའི་བདག་པོ་ལ་སོགས་པ་བཤད་པ་བླ་ན་མེད་པའི་དེ་ཁོ་ན་ཉིད་ལས་ཕྱིར་ཕྱོགས་པའི་བསྟན་བཅོས་རྒྱུད་ལ་སོགས་པའི་སྒྲ་བཀོད་པ་རྣམས་ལ་ནི་ཡིན་ནོ། །དེ་རྣམས་ནི་གར་གྱི་གནས་ཀྱི་ས་གཞི་ལ་མངོན་པར་གསར་དུ་ཚིག་བཀོད་པ་རྣམས་ཀྱིས་འཐད་པ་དང་བྲལ་བ་ཉིད་
ཀྱིས་ན་དེ་ལ་མོས་པ་རྣམས་རངས་པ་ཙམ་གྱིས་ཡིད་ཆགས་པར་བྱེད་པའི་ཕྱིར་མཚུངས་ཤིང་དྲང་བ་རྣམས་སོ། །དེས་ན་འདི་ཁོ་ན་ལས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པས་ཡང་དག་པའི་ཡུལ་བསྟན་པའི་ཆེད་དུ་དང་གྲོལ་བའི་ཆེད་དུ་རྣལ་འབྱོར་ལ་འབད་པ་བསྒྲུབ་པར་བྱའོ། །དོན་འདི་
ཁོ་ན་སྙིང་པོ་ལས་ཏེ་ཤིན་ཏུ་མཆོག་བསྐྱེད་པའི་རིམ་པ་ལས་སྙིང་པོ་དྲང་བར་བྱ་བ་མཆོག་ཕུལ་དུ་བྱུང་བའི་རྣལ་འབྱོར་བཤད་དོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་གཅིག་པའོ།། །།བསྐྱེད་པའི་རིམ་པ་ནི་སྔགས་
དང་སྔགས་ཀྱི་སྐུ་ཅན་གྱི་རང་བཞིན་ཉིད་ཀྱི་ཕྱིར་དང་། ཞི་བ་ལ་སོགས་པ་བསྐྱེད་པའི་རིམ་པའི་ཡན་ལག་རྣམས་ཀྱང་སྔགས་ཀྱི་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་སྔགས་རྒྱས་པར་སྟོན་པ་གསུངས་པ་ཉོན་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ལ་མཆོག་ཏུ་གྱུར་པའི་འོད་བྱེད་འདིའི་ཡིན་པ་ཞེའམ་རྡོ་རྗེ་
དང་འདྲ་བའི་འོད་འདིའི་ཡིན་པ་ཞེས་པ་རྡོ་རྗེ་འོད་དེ། རྡོ་རྗེ་སྙིང་པོའོ། །སྔགས་རྣམས་ཀྱིས་གདུལ་བྱའི་ཡིད་མགུ་བར་བྱེད་པའི་ཕྱིར་རྒྱལ་པོ་ཁྱེད་ཉོན་ཅིག་པའོ། །སྔགས་རྣམས་ནི་རང་གི་ངོ་བོ་རྟོགས་པར་བྱེད་པའི་ཚིག་རྣམས་སོ། །དེ་ཅིས་རང་གི་བརྗོད་བྱ་རྟོགས་པར་བྱེད་པ་སྔགས་ཡིན་

ཞེ་ན། བདེན་ནོ། །དེ་སྐད་དུ་ཡང་གསུངས་པ། ངག་ཀུན་སྔགས་སུ་བརྗོད་པར་བྱ། །ཞེས་སོ། །སྔགས་ཀྱི་ཐ་སྙད་དུ་བྱ་བ་ནི། གསང་བའི་དེ་ཁོ་ན་ཉིད་འཆད་པ་མདོར་བསྡུས་པ། སྦས་པའི་དོན་ཅན་ལ། ཤིང་རྟ་ཆེན་པོ་རྣམས་ཁོ་ནས་ཆོ་གས་གྲུབ་པར་གྱུར་ཅིག་ཅེས་བྱིན་གྱིས་
བརླབས་ནས་བརྡར་བྱས་པའི་ཚིག་གོ། །གང་དང་གང་གསུངས་པ། སྔགས་དང་སྔགས་ཞེས་རབ་བཤད་པ། །དེ་ཁོ་ན་ཉིད་བསྐུལ་བའི་སྐད། །ཅེས་སོ། །བསྐུལ་བ་རྟོགས་པར་བྱེད་པར་བཤད། །ཇི་ལྟར་ལུས་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་ཨོཾ་ཡིག་ལ་སོགས་པ་རྣམས་ཀྱིས་རྟོགས་པར་
