Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 7

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
་ན་ལྷ་ཆེན་པོ་དེས་སྨྲས་པ། བཅོམ་ལྡན་འདས་དབང་ཕྱུག་བདག་ལ་ཡང་བཀའ་སྟེར་བ་འདི་སུ་ལགས་བཅོམ་ལྡན་

འདས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལ་བཀའ་སྩལ་པ། གསུམ་ལ་སྐྱབས་སུ་འགྲོ་བ་དང་དམ་ཚིག་དང་སྡོམ་པ་ལ་གཙུག་ལག་རྣམས་སྒྲུབས་ཤིག །འདི་ནི་གནོད་སྦྱིན་ཕྱག་ན་རྡོ་རྗེ་ཁྲོས་པ་ཁྲོ་བོ་གཏུམ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ། རྡོ་རྗེ་འབར་བས་
ཁྱེད་རྣམས་དང་ཁམས་གསུམ་པོ་མཐའ་དག་བརླག་པར་བྱས་ན་མི་རུང་ངོ་། །དེ་ནས་དབང་ཕྱུག་ཆེན་པོས་འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོ་ཉིད་ཀྱི་ཤེས་པ་ལ་དབང་བས་ཕྱག་ན་རྡོ་རྗེ་ལ་འཇིགས་པ་བསྟན་པའི་དོན་དུ། གཏུམ་ཞིང་ཁྲོ་བ་ཆེན་པོ་ཉིད། །འཇིགས་པའི་གཟུགས་འཆང་
ཆེན་པོ་ཉིད། །འབར་བ་སྤྲོ་བ་ཆེན་པོ་ཉིད། །དྲག་པོའི་གད་རྒྱངས་དགོད་པ་ཆེན་པོ་ཉིད་ཚོགས་རྣམས་དང་ལྷན་ཅིག་སྟོན་ཅིང་སྨྲས་པ། ང་ནི་འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོ་ཡིན་ན། ཁྱོད་ང་ལ་བཀའ་སྦྱིན་པར་བྱེད་དོ། །དེ་ནས་ཕྱག་ན་རྡོ་རྗེས། རྡོ་རྗེ་རོལ་པ་དང་བཅས་པར་གསོར་
ཞིང་། རྣམ་པར་དགོད་ཅིང་གསུངས་པ། ཁོ་སྟེ་རྟོགས་པར་གྱིས་ཤིག །ལུས་སྲུལ་པོ་དང་མིའི་ཤ་ངའི་བཀའ་བཞིན་བྱེད་ན་ཟོ་ཞིག །སྨྲས་པ། ཁྱོད་ཀྱང་ངའི་བཀའ་སྐྱོངས་ཤིག །དེ་ནས་ཕྱག་ན་རྡོ་རྗེས་ཧཱུྃ་ཞེས་གསུངས་པ་ན་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཐམས་ཅད་ཁ་
བུབ་ཏུ་འགྱེལ་ལོ། །ལྷ་ཆེན་པོ་ཡང་ས་ལ་འགྱེལ་ཞིང་ཤིའོ། །བཛྲ་ཨུཏྟིཥྛ་ཞེས་གསུངས་པ་ན་ལྷ་རྣམས་ལྷའི་བདེ་བ་རྣམས་ཉམས་སུ་མྱོང་བས་ལངས་ཏེ། བཛྲ་ཨཱ་ཡུཿཞེས་པ་ཤི་བ་སླར་འཚོ་བའི་སྙིང་པོས་གསོས་ནས། ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་ཞབས་གཡོན་པས་མནན་ནས།
གཡས་པས་ཨུ་མའི་ནུ་མའི་ཁུར་འཚིར་རོ། །དེ་ནས་ལྷ་ཆེན་པོ་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་རེག་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པའི་སྒོ་རྣམས་ཉམས་སུ་མྱོང་ཞིང་། ལྷ་ཆེན་པོའི་ལུས་དང་ཨུ་མ་ཡང་བླ་མའི་ཡོན་དུ་ཕྱག་ན་
རྡོ་རྗེའི་ཞབས་ཀྱི་མཐིལ་ལ་ཕུལ་ནས། འོག་གི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་འདས་ཏེ་ཐལ་བས་གཡོགས་པའི་འཇིག་རྟེན་གྱི་ཁམས་སུ་ཐལ་བའི་དབང་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པར་སྐྱེས་སོ། །ལྷ་ལངས་པ་རྣམས་ཀྱང་ཕྱག་ན་རྡོ་རྗེས་རང་གི་དམ་ཚིག་ལ་

གཞག་གོ་ཞེས་སོ། །ཆེན་པོ་ཞེས་པ་ཆེན་པོ་རྣམས་ཀྱང་སྟེ། དོན་ཆེན་པོ་བསྒྲུབ་པའི་ཕྱིར་ལ། རྡོ་རྗེ་རྣམས་ཀྱང་སྟེ། བདུད་རྣམས་ཀྱིས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །བྱེད་པ་རྣམས་ནི་གཡས་བརྐྱང་སྟབས་ལ་སོགས་པ་རྣམས་ཏེ། རྣམས་ཀྱི་དགོད་པ་ནི་ཚུལ་རྣམ་པ་སྣ་ཚོགས་སོ། །དེས་ཡོངས་
སུ་བསྐོར་ཞེས་སྦྲེལ་ལོ། །བྱེད་པ་རྣམས་ཀྱང་བདག་གིས་རྡོ་རྗེ་ཕྲེང་བར་རྣམ་པར་སྤྲོས་སོ། །རྡོ་རྗེས་མཚན་པའམ་རྡོ་རྗེའི་རྣམ་པར་བྱེད་པ་ཅན་གྱི་རྐང་པ་ནི་རྡོ་རྗེའི་རྐང་པའོ། །གདུག་པ་ཅན་ཐམས་ཅད་སྐྲག་པར་བྱའོ་ཞེས་པ་ཉེ་བར་བསྡུས་པའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲིས་བྱུགས་
པར། མེ་ཏོག་ལ་སོགས་པ་རྣམས་དང་གར་དང་གླུ་ལ་སོགས་པ་རྣམས་ཀྱིས་མཆོད་ནས། ལག་པས་རེག་ཅིང་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱད་པ་ལན་བདུན་རྣམས་ཡོངས་སུ་བཟླས་ཏེ། དེ་ཉིད་དུ་མཉམ་པར་གཞག་པའི་ཡིད་ཀྱིས་ཉལ་ནས་ཡོངས་སུ་གཟུང་བར་
འགྱུར་རོ། །དེའི་རྗེས་སུ་ར་བ་དང་གུར་ལ་སོགས་པ་བསྒོམས་ནས། ཁྲོ་བོའི་གཟུགས་སུ་བསྒོམས་པའི་སེང་ལྡིང་ལ་སོགས་པའི་ཕུར་བུ་རྣམས་ཀྱིས་སྔར་བཞིན་དུ་བགེགས་རྣམས་ཕུར་བུས་གདབ་པ་དང་བརྡུང་བ་དག་གིས་ཉེ་བར་ཞི་བར་བྱས་ནས་སོ། །དེ་ནས་ཞེས་པ་ལ་སོགས་པ་ཞེས་
པ་པོའི་བར་གཉིས་མདོར་བསྟན་པའོ། །སྔགས་ཞེས་པ་ལ་སོགས་པ་རྒྱས་པར་བསྟན་པའོ། །སྔགས་ཀྱིས་ཚུལ་ཉེ་བར་ཕྱིན་ནས་བཀླག་པར་བྱ་བ་གང་ལས་ཡིན་པ་དེ་ལ་ཕྱག་བྱས་ནས་དེས་རྗེས་སུ་གནང་བས་ཆོ་ག་སྔ་མ་ཡང་རྗེས་སུ་བསྒྲུབ་པོ། །སའི་ལྷ་མོའི་དཀྱིལ་འཁོར་གྱིས་གཞིའི་
དབུས་སུ་དྲིའི་དཀྱིལ་འཁོར་ལ་བཾ་ཡིག་ལས་སྐྱེས་པ་བསམས་ནས། ཡེ་ཤེས་སེམས་དཔའི་གཟུགས་བཀུག་སྟེ་དེ་ལ་གཞུག་གོ། །སྦྱིན་སྲེག་ལས་ཞེས་པ་ཉེ་བར་མཚོན་པ་སྟེ། དཀྱིལ་འཁོར་གྱི་ལས་ཀྱང་ངོ་། །དེས་ན་དེའི་སྐབས་སུ་དཀྱིལ་འཁོར་གྱི་ལས་ཞེས་བརྗོད་པར་བྱ་
སྟེ། ལྷག་པར་གནས་པ་ཞེས་པ་ལ་སོགས་པའོ། །དེ་ལྟར་ནི་ཨེ་ཧི་ཨེ་ཧི་ཞེས་པས་ཡེ་ཤེས་སེམས་དཔའི་ངོ་བོ་དགུག་པ་རྟོགས་པར་བྱས་སོ། །སུ་སྭཱ་དྷ་ཡ་ཞེས་པ་འདིས་ཤུགས་ཀྱིས་ཉེ་བར་གནས་པའོ། །ཐམས་ཅད་ཀྱིས་ལྷག་པར་གནས་པའོ། །ལྷ་མོ་དེ་དེ་ཉིད་དུ་ཐིམ་

པར་བསམས་ནས་ས་གཞི་འདུས་བྱའོ་ཞེས་པ་གསུངས་པ་ས་གཞི་ཞེས་པ་ལ་སོགས་པའོ་ཞེས་པ་ནི་རྒྱུ་ལས་ཏེ། ས་དག་པར་བྱའོ་ཞེས་པ་བདུད་རྩི་ལྔ་རྣམས་ཀྱིས་བསང་གཏོར་བྱའོ། །འདིའི་རྒྱས་པར་བཤད་པ་ནི་བྱུག་ཅེས་པའོ། །ཡང་དག་པར་མཆོད་ནས་ནི་མེ་
ཏོག་གི་རྣམ་པ་ལ་སོགས་པས་སོ། །ཕྱག་རྒྱའི་རིག་མ་བཞག་སྟེ་བདུད་རྩི་གཉིས་ཀྱི་དོན་དུའོ། །གདུག་པ་ཞེས་པ་ལ་སོགས་པ་རྗེས་སུ་བརྗོད་ནས་ལྷ་མོས་ཞུ་བའོ། །ལུགས་མ་ནི་གསེར་ལ་སོགས་པའི་རང་བཞིན་ནོ། །འདུས་བྱས་པ་ནི་གསར་པའི་ལས་ཀྱིས་སོ། །ཞེས་གསུངས་
སོ་ཞེས་པ་ནི་སྡུད་པར་བྱེད་པ་པོའི་ཚིག་གོ། །ཐུན་མོང་ཞེས་པ་ནི་ཞི་བ་ལ་སོགས་པ་རྣམས་ལ་ཡང་ངོ་། །ཡན་ལག་ཅེས་མདོར་བསྟན་ནས་རྒྱས་པར་སྟོན་པ་སྙིང་གར་ཞེས་པ་ལ་སོགས་པའོ། །ཁྲོས་པའི་ལས་ལ་སྔར་གྱི་རྗེས་སུ་འབྲང་བས་རིག་མ་མཱ་མ་ཀཱི་རུ་བསྒོམ་པར་བྱའོ་ཞེས་
ཀྱང་རྟོགས་པར་བྱའོ་ཞེས་པ་འདི་ལྟར་ལས་ཀྱིས་དབྱེ་བ་ལས་སོ་ཞེས་པ་འདིས་མངོན་པར་དགོངས་སོ། །འམ་ནི་སྡུད་པ་ལའོ། །རྡུལ་དང་ཁུ་བ་དེ་ལ་བྱུག་པའོ། །འདུ་བྱེད་པ་ནི་ས་རྣམས་ཀྱིའོ། །དེའི་ཕྱིར་ཉེ་བར་སྡུད་དེ། འདི་ལྟར་ཞེས་པའོ། །སྦྱིན་སྲེག་གི་ས་གཞི་ནི་ཕྱི་རོལ་ཏེ། ཕྱི་རོལ་
གྱི་དཀྱིལ་འཁོར་གྱི་ས་གཞི་ཉེ་བར་མཚོན་པའོ། །ནང་གི་སྦྱིན་སྲེག་གི་ས་གཞི་ནི་གསང་བའི་པདྨ་སྟེ། དེར་སྦྱིན་སྲེག་འཁོར་བཅས་ནི་ཉེ་བར་གསུམ་པར་བརྗོད་ཟིན་ཏོ། །འདིར་ནི་ལས་ཀྱི་གཏུམ་མོའི་མེར་མངོན་པར་དགོངས་སོ། །དེ་ནི་རྡོ་རྗེ་དང་ཆུ་སྐྱེས་བསྲུབས་པ་ལས་བྱུང་བའི་མེ་སྟེ། ལས་
བྱེད་ཅིང་དགེ་བ་བྱེད་པའོ། །དོན་དམ་པར་དགེ་བ་ཡང་ཐར་པ་སྟེ། འཛིན་པའི་ཚོགས་ཚར་གཅོད་པའོ། །དེ་ཉིད་ཀྱི་ཕྱིར་གཏུམ་མོ་གསུམ་པོ་ཕན་ཚུན་རྗེས་སུ་མཐུན་པ་ཉིད་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ལ་མངོན་པར་བསམས་ནས་བྱང་ཆུབ་སེམས་ཞེས་པ་ལ་སོགས་པས་འགྲེལ་པ་
གསལ་བར་བྱས་སོ། །འོ་ན་ཅི་དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་བུ་མོ་ཁྱད་པར་ཅན་མ་ཡིན་ནམ་ཞེ་ན་གསུངས་པ་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །འོ་ན་ནང་གི་སྦྱིན་སྲེག་གི་ཆོ་ག་ལ་ནི་རིག་མ་ཉེ་བར་མཁོ་མོད། དཀྱིལ་འཁོར་གྱི་ཆོ་ག་ལ་དེས་ཅི་བྱ་ཞེ་ན་གསུངས་པ། དཀྱིལ་འཁོར་

ཞེས་པ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། ལྷ་ཚིམ་པའི་ཆེད་དུ་སྦྱིན་སྲེག་སྟེ། དེ་རྣམས་ཀྱང་དཀྱིལ་འཁོར་པ་རྣམས་སོ། །དེའི་ཕྱིར་དཀྱིལ་འཁོར་མེད་པར་སྦྱིན་སྲེག་གི་ཆོ་ག་མ་ཡིན་ཏེ། དེ་ཉེ་བར་བསྟན་པའོ། །གང་དུ་ནང་ཡིན་པ་དེ་ལ་གསང་བ་སྟེ། ནང་གི་བདག་ཉིད་ཆོས་རྣམས་ཀྱི་
སྟེ་བྱང་ཆུབ་སེམས་རྡོ་རྗེ་སྤྲོ་བའི་ངོ་བོ་ཅན་ཕུང་པོ་ལ་སོགས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་ཡང་ཐིག་གདབ་པར་བྱ་སྟེ། ཐུན་མོང་པའི་བུ་མོ་ཉེ་བར་མཁོ་བའི་ཆོ་ག་འདིས་སོ། །ཐིག་གདབ་པ་ནི་ཉི་ཤུ་གསུམ་པར། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བ། སྒོ་བཞི་ཞེས་པ་ལ་སོགས་པས་བཤད་
ཟིན་ཏོ། །འོ་ན་དཀྱིལ་འཁོར་འདི་ལ་ས་སྦྱང་བ་ལ་སོགས་པའི་ཆོ་ག་ཅི་ལྟར་གསུངས་ཤེ་ན་གསུངས་པ། རྣམ་པ་གཉིས་ཞེས་པ་ལ་སོགས་པ་སྟེ། ཇི་སྙེད་པ་ནི་མཐའ་དག་ཉིད་ལའོ། །རང་གི་བའི་དམ་ཚིག་ནི་རྒྱུ་དང་འབྲས་བུའི་གནས་སྐབས་དག་རྟོགས་པའོ། །གནས་སྐབས་གཉིས་
ཀ་ཡང་རྟོག་པ་ནི་ཆོས་ཀྱི་དཀྱིལ་འཁོར་བླང་བར་བྱའོ་ཞེས་པའི་དོན་ཏོ། །འདིའི་རྗེས་སུ་འབྲང་བ་ལས་ནི་གདུལ་བྱའི་དབང་ལས་ཐབས་ཀྱི་ཡན་ལག་ཉིད་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཏེ། དེ་དང་རབ་ཏུ་འབྲེལ་པ་ཕྱིའི་སྦྱིན་སྲེག་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལྟར་རྣལ་འབྱོར་
པ་ཞེས་ཏེ། ནང་གི་རྣལ་འབྱོར་དང་ལྡན་པའོ། །གནས་ནི་གསང་བའི་གནས་ལྟེ་བའོ། །ཐབ་ཀྱང་སྟེ་ལྟེ་བའི་དཀྱིལ་འཁོར་དུ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་གནས་ཏེ། དེ་དང་མཉམ་པར་མོས་པ་ནི་དེར་གྱུར་པ་སྟེ། ཕར་གྱུར་པ་བཞིན་ནོ། །ཅི་ལྟར་ལས་ཐམས་ཅད་
སྒྲུབ་པར་བྱེད་པ་ཡིན་ཞེ་ན་གསུངས་པ། མའི་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར། མེ་ལ་གང་རྣམས་ཀྱི་ཞལ་ཡིན་པ་དེ་རྣམས་ནི་དེ་སྐད་དོ། །སྦྱིན་སྲེག་དེ་ཉིད་ལ་ནི་སྦྱིན་སྲེག་གི་རང་བཞིན་ལ་སྟེ། དེའི་དོན་དུའོ། །སྲུབས་པ་ནི་བསྲུབ་ཤིང་ངོ་། །མི་དགེ་བ་ནི་སྔོན་སྤྱོད་
ལ་སོགས་པའོ། །ཁ་རན་ནི་ཁ་ཁྱེར་རོ། །དེའི་ཕྱི་རོལ་གྱི་ཟུར་རྣམས་སུ་ཁྲོ་བོའི་རྡོ་རྗེ་རྩེ་གསུམ་པ་ནི་མངོན་སྤྱོད་ཀྱི་ཐབ་ཁུང་དུའོ། །ཞི་བ་ལ་འཁོར་ལོའམ་རྡོ་རྗེ་རྩེ་གསུམ་པ་རྣམས་སོ། །རྒྱས་པ་ལ་རིན་པོ་ཆེ་རྣམས་སོ། །དབང་དུ་བྱ་བ་ལ་ཆུ་སྐྱེས་དམར་པོས་མཚན་པའི་ལྕགས་ཀྱུ་