བྱ་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཆེད་དུ་ཐུགས་བསྐུལ་བའི་དོན་དུ་གསུངས་པ། ཨོཾ་ཞེས་པ་ལ་སོགས་པའོ། །དང་པོར་ཐམས་ཅད་ཨོཾ་ཡིག་ནི་ཞི་བ་གསལ་བར་བྱེད་པ་ལ་སྟེ། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞི་བ་ཆེན་པོའི་ཏིང་ངེ་འཛིན་གསལ་བར་བྱེད་པ་
ཉིད་ཀྱི་ཕྱིར་རོ། །ཁྲོས་པའི་ལས་ལ་ཡང་རང་དང་གཞན་གྱི་ཞི་བ་ལ་མཁས་པའི་རྣལ་འབྱོར་པའི་རབ་ཏུ་འཇུག་པའི་ཕྱིར་རོ། །བཛྲ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཏེ། དེའི་རང་བཞིན་ཅན་ནི་མུ་མཐའ་མེད་པར་འཆི་བ་དང་བྲལ་བ་ཉིད་ཀྱི་ཕྱིར་ཨ་མྲྀ་ཏ་སྟེ་ཁུ་བའོ། །བདུད་
རྩི་ཁུ་བ་ཞེས་བཤད་དེ། །དེ་ལས་འཕྲོས་པ་འགྲོ་བ་གསུམ། །ལུས་ངག་སེམས་རྣམས་བསྒྲུབ་དོན་དུ། །སྒྲུབ་པོ་རྣམས་ཀྱི་བདེ་བ་འབབ། །ཅེས་རྡོ་རྗེ་བདུད་རྩིའི་རྒྱུད་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ངོ་བོའི་བྱང་ཆུབ་སེམས་ནི་མ་ཧཱ་སུ་ཁའོ། །བཅོམ་ལྡན་
འདས་ལྷ་མོའི་དང་ནང་གི་བདག་ཉིད་ཀྱི་བྷ་གའི་དབུས་རྣམས་སུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བདུད་རྩིའི་ངོ་བོས་འཁོར་བའི་བར་དུ། ཕྱི་དང་ནང་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་རྙོག་པ་དང་དྲ་བ་མཐའ་དག་ངེས་པར་བཅོམ་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་རོ་མཉམ་
པར་གྱུར་པར་བཞུགས་པའོ། །ཧཾ་ཡིག་གིས་བདེ་བ་ཆེན་པོའི་པདྨའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཟད་པ་མེད་པ་ནི་རྡོ་རྗེ་སེམས་དཔའ་གཞོམ་དུ་མེད་པ་ཉིད་གསལ་བར་བྱེད་དོ། །ཁ་ཅིག་ཏུ་ཧཱུྃ་ཡིག་གིས་སོ། །སྭཱ་ཧཱའི་ཡི་གེ་ནི་ཐམས་ཅད་ངེས་པར་མཆོག་ཏུ་ཞི་བར་གསལ་བར་བྱེད་དོ། །ཨ་

ཨུ་མ་ཡིག་རྣམས་ཀྱིས་ཨོཾ་མོ། །ཨ་ཨཿམ་ཡིག་རྣམས་ཀྱིས་ཨཱཿསྟེ། མ་ཡིག་ནི་རོ་གཅིག་པ་ཉིད་དུ་དགོངས་པས་ཕྱིས་པ་ལས་སོ། །ཧ་ཨཱུ་མ་ཡིག་རྣམས་ཀྱིས་ཧཱུྃ་ངོ་། །དེ་ལྟར་ཨོཾ་ཡིག་ལ་སོགས་པ་ནི་སོ་སོར་སྐུ་དང་གསུང་དང་ཐུགས་གསལ་བར་བྱེད་པ་ལས་གསུམ་