རྣམས་སོ། །ལས་ཐམས་ཅད་པ་ལ་རལ་གྲི་རྣམས་སམ་སྣ་ཚོགས་རྡོ་རྗེ་རྣམས་སོ། །ཞི་བའི་ཐབ་དང་འདྲ་བ་ཁྱད་པར་དང་བཅས་པ་ནི་ལས་ཐམས་ཅད་པའི་ཐབ་ཏུ་ཡང་འདིར་ཤེས་པར་བྱའོ། །གཙུག་ཏོར་ནི་འཁོར་ལོའོ། །ཐབ་ཁུང་གི་དབུས་སུ་ལས་དང་རྗེས་སུ་མཐུན་པའི་
མཚན་མ་རེ་རེ་སྟེ། ལས་རྣམས་ཐམས་ཅད་ལ་མཚན་མ་བཞིའི་ནང་དུ་བྱས་པའི་ལས་དང་རྗེས་སུ་མཐུན་པའི་གཙོ་བོའི་མཚན་མའོ། །སྦྱིན་སྲེག་ཅས་པ། སྦྱིན་སྲེག་གི་རང་བཞིན་གྱི་ཆོ་ག་ཤེས་པའོ། །ཇི་ལྟར་རིགས་པར་ཤེས་པ་ལས་དང་རྗེས་སུ་མཐུན་པའི་ཕྱོགས་སུའོ། །དགང་གཟར་ཡང་
མར་གྱིས་བཀང་ཞིང་། དེ་ལྟར་གྱུར་པ་དེ་དག་གིས། དགང་གཟར་གྱི་ཁར་བླུགས་གཟར་གྱི་ཁ་བཞག་ནས་དགང་བླུགས་སོ། །སྦྱིན་སྲེག་ཡོ་བྱད་ནི་བསྲེག་བྱའི་བུད་ཤིང་ལ་སོགས་པའོ། །ཆུ་ནི་ལས་ཐམས་ཅད་པའོ། །དྲག་པོའི་ལས་ནི་གཡས་པ་རོ། །ལས་ཐམས་ཅད་པ་ནི་བདུད་རྩི་
འཁྱིལ་པའི་སྔགས་ཏེ། དེས་བཟླས་པའི་ཆུའོ། །དེས་བསང་གཏོར་ཏེ། སྦྱིན་སྲེག་བྱ་བ་ལ་སོགས་པ་དང་ལྷ་ལ་ཡང་གཏོར་མ་དང་ཞལ་བསིལ་ལོ། །ཀུ་ཤའི་རྩེ་མོ་རྣམས་ཀྱིས་ཀུན་དུ་ཕྱོགས་རྣམས་སུ་ཕྱི་མ་དང་ནང་གཡོགས་ནས་ཐབ་ཁུང་དགབ་པར་བྱའོ། །དེ་ནས་ཆོ་ག་བཞིན་ཞེས་པ་ལྷའི་
བདག་ཉིད་ཀྱིས་རང་གི་ལྷའི་ས་བོན་གྱིས་ཐབ་ཁུང་བསྐྱེད་དེ། མེ་འབར་བར་རིག་ནས། དེའི་དབུས་སུ་བདག་མེད་པར་དམིགས་ལ། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པར། པདྨ་དང་ཉི་མ་ལ་གནས་པ་རཾ་ཡིག་ལས་བྱུང་བའམ་ཡུད་ཀྱིས་རྫོགས་པའི་མེའི་ལྷ་བསྒོམས་ཏེ། དམ་
ཚིག་སེམས་དཔའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ནམ་མཁར་ཡེ་ཤེས་སེམས་དཔའ་མེ་ལྷ་མེའི་ཕྱོགས་ནས་བྱོན་པ། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བལྟས་ནས། འབོད་པའི་ཚུལ་གྱིས་གཡས་པ་མི་འཇིགས་པའི་ལག་པའི་མཐེ་བོང་བསྐྱོད་ཅིང་དགུག་པར་བྱ་སྟེ། ཨོཾ་ཨེ་ཧི་ཞེས་པ་
ལ་སོགས་པས་སོ། །ཧ་བྱམ་ནི་གང་ལྷ་རྣམས་ལ་སྦྱིན་པར་བྱ་བ་སྟེ་ཀ་བྱམ་ནི་གང་བ་རྣམས་ལའོ། །ཕར་གྱུར་པ་ཡང་མེ་ལྷ་སྟེ། སྒྲུབ་པ་པོའི་སྒྲུབ་པའི་མངོན་པར་འདོད་པའི་གནས་སྐབས་བསྐྱེད་པའི་ཕྱིར་རོ། །བསང་གཏོར་བྱ་སྟེ། ཀུ་ཤའི་རྩེ་མོས་བཟུང་བ་ནི་ལས་ཐམས་ཅད་པའི་ཆུ་ཡིས་སོ། །

སྤྱན་གསུམ་པ་ནི་ཞལ་སོ་སོ་ལའོ། །སྦོམ་ཞིང་ཐུང་བ་ནག་པོ་དང་སེར་པོ་དང་དཀར་པོ་དང་གཡས་དང་ནུབ་དང་བྱང་གི་ཞལ་ཅན་ནོ། །གཞུག་པར་བྱ་བ་ནི་དམ་ཚིག་སེམས་དཔའ་ལ་རོ་གཅིག་ཏུ་གྱུར་པས་སོ། །སྲེག་བླུགས་ནི་དགང་བླུགས་སོ། །དེའི་རྗེས་སུ་ཐམས་ཅད་དེ་ཏིལ་དང་འབྲས་ལ་སོགས་པ་
རྣམས་རང་ཉིད་ཇི་ལྟ་བའི་སྔགས་ཀྱིས་སྦྱིན་སྲེག་ཁོ་ན་ནི་ཐམས་ཅད་ཀྱི་སྦྱིན་སྲེག་སྟེ། དེ་བྱས་ནས་སོ། །ཡོངས་སུ་བསྒྱུར་རོ་ནི་མེ་ལྷའོ། །སྦྱོར་བའི་རིམ་པ་ནི་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་། དགང་བླུགས་ལ་སོགས་པའོ། །ལྷ་རྣམས་ནི་ཞི་བ་ལ་སོགས་པའི་
ལས་དང་རྗེས་སུ་མཐུན་པ་ལས་རྣམ་པར་སྣང་མཛད་ལ་སོགས་པའོ། །འདོད་པའི་དངོས་གྲུབ་ཅེས་པ་མངོན་པར་བསམས་པའི་དངོས་གྲུབ་པོ། །དེ་ནས་བགེགས་མེད་པ་དང་བགེགས་དང་བཅས་པའི་མེ་མཚན་མ་རྣམས་ཀྱིས་མཚོན་པར་བྱའོ་ཞེས་གསུངས་པ། གདུགས་ཞེས་པ་ལ་
སོགས་པ་སྟེ། གདུགས་ལ་སོགས་པའི་རོལ་པས་འབར་བ་རྣམས་ནི་རབ་ཏུ་བསྔགས་སོ། །རྩེ་མོ་གསུམ་པ་ནི་ཐ་མའོ། །གཡས་སྐོར་དུ་འབར་བ་ནི་མཆོག་ཏུ་མཚོན་པའོ། །མེ་ལྕེ་མང་བ་ཞེས་པ་ལ་སོགས་པས་བགེགས་མཚོན་པར་བྱེད་པའོ། །བརྩོན་པ་ཞེས་པ་དྲུག་པའི་དོན་ལའོ། །
ཨོཾ་ཡིག་སྭཱ་ཧཱ་མཐའ་ཞེས་པ་ནི་རང་གི་སྔགས་ཀྱི་ཡི་གེའི་མཐར། ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་དང་། རྒྱས་པ་ལ་རྒྱས་པར་གྱིས་ཤིག་ཨོཾ། དབང་དུ་བྱ་བ་ལ་པ་ཤཾ་ཀུ་རུ་ཧོཿདགུག་པ་ལ་དགུག་པར་གྱིས་ཤིག་ཛཿཞེས་སྤེལ་ནས་གླུ་དབྱངས་ཀྱིས་ཡི་གེ་བར་མ་ཆད་པར་སྔགས་བཟླས་སོ། །དྲག་པོ་ལ་ནི་མཱ་ར་
ཡ་ཧཱུྃ་ཡང་ན་ཕཊ་ཅེས་སྤེལ་ནས་བརྗོད་པ་དང་ཡི་གེ་བར་མ་ཆད་པར་སྔགས་བཟླས་སོ། །ཞི་བ་ལ་སོགས་པའི་ལས་ཀྱི་སྔགས་ལ་སོགས་པ་འདི་བྱིན་གྱིས་རློབ་པ་པོའི་ལྷ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ། དེ་རྣམས་ཇི་ལྟར་རིགས་པར་བྱ་བ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །
དེ་ནས་དེ་རྣམས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ་ཇི་ལྟར་རིགས་པར་སྐུལ་བའི་ཚིག་གིས་བསྐུལ་བར་བྱའོ། །ཅི་ཞེ་ན་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ལས་དེ་ཐམས་ཅད་སྲེག་བླུགས་ལ་སོགས་པ་གཞན་རྣམས་ཀྱིས་དང་དེ་ལས་སྐྱེས་པའི་དགེ་བ་རྣམས་ཀྱིས་ཡོངས་སུ་རྒྱས་པའི་

བསམ་པའོ། །ཆོ་ག་འདི་ཐམས་ཅད་ཀྱང་སྦྱིན་སྲེག་གི་དེ་ཁོ་ན་ཉིད་ཀྱིས་ཁྱད་པར་ཅན་བསྒྲུབ་པར་བྱའོ། །སྦྱིན་སྲེག་འཁོར་དང་བཅས་པའི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་དང་རོ་གཅིག་པ་དེ་ཉིད་དེ། དེའི་ཕྱིར་སྦྱིན་སྲེག་མཁན་པོ་དང་བསྲེག་བྱ་དང་སྦྱིན་སྲེག་སྦྱིན་པའི་ལྷ་ལ་སོགས་པ་
རྣམས་སྒྱུ་མ་ཉིད་དུ་མོས་པ་ཁོ་ནས་ཇི་སྐད་བཤད་པའི་ཆོ་ག་ནི་ཡང་དག་པར་མངོན་པར་འདོད་པ་ཕུན་སུམ་ཚོགས་པའི་རྒྱུའོ། །བཤད་ཅེས་པ་ལ་སོགས་པ་ནི་དྲག་པོའི་ལས་ལའོ། །ཞི་བ་ལ་སོགས་པའི་སྦྱིན་སྲེག་ཐམས་ཅད་ཀྱིས་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །དེ་ལས་མངོན་པར་འདོད་
པ་སྒྲུབ་པར་བྱེད་དོ་ཞེས་པ་ནི་ཉེ་བར་བསྡུ་བའི་ལྷག་མའོ། །ཞི་བ་ལ་སོགས་པ་འདི་རྣམས་ལ་ཇི་སྐད་བཤད་པ་ལས་གཞན་པའི་ལས་སོ་སོ་ནི་ཁྱད་པར་དང་བཅས་པ་བདག་གིས་འོད་ཀྱི་སྙེ་མར་གསལ་བར་བྱའོ་ཞེས་པས་འདིར་མ་སྤྲོས་སོ། །བཤད་པའི་ས་སྦྱང་བ་ལ་སོགས་པ་རྣམས་ཀྱི་ཁྱད་པར་
དང་དེ་རྣམས་ཀྱིས་གསལ་བར་བྱས་པ་ཐིག་གདབ་པ་ལ་སོགས་པའི་ཆོ་ག་དང་། རབ་གནས་ཀྱི་ཆོ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བར་རྒྱས་པར་བྱས་སོ། །འདིར་ནི་རབ་ཏུ་གནས་པའི་ཆོ་ག་གཙོ་བོའོ། །དེ་སྔོན་མ་ཅན་ལས་རབ་འབྱམ་སྒྲུབ་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་
པའོ། །རྣམ་པར་སྣང་མཛད་རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །ཡེ་ཤེས་ཀྱི་འཁོར་ལོ་ནི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཏེ། དེའི་སྒྲུབ་བྱེད་ནི་དམ་ཚིག་སེམས་དཔའ་དང་ལྷན་ཅིག་རོ་གཅིག་པར་བྱེད་པ་རྡོ་རྗེ་སྟེ་མི་ཕྱེད་པ་གང་དུ་ཡིན་པ་དེ་ནི་དེ་སྐད་དོ། །རྣམ་པར་སྣང་མཛད་ལ་སོགས་པ་
ཐམས་ཅད་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲུབ་བྱེད་ཀྱི་ཆེད་དུ་སྦྱོར་བ་ནི་བསྒྲུབ་པ་སྟེ། དེས་ཞི་བ་ལ་སོགས་པའི་ལས་རྣམས་རབ་འབྱམ་གསལ་བར་འགྱུར་བའོ། །གང་སུ་ཞིག་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་གྱི་གཙོ་བོར་གཞག་པ་དེའི་དཀྱིལ་འཁོར་ཏེ། རྣམ་པར་སྣང་མཛད་འབྱུང་
བ་རྡོ་རྗེ་ཞེས་པ་ལ་སོགས་པར་བརྗོད་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་འདིར་གཙོ་བོར་མངོན་པར་འབྱུང་ངོ་ཞེས་པ་དང་དེ་བཞིན་དུ་རྡོ་རྗེ་སྟེ་མི་ཚུགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱས་ནས་སོ། །གང་གི་ཚེ་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི་དཀྱིལ་འཁོར་པ་དབུས་སུ་འཁོར་

ལོའི་དབང་པོར་འགྱུར་བ་དེའི་ཚེ་དེའི་བདག་པོའི་གནས་སུ་དབུས་ཀྱི་དེ་བཞིན་གཤེགས་པ་སྟེ། དེའི་བདག་པོ་ནི་དེའི་སྤྱི་བོར་རོ། །རྡོ་རྗེ་སེམས་དཔའ་ཁོ་ན་ལྷག་པའི་བདག་པོར་གཞག་མོད། གཞན་རྣམས་ཀྱིས་ཅི་བྱ་ཞེ་ན་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ། །འཁོར་ལོ་ཅན་དང་ཡེ་ཤེས་དག་
སྟེ། དམ་ཚིག་དང་ཡེ་ཤེས་སེམས་དཔའ་དག་རྣམ་པར་བསྒོམས་པ་རྣམས་ཁོ་ན་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ་རྣམ་པར་སྣང་མཛད་ལ་སོགས་པ་ནི། འདི་རྣམས་ཀྱི་བདག་པོ་ཉིད་དུ་ངེས་པར་སྦྱོར་རོ་ཞེས་པ་ངེས་པར་སྦྱོར་བ་རྣམས་ཏེ། དེ་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ་ཞེས་
པ་ནི་བདག་པོ་གཞན་ཉིད་ཀྱི་དགོད་པའོ། །དབང་པོ་མཆོག་གི་སེམས་ཅན་ལ་ནི་རྡོ་རྗེ་སེམས་དཔའ་བདག་པོ་ཉིད་ཁོ་ནས་ཞི་བ་ལ་སོགས་པའི་ལས་རབ་འབྱམ་མཐའ་དག་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར་དེ་ལས་ཅིག་ཤོས་དང་། དེ་ལ་དགོངས་ནས་མངོན་པར་བརྗོད་པའི་རྒྱུད་བླ་མར། སངས་རྒྱས་བྱང་
ཆུབ་སེམས་དཔའ་དང་། །ཁྲོ་བོ་དང་ནི་རིགས་ཀྱི་ཡུམ། །འོད་ཟེར་ཅན་དང་ཙུནྡཱ་དང་། །ཤེས་རབ་ཕ་རོལ་ཕྱིན་སོགས་རྣམས། །ཇི་ལྟར་འདོད་པར་བསྒོམ་པ་ཡིས། །དབུས་ཀྱིས་གཙོ་བོར་བརྟགས་པ་སྟེ། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་ཡིས་
དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཡང་ན་རྡོ་རྗེ་སེམས་དཔའ་ནི། །སྣ་ཚོགས་གཟུགས་ཅན་འགྲོ་བའི་གཞི། །ཀུན་མཁྱེན་ཐམས་ཅད་བྱེད་པ་ཀུན། །ཀུན་ལ་ཁྱབ་པ་བདེ་བ་ཆེ། །ཞེས་ཕྱོགས་གཉིས་གསུངས་སོ། །དེ་ལ་དབང་དུ་བྱ་བ་ལ་
སོགས་པའི་ལས་རྣམས་ལ་ཕལ་ཆེར་མཐུ་ཕུལ་དུ་བྱུང་བ་གསལ་བར་བྱས་པ་ཉིད་ཀྱིས་ན་སྒྲོལ་མ་བདག་པོ་ཉིད་དུ་སྒོམ་པ་གསུངས་པ། བསྒོམ་པར་བྱ་ཞེས་པ་ལ་སོགས་པ་སྟེ། བྷ་གའི་དབུས་སུ་ནི་ཆོས་འབྱུང་གི་དབུས་སུ་གནས་པའི་ཁང་པ་བརྩེགས་པར་རོ། །དོ་ཤལ་ལ་སོགས་པ་ནི་མིའི་
རུས་པ་ལས་བྱུང་བའོ། །སྣ་ཚོགས་རྒྱན་རྣམས་ནི་མགོ་བོ་རློན་པའི་ཕྲེང་བ་ལ་སོགས་པ་རྣམས་སོ། །སྐབས་གསུམ་བདག་པོ་ནི་དབང་པོ་སྟེ་དེས་སོ། །དེ་རྣམས་ཀྱིས་སྐྲག་པའི་ཕྱིར་རོ། །ཀུན་ནས་སྐུག་པའི་ཚངས་པ་ལ་སོགས་པ་རྣམས་ཀྱིས་ཀྱང་། གང་ལ་ཐལ་མོ་སྦྱར་བར་བྱས་པ་དེ་ནི་