གྱི་བདག་ཉིད་དོ། །གཙོ་བོར་ན་ཨོཾ་ནི་སྐུ་རྡོ་རྗེ་སྟེ། དེ་དང་ཅིག་ཤོས་གཉིས་པོ་རོ་གཅིག་པ་སྟེ། ཆོས་ཉིད་ཀྱིས་སོ། །ཨཱཿགསུང་རྡོ་རྗེ་སྟེ་དེ་ལྟར་རོ། །ཧཱུྃ་ནི་ཐུགས་རྡོ་རྗེ་སྟེ་དེ་ལྟར་རོ། །ཡི་གེ་གསུམ་གྱིས་ནི་ཆོས་ཀྱི་བརྡའི་དབང་ཁོ་ན་ལས་ལུས་དང་ངག་དང་སེམས་སྟོང་པ་ཉིད་གསལ་
བར་བྱེད་པའི་ཕྱིར་རོ། །ཧཱུྃ་ཡིག་གཉིས་པ་ནི་སྐུ་གསུམ་པོ་གསལ་བར་བྱེད་པ་སྟེ། བདེ་བ་ཆེན་པོ་དང་རོ་གཅིག་པ་སྐུ་གསུམ་སྡུད་པའི་རྣམ་པ་རྡོ་རྗེ་འཛིན་པའི་ས་བོན་པ་ཉིད་ཀྱི་ཕྱིར་རོ། །སྭཱ་ཧཱ་ཞེས་པའི་དོན་རྣམ་པར་ཕྱེ་ཟིན་ཏོ། །གོང་དུ་སྭཱ་ཧཱའི་ཡི་གེ་མ་གསུངས་པ་དེར་རིགས་གསུམ་ལ་
ལྟོས་པ་སྟེ་རིགས་གསུམ་པོ་ཉིད་དུ་ཉེ་བར་བསྟན་པའི་དོན་དུ་སྟེ། ཡི་གེ་གསུམ་གྱི་རང་གི་ངོ་བོ་ཁོ་ནའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ་ཞེས་གོ་བར་བྱའོ། །སྔགས་འདི་ནི་ཉེ་བའི་སྙིང་པོའོ། །རྡོ་རྗེ་བདུད་རྩིའི་ཟླ་བ་དེ་ཡང་དགའ་བ་བཅུ་དྲུག་གི་དབྱེ་བ་ལས་ཆ་བཅུ་དྲུག་པ་སྟེ། དེ་གསལ་བར་བྱེད་པ་
ཨཾ་ཡིག་ལ་སོགས་པ་བཅུ་དྲུག་རྣམས་སོ། །ཛཿཧཱུྃ་བཾ་ཧོཿའི་ཡི་གེ་རྣམས་བསྐུལ་བ་སྔོན་མ་ཅན་གྱི་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱེད་པའི་དོན་ཅན་ནོ། །བཞད་མ་ལ་སོགས་པའི་ལྷ་མོའི་སྔགས་རྣམས་ནི། །ཨོཾ་བཛྲ་ཧཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་
ཏེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ནྲྀ་ཏྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱ་ས་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤརྴེ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷརྨ་དྷཱ་ཏུ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཝཱི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲྀ་དཾ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་
པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། འདི་རྣམས་ཀྱིས་རིག་མ་བཅུ་དྲུག་ཚང་། ཞེས་མངོན་བརྗོད་བླ་མའི་རྒྱུད་དུ་གསུངས་པ་རྣམས་སོ། །ཧཱིཿཡིག་ནི་ལྷན་ཅིག་སྐྱེས་པའི་དགའ་བ་གསལ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་དབང་དང་བཅས་པའི་དགུག་པར་བྱེད་པའོ། །ཧེ་རུ་ཀའི་སྟེ་ཕྱག་བཅུ་དྲུག་པའི་ཉེ་བའི་སྙིང་པོའོ། །