དེ་སྐད་དོ། །འདིས་ནི་ཐལ་མོ་སྦྱར་བར་བྱས་པའི་བདུད་བཞི་མནན་པ་ཉིད་གསུངས་སོ། །གང་ལས་མཆོག་སྟེ་ཁྱད་པར་དུ་འཕགས་པ་ཅི་ཡང་མེད་པ་དེ་ནི་མཆོག་མེད་དོ། །རྣམ་པར་གཙིགས་པ་ནི་སྒེག་པ་ཅན་ཉིད་ཀྱི་ཕྱིར་རོ། །ཆེར་གཙིགས་པ་ནི་གདུག་པ་ཅན་སྐྲག་པར་
བྱེད་པ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིགས་སུ་རུང་བའོ། །སྟེང་གི་ཞལ་ཞེས་པ་དང་པོའི་ཞལ་གྱི་སྟེང་དུ་གཉིས་པ་བོང་བུའི་རྣམ་པ་ཉིད་ན་ཡང་ཡིད་དུ་འོང་བའི་གཟུགས་ཅན་ནོ། །རྩེ་གསུམ་ནི་གཡས་ལོགས་སུའོ། །སྒྲོལ་མ་འདིའི་མིང་དུ་བྱ་བ་ཧེ་རུ་ཀའི་ཞེས་པའོ། །བཅོམ་
ལྡན་འདས་མ་འདི་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་གནས་སུ་བདག་པོ་ཉིད་དུ་བསྒོམ་པར་བྱ་ཞིང་། དཀྱིལ་འཁོར་པའི་ལྷའི་ཁྱད་པར་བསྒོམ་པ་ཡང་དེ་ལྟ་ཁོ་ནའོ། །འདི་ནི་རྒྱུད་འདིར་པྲ་སེ་ནའི་སྒྲོལ་མ་ཞེས་གསུངས་སོ། །གཞན་ཡང་འདི་གཅིག་པུ་ཡང་བསྒོམ་པར་བྱ་བ། དེའི་ཚེ་རང་གི་སྙིང་གར་པདྨ་
དང་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་མདུན་དུ་ཡང་དག་པར་མཆོད་དེ། ཇི་སྲིད་བཏང་སྙོམས་ཀྱི་བར་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ། ཆོས་འབྱུང་གི་ནང་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་ཏཱཾ་
ལས་སྐྱེས་པའི་ཨུཏྤ་ལ་དང་བཅས་པའི་ཏཱཾ་ཡོངས་སུ་གྱུར་པ་ལས་བདུད་བཞི་ཞབས་ཀྱིས་མནན་པ་བསམས་ཏེ། གཡོན་པས་དབང་པོ་མནན་ཞིང་། གཡས་པས་ཉེ་དབང་དང་ཞབས་གཉིས་ཀྱི་དབུས་སུ་དྲག་པོ་དང་ཚངས་པ་དག་གོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་
ཡེ་ཤེས་ཀྱི་ལྷ་མོ་བཅུག་པ་ལས་རོ་གཅིག་ཏུ་གྱུར་པ་མཆོག་གི་ཐུགས་རྗེ་དང་ཤེས་རབ་ཀྱི་རང་བཞིན་དུ་ཤིན་ཏུ་ཡུན་རིང་བར་བརྟག་པར་བྱའོ། །དེའི་རྗེས་སུ་དང་བའི་སྒྲོལ་མའི་སྔགས་བཟླས་ཏེ་མངོན་པར་འདོད་པར་བྱེད་དོ། །འདི་ལྟ་བུའི་རྣམ་པའི་རིམ་པ་ནི་ཕྱི་མ་ལ་ཡང་རྟོགས་པར་བྱའོ། །ས་བོན་
ལ་སོགས་པའི་དབྱེ་བ་ནི་འཆད་པར་འགྱུར་རོ། །དུ་བ་ནི་ཅུང་ཟད་དམར་བའི་ནག་པོའོ། །འཇམ་པའི་གཟུགས་ཅན་ནི་འཇམ་པའི་དཔལ་ཤིན་ཏུ་སེར་བ་ཅུང་ཟད་ཁྲོས་པ། ཕྱག་ཟུང་གིས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། ཞལ་གཅིག་པའོ། །ཉི་མའི་དཀྱིལ་འཁོར་ལས་ཞེས་པ་དེའི་སྟེང་གི་ཧཱུྃ་ཡིག་

ལས་སོ། །རྡོ་རྗེ་ནི་ཤེས་རབ་ཉིད་ཀྱི་ཕྱིར་ཏེ། འཇིགས་བྱེད་ནི་ཐབས་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་ཡང་དྲག་ཅིང་འཇིགས་པར་བྱེད་པ་ཉིད་ནི་ཐུགས་རྗེ་ཁོ་ནས་སོ། །དེ་གསུངས་པ། ཉི་མའི་འོད་ཀྱིས་གདུངས་པའི་མཚོ་ཆེན་དང་། །མཉམ་པའི་སྐུ་ཅན་ཐུགས་རྗེའི་བདག་ཉིད་གང་། །ནང་དུ་བ་མོ་ལྟ་བུར་
བསིལ་ཡིན་ཀྱང་། །ཕྱི་རོལ་ཁོ་ན་འགྲོ་བར་རྩུབ་པར་འགྱུར། །ཞེས་སོ། །དེའི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་འཇིགས་བྱེད་དོ། །མ་ཧེའི་གཟུགས་ཅན་ཞེས་པ་རྩ་བའི་ཞལ་ལ་སྟེ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཚངས་པ་དང་དབང་པོ་དང་ཉེ་དབང་དང་དྲག་པོ་དང་
ཉི་མ་དང་གཞོན་ནུ་ལ་སོགས་པ་ཁ་སྦུབ་ཏུ་ཞབས་འོག་ཏུ་ལྷུང་བ་རྣམས་འཇིགས་པར་མཛད་པའོ། །རྭ་གཡས་པར་ཏེ། དེའི་གཡས་ལོགས་སུའོ། །གཡོན་དུ་སྟེ་རྭ་གཡོན་པའི་གཡོན་ལོགས་སུའོ། །བྷིནྡཱི་པཱ་ལ་ནི་མདུང་ཐུང་གི་རྣམ་པ་ཅན་རྩེ་མོ་ལ་ཆགས་པའི་རྨ་བྱའི་སྒྲོ་མདོངས་ཅན་ནོ། །ཀ་ཎ་
ཡ་ནི་མདུང་ཕྱེད་པའོ། །ཕུབ་ཀྱི་གནས་སུ་ཕུབ་ཆུང་ཞེས་པ་ཁ་ཅིག་ཏུ་འདོན་ཏོ། །རྐང་པ་ནི་མིའི་འོ། །ལག་པ་ཡང་མིའི་འོ། །ཁམ་ཕོར་ནི་བཏུང་བའི་སྣོད་ཀྱི་ཐོད་པའོ། །ནེ་ཙོའི་གནས་སུ་སེང་གེ་ཞེས་ཁ་ཅིག་ཏུ་འདོན་ཏོ། །ཁྲ་ནི་བོང་ཁྲའོ། །མནྟྲཱི་ནི་ཁྱིམ་བྱའོ། །བྱ་ཆེན་པོ་ནི་མགོ་དང་
མཆུ་དཀར་བའི་འོལ་བའོ། །ཞབས་གཡས་པ་བརྒྱད་ཀྱི་འོག་ཏུ་མི་ལ་སོགས་པ་བརྒྱད་རྣམས་སོ། །གཡོན་པའི་ཞབས་བརྒྱད་ཀྱི་འོག་རྣམས་སུ་བྱ་རྒོད་ལ་སོགས་པ་བརྒྱད་རྣམས་སོ། །འདིར་དང་པོར་དུར་ཁྲོད་ལ་སོགས་པར་དམ་ཚིག་བསྟེན་པ་ལ་སོགས་པ་སྔོན་དུ་འགྲོ་བར་རང་གི་སྙིང་གར་
པདྨ་དང་ཟླ་བ་ལ་དྷཱིཿཡིག་གི་འོད་ཀྱིས་བཀུག་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཡང་དག་པར་མཆོད་དེ། སྟོང་པ་ཉིད་ཇི་སྲིད་པ་བསྒོམས་ནས། ཡུད་ཀྱིས་ཆོས་འབྱུང་དུ་ཡཾ་ལས་སྐྱེས་པའི་རླུང་ལ་ཨཾ་ལས་སྐྱེས་པའི་ཟླ་བར་དྷཱིཿཡིག་ལས་སྐྱེས་པའི་འཇམ་པའི་དཔལ་གྱི་གཟུགས་ཅན་གྱི་བདག་ཉིད་
རྒྱུ་རྡོ་རྗེ་འཛིན་པའི་ཐུགས་ཀར་ཨཱཿཡིག་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ལ་གནས་པའི་ཧཱུྃ་ཡིག་གི་འོད་རྣམས་ཀྱིས་བཀུག་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཡང་དག་པར་མཆོད་ནས་བདག་ཉིད་ལ་བཅུག་ཅིང་། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཆོས་འབྱུང་དུ་ཆུ་སྐྱེས་དང་

རླུང་དང་ཉི་མའི་དཀྱིལ་འཁོར་ལ་མི་ལ་སོགས་པ་རྣམས་དང་ཚངས་པ་ལ་སོགས་པ་རྣམས་ཞབས་རྣམས་ཀྱིས་མནན་པའི་འབྲས་བུ་རྡོ་རྗེ་འཛིན་པའི་རང་བཞིན་དཔལ་རྡོ་རྗེ་འཇིགས་བྱེད་བསྒོམ་པར་བྱའོ། །དེའི་རྗེས་སུ་ཨོཾ་ཧྲཱིཿ་ཥྚྲཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་འཆད་
པར་འགྱུར་བ་དང་། ཨོཾ་ཧྲཱིཿ་ཥྚྲཱྀ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཅེས་པའི་ཡི་གེ་བཅུ་པ་དང་། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ་ཅེས་པ་ཡི་གེ་བདུན་པ་དང་། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཕཊ་ཅེས་པ་ཕྲེང་བའི་སྔགས་བཟླས་སོ། །དྲག་པོའི་ལས་ཐམས་ཅད་ཅེས་
པ་ཐོབ་པར་བྱེད་པ་ཉིད་ཀྱིས་ཉེ་བར་མཚོན་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་འགྲུབ་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཡུད་ཀྱིས་སྐྱེད་པར་བྱེད་པའི་ཤིང་རྟའི་དབུས་སུ་པཾ་ལས་སྐྱེས་པའི་པདྨ་ལ་ཨཾ་ལས་སྐྱེས་པའི་ཟླ་བར་མཱཾ་ཡོངས་སུ་གྱུར་པ་འོད་ཟེར་
ཅན་གཡས་བརྐྱང་གི་ཟླ་བོའི་སྟབས་ཀྱིས་བཞུགས་པ། གདུག་པ་ཅན་རྣམས་ཀྱི་ཁ་དང་མིག་དག་འཚེམ་པ། ཞལ་གཡས་པ་སྔོ་བ། གཡོན་པ་དཀར་བའོ། །འདིའི་སྔགས་འཆད་པར་འགྱུར་བ་གཉིས་པོ་མངོན་པར་འདོད་པའི་ཚིག་སྤེལ་བ་བཟླས་སོ། །ནམ་མཁའི་ཁམས་ནི་སྟོང་པ་ཉིད་
དོ། །ཆུ་སྐྱེས་དཀར་པོར་ཉི་མ་ལ་པཾ་སེར་པོ་ལས་སྐྱེས་པའི་རྡོ་རྗེ་དང་པཾ་ཡོངས་སུ་གྱུར་པ། ཤིང་ལོ་དང་སྒྲོའི་ཤམ་ཐབས་ཅན། སྦོམ་པ་ཞལ་གཡས་པ་སྔོ་བ། གཡོན་དམར་བ་འོག་ཏུ་བགེགས་རྣམས་བསྒྱེལ་ནས་གཡས་བརྐྱང་ཟླ་བོའི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་རྒྱས་བཏབ་པ། སྙིང་
གར་གཡོན་པའི་ཁུ་ཚུར་སྡིགས་མཛུབ་ཀྱི་འོག་ཏུ་བགེགས་ཀྱི་ཚོགས་རྣམས་བསྡིགས་ཏེ། གཡས་པ་རྡོ་རྗེ་ཁུ་ཚུར་བརྡེག་པའི་ཚུལ་ཅན་ནོ་ཞེས་པ་རི་ཁྲོད་ལོ་མ་ཅན་གཅིག་གོ། །གང་གི་ཚེ་འདི་ཁ་དོག་དཀར་བ་ཟླ་བའི་གཟུགས་ཅན་བདུད་རྩིའི་ཆར་འབེབས་པ་བསྒོམ་པར་བྱ་བ་དེའི་ཚེ་གཉིས་པའོ། །
རི་ཁྲོད་མ་གཉིས་པོ་འདིའི་སྔགས་འཆད་པར་འགྱུར་རོ། །ཁྲོ་མོའི་གཟུགས་ནི་དམ་ཚིག་སེམས་དཔའི་ངོ་བོའོ། །ཁྲོ་བོའི་རྒྱལ་པོ་ནི་ཡེ་ཤེས་སེམས་དཔའོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་དག་གིས་རང་འདྲའི་ཤེས་རབ་མ་ལ་འཁྱུད་པའོ། །ཕྱག་གཡས་པ་གཉིས་པ་ན་རྩེ་

གསུམ་པ་འཕྱར་བ། གཡོན་པར་ཐོད་པ། རྩ་བའི་ཞལ་དཀར་བ། བྱང་དམར་བ། ནུབ་སེར་བ། གཡས་ནག་པོའོ། །ཡི་དགས་ཆེན་པོ་ནི་འདིར་འཇིགས་བྱེད་དོ། །དེ་སྐད་དུ་ནི་དེ་ཁོ་ན་ཉིད་འདུས་བར། ཀ་ཊ་པུ་ཏ་ན་ཞེས་པ་ལ་སོགས་པའི་བོད་པའོ། །ཉེ་བར་མཚོན་པ་ལས་གཽ་རཱི་ཡང་
སྟེ། སྣ་ཚོགས་ཆུ་སྐྱེས་དང་ཟླ་བའི་སྟེང་དུའོ། །ཁ་དོག་དམར་པོ་མཉམ་པའི་འོད་ནི་ཉི་མའི་འོད་དང་དཀྱིལ་འཁོར་ཅན་ནོ། །སངས་རྒྱས་རྣམས་ཀྱིས་མཛེས་པ་ནི་དབུ་ལའོ། །རྟའི་གཟུགས་ནག་པོ། །ཕྱག་གཡས་པ་ན་ལྕགས་ཀྱུ་དང་རལ་གྲི་དག །གཡོན་པ་དག་ན་ཞགས་པ་དང་
བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དག་གོ། །ཞལ་གཡས་པ་དཀར་བ། གཡོན་སེར་བ། སྟེང་མ་རྟའི་ཞལ་ལྗང་གུའོ། །ཕག་གདོང་མ་སེར་མོ། གཡས་དག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་རྡོ་རྗེ་དག །གཡོན་པ་དག་ན་འཁོར་ལོ་དང་དྲིལ་བུ་དག་གོ། །ཞལ་གཡས་
པ་ནག་པོ། གཡོན་པ་དཀར་བ། སྟེང་མ་ཕག་ཞལ་དམར་པོའོ། །ཁྱི་གདོང་མ་དམར་པོ། །ཞལ་གཡས་པ་ནག་པོ། གཡོན་པ་དཀར་པོ། སྟེང་མ་ཁྱིའི་གདོང་སེར་མོ། གཡས་པ་དག་ན་ལྕགས་སྒྲོག་དང་རྡོ་རྗེ་དག །གཡོན་དག་ན་འཁོར་ལོ་དང་ལྕགས་ཀྱུ་དག་གོ། །སེང་གེ་མ་
ལྗང་གུ་ཞལ་གཡས་ནག་པོ། གཡོན་པ་དཀར་བ། སྟེང་མ་ཅུང་ཟད་ནག་པོ་རྗེས་སུ་འབྲེལ་བའི་དམར་བ། གཡས་པ་དག་ན་དྲིལ་བུ་དང་རྡོ་རྗེ་དག །གཡོན་པ་དག་ན་ལྕགས་ཀྱུ་དང་ཞགས་པ་དག་གོ། །བཞི་པོ་འདི་རྣམས་དབུ་སྐྲ་འབར་བ་གྱེན་དུ་བརྫེས་པ། གཡས་བརྐྱང་ཟླ་བོའི་
སྟབས་ཀྱིས་རོ་ལ་གནས་པ། སྤྱན་གསུམ་པ། ཁྲོ་བོའི་སྒེག་པ་ཅན། བཞད་པའི་ཞལ་ཅན་ནོ། །འདི་སྐད་གསུངས་ཏེ་གཞལ་ཡས་ཁང་གི་ནང་དུ་པདྨའི་ལྟེ་བའི་ཉི་མ་ལ། བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་འདབ་མ་རྣམས་ལ་རིམ་པ་ཇི་
ལྟ་བར་རྟ་གཟུགས་ལ་སོགས་པ་རྣམས་སོ། །མཚམས་ཀྱི་འདབ་མ་རྣམས་སུ་བདུད་རྩི་ལྔས་གང་བའི་ཆུ་སྐྱེས་ཀྱི་སྣོད་རྣམས་སོ། །དེ་ལྟར་ལྷ་དྲུག་གི་སྙིང་པོ་ཅན་སྒོ་སྐྱོང་མ་དང་བྲལ་བ་ནི་དཀྱིལ་འཁོར་འདིའོ། །འདིའི་སྒོམ་པའི་རིམ་པ་ནི་རིག་པའི་རྒྱལ་པོའི་ཇི་ལྟ་བ་བཞིན་ཏེ།

ཁྱད་པར་ནི་འདིར་བཤད་པའོ། །གཞན་ཡང་འདིའི་རྗེས་སུ་འབྲང་བས་རྟོགས་པར་བྱའོ། །གཞུང་རྒྱ་ཆེ་བའི་འཇིགས་པས་འདིར་མ་སྨྲས་སོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེའི་སེམས་ཅན་གྱི་མོས་པ་སྣ་ཚོགས་པ་ལས་སྐུ་མདོག་དང་ཞལ་དང་
ཕྱག་དང་ཕྱག་མཚན་དང་དབྱིབས་ལ་སོགས་པ་རྣམས་དང་དཀྱིལ་འཁོར་བའི་ལྷ་རྣམས་དང་དེ་རྣམས་ཀྱི་དགོང་པ་ལ་སོགས་པ་མ་ངེས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཉེ་བར་མཚོན་པ། ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་གསུངས་སོ། །ཡི་གེ་དང་ཡི་གེ་རྣམས་ཀྱི་ཕན་ཚུན་འོད་ཟེར་
རྣམས་ཀྱིས་སྦྱོར་བ་གང་དུ་ཡིན་པ་དེ་ཇི་ལྟར་འགྱུར་བ་དེ་ལྟར་བརྒྱན་པའོ། །རང་ཉིད་རྡོ་རྗེ་ཁྲོ་བོའི་གཟུགས་ཅན་གྱིས་བསྒྲུབ་བྱ་ཡང་རྡོ་རྗེ་ཁྲོ་བོའི་གཟུགས་ཐོད་པ་ལ་གནས་པར་བསྒོམས་ནས། དེའི་རྐང་པ་དག་གི་འོག་ཏུ་ཡཾ་ཡིག་ལས་སྐྱེས་པ་རླུང་གི་དཀྱིལ་འཁོར་སྔོན་པོ་གཡོ་བའི་བ་དན་གྱིས་
མཚན་པ་གཞུའི་དབྱིབས་ཅན་ལ་ཡང་ངོ་། །གསང་བའི་ཆུ་སྐྱེས་སུ་རཾ་དམར་པོ་ཡོངས་སུ་གྱུར་པ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ལ་རཾ་མོ། །སྙིང་གར་ལཾ་ལས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་རྡོ་རྗེ་ཕྱེད་པས་མཚན་པ་ཟུར་བཞི་པ་ལ་ལཾ་མོ། །མགོ་བོའི་ཆུ་སྐྱེས་ལ་བཾ་ཡིག་ལས་སྐྱེས་པ་
ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་བཾ་ཞེས་པ་རྣམ་པར་བསམས་ཏེ། རླུང་གིས་སྦར་བའི་མེའི་འོད་ཟེར་རྣམས་ཀྱིས་སའི་དཀྱིལ་འཁོར་དང་ཆུའང་ས་བོན་དང་བཅས་པ་ཞུ་བ་ན། ཞུ་བའི་ཁུ་བས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་གསང་བའི་པདྨར་གང་ངོ་ཞེས་ཡང་ཡང་བསྒོམས་པས་
འཇུའོ་ཞེས་པ་ཆོ་གའོ། །རཾ་ཞེས་པ་ལ་སོགས་པ་སྟེ། སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་པདྨ་དང་ཉི་མ་ལ་རཾ་ལས་སྐྱེས་པའི་སྙིང་གར་དེ་བཞིན་དུ་རཾ་དང་ལྡན་པ། ཐོད་པ་དང་མགོ་བོའི་ཕྲེང་བ་ལ་སོགས་པའི་རྒྱན་ཅན། གཡས་དག་གིས་རྡོ་རྗེ་དང་རལ་གྲི། གཡོན་དག་གིས་ཁ་ཊྭཱཾ་ག་དང་ཐོད་པ་ཅན།
རྩ་བའི་ཞལ་དམར་བ། གཡས་པ་དང་ཅིག་ཤོས་དག་ནག་པོ་དང་དཀར་བ། སྟེང་ཅེ་སྤྱང་གི་ཞལ་སེར་ཞིང་དམར་བའོ། །སྣའི་རྩེ་མོར་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ཕྲ་མོའི་སྟེང་དུ་ཧཱུྃ་སྟེ། དེ་ལས་འཕྲོས་པའི་སྣ་ཚོགས་རྡོ་རྗེ་ཕྲ་མོ་རྣམས་ཀྱིས་ཕུག་པའི་ཡན་ལག་གི་ཚིགས་རྣམས་སུ་བསྒྲུབ་

བྱའི་ཁྲག་གིས་གཏམས་པའི་ཁྲག་གི་རྒྱུན་ཅེ་སྤྱང་གི་ཞལ་གྱིས་འཐུང་བ་དང་། རྡོ་རྗེ་མཁའ་འགྲོ་མ་སྤྲོས་པ་རྣམས་ཀྱིས་ཀྱང་སྔགས་ཟློས་པ་སྔོན་མ་ཅན་ཁྲག་འཇིབ་པར་བསྒོམ་མོ། །དེ་ཁོ་ན་ཉིད་མཐའ་དག་གིས་སྔ་མ་བཞིན་དུ་བསྐྱེད་པའོ། །གཟུགས་དང་ཁ་དོག་དང་ཞལ་རྣམས་ཀྱིས་འཇིགས་པ་
ལ་སོགས་པ་རྣམས་སོ། །རྩ་བའི་མ་ཧེའི་གདོང་སྟེ། རྭ་ལས་གཡས་པ་དམར་བ། རྭ་ལས་གཡོན་པ་དཀར་བའོ། །སྟེང་གི་ཁྱིའི་གདོང་ཅུང་ཟད་སེར་བའི་དམར་པོ། །ཁྲོས་པ་རྣམ་པར་བསྡམས་པ་སྤྲོ་བ་བྱ་སྟེ། སྙིང་གའི་ཧཱུྃ་ཡིག་ལས་སོ། །ཧཱུྃ་གི་འོད་ཟེར་རྣམས་ཀྱིས་དང་རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་
བསྒྲུབ་བྱའི་ལུས་ལ་གནས་པའི་ལྷ་བཀུག་ནས། འདི་ལ་སྲུང་བ་བྱེད་ཅེས་བཀའ་བསྒོའོ་ཞེས་པ་ཆོ་གའོ། །རྡོ་རྗེ་ཁྲོ་བོ་དེ་རྣམས་ཀྱིས་འདྲེན་པར་བདག་ཉིད་བསྒོམ་མོ་ཞེས་ཕ་རོལ་དང་འབྲེལ་ལོ། །གསོད་བྱེད་རྣམས་ཞེས་པ་ནི་གསོད་པར་བྱེད་པར་རོ། །དྲལ་བར་བྱེད་པ་ནི་རྡོ་རྗེ་ཁྲོ་བོ་གཞན་རྣམས་
ཀྱིས་སོ། །བསྒྲུབ་བྱ་རྒྱུ་མ་ནར་བ་ལས་སློང་བ་ཉིད་དོ། །ཨོཾ་བཛྲ་རཱཀྵ་ས་ཆེ་གེ་བྷཀྵ་ཡ་ཕཊ་ཅེས་ཀློག་ཅིང་ཁྱིའི་ཞལ་གྱིས་བཟའོ། །ཨོཾ་ཧྲཱིཿཞེས་པ་ལ་སོགས་པའི་ཡི་གེ་བཅོ་ལྔ་པ་ནི་མ་ཧེའི་ཞལ་ཅན་གྱི་གཤིན་རྗེའི་གཤེད་ཀྱི་བཟླས་བྱའི་སྔགས་སོ། །བསྐྲད་པའི་ཆེད་དུ་གསུངས་པ། རླུང་ཞེས་པ་ལ་སོགས་པ་
སྟེ། རྡོ་རྗེ་མཆེ་བ་ཅན་ནི་རྔ་མོའོ། །ཞོན་པ་ནི་བསྒྲུབ་བྱའོ། །དེའི་ནི་བསྒྲུབ་བྱའིའོ། །རྡོ་རྗེ་ཁྲོ་བོ་དེ་རྣམས་ཀྱིས་རྔ་མོའི་རྐང་པ་རྣམས་སུ་སྦེད་དུ་གཞུག་སྟེ། ཤིང་ལོས་བཅིངས་པའི་རྡུལ་རང་ཉིད་གཞག་པ་དེ་རྣམས་ཀྱིས་སྦེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་གསུངས་པའི་ཆོ་ག་ལས་སོ། །
ཆོས་མ་ཡིན་པ་ལ་ཞུགས་པའི་མཛའ་བོ་གཉིས་ཆོས་མ་ཡིན་པ་ལས་བཟློག་པའི་ཆེད་དུ་བྱེ་ཞིང་སྡང་བའི་ཆེད་དུ་གསུངས་པ། བྲམ་ཟེ་ཞེས་པ་ལ་སོགས་པ་སྟེ་དགེ་སྦྱོང་ནི་ཤཱཀྱའི་དགེ་སློང་ངོ་། །འུག་པའི་གཤོག་པ་ལ་བསྒྲུབ་བྱའི་མིང་སྤེལ་ནས། ཨོཾ་ཧྲཱིཿཞེས་པ་ལ་སོགས་པའི་སྔགས་བྲིས་ཏེ། དེས་
དཀྲིས་པའི་འཁྲུལ་འཁོར་གཉིས་སོ་སོར་བསྒྲུབ་བྱ་གཉིས་ཀྱི་གནས་སུ་ས་བརྐོས་པ་ལས་དབུགས་བཀག་པས་གཞུག་གོ། །འཐབ་བཞིན་པ་ནི་འཐབ་པར་བྱེད་པའི་བདག་ཉིད་ཅན་གྱིས་བསྒྲུབ་བྱ་དག་གོ། །སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་ཙཱིའི་ས་བོན་ལས་སྐྱེས་

པའི་རྟ་མགྲིན་ལྗང་གུ་ཅུང་ཟད་སེར་བ། རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཅན་འོད་དཔག་ཏུ་མེད་པས་རྒྱས་བཏབ་པ། མདོག་ལྗང་གུའི་རྟའི་ཞལ་ཅན་ཕྱག་བཞི་པ་སྟེ། ལོགས་སོ་སོར་མཐེ་ཆུང་མཐེ་བོས་མནན་ནས་སོར་མོ་བར་མ་གསུམ་བརྐྱང་བ་ལས་བ་དན་གསུམ་
པའི་ཚུལ་ལོ། །ལངས་པའི་ཚུལ་གྱིས་གཡོན་པ་གཅིག་གིས་སེང་གེ་དང་འཕྲོག་བྱེད་དག་དང་། གཉིས་པས་ཚངས་པ་དང་འདོད་པའི་ལྷ་དག་དང་། གཡས་པས་དཔལ་མོ་དང་འཇིགས་མའི་ལྷ་མོ་དང་། གཉིས་པས་ཞི་བའི་ལྷ་མོ་དང་དགའ་བ་མོ་མནན་ཏེ། གཡས་བརྐྱང་སྟབས་དང་
གཡོན་བརྐྱང་སྟབས་ཀྱིས་ཞབས་བཞི་པའོ། །འདིའི་སྔགས་ནི་ཨོཾ་ཧ་ཡ་གྲཱི་ཝ་ཙཱི་སྭཱ་ཧཱ། ཞེས་པའམ། ཨོཾ་ཧ་ཡ་གྲཱི་ཝ་ཧྲཱིཿཧྲཱིཿཨ་ཧཾ་ཨ་ཧཾ་ཨ་ཧཾ་ཨཱཾ་ཨཱཾ་ཧཱུྃ་ཧཱུྃ་སྭཱ་ཧཱ་ཞེས་པའོ། །ཆོ་གས་ཞེས་པ་འདིས་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་མཚོན་ཏོ། །ཙཱིའི་ས་བོན་གྱི་འོད་རྡོ་རྗེ་རྩེ་གཅིག་པའི་སྦུབ་ཀྱི་
རྣམ་པ་རྣམས་ཀྱིས་རྟའི་ཞལ་ནས་ངེས་པར་བྱུང་སྟེ། ཆང་འཚོང་མ་ལ་སོགས་པའི་ཁྱིམ་ན་གནས་པའི་ཆང་དགུག་གོ། །ཙཱི་ཞེས་བརྗོད་ཅིང་ཞེས་ཀྱང་ཤེས་པར་བྱའོ། །སྦྱོར་བ་གཞན་གསུངས་པ། བསྒྲུབ་བྱའི་ཞེས་པ་ལ་སོགས་པའོ། །ཀུན་དུ་སྟེ་ཕྱོགས་རྣམས་སོ། །ཡོངས་སུ་ས་བོན་ཞེས་པ་
ཡ་ཡིག་གིས་ཏེ། ཡོངས་སུ་གྱུར་པ་དང་ལྡན་པ་རྣམས་ཀྱང་ངོ་། །འཇིག་པ་ནི་འཇིག་པ་ནའོ། །འདི་གསུངས་ཏེ། རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པའམ། རྒྱུད་གཞན་དུ་གསུངས་པ་ལས་འཆད་པར་འགྱུར་བའི་འཕགས་པ་མི་གཡོ་བའི་རྣལ་འབྱོར་གྱིས། གླ་རྩི་ལ་སོགས་པའི་དྲི་ནག་
པོས་གྲུ་བཞི་པའི་དབུས་སུ་སོ་སོར་ཡ་ཡིག་གི་དབུས་སུ་གནས་པའི་ཐིག་ལེ་བདུན་པོ་རྣམས་ཡཾ་ལས་སྐྱེས་ཤིང་བྱིན་གྱིས་བརླབས་པའི་རླུང་གི་དཀྱིལ་འཁོར་བདུན་གྱི་ངོ་བོ་རྣམས་དང་། དེ་ལས་སྐྱེས་ཤིང་དེ་ལ་གནས་པ་རི་དགས་ལ་ཞོན་པའི་རླུང་ལྷ་ནག་པོ་འཁོར་དྲུག་ཅན་གྱི་གཙོ་བོ་
གཅིག་པ་རྣམས་སྙིང་ག་ནས་ཕྱུང་བའི་ཁྲོ་བོས་ཞགས་པས་བཀུག་པའི་ཡེ་ཤེས་སེམས་དཔའ་དང་གཅིག་པའི་ངོ་བོ་རྣམས་བཅིངས་པར་བསམས་ཏེ། བཛྲ་ཧཱུྃ་བཾ་དྷ་ཞེས་ཀློག་ཅིང་དབུགས་ནང་དུ་བཅུག་པས། ཁམ་ཕོར་ཁ་སྦུབ་པ། ཧཱུྃ་སུཾ་ཧཱུྃ་ལས་སྐྱེས་པའི་རི་རབ་རྩེ་བརྒྱད་པའི་ངོ་