ཕཊ་ཡིག་ནི་སྒྲིབ་པ་ཐམས་ཅད་ལྟུང་བའི་ཆེད་དུ་དང་བགེགས་གཅོད་པར་བྱེད་པ་གསལ་བར་བྱེད་པའོ། །རུ་ནི་འཇིག་པར་གྱིས་ཤིག་པའོ། །ལུ་ནི་ཆོད་ཅིག་པའོ། །རུ་ཛོ་འཇིགས་པ་ལའོ། །ལུ་ཉ་གཅོད་པ་ལའོ། །བྱིངས་དག་གོ། །ཧཱུཾ་ནི་སྡིགས་པ་ལ་སྟེ། སྔགས་ཀྱི་ལྷ་བཅོམ་
ལྡན་འདས་ཀྱིས་བསྡིགས་པར་མཛད་དོ། །བྷྱོ་ནི་འཇིགས་པར་བྱེད་པ་ལའོ། །ས་མ་ཡ་ནི་རྡོ་རྗེ་སེམས་དཔའི་བཀའོ། །རཾ་གཾ་ནི་གར་གྱི་གནས་ཏེ། རཾ་ག་རཾ་ག་ཞེས་པ་འདིས་ཀུན་ནས་འཁྱམ་པ་དང་བཅས་པར་བཅོམ་ལྡན་འདས་ཀྱིས་དེ་ཉེ་བར་སྟོན་ཏོ། །རཾ་གཱ་པ་ཡ། ཕ་རོལ་པོ་རྣམས་ལ་སྟེ། དེ་ཉེ་བར་
སྟོན་ཅིག་པའོ། །ཧ་ཧ་ཞེས་པ་ངོ་མཚར་བ་ལ་ལན་གཉིས་བརྗོད་པ་སྟེ་འཁྱམ་པ་ལའོ། །སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ཁོ་ན་སྐུ་བཞིའི་ཞེས་པ་ཧཾ་ཡིག་བཞི་རྣམས་སོ། །ཕུལ་དུ་དབྱུང་དུ་མེད་པའི་མཐུ་ཅན་རྣམས་ཀྱང་འགུགས་པའི་ཕྱིར་མཚར་བ་ལ་ཧྲཱི་སྟེ། དེ་ལྟར་ཁྱབ་བདག་
གི་བཀའི་མཐར་ཐུག་པའི་ཕྱིར་རྣམ་པར་བཅད་པའོ། །ཧྲིཿནི་གསལ་བར་གྱིས་ཤིག་པ་སྟེ། ཉེ་བ་མ་ཡིན་པ་ཉེ་བར་གྱུར་པས་གསལ་པོར་གྱིས་ཤིག་པའོ། །ཊཱཾ་ཊཱཾ་ཞེས་པ་ཤིན་ཏུ་བསྒྱིངས་པ་དང་བཅས་པར། བ་སྟེ་ཆིངས་ཤིག་ཅེས་བསྐུལ་ལོ། །ཏྲཊ་ཅེས་པ་ཡིད་འབྱུང་བ་མི་དགའ་བ་དྲོལ་
ཅིག་སྟེ་དགའ་བར་གྱིས་ཤིག་པའི་དོན་ཏོ། །ཏཱ་སཱི་ཡིད་འབྱུང་བ་ལའོ། །སྥིཊ་མི་གུས་པའོ། །ངེས་པའི་ཚིག་ལས་སོ། །ཐམས་ཅད་དུ་ཞེས་པ་ཛཿཧཱུྃ་བཾ་ཧོཿཡིག་རྣམས་ཀྱིས་བར་མ་ཆད་དུའོ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་
པ་བདག་མེད་མའི་ཕྲེང་བའི་སྔགས་སོ། །བླ་ན་མེད་པའི་དགའ་བ་དང་ལྡན་པའི་ཕྱིར་རོལ་བར་བྱེད་པས་ན་དེ་ཝའོ། །པི་ཙུ་ནི་སྐུད་པ་བསྐྱེད་པའི་དོན་དུ་ཡང་དག་པར་བྱུང་བའི་ཤིང་བལ་གྱི་བྱེ་བྲག་གོ། །བྱམས་པའི་རང་བཞིན་གྱི་ཐུགས་ཅན་ཉིད་ཀྱིས་འཇམ་པ་ཉིད་ཀྱིས་ན་པི་ཙུ་ཡང་འདི་ཡིན་ལ།
གདུག་པ་ཅན་ཚར་གཅོད་པར་བྱེད་པ་ཉིད་ཀྱིས་ན་རྡོ་རྗེ་ཡང་ངོ་ཞེས་པ་དེ་ཝ་པི་ཙུ་བཛྲའོ། །ཧཱུྃ་ཡིག་གསུམ་ནི་ལུས་དང་ངག་དང་སེམས་སྟོང་པ་ཉིད་གསལ་བར་བྱེད་པ་སྟེ།