བོས་བཀབ་ནས། དེའི་སྟེང་དུ་ལཾ་ལས་སྐྱེས་ཤིང་རྡོ་རྗེས་མཚན་པ་གྲུ་བཞི་པ་སེར་པོ་སའི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེ་ཆེན་པོས་མནན་པ་བསྒོམས་ལ། དབུགས་བསྡམས་པས་ཐམས་ཅད་གཡས་བརྐྱང་སྟབས་ཀྱི་རྐང་པ་གཡོན་པས་ཉེད་ཅིང་མདུན་དུ་རལ་གྲི་དང་ཞགས་པའི་ལག་པས། རླུང་
ལྷ་ལ་བསྡིགས་ཤིང་སྔགས་བཟླས་པས་རབ་གནས་ལ་སོགས་པ་ལ་རླུང་ཆེན་པོ་ཉེ་བར་ཞིའོ། །ཀླུའི་ས་བོན་ནི་ནཾའོ། །གཟིར་བ་ནི་གཟིར་བྱེད་པའོ། །ཧཱུྃ་ཡིག་ནི་དང་པོར་དང་ཐ་མར་གནས་པའོ། །འདབ་མར་གནས་པའི་ཀླུ་བརྒྱད་རྣམས་མཇུག་མ་རྣམས་ལ་དང་ཆུ་ལྷ་ལྟེ་བར་གཟིར་ཅིང་། འཆད་
པར་འགྱུར་བའི་རིམ་པར་བཟླས་པས་ཆར་པ་འབེབས་སོ། །ཉི་མ་དམར་པོའི་མདོག་ལེགས་པར་ཕྱོགས་བཅུ་རྣམས་སུ་འཕྲོ་བའི་འོད་གང་ཡིན་པའི་རྟ་མགྲིན་དེ་ནམ་མཁའི་མཚན་ཅན་ཁྲོས་པར་བདག་ཉིད་བསྒོམས་ནས་ཧཱུྃ་ལས་སྐྱེས་ཤིང་བྱིན་གྱིས་བརླབས་པའི་འབར་བའི་ལྕེས། ཆུ་འཁྱིལ་བ་
ལ་སོགས་པའི་སྤྲིན་ཆེན་པོ་བདུན་རྣམས་དབུགས་ཀྱིས་བཀུག་པ་ཟོས་ནས་ཕྱིར་འབྱུང་བའི་དབུགས་ཀྱིས་གཏོར་བར་བྱའོ། །གལ་ཏེ་ཧཱུྃ་གིས་བསྡིགས་པ་ལ་བརྩོན་པས་ནང་གི་རྡོ་རྗེ་ཁྲོ་བོའི་ལུས་ཐམས་ཅད་ཀྱི་ཚོགས་རྣམས་སྙིང་གའི་ས་བོན་ལས་སྤྲོས་ནས་མཚོན་ཆ་སྣ་ཚོགས་རྣམས་ཀྱིས་དྲལ་
བ་ལ་སོགས་པ་བྱེད་ན་ཤིན་ཏུ་ཆར་ཆེས་པ་ཟློག་པར་བྱེད་དོ། །གནས་ནི་ལུས་སོ། །ཇི་སྐད་བཤད་པའི་སྐུ་མདོག་ལ་སོགས་པ་ཅན་རྣམ་པར་སྣང་མཛད་དུ་བདག་ཉིད་བསམས་ཏེ། དཔྲལ་བ་ལས་སྤྲོས་པ་རཾ་ལས་སྐྱེས་པའི་མེ་ལ་གནས་པ་གཏུམ་པོ་ཁྲོས་པ་ཆེན་པོ་ཇི་སྐད་བཤད་པའི་ཞལ་
ལ་སོགས་པ་ཅན་ཁྲོ་བོ་གྲངས་མེད་པས་ཡོངས་སུ་བསྐོར་བས་བགེགས་རྣམས་འཇོམས་པར་བྱེད་དོ། །ཡང་ན་མིའི་ཁྲག་དང་ས་དག་ལས་མིའི་གཟུགས་བརྙན་བྱས་པ་ལ་བསྒྲུབ་བྱའི་བགེགས་རྣམས་དང་རོ་མཉམ་པར་བྱས་ནས་དེ་ལ་སྔ་མ་བཞིན་དུ་བསྒོམས་པའི་ཁྲོ་བོའི་གཟུགས་ཅན་མིའི་རུས་
པའི་ཕུར་པས། ཆེ་གེའི་བིགྷྣཱཾ་ཀཱི་ལ་ཡ་ཞེས་སྤེལ་ནས་ཕུར་པའི་སྔགས་ཀྱིས་ཕུར་པས་བཏབ་སྟེ། བརྡུང་བའི་སྔགས་ཀྱིས་བརྡུངས་ཤིང་མིག་དག་འཆད་པར་འགྱུར་བའི་འོད་ཟེར་ཅན་གྱི་སྔགས་ཀྱིས་ལན་ཉི་ཤུར་མངོན་པར་བསྔགས་ཏེ། ཁྲོ་བོ་གནོད་མཛེས་ཀྱིས། ཨོཾ་སུཾ་བྷ་ཞེས་པ་བཀའི་

སྔགས་ཀྱིས་བརྡུང་བཞིན་པ་མྱུར་བས་ཚོགས་བདག་གི་ཞལ་དུ་བཅུག་པ་ཉམས་པར་བསྒོམ་མོ། །མཁའ་ལྡིང་ནི་བྱ་ཁྱུང་ངོ་། །གདོང་བརྒྱ་པ་སྟེ། ཁ་ཅིག་གདོང་སྟོང་ཅན་ནོ། །ཆར་པ་བསྒྲུབས་ནས་སླར་ཡང་བསྒྲུབ་སྟེ། སྤྲིན་གྱི་ཚོགས་རྣམས་བསྒྲུབས་ནས་དེ་རྣམས་ཀྱིས་
སོ། །མཆེ་བའི་དུག་ཅན་རྣམས་ཀྱི་སྟེ་ཀླུ་རྣམས་ཀྱི་མེ་ནི་དུག་གིས་འབར་བའི་མེའོ། །འཚམ་པ་མེད་པའི་མེ་ཞེས་ཁ་ཅིག་ཏུ་ཀློག་གོ། །འདིར་འདི་ནི་མན་ངག་སྟེ། སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཡུད་ཀྱིས་པདྨ་རང་གི་ཕྱོགས་ཀྱི་ཀླུའི་ཁ་དོག་ཅན་གྱི་འདབ་མ་བརྒྱད་པ་བསམས་ཏེ། དེའི་ལྟེ་བ་ལ་ཉི་
མར་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་བྱ་ཁྱུང་ཞེས་བྱ་བ་རྗེ་བཙུན་མདོག་ནག་པོ། །མཆེ་བ་གཙིགས་པ་འཇིགས་སུ་རུང་བ་གདོང་བཞི་པ་ཕྱག་བརྒྱད་པ་ཁྲོས་པ་ལོ་བཅུ་དྲུག་པའི་རྣམ་པ་ཅན་བསྒོམ་མོ། །དེའི་དང་པོ་སྔོན་པོ་གཡས་པ་དུ་བའི་མདོག །གཡོན་པ་ལྗང་གུ། སྟེང་མཁའ་ལྡིང་གི་གདོང་པ་དམར་པོ།
ཉི་མ་བཅུ་གཉིས་ལྟ་བུར་དྲག་པོའི་འོད་ཅན། ཞལ་སོ་སོ་ལ་སྤྱན་གསུམ་པ། གཤོག་པ་གཉིས་དང་ལྡན་པ། ཕྱག་གཡས་པས་རྡོ་རྗེ་གསོར་བ་ལ་བརྩོན་པ། གཡོན་པས་ཞགས་པ་དང་སྡིགས་མཛུབ་བཟུང་བ། གཡོན་དང་གཡས་གཞན་པ་དག་གིས་དབང་པོའི་པགས་པའི་གོས་འཛིན་
པ། དེ་བཞིན་དུ་རིམ་པ་ཇི་ལྟ་བར་ཐོད་པ་དང་ཁ་ཊྭཱཾ་ག་གཟུང་བ། དེ་ལྟར་ལྕགས་ཀྱུ་དང་ཅང་ཏེའུ་འཛིན་པ། རལ་པའི་ཅོད་པན་ཅན། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཛེས་པའི་དབུ་རྒྱན་ཅན། ཕྱག་རྒྱ་དྲུག་དང་ལྡན་པ། མགོ་བོའི་ཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། མཆེ་
བ་རྣམས་ཀྱིས་མ་མཆུ་འཚིར་བ། གཡས་བརྐྱང་སྟབས་ཀྱི་ཞབས་ཀྱིས་ཆུ་ལྷ་དཀར་པོ་དང་ཀླུ་གཞན་གྱི་མཇུག་མ་མནན་པ་བསྒོམས་ནས། ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བར་མཐའ་ཡས་དང་། ནོར་རྒྱས་དང་འཇོག་པོ་དང་པདྨ་རྣམས་དཀར་པོ་དང་སྔོན་པོ་དང་དམར་
པོ་དང་ལྗང་གུ་རྣམས་དང་། དབང་ལྡན་དང་མེ་ལྷ་དང་བདེན་བྲལ་དང་རླུང་གི་ཟུར་རྣམས་སུ་པདྨ་ཆེན་པོ་དང་དུང་སྐྱོང་དང་སྟོབས་ཀྱི་རྒྱུ་དང་མ་དྲོས་པ་རྣམས་སེར་པོ་དང་དུད་ཀ་དང་ལྗང་གུ་དང་། སེར་པོ་རྣམས་བསྒོམ་མོ། །ཀླུ་འདི་རྣམས་ཐམས་ཅད་གདེངས་ཀ་དམར་པོ་གསུམ་བསྒྲེང་བ། ཐལ་

མོ་སྦྱར་བར་བྱས་པ། བཅོམ་ལྡན་འདས་ལ་བལྟ་བཞིན་པ། བཀའ་ནོད་ཅིང་འཇིགས་པར་གྱུར་པ་རྣམས་བསྒོམ་པར་བྱའོ། །དེ་ལ་ཆུ་བདག་ལ་སོགས་པ་དགུ་པོ་རྣམས་ཀྱི་སྙིང་གར་སོ་སོར། ཧཱུྃ་ནཾ་ཧཱུྃ་ཞེས་བསྒོམས་ཏེ། སྔགས་པ་ཁ་ཤར་དུ་བལྟས་པས། རྡོ་རྗེ་བྱ་ཁྱུང་གི་ཐང་སྐུའི་མདུན་
དུ། ཨོཾ་བཛྲ་ནཱ་རཱ་ཡ་ཎ་ཞེས་པ་ལ་སོགས་པའི་སྔགས་འབུམ་ཕྲག་གཅིག་བཟླས་སོ། །དེ་ནས་སྔགས་འདི་གྲུབ་པར་འགྱུར་རོ། །གྲུབ་པར་གྱུར་པ་ན་ཁྲོ་བོ་སྒོམ་པ་དང་ལྡན་པ་མི་སྨྲ་བར་ཚངས་པར་སྤྱོད་པ་འོ་མ་དང་འབྲས་ཤཱ་ལའི་བཟའ་བ་ཅན་གྱིས། ཀླུ་རྣམས་ལ་འོ་མའི་ཁྲུས་དང་འོ་མའི་ཟས་སྟེར་
ཞིང་ཐུན་སོ་སོར་འོ་མ་ཅན་གྱི་ཤིང་བུད་ཤིང་དང་འོ་མ་དག་གིས་སྦྱིན་སྲེག་བྱེད་ཅིང་། ཆུ་ལྷ་དང་ཀླུ་རྣམས་ཀྱི་སྔགས་སོ་སོར་ཁྲི་བཟླས་སོ། །ཨོཾ་ཨཾ་ཨ་ནནྟཱ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ། ཨོཾ་བཱཾ་བཱ་སུ་ཀ་ཡེ་ཧཱུྃ་ནཾ་ཧཱུྃ་བཪྵ་ཡ་སྭཱ་ཧཱ། ཨོཾ་ཏཾ་ཏ་ཀྵ་ཀ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ། ཨོཾ་པཾ་པདྨ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ།
ཨོཾ་མཾ་མ་ཧཱ་པདྨཱ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ། ཨོཾ་ཤཾ་ཤཾ་ཁ་པཱ་ལཱ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ། ཨོཾ་ཀཾ་ཀརྐོ་ཊཱ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ། ཨོཾ་ཨཾ་ཨ་ན་བ་ཏཔྟཱ་ཡ་ཧཱུྃ་ནཾ་ཧཱུྃ་ཝཪྵ་ཡ་སྭཱ་ཧཱ། ཨོཾ་བཾ་བ་རུ་ཎཱ་ཡ། ནཱ་ག་ཨ་དྷི་པ་ཏ་ཡེ་ནཱ་གཱན་ཝཪྵ་ཡ་ཧཱུྃ་ནཾ་ཧཱུྃ་སྭཱ་ཧཱ། ཞེས་པའོ། །དེའི་རྗེས་སུ་རྡོ་རྗེ་མཁའ་ལྡིང་གི་གཤོག་པའི་
རླུང་རྣམས་ཀྱིས་མཚམས་མེད་པའི་མེ་ཞི་བར་བྱེད་ཅིང་། མཆུ་བསྣུན་པས་ཀྱང་ཆུ་བོ་བྱེད་དོ་ཞེས་པ་བསྒོམ་ཞིང་། ཨོཾ་བཛྲ་ནཱ་རཱ་ཡ་ཎ་ཞེས་པ་ལ་སོགས་པའི་སྔགས་བཟླས་སོ། །དེ་ནས་ཞག་བདུན་གྱི་ནང་དུ་ཀླུ་རྣམས་ཐམས་ཅད་ཆུ་ཀུན་ནས་འབབ་པར་བྱེད་དོ། །ཆར་ཆེ་ན་གུ་གུལ་དང་སརྫ་
ར་ས་དང་སྒོག་སྐྱ་རྣམས་ཀྱིས་བདུགས་པས་ཐང་སྐུ་ལ་གནས་པའི་ཀླུ་རྣམས་སྲེག་ཅིང་། ཀློག་པ་སྤངས་ནས་བཟླས་བྱ་བཟླས་པས་ཆར་ཆེས་པ་ཟློག་པར་བྱེད་དོ་ཞེས་པའོ། །ཡང་ན་རྡོ་རྗེ་སེམས་དཔའི་རྣལ་འབྱོར་རམ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་ཅན་ནམ་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱིས་ནམ་
མཁའ་ལ་ཧཱུྃ་གཾ་ཧཱུྃ་ཡོངས་སུ་གྱུར་པ་མཁའ་ལྡིང་བཀའ་བྱེད་པ། ཞལ་གྱི་ཆུ་སྟོང་ཕྲག་སྦྱིན་པ་ཀླུ་བརྒྱད་ཅན་བསམས་ནས། ཨོཾ་བཛྲ་ནཱ་རཱ་ཡ་ཎ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྐུལ་བར་བྱའོ། །འདི་ཡང་ནམ་མཁར་གནས་པའི་བརྒྱ་བྱིན་ལ་བཀའ་བསྒོ་ཞིང་། དེ་ཡང་ཆར་

སྤྲིན་པ་རྣམས་ལ་ཆར་བའི་དོན་དུ་བཀའ་བསྒོ་བར་བྱེད་དོ། །བཀའ་ཡང་ཐོས་ནས་ཆུའི་ཆར་པ་རྣམས་ཀྱིས་སྤྲིན་རྣམས་ལ་མེ་གསོད་པ་ལྷུར་ལེན་པར་བསམ་ཞིང་། ནམ་མཁའ་ལྡིང་ཡང་དེ་ལྟར་གསོད་པར་བྱེད་ཅིང་། ཆུ་ཀླུང་ཡང་བྱེད་དོ་ཞེས་བསམ་མོ་ཞེས་པའོ། །
ནམ་མཁའི་ཁམས་ནི་སྟོང་པ་ཉིད་དོ། །དེར་ཆུ་སྐྱེས་དམར་པོ་དང་ཉི་མ་ལ་ཧྲཱིཿལས་སྐྱེས་པའི་ཨུཏྤ་ལ་དམར་པོ་ཧྲཱིཿཡོངས་སུ་གྱུར་པ་ལས་ཀུ་རུ་ཀུལླེའི་གཟུགས་དམར་པོ་དང་སྔོན་པོ་དང་དཀར་པོ་རྣམས་ཀྱི་རྩ་བ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ཅན། ཕྱག་གཡས་པ་རྣམས་སུ་རལ་གྲི་དང་
མདའ་དང་ཌ་མ་རུ་དང་ལྕགས་ཀྱུ་དང་མི་འཇིགས་པའི་ཚུལ་ལོ། །ཉི་མར་གནས་ཞེས་པ་ཉི་མའི་སྟེང་དུ་རོ་ལ་གནས་པའོ། །གོས་ཆེན་པོ་ནི་འདིར་འདོད་པའི་ལྷའི་པགས་པའོ་ཞེས་གསུངས་སོ། །དེ་བླ་རེར་གང་གིས་ལག་པ་གཉིས་ཀྱིས་གཟུང་བ་དེ་ནི་དེ་སྐད་དོ། །དེའི་ཕྱིར་སྒྲོལ་མ་འདི་ཕྱག་བཅུ་
གཉིས་པའོ། །དེ་ནས་ཞེས་པ་ལ་སོགས་པ་འབུམ་བཟླས་པའི་རྗེས་ཐོགས་སུའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་པ་སྔགས་སོ། །རང་གི་ལུས་ལས་ཏེ་སྙིང་གར་གནས་པའི་ཧྲཱིཿའི་ས་བོན་ལས་སོ། །དེའི་ཞེས་པ་བསྒྲུབ་བྱའི་འོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་ཡི་གེ་བཅུ་པའི་སྔགས་
ཏེ། ཁ་དོག་དམར་པོའོ། །དེའི་འོད་ཟེར་རྣམས་ཀྱིས་ཡང་བསྒྲུབ་བྱའི་ཡེ་ཤེས་པ་བཀུག་ནས་བཅུག་སྟེ་སྔགས་བཟླས་སོ། །རྡོ་རྗེ་ནི་རྡོ་རྗེའོ། །སྤྱན་གསུམ་པ་དཀར་པོ་དང་ནག་པོ་དང་དམར་པོའི་རྩ་བ་གཡས་དང་ཅིག་ཤོས་ཀྱི་ཞལ་གསུམ་པའོ། །བསྙེམས་པས་ཞེས་པ་བསྙེམས་པ་དང་ལྡན་
པའི་ཕྱིར་བསྙེམས་པ་སྟེ་རྡོ་རྗེ་དྲིལ་བུའོ། །དེའི་སྒེག་པ་དང་བཅས་པར་དྲིལ་བུ་འཛིན་པས་དཀུར་གནས་པའི་ཕྱག་སྟེ། བྱེད་པ་ཞེས་པ་ལྷག་མའོ། །ལུས་ལས་ཕྱུང་བ་སྟེ། སྤྲོས་པ་གང་རྣམས་ཀྱིས་ཡིན་པའི་སངས་རྒྱས་དེ་རྣམས་ཀྱིས་མཛད་པའི་སྤྲིན་གྱི་ཚོགས་གང་ཡིན་པ་དེ་རྣམས་སོ། སེམས་ཅན་
ལས་ཕྱུང་བ་ཞེས་ཀློག་པ་ལས་ནི། སེམས་ཅན་ལས་ཏེ་ལུས་ཅན་གྱི་གཟུགས་ལས་ཕྱུང་བ་ཞེས་པའི་དོན་ཏོ། །དབང་བསྐུར་ནི་ཅོད་པན་ནོ། །བཅོམ་ལྡན་འདས་ཀྱིས་ཅོད་པན་ལ་སོགས་པ་རྣམས་ལས་འཛག་པ་སྟེ་སྤྲོས་པ་རྣམས་སོ། །དེ་ལ་མན་ངག་ཏུ་བྱེད་པ་ནི་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་གཞལ་ཡས་

ཁང་གི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་ཉི་མ་ལ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དང་ཧཱུྃ་ཡོངས་སུ་གྱུར་པ་བདུད་བཞི་པོ་གཡས་བརྐྱང་སྟབས་ཀྱིས་མནན་པ་ཕྱག་དྲུག་པ། མགོ་བོ་ལ་སོགས་པའི་རྒྱན་ཅན། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རང་འདྲའི་ཤེས་རབ་དང་བཅས་པའི་རྡོ་རྗེ་སེམས་དཔའོ། །དེའི་ས་
བོན་ཁོ་ན་ལས་འདབ་མ་རྣམས་ལ། ཉི་མ་དང་རོ་རྣམས་ལ་ལྷ་མོ་རྣམས་སོ། །དེ་ལ་ཤར་དུ་རྡོ་རྗེ་མཚོན་ཆ་མ་སེར་མོ་སེར་པོ་དང་སྔོན་པོ་དང་ལྗང་གུའི་གཙོ་བོ་དང་གཡས་པ་དང་གཡོན་པའི་ཞལ་ཅན་ནོ། །ལྷོ་རུ་རྡོ་རྗེ་ཀཱི་ལི་ཀཱི་ལ་དམར་མོ། །དམར་བ་དང་སེར་བ་དང་ལྗང་བའི་ཞལ་གསུམ་པའོ། །ནུབ་ཏུ་
རྡོ་རྗེ་སྣུམ་པ་མ། དཀར་པོ་དང་སྔོ་བ་དང་དམར་བའི་ཞལ་གསུམ་པའོ། །བྱང་དུ་རྡོ་རྗེ་སྙེམས་མ་ལྗང་གུ་མ་ལྗང་གུ་དང་དམར་བ་དང་དཀར་བའི་ཞལ་ཅན་ནོ། །ལྔ་ཆར་ཡང་སྤྱན་གསུམ་པ་སྐྲ་གྲོལ་བ་གཅེར་བུ། ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་བཞི་པ། བདག་པོ་བཞིན་དུ་རྡོ་རྗེ་ལ་སོགས་པའི་མཚོན་ཆ་
འཛིན་པ་རྣམས་བསམ་པར་བྱའོ། །དེའི་རྗེས་སུ་ནམ་མཁའ་ལས་ལྷུང་བའི་རྡོ་རྗེ། ཨོཾ་མ་ཧཱ་ཞེས་པ་ལ་སོགས་པའི་སྔགས་མཐར་ཆེ་གེའི་ཕྱོགས་ཆེ་གེ་རུ་བཛྲ་པཱ་ཏཾ་ནི་ཝ་ར་ཡ་ཕཊ། ཞེས་པ་སྤེལ་ནས་བྱིངས་དང་བཅས་པར་ཟློས་ཤིང་། རང་ཉིད་དང་སངས་རྒྱས་སྤྲོས་པ་རྣམས་ཀྱིས་རྡོ་རྗེ་རྡུལ་ཕྲ་རབ་ཏུ་
ཕྱེ་མར་བྱས་པ་རླུང་ཆེན་པོས་རིང་དུ་འཕེན་པར་བསྒོམ་པས་ངེས་པར་ཟློག་པར་བྱེད་དོ། །བསྒྲུབ་བྱ་ཡང་སྔགས་འདིས་བྱིན་གྱིས་བརླབས་ནས་རྡོ་རྗེ་སེམས་དཔའི་གཟུགས་ལ་སངས་རྒྱས་ཉིད་དུ་དབང་བསྐུར་ནས་དར་དཔྱངས་དང་ཕྲེང་བའི་དབང་བསྐུར་བྱའོ་ཞེས་པའོ། །ནང་གི་བདག་ཉིད་ཅན་
གྱི་རྡོ་རྗེ་བྱང་ཆུབ་སེམས་ནོར་བུ་ལས་ཕྱི་རོལ་དུ་ལྷུང་བ་ཟློག་པ་ཞར་ལ་བཤད་པའི་དོན་དུ་གསུངས་པ། བྱས་ན་ཞེས་པ་ལ་སོགས་པའོ། །ཤེས་རབ་དང་ཐབས་དག་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་མཛེས་པའི་དགའ་བ་ནི་ལེགས་པར་དགའ་བ་སྟེ། དེས་བྱང་ཆུབ་ཀྱི་སེམས་འཆིང་བའོ། །གཏུམ་
མོ་གསུམ་ལ་ཡང་དེ་ཁོ་ནས་བདེ་བླག་ཏུ་ཡུན་རིང་དུ་འཆིང་བ་སྟེ། བཙན་ཐབས་ཀྱི་རྣལ་འབྱོར་གྱིས་ནི་དེ་ལྟར་མ་ཡིན་ནོ། །དེས་ན་དེ་བཅིངས་པས་རྡོ་རྗེ་ཟློག་པ་སྟེ། འཆིང་བ་ཁོ་ན་ཟློག་པའོ་ཞེས་པའི་དོན་ཏོ། །དེ་ལྟར་བྱས་ན་སྟེ་ཟློག་པར་གྱུར་པ་ན་གསུངས་པའི་དཔལ་མཆོག་གི་དང་པོའི་

རྣལ་འབྱོར་གྱི་བླ་ན་མེད་པའི་གོ་འཕང་མཆོག་ཏུ་ཟག་པ་མེད་པ་བདེ་བའི་རང་བཞིན་རྡོ་རྗེ་འཛིན་པ་ཉིད་གསལ་བར་འགྱུར་བ་དང་ལྡན་པར་རྣལ་འབྱོར་པ་འགྱུར་རོ། །དཀྱུས་མ་ལས་རབ་འབྱམ་གྱི་དོན་གསུངས་པ། གསོད་ཅེས་པ་ལ་སོགས་པའོ། །འདི་སྟེ་འཁྲུལ་འཁོར་
ཞེས་པ་ལྷག་མའོ། །ཤར་དུ་མངོན་དུ་ཕྱོགས་པས་རི་མོ་དྲང་པོར་གཉིས་ཏེ། དེ་བཞིན་དུ་བྱང་དུ་མངོན་པར་ཕྱོགས་པས་སོ། །དབུས་སུ་རི་མོ་ཟླུམ་པོས་རེ་མིག་དགུ་རུ་འགྱུར་རོ། །དེ་ལ་ཡ་ནི་དབུས་སུ་སྟེ། མ་མེ་ད་ཀྵེ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡས་སྐོར་གྱིས་སོ། །ཟུར་གྱི་རེ་མིག་
བཞི་རྣམས་སུ་རེ་མིག་སོ་སོར། ཧཱུྃ་ཆེ་གེ་རཀྵ་ཞེས་པ་ལ་སོགས་པ་དང་ཧཱུྃ་ཞེས་རབ་ཏུ་སྦྱོར་བའོ། །ཟླུམ་པོའི་རི་མོ་ལས་ཕྱི་རོལ་དུ་ཟུར་རྣམས་སུ་རི་མོ་དྲང་པོ་བཞི་བྱས་པ་ན་རེ་མིག་བཅུ་གཉིས་སོ། །དེ་རྣམས་སུ་ཤར་གྱི་རེ་མིག་ནས་བརྩམས་ནས། གཡས་སྐོར་གྱིས། རཱ་ཛཱ་ས་དོ། རུ་ཎ་ཡོ་ནི་ར་ཡཙྪ་ནི་
ཞེས་པ་བྲི་སྟེ། སྔགས་ཀྱི་ལྷའི་རྣལ་འབྱོར་གྱིས་སོ། །དེ་ལས་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཞེས་པར་འགྱུར་རོ། །ཞི་བའི་དོན་ཁོ་ན་ལ་ནི་ཡ་གཉིས་དང་ནི་གཉིས་མི་བྲིའོ། །དེའི་གནས་བཞི་རྣམས་སུ་རབ་ཏུ་སྦྱོར་བའོ། །རི་མོ་དེ་ལས་
ཕྱི་རོལ་དུ་ཟུར་སོ་སོ་ལ་ཕྱི་རོལ་དུ་ཕྱོགས་པའི་རི་མོ་གཉིས་བྱས་པ་ན་ཕྱི་རོལ་གྱི་རི་མོ་ཟླུམ་པོས་རེ་མིག་བཅུ་དྲུག་རྣམས་སུ་འགྱུར་ཏེ། དེ་རྣམས་ཀྱི་ཤར་ལ་སོགས་པ་གཅིག་གིས་བར་དུ་ཆོད་པའི་རེ་མིག་བརྒྱད་རྣམས་སུ། ཨོཾ་ཧྲཱིཿ་ཥྚྲཱྀཿཝི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་གཡོན་སྐོར་
གྱིས་ཏེ། ཨོཾ་ཧྲཱིཿཞེས་དང་ཥྚྲཱྀཿཝི་ཞེས། ཀྲྀ་ཏཱ་ཞེས་དང་ན་ན་ཞེས་དང་། ཧཱུྃ་ཧཱུྃ་ཞེས་དང་ཕཊ་ཕཊ་ཅེས་དང་སྭཱ་ཞེས་དང་ཧཱ་ཞེས་པའོ། །གཞན་བརྒྱད་རྣམས་སུ་དགོད་པའོ། །ཡི་གེ་རྣམས་ཐམས་ཅད་དབུ་ཕྱི་རོལ་དུ་བསྟན་པའོ། །ཁྲོས་པའི་ལས་ཉིད་ལ་དབུས་ནས་གཡས་སུ་ཕྱུང་སྟེ། གཡོན་
སྐོར་གྱིས་ཡི་གེ་དགོད་པའོ། །ཁྲོས་པས་གཤིན་རྗེའི་ཕྱོགས་སུ་ཁ་ཕྱོགས་པས་རང་གི་ཁྲག་དང་། རོ་བསྲེགས་པའི་ཐལ་བས་བྱ་རོག་ཆེན་པོའི་གཤོག་པའི་འབྲི་སྨྱུག་གིས་བྲིས་ཏེ། གསོད་ལ་གཤིན་རྗེའི་ལུས་ལ་གནས། །སྡང་ལ་མ་ཧེ་རྟ་དག་ལའོ། །བསྐུལ་ལའང་རྔ་མོའི་

རྒྱབ་ལ་གནས། །ཞི་ལ་ཟླ་བའི་དཀྱིལ་འཁོར་དུ། །དབང་ལ་མི་མོའི་སྙིང་གར་རོ། །རྒྱས་ལ་རྟ་ཡི་རྒྱབ་ཏུའོ། །རེངས་པ་དང་དགུག་པ་ལ་སོགས་པ་རྣམས་ལ་མངོན་པར་བརྟག་པར་བྱའོ། །གི་ཝང་ངམ་གུར་གུམ་མམ་གཞན་གྱིས་གྲོ་ག་ལ་སོགས་པ་ལ་ཇི་ལྟར་རིགས་པའི་འབྲི་སྨྱུག་
གིས་བྲིས་ཏེ། ཁམ་ཕོར་ཁ་སྦྱར་དུ་འཁྲུལ་འཁོར་གཞག་གོ། །བསྙེན་པ་ཁྲི་སྔོན་མ་ཅན་གྱིས་འདི་ཁྱིམ་གང་དུ་བཞག་པ་དེར་འཐབ་མོར་འགྱུར་རོ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་འདི་བྲིའོ། །འདིར་ནི་མཆོག་གི་དང་པོའི་རྣལ་འབྱོར་གྱིས་ཀྱང་། ཨོཾ་ཡ་མ་ཞེས་པ་ལ་སོགས་པ་
ཕཊའི་མཐའ་ཅན་གྱི་སྔགས་བཟླས་པར་བྱའོ་ཞེས་མཚོན་པའི་ཆེད་དུ་གསུངས་སོ། །ཡང་ཞེས་གསུངས་པ་ནི་མྱ་ངན་མེད་པའི་བརྒྱད་པ་ལ་སོགས་པ་ལ་ལྟོས་པས་ཏེ། མྱོས་བྱེད་ཀྱི་འབྲས་བུ་དང་ཐིག་ལེ་དག་ནི་དེར་ཡང་ཤེས་པར་བྱ་བ་དག་གོ། །འབྲས་བུའི་ཁུ་བ་དག་ནི་ཁུ་བ་དང་རྡུལ་དག་
གོ། །སྒྲ་ཇི་ལྟ་བ་དག་གོ་ཞེས་གཞན་ནོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་མེ་བ་ཤཱི་བྷ་ཝ་ཏུ་ཧྲཱིཿསྭཱ་ཧཱ་ཞེས་པ་ཁྲི་བཟླས་ཏེ་སྔགས་གྲུབ་པ་ནའོ། །སྔོན་དུ་འབུམ་བཟླས་པས་ཕྱི་ནས་སྤེལ་ཚིག་གོ། །དེ་ནས་ཞེས་པ་ལ་སོགས་པ་ལ་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཆུ་སྐྱེས་དཀར་པོ་དང་ཟླ་བ་ལ་ཨིཾ་ལས་
རྫོགས་པའི་ཀླུ་ལྷག་མ་ཅན་དུ་བདག་ཉིད་དེ། གཡས་བརྐྱང་སྟབས་ཀྱིས་གནས་པ་དཀར་པོ་མིའི་གདོང་པ་ཅན། གདེངས་ཀ་སྟོང་ཕྲག་ཅན། ལག་པ་གཉིས་པ། གཡོན་པས་ཡིད་འོང་མ་ལ་རོལ་པ་དང་བཅས་པར་འཁྱུད་པ། གཡས་པས་ཨུཏྤལ་འཛིན་པའོ། །སྙིང་གར་པདྨ་འདབ་མ་བརྒྱད་པ་
དཀར་པོའི་ལྟེ་བར་ཟླ་བ་དང་འདབ་མ་རྣམས་ལ། སོ་སོར་གནས་པའི་ཨོཾ་ཡིག་དཀར་པོའི་འོད་ཟེར་རྣམས་ཀྱིས་བདུད་རྩི་ཆར་དུ་འབེབས་ཤིང་། གདེངས་ཀ་སོ་སོ་དང་མིག་དག་ལས་ངེས་པར་བྱུང་བའི་བདུད་རྩིའི་རྒྱུན་རྣམས་ཀྱིས་མགོ་བོ་ནས་བརྩམས་པའི་ཟིན་པའི་ལུས་རྐྱལ་བར་བྱས་ནས་དུག་
མེད་པར་བསམ་མོ། །དེ་ནས་ཞེས་པ་ལ་སོགས་པའི་སྦྱོར་བ་གསུམ་ནི། ཀྱེའི་རྡོ་རྗེ་བཞི་གང་ཡང་རུང་བའི་རྣལ་འབྱོར་གྱིས་སོ། །ཟླ་བ་ལ་ཁུ་བ་དང་ཉི་མ་ལ་རྡུལ་བསྲེའོ། །བྱེ་བ་དྲུག་རྣམས་སྔོན་དུ་བསྙེན་པར་བྱའོ། །དེའི་རྗེས་སུ་ལས་ནི་སཱ་ལུ་ཞེས་པ་ལ་སོགས་པའོ། །བདུད་རྩི་ལྔ་

ནི་ནང་དུའོ། །བྱེ་བ་བཟླས་པའི་རྗེས་ཐོགས་སུ། ཨོཾ་བཛྲ་ཀཱརྟ་རི་ཞེས་པ་ལ་སོགས་པའི་སྔགས་ཀྱིས་རིལ་བུ་བྱས་ཏེ་བཟུང་ནས་འབུམ་བཟླས་སོ། །དེ་ནས་རིལ་བུ་འགྲུབ་པོ། །དེས་དགྲ་བོ་དཔུང་དང་བཅས་པའི་གཟུགས་སུ་བསམས་པའི་རིལ་བས་མགྲིན་པ་དཀྲི་བ་དང་བཅག་
པར་བྱའོ། །ལྷ་རྣམས་ཀྱི་ཞེས་པ་ཕ་རོལ་པོའི་ལྟ་བའི་ལྷ་རྣམས་སོ། །རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའི་ཁུ་བ་དང་རྔུལ་ཆུ་འཆིང་ངོ་ཞེས་པ་རྡོ་རྗེ་འཆིང་བ་སྟེ་བ་ལཱ་ཤའི་ས་བོན་ནོ། །དེ་ཁོ་ན་ནི་རྡོ་རྗེ་ཅན་ཏེ། རོ་བཅུད་འཆིང་བ་ལ་གཞོམ་དུ་མེད་པའི་ནུས་པ་ཅན་ཉིད་ཀྱི་ཕྱིར་རོ། །འདིར་པ་ལཱ་ཤའི་ས་བོན་གྱི་སྙིང་པོ་
གཟུང་ངོ་། །རྒྱལ་ལ་ཞེས་པ་སྐར་མ་རྒྱལ་ལའོ། །ཆོ་ག་བཞིན་ཞེས་པ་ཆུ་སྔོན་པོ་ཅན་གྱི་ཀླུའི་རྫིང་བུའི། ཨོཾ་ཨཱཿཕུཿཞེས་པའི་སྔགས་ཀྱི་བརྒྱད་ལྷག་པའི་བརྒྱར་བསྔགས་པའི་ས་ཁ་དོག་སྔོན་པོའི་དབུས་སུ་སྔགས་དེ་བསྒོམས་ནས། ས་དེས་ཡང་དག་པར་བཀོད་པའི་མཐའ་ཡས་སྔགས་དེས་ཡོངས་
སུ་གྱུར་པ་ཅན་བསམ་མོ་ཞེས་པ་ཆོ་གའོ། །བདུད་རྩི་ལྔ་ནི་འོ་མ་ལ་སོགས་པའོ། །ཁམ་ཕོར་གཉིས་ནི་ས་དེ་ཁོ་ནས་བྱས་པ་སོ་མ་བཏང་བ་མཐའ་ཡས་ནང་དུ་གཞག་པའོ་མས་བཀང་བ་ལ་དཀྲི་བར་བྱའོ། །བདུད་རྩི་ལྔ་ལ་སོགས་པའི་བྱ་བ་བཅུ་རྣམས་ལ་སོ་སོར་ཨོཾ་ཨཱཿཕུཿཞེས་པའི་སྔགས་བརྒྱད་
ལྷག་པའི་བརྒྱར་བཟླས་སོ། །ཆོ་གས་ཞེས་པ། མི་བསྐྱོད་པ་རྣམ་པར་དག་པས་རྡུལ་ཚོན་ནག་པོ་དུར་ཁྲོད་ཀྱི་སོལ་བས་བྱའོ། །རྣམ་པར་སྣང་མཛད་རྣམ་པར་དག་པས་རྡུལ་ཚོན་དཀར་པོ་ནི་མིའི་རུས་པའི་ཕྱེ་མས་སོ། །རིན་ཆེན་འབྱུང་ལྡན་རྣམ་པར་དག་པས་རྡུལ་ཚོན་སེར་པོ་ནི་བ་བླས་སོ། །
འོད་དཔག་མེད་རྣམ་པར་དག་པས་རྡུལ་ཚོན་དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་གིས་སོ། །དོན་ཡོད་གྲུབ་པ་རྣམ་པར་དག་པས་རྡུལ་ཚོན་ལྗང་གུ་ནི་མི་རུས་དང་རྐུན་མའི་ལོ་མ་དག་གིས་སོ། །རྡོ་རྗེ་སེམས་དཔའ་རྣམ་པར་དག་པས་རྡུལ་ཚོན་སྔོན་པོ་ནི་མིའི་རུས་པ་དང་དུར་ཁྲོད་ཀྱི་སོལ་བ་དག་
གིས་སོ། །བཅུ་བཞི་པའམ་བརྒྱད་པ་ལ་སྦྱང་བ་བྱས་པའི་རོའི་ས་གཞི་ལ་ཐིག་སྐུད་བྱིན་གྱིས་བརླབ་པར་བྱ་ཞིང་། ཇི་སྲིད་དུ་འདུས་བྱ་བ་རྫོགས་པའི་བར་དུ་སྟེ། སྐུད་པ་དེས་མཐེ་བོང་གསུམ་ལྷག་པའི་ཁྲུ་གསུམ་པའི་དཀྱིལ་འཁོར་ཐིག་བཏབ་ནས། རྡུལ་ཚོན་རྣམས་ཀྱིས་མི་

བསྐྱོད་པ་རྣམ་པར་དག་པས་བཞེངས་ཏེ། དེའི་དབུས་སུ་མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་དང་། གནས་ཇི་ལྟ་བར་རྣལ་འབྱོར་མ་རྣམས་བྲིའོ་ཞེས་པ་ཆོ་གའོ། །ཡང་ན་ཀྱེའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་མཚན་མ་རྣམས་བྲི་བར་བྱའོ་ཞེས་གསུངས་སོ། །ཤིན་ཏུ་བ་ནི་བརྩོན་འགྲུས་
ཆེན་པོའི་ཚུལ་ཅན་ནོ། །ཁྲོ་བོའི་སེམས་ནི་ཁྲོས་ཟིན་པའི་སེམས་སོ། །བཟློག་ནས་ཞེས་པ་སྭཱ་ཧཱ་ལ་སོགས་པའི་ཚིག་གི་ཟློག་པས་བཟླས་སོ། །ཨརྫ་ཀ་ནི་པརྞཱ་ཤའོ། །འདིས་ནི་གདོན་མི་ཟ་བར་ཆར་འབབ་པོ་ཞེས་གསུངས་སོ། །དེའི་ཚེ་ཞེས་པ་གང་གི་ཚེ་ཆར་ཆེས་པར་
འགྱུར་བ་དེའི་ཚེས་བཅུ་བཞི་པ་ལ་སོགས་པ་ལ་རོའི་ཁ་བཀབ་པའི་རས་ཀྱི་དུམ་བུ་གཅིག་ལ་འདུག་ཅིང་། དུམ་བུ་གཞན་ལ་སྔགས་བྲིས་ཏེ་བཟླས་པས། སྤྲིན་རྣམས་དྲལ་བར་བྱེད་དོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་
སྙེ་མ་ཉི་ཤུ་བརྒྱད་པའོ།། །།གཏོར་མ་དང་དཀྱིལ་འཁོར་བཞེངས་པ་ལ་སོགས་པ་བྱ་བ་རྣམས་རྡོ་རྗེ་ལ་སོགས་པ་འཛིན་པ་སྔོན་དུ་འགྲོ་བའོ་ཞེས་པས་དེའི་རང་གི་ངོ་བོ་གསལ་བའི་ཆེད་དུ་གསུངས་པ། བཅོམ་ལྡན་ཞེས་པ་ལ་སོགས་པའོ། །གོང་མེད་རྣམས་ཀྱིས་ནི་འདི་
རྣམས་ལས་མཆོག་ཁྱད་པར་དུ་འཕགས་པ་ཡོད་པ་མ་ཡིན་པ་ཞེས་པ་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །མཚོན་བྱ་རྣམས་ཀྱི་མཚན་ཉིད་དེ་ལྟོས་པ་དང་བཅས་པ་ཉིད་ན་ཡང་ཁ་ཅིག་ཏུ་ཚིག་སྡུད་དུ་བསྟན་པའི་ཕྱིར་རོ། །ཅི་ཞེ་ན་བཞི་རྣམས་ཀྱི་སྟེ་རྡོ་རྗེ་ལ་སོགས་པ་མཚོན་བྱ་རྣམས་
ཀྱི་དེ་ཁོ་ན་ཉིད་རང་གི་ངོ་བོ་སྟེ། ཐབས་ཀྱི་རྒྱུད་ཀྱི་ཡན་ལག་ཉིད་ཀྱིས་སོ། །འཁོར་བ་ལས་འདིས་མཆོག་ཏུ་སྒྲོལ། །ཞེས་པས་འཁོར་བ་ལས་སྒྲོལ་བ་ཡང་ཡིན་ལ་མཚན་ཉིད་ཀྱང་ངོ་ཞེས་པ་འདིས་ནི་ཉན་པ་ལ་ཤིན་ཏུ་དོན་གཉེར་བའི་ཆེད་དུ་སྤྲོ་བར་བྱེད་པའོ། །ཇི་བཞིན་དེ་ཉིད་ཅེས་
མདོར་བསྟན་པ་རྒྱས་པར་འཆད་དེ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེའི་དེ་ཁོ་ན་ཉིད་དང་པོ་དང་དེའི་རྗེས་སུ་དྲིལ་བུ་དང་བགྲང་ཕྲེང་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཅེས་པ་རིམ་པས་བསྟན་པ་མདོར་བསྟན་པའོ། །ཇི་ལྟར་འཁོར་བ་ལས་སྒྲོལ་བར་མདོར་བསྟན་པ་ཡིན་ཞེ་ན། གང་

ཕྱིར་བཞི་པོའི་དེ་ཁོ་ན་ཉིད་ཀྱིས་དེའི་ཡུལ་ཅན་རྣམ་པར་རྟོག་པ་རྣམས་འཁོར་བའི་ཆུ་བོའི་རླབས་རྣམས་ཏེ། དེ་རྣམས་ལས་ཤིན་ཏུ་བརྒལ་ནས་ཕ་རོལ་ཐར་པ་སྐྱེས་བུའི་དོན་མཆོག་ཏུ་དོན་གཉེར་བའི་སེམས་ཅན་གྱི་དོན་མཐུན་འདྲེན་པའོ། །སོ་སོར་
རྒྱས་པར་འཆད་དེ། དབུས་སུ་ཞེས་པ་ལ་སོགས་པའོ། །དབུ་མ་ལ་སོགས་པའི་རྩེ་མོ་རྣམས་ལ་མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་བསམ་པར་བྱའོ། །རྭ་ལས་འོག་ཏུ་ལྟེ་བའི་མཐར་ཐུག་པར་པདྨའི་འདབ་མ་རྣམས་ལ་རྫོགས་པའི་བྱང་
ཆུབ་ཀྱི་ཡན་ལག་བརྒྱད་རྣམས་ཏེ། ཐབས་ཉིད་ཀྱིས། འདིར་ལམ་གྱི་ཡན་ལག་རྣམས་ཁོ་ནའོ། །ས་ཇི་ལྟ་བར་ཏེ། གནས་ཇི་ལྟ་བར་ཤར་དང་མེ་ལ་སོགས་པའི་རིམ་པས་བྱམས་པ་དང་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་མཛོད་དང་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དང་སྒྲིབ་པ་ཐམས་
ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་རྣམས་བསམ་མོ་ཞེས་རྒྱུད་གཞན་གྱི་དགོངས་པས་གདམས་ངག་ཏུ་བྱེད་དོ། །ཇི་ལྟར་འདོན་པ་ལྟར་རོ་ཞེས་གཞན་ནོ། །ལྷ་བརྒྱད་པོ་འདི་རྣམས་གཞག་གོ་ཞེས་པ་ཉེ་བར་བསྡུ་བའོ། །དབུས་སུ་ནི་རྡོ་རྗེའི་འོ། །ལྷའི་སྒོ་ང་རྣམས་ཀྱི་ཞེས་པ་སྒོ་ངའི་
གནས་སུ་ཡེ་ཤེས་ཀྱི་ལྷ་ནི་རྡོ་རྗེ་སེམས་དཔའ་འབྲེལ་པར་བྱ་སྟེ། ལྷ་ཐམས་ཅད་འདུས་པའི་ངོ་བོ་ཉིད་ཀྱིས་ན། དེ་དང་དེར་ཤེས་རབ་དང་ཐབས་རོ་གཅིག་པར་བསྒོམ་ཞེས་པའི་དོན་ཏོ། །ཆང་ཟུངས་ཀྱི་མཐའི་པདྨ་གཞན་ལ་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་
རྗེ་ཞགས་པ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་སོ། །ཕྱོགས་བྲལ་ཏེ་ཕྱོགས་བྲལ་གྱི་འདབ་མ་རྣམས་སུ་རྩེན་མ་སྟེ་ཙུནྡཱ་དང་། རིན་ཆེན་སྒྲོན་མ་དང་རྡོ་རྗེ་ལུ་གུ་རྒྱུད་མ་དང་གཞན་གྱིས་མི་ཐུབ་མ་རྣམས་བསམ་མོ། །མཐའ་གཞན་གྱི་རྩེ་མོ་རྣམས་ལ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣམས་སོ། །མཐའ་
རྣམས་ཀྱི་ནི་མཐའ་རུ་སྟེ་ནུབ་ཀྱི་ཕྱོགས་སུའོ། །དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་རྣམས་ལྷ་རུ་ཤེས་པར་བྱ་སྟེ། མཁས་པ་ཀུན་རྫོབ་དང་ཅིག་ཤོས་ཀྱི་རྣམ་པར་དག་པའི་རྣམ་པ་ལ་བྱང་བའི་ཤེས་པ་ཅན་གྱིས་སོ། །ཅི་ལྟར་དོན་དམ་པ་ཤེས་པ་ཡིན་ཞེ་ན། གང་ཕྱིར་རྡོ་རྗེའི་དེ་ཁོ་ན་ཉིད་རྣམས་ནི། རྡོ་རྗེའི་

བདག་ཉིད་ཡིན་ཏེ། རྡོ་རྗེའི་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་གི་ངོ་བོའོ། །དེའི་བདག་ཉིད་དེའི་རང་བཞིན་ཕྱིའི་རྡོ་རྗེ་སེམས་ལ་ངེས་པར་གྱུར་པ་ན། རྣལ་འབྱོར་པའི་སྟེ། རྡོ་རྗེའི་སྙིང་པོ་ཅན་གྱིའོ། །འདི་ལ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཁོ་ན་སྙིང་པོ་མཆོག་སྟེ། དེ་དང་རོ་གཅིག་
པ་ཉིད་ཀྱིས་བྱས་པའི་རྡོ་རྗེ་དེ་ཡང་དེ་ལྟར་སོ་སོར་སྣང་ངོ་ཞེས་དགོངས་ལ་དེའི་ཕྱིར་རོ། །ནི་ནི་ཁྱད་པར་ལ་སྟེ་ཁྱད་པར་དུ་འཕགས་པས་རྡོ་རྗེའི་སེམས་ཏེ་གཉིས་སུ་མེད་པའི་སེམས་སློབ་མ་བྱེད་དུ་གཞུག་གོ། །རང་ཉིད་ཀྱང་བདེན་པ་གཉིས་ལ་ལྷག་པར་མོས་པའི་ངོ་བོ་རྡོ་རྗེའི་དོན་བསྟན་པར་བྱའོ། །དེ་ལ་དོན་
དམ་པ་རྣམ་པར་དག་པ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ཆོས་ཏེ་གཟུགས་ལ་སོགས་པ་ཆོས་ཅན་རྣམས་སོ། །དེ་ལ་བརྩོན་ཞིང་དེ་ལ་རྩེ་གཅིག་ཏུ་འདོན་པའི་ཡིད་དོ། །ཡིད་ཅེས་ཁ་ཅིག་ཏུ་འདོན་ཏོ། །ཅི་ལྟར་རྡོ་རྗེ་ཆོས་ཡིན་ཞེ་ན། རྡོ་རྗེ་དེ་ཁོ་ན་ཉིད་དེ་དག་ཅིའི་ངོ་བོ་ཡིན་པ་དེ་རྣམས་ནི་རྡོ་རྗེའི་དེ་ཁོ་ན་
ཉིད་ཅན་རྣམས་ཏེ་ཀུན་རྣམས་ནི་གཟུགས་ལ་སོགས་པ་རྣམས་སོ། །རྡོ་རྗེ་ལས་ཀྱང་གནོད་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞི་བ་ལ་སོགས་པའི་ལས་སོ། །དེ་རྣམས་ལ་མངོན་པར་འགྲོ་བའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ནི་དེའི་བདག་ཉིད་ཀྱིས་ཐམས་ཅད་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཀུན་རྫོབ་ཀྱི་རྣམ་པར་
དག་པ་ནི་རྡོ་རྗེ་ལྷ་རྣམས་སུ་ལྷག་པར་མོས་བཞིན་པ་རྣམས་སྤྲོ་བར་བྱེད་པས་རྡོ་རྗེ་རྣམས་ཀྱི་བརྟན་པར་མོས་པ་ལས་དབྱེར་མེད་པ་རྣམས་ཀྱི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བ་ནི་ཚོགས་ཀྱི་སར་རོ། །གང་གི་ཕྱིར་རྡོ་རྗེ་སྟེ་བདེན་པ་གཉིས་དབྱེར་མེད་པ་གོམས་པས་བཀུག་པ་གསལ་བར་བསྒོམས་
པའི་རྣལ་འབྱོར་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་གང་རྣམས་ཀྱི་ཡིན་པ་དེ་རྣམས་ཀྱི། རྡོ་རྗེ་བདུད་ལ་སོགས་པ་རྣམས་ཀྱིས་མི་ཕྱེད་པས་གུས་པ་དང་བཅས་པ་བར་མ་ཆད་པར་ཡུན་རིང་དུ་གོམས་པས། གང་རེངས་པ་ནི་རྣམ་པར་གཡེང་བའི་འཕྲོ་བ་འགོག་པ་སྟེ། རྣལ་འབྱོར་དེ་རིག་
པ་ཤིན་ཏུ་བརྟན་པར་ལྷག་པར་མོས་པར་འགྱུར་ཏེ། མོས་པ་སྤྱོད་པའི་ས་ལའོ། །དེ་ལས་ཀྱང་མུན་པ་ལྟ་བུ་ནི་གང་ཉོན་མོངས་པ་རྣམས་ཏེ། དེ་རྣམས་ལ་མར་མེ་ལྟ་བུ་རྣམས་ཤེས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་ཁྱད་པར་དུ་འཕགས་པའི་ཤེས་པའོ། །ཡེ་ཤེས་ནི་རྡོ་རྗེ་དང་འབར་བ་

དང་ལྷན་ཅིག་སྟེ་དུས་མཉམ་པར་གཞོམ་པར་བྱའོ། །དེ་གསུངས་པ། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ནི། །སེམས་ནི་མཐའ་ཡས་ཉེས་བྱས་ལས་ལྡོག་པའོ། །ཞེས་སོ། །མཐོང་བའི་ལམ་ཁོ་ནར་དེ་ཁོ་ན་ཉིད་མཐོང་བས་སྤང་བྱ་ཕྲག་བརྒྱད་ཅུ་རྣམས་སྤོང་བར་ཐུབ་པའི་
དགོངས་པའི་རྒྱན་དུ་གསལ་བར་བྱས་སོ། །དེ་ལྟར་ན་ཡང་སྣང་བ་དེ་ཁོ་ན་ཉིད་མཐོང་བ་སྟེ། དེ་ཁོ་ན་ཕྱོགས་སོ། །དེས་ནི་ལྷག་པར་རྟོགས་པ་བརྒྱུད་པས་རྡོ་རྗེ་འཛིན་པའི་ས་རྣམ་པ་ཐམས་ཅད་དུ་རྟོགས་པར་བྱ་བ་དེ་འཐོབ་བོ། །རྡོ་རྗེ་སྟེ་དེ་ཁོ་ན་ཉིད་མཐོང་བ་དེས་བསྒྲུབས་པ་བསྒོམ་པའི་ལམ་ནི། ཐམས་
ཅད་སྟེ་བག་ཆགས་ཀྱི་གནས་སྐབས་བག་ལ་ཉལ་རྣམས་ལ་རྡོ་རྗེའི་བདག་ཉིད་མ་ལུས་པ་འབྱེད་པ་པོའོ། །སྒོམ་པའི་ལམ་དེ་ལས་ཕ་རོལ་བླ་ན་མེད་པའི་རྡོ་རྗེའི་བདག་ཉིད་དེ། རྡོ་རྗེ་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་བྱང་ཆུབ་སེམས་ཀྱི་བདག་ཉིད་དེ་རང་བཞིན་ནོ། །རྡོ་རྗེ་ཐར་པའི་སྟེ་འཁོར་བའི་
རྒྱུ་ཉོན་མོངས་པའི་ཕུང་པོའི་བག་ཆགས་ལྷག་མ་ཕྲ་མོའི་གནས་སྐབས་ཀྱང་གཅོད་པར་བྱེད་པའི་རྣམ་པར་གྲོལ་བའི་འོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། རྡོ་རྗེ་ཆོས་ཉིད་ཀྱིས་ནི་ཆོས་ཀྱི་སྐུ་རྟོགས་པ་མཚོན་པའོ། །དེ་ཉིད་ཀྱི་ཕྱིར་གཉིས་ཀ་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་སྙིང་
པོ་ཉིད་དེ་མཐའི་སའི་འོ། །དེའི་བདག་ཉིད་ཀྱིས་དེ་འཛིན་པའི་ཕྱིར་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ཕྱིར་རོ་ཞེས་བསྒྲགས་སོ། །འདིའི་དངོས་སུ་བའི་ཐབས་ཀྱང་རྡོ་རྗེའོ་ཞེས་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་བོ་ལའོ། །པདྨ་ནི་ཀཀྐོ་ལའོ། །མདོར་
བསྟན་ནས་རྒྱས་པར་སྟོན་པ། རྡོ་རྗེ་ཀུན་རྫོབ་པའི་བྱང་ཆུབ་སེམས་པདྨ་རྣམས་སུ་རིམ་པས་ཞུགས་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ངོ་བོའི་ནི། དེ་ཁོ་ན་ཉིད་ཐམས་ཅད་ནས་སྟོང་པ་ཉིད་ཀྱིས་གོམས་པ་ལས་རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པར་བྱ་སྟེ། མཁས་པ་ནི་བསྐྱེད་པ་དང་
རྫོགས་པའི་རིམ་པ་ལ་བྱང་ཞིང་མཁས་པའོ། །འདི་སྐད་གསུངས་ཏེ་ལས་དང་སྦྱོར་བ་དང་ལྷན་ཅིག་སྐྱེས་པའི་གཏུམ་མོ་རྣམས་ཀྱི་བདེ་བ་ཆེན་པོའི་མཚོ་སྐྱེས་ལས་འོག་གི་མཚོ་སྐྱེས་རྣམས་སུ་སྦྱོར་བའི་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བོ་ལ་ཀཀྐོ་ལའི་ནང་ཇི་སྲིད་པ་དེ་བཞིན་ཉིད་དང་

རོ་གཅིག་པའི་ལྷན་ཅིག་སྐྱེས་པའི་བདེ་བ་མྱོང་བའི་རང་བཞིན་དེ་མ་ཐག་པའི་ཐབས་ཀྱི་ངོ་བོ་ནི་རྡོ་རྗེ་ཞེས་པའོ། །དེ་ཡང་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་པ། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས། །སེམས་ཅན་ཀུན་གྱི་དོན་སྟོན་པ། །རང་བཞིན་འོད་གསལ་བ་ཡི་སེམས། །རྡོ་རྗེ་ཞེས་ནི་
མངོན་པར་བརྗོད། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གདོད་ནས་ཞི་བ་ནམ་མཁའ་མཉམ། །ཞེས་པའི་ཚིག་ནི་རབ་འཇུག་པའང་། །རྡོ་རྗེ་དྲིལ་བུ་ཞེས་པར་བཤད། །སངས་རྒྱས་བཞི་པོ་གདན་བཞུགས་པ། །རྡོ་རྗེ་པདྨ་རྣམས་ལ་གནས། །ཉམས་སུ་མྱོང་བའི་རིམ་ཁོ་ནས། །
དགའ་བ་བཞི་ཡི་མཚན་ཉིད་དོ། །ཞེས་སོ། །དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་རྒྱས་པར་བསྟན་ནས་རྡོ་རྗེ་ཕྱེད་པས་མཚན་པའི་དྲིལ་བུའི་དེ་ཁོ་ན་ཉིད་རྒྱས་པར་སྟོན་པ་གསུངས་པ་ཉོན་ཞེས་པ་ལ་སོགས་པ་སྟེ། གསུངས་ཟིན་པའི་རྡོ་རྗེ་འཛིན་པའི་ཕྱིར་དང་། དེ་ཉིད་ཀྱི་ཕྱིར་སེམས་ཅན་མགུ་བར་བྱེད་
པའི་ཕྱིར་རྡོ་རྗེ་འཛིན་པ་དང་རྒྱལ་པོར་ཁྱོད་སྐྱེས་ཏེ། ད་ནི་འདི་རྡོ་རྗེ་སྙིང་པོ་ཉོན་ཅིག །འདིས་ཅི་བྱ་ཞེ་ན་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པའོ། །ཤེས་རབ་ཁོ་ན་དཀྲོལ་བ་སྟེ་བསྒྲགས་པའི་དེ་ཁོ་ན་ཉིད་གང་རྣམས་ཀྱི་ཡིན་པ་དེ་རྣམས་ཀྱིས་ཉན་པར་བྱེད་དེ། སྒྲ་ཞེས་པ་ལྷག་མའོ། །ཤེས་
རབ་ལ་ལྷག་པར་མོས་པས་དཀྲོལ་བ་རྣམས་ཀྱི་སྒྲ་ཤིན་ཏུ་དགའ་བས་ཉན་པ་ལས་མངོན་པར་འདོད་པ་འགྲུབ་པ་ནི་མཚན་ཉིད་ཀྱི་དགོས་པའོ་ཞེས་དགོངས་པའོ། །མཚན་ཉིད་ཀྱང་ཀུན་རྫོབ་ཀྱིས་དང་དོན་དམ་པས་ཀྱང་ངོ་། །དེ་ལ་དང་པོ་གསུངས་པ་གསུམ། །ཞེས་པ་ལ་སོགས་པའོ། །འདི་ནི་དྲིལ་བུའི་
སྟེང་དུ་རྡོ་རྗེ་ཕྱེད་པའི་ཞར་ལས། རྫོགས་པའི་རྡོ་རྗེའི་ཡང་ངོ་། །ཆ་གསུམ་རྣམས་མཉམ་པ་གང་གི་རིང་བ་ཉིད་དུ་ཡིན་པ་དེ་ནི་དེ་སྐད་དོ། །འཛིན་བྱེད་ནི་རྡོ་རྗེ་དྲིལ་བུ་དག་གི་ལུས་སོ། །གསལ་བ་ནི་སོ་སོའི་ཆ་ཤས་གསལ་བའོ། །རའི་འོག་ཟླ་བའི་སྟེང་དུ་དཀྲིས་པའི་རི་མོ་ནི་སྐེ་རགས་ཏེ། མུ་ཁྱུད་ཅེས་
གང་མིང་དུ་གྲགས་པ་མཛེས་པའོ། །ཆ་ནི་རྣམ་པ་གསུམ་དུ་བྱས་ནས་དེའི་དབུས་ཀྱི་ཆ་ཟླུམ་པོ་ཆ་ཤས་བརྒྱད་པ་མཐོ་བའོ། །དབུས་སུ་སྣ་ཚོགས་པའི་ཕྲེང་བ་ལྡན་པ་སྟེ། རིན་པོ་ཆེ་དང་པ་ཏྲ་དང་མྱུ་གུ་རྣམས་ཀྱིས་བཀྲ་བ་ཞེས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཨུཏྤ་ལ་ཁ་བྱེ་

འདོད་པ་ནི་བྱེ་བས་རྒྱས་པའི་ཨུཏྤལ་ཁ་མ་བྱེ་བའི་རྣམ་པ་ཅན་ནོ། །ཞི་བ་ནི་མ་གདངས་པའི་རྡོ་རྗེའོ། །ཨུཏྤལ་ཀུ་མུ་ད་ཞེས་ཁ་ཅིག་ཏུ་འདོན་ཏེ། དྲིལ་བུ་ལ་སྦྱར་བར་བྱའོ། །རིན་ཆེན་པདྨ་རྣམ་པར་གནས། །ཞེས་པ་འདི་ནི། ལྷ་དགུ་ལ་སོགས་རྩེ་མོ་ཅན། །ཞེས་པ་འདི་
དང་འབྲེལ་ལོ། །པདྨའི་འོག་ཏུ་ཡང་རིན་པོ་ཆེ་ཕྲ་མོའི་ཕྲེང་བའི་ཁོར་ཡུག་བྱའོ། །རྡོ་རྗེ་རྩེ་དགུ་པའི་དེ་ཁོ་ན་ཉིད་རྒྱས་པར་སྟོན་པའི་ཆེད་དུ་གསུངས་པ། ཕྱོགས་ཞེས་པ་ལ་སོགས་པ། ཕྱོགས་དང་ཕྱོགས་བྲལ་གྱི་རྭ་བརྒྱད་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་དང་། སྤྱན་མ་ལ་
སོགས་པ་རྣམས་བསྒོམ་མོ། །རྭ་དབུས་མ་ལ་སངས་རྒྱས་དགུ་པ་མི་བསྐྱོད་པའོ། །མཐའ་གཞན་དུ་ལྷ་དགུ་རྣམ་པར་དག་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་མཆོག་རྣམས་ཏེ། གཙོ་བོ་རྣམས་ཀྱི་ཡིན་པའི་རྩེ་མོ་དེ་རྣམས་ཤར་ལ་སོགས་པའི་ཕྱོགས་དང་ཕྱོགས་བྲལ་རྣམས་ལ་ཕྱག་ན་པདྨ་ལ་སོགས་པ་བརྒྱད་
རྣམས་དང་། དབུས་ཀྱི་རྩེ་མོ་ལ་རྡོ་རྗེ་སེམས་དཔའོ་ཞེས་པ་ལྷ་དགུས་བྱིན་གྱིས་བརླབ་པ་སྟེ། གཞན་སྔ་མ་བཞིན་ནོ། །ཐུན་མོང་གི་མཚན་ཉིད་གསུངས་པ། ཆུ་སྲིན་ཞེས་པ་ལ་སོགས་པ་སྟེ། དབུས་ཀྱི་རྩེ་མོ་མ་གཏོགས་པ་ཤར་ལ་སོགས་པའི་རྩེ་མོ་རྣམས་ཆུ་སྲིན་ཁ་ནས་བྱུང་བ་རྣམས་སོ། །
ཐམས་ཅད་ནི་འོད་ཟེར་དང་ཟླ་བར་གནས་པ་རྣམས་བྱའོ་ཞེས་པ་རྩེ་དགུ་པའི་རྡོ་རྗེར་བཤད་དེ། ལྔ་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྡོ་རྗེའོ། །གཉིས་ཀ་ཡང་དེ་ཁོ་ན་ཉིད་ལ་མོས་པ་ལས་འགྲོ་བ་འདི་ལས་སྒྲོལ་ལོ་ཞེས་པ་འགྲོ་བ་སྒྲོལ་བའོ། །ཞར་ལས་བྱུང་བ་སོང་སྟེ། དཀྱུས་མ་གསུངས་
པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །འདི་ནི་གོང་གི་ཤེས་རབ་དཀྲོལ་ཞེས་པ་ལ་སོགས་པ་འབྲེལ་ལོ། །དྲིལ་བུ་ཤེས་རབ་ཀྱི་བདག་ཉིད་ནི་ནམ་མཁའ་ཇི་སྲིད་པ་དང་བྱང་ཆུབ་སྙིང་པོ་ཇི་སྲིད་པར་གནས་པ་སྟེ། སེམས་ཅན་དང་སྣོད་ཀྱི་དབྱེ་བས་ཐ་དད་པའི་འཇིག་རྟེན་གྱི་ཁམས་མུ་མཐའ་
མེད་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་སྒྲ་རྣམས་ཀྱིས་གསལ་བར་བྱེད་ཅིང་དགའ་བ་སྐྱེད་པར་བྱེད་དོ་ཞེས་མོས་པར་བྱའོ། །འདིའི་རྒྱས་པར་བསྟན་པ་ནི་བཅུ་ཞེས་པ་ལ་སོགས་པའོ། །དྲིལ་བུའི་སྟེང་དུ་འོག་ཏུ་ཁ་ཕྱོགས་པའི་པདྨའི་འདབ་མ་བརྒྱད་རྣམས་ལ་ལྷ་མོ་བརྒྱད་རྣམས་

སམ་དེའི་ས་བོན་གྱི་ཡི་གེ་རྣམས་བསམ་མོ། །མདོག་མཛེས་མ་ནི་ནོར་རྒྱུན་མའོ། །མངར་བ་མ་ནི་ཙུནྡའོ། །མཛེས་མ་ནི་ཁྲོ་ཉེར་ཅན་ནོ། །རྡོ་རྗེ་ཕྲེང་བ་མ་ནི་དོན་ཇི་ལྟ་བའི་མིང་ངོ་། །དེ་ལ་བཾ་སེར་པོ་ལས་སྐྱེས་པའི་སེར་མོ་ལང་ཚོ་གསར་པ་རྒྱན་དང་གོས་ཀྱིས་བརྒྱན་པ། འབྲས་སོ་
བའི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབབ་པའི་བུམ་པ་ཕྱག་གཡོན་ན་སྟེ། གཡས་པས་མཆོག་སྦྱིན་པ། ཟླ་བ་ལ་གནས་པ་རྡོ་རྗེ་སྐྱིལ་ཀྲུང་ཅན། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་སྙིང་གར་རང་གི་ས་བོན་ཡོད་པའི་ནོར་རྒྱུན་མའོ། །ཙུཾ་དཀར་པོའི་ས་བོན་ལས་སྐྱེས་པ་དཀར་མོ་རྒྱན་
ཐམས་ཅད་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ། ཕྱག་བཞི་པ། གཡས་པས་མཆོག་སྦྱིན་པ། གཡོན་པས་པོ་ཏི་དང་བཅས་པའི་པདྨ་འཛིན་པ། ཕྱག་དག་གིས་ལྷུང་བཟེད་འཛིན་པ། ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་སྐུལ་བྱེད་མའོ། །བྷྲིཾ་སེར་པོའི་
ས་བོན་ལས་སྐྱེས་པ་སེར་མོ་སྤྱན་གསུམ་པ། ལང་ཚོ་གསར་པ་ཅན་རལ་པའི་ཅོད་པན་ཅན། ཞི་བ་རྒྱན་མེད་པ། སྣང་བ་མཐའ་ཡས་ཀྱིས་རྒྱས་བཏབ་པ། ཕྱག་བཞི་མ། གཡས་པས་མཆོག་སྦྱིན་དང་བགྲང་ཕྲེང་འཛིན་པ། གཡོན་དབྱུ་གུ་གསུམ་པ་དང་རིལ་བ་ཆུང་ངུ་འཛིན་པ། ཟླ་བའི་གདན་
ཅན་ཁྲོ་གཉེར་ཅན་ནོ། །དེ་བཞིན་དུ་མཾ་གྱི་ས་བོན་ལས་སྐྱེས་པ་ལྗང་གུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་དག་གིས་སྒེག་པས་མེ་ཏོག་དང་བཅས་པའི་རྡོ་རྗེ་ཕྲེང་བ་འཛིན་པ། སྒེག་པ་དང་བཅས་པར་དབུ་གཡོན་གྱི་ཆར་ཅུང་ཟད་འདུད་པ་ཅན། ཟླ་བ་ལ་གནས་པ་དོན་ཡོད་གྲུབ་པས་རྒྱས་བཏབ་
པའོ། །ནམ་མཁའ་སྟེ་སྟོང་པ་གང་གི་དབུས་ཡིན་པ་དེ་དྲིལ་བུའི་གཟུགས་ཏེ་འདོད་པའི་ཁམས་སོ། །དྲིལ་བུའི་སྟེང་དུ་འོག་ཏུ་ཁ་ཕྱོགས་པའི་པདྨ་རྒྱས་པ་རབ་བྱུང་བའི་ངོ་བོ་གཟུགས་ཁམས་སོ། །པདྨས་བསྐོར་བའི་སྟེང་དུ་གཟུགས་མེད་སྲིད་པའི་ཕྱོགས་གཟུགས་མེད་པའི་ཁམས་
ཏེ། དེ་རུ་ཤེས་རབ་བདུད་རྩིའི་བུམ་པ་སྟེ། པདྨས་བསྐོར་བའི་སྟེང་དུ་རི་མོ་གསུམ་གྱིས་བུམ་པའི་རྣམ་པར་དབྱིབས་བྱའོ་ཞེས་པའི་དོན་ཏོ། །ཡེ་ཤེས་ཏེ་ཤེས་རབ་ཡེ་ཤེས་ཁོ་ན་བདུད་རྩི་སྟེ། དེའི་གནས་པའོ། །བུམ་པའི་རྣམ་པ་དེའི་དབུས་སུ་ཤེས་རབ་བདུད་