Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 7

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
ེ་རྣམས་ཀྱི་དུས་ཐམས་ཅད་ནི་

མན་ངག་བརྒྱུད་པའོ། །དེ་ལྟར་དཀྱིལ་འཁོར་དེ་ནི་གང་གི་ཕྱིར། གནས་ཏེ་རང་གི་རྒྱུ་དང་རྐྱེན་རྣམས་ལས་བྱུང་བར་གྱུར་པ་ནི་རྒྱུན་ཅན་ནོ། །ད་ལྟ་ཉིད་དུ་བསྒོམ་པས་རྫོགས་པ་ནི་མ་ཡིན་ཏེ་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་བཞིན་ནོ། །བྷཻ་རམ་བྷ་ལ་
སོགས་པ་རྒྱས་པར་འཆད་པ། རྐང་པ་ཞེས་པ་ལ་སོགས་པའོ། །གཞུའི་དབྱིབས་ནི་གཞུའི་རྣམ་པ་ཅན་ཏེ། རྩའི་བུ་གར་གནས་པ་ཉིད་ཀྱི་ཕྱིར་རོ། །རི་བོ་ལ་སོགས་པ་རྒྱས་པར་སྟོན་པ། སྒལ་ཚིགས་ཞེས་པ་ལ་སོགས་པ་སྟེ། རི་རབ་ནི་མགོ་བོའི་གནས་སོ། །སྔར་
རབ་ཏུ་གསལ་བར་བྱས་པའི་རྣམ་པར་གཞག་པས་སུམ་ཅུ་རྩ་གཉིས་ཀྱི་དབྱངས་རྣམས་དང་གསལ་བྱེད་རྣམས་ཀྱི་བརྒྱད་ཅུའི་རང་ཉིད་ནི་མི་གསལ་བའི་རང་བཞིན་ཏེ། དེའི་རྒྱུན་གྱིས་ཟླ་བ་དང་ཉི་མ་ཡོངས་སུ་གྱུར་པའི་ངོ་བོས་གནས་པ་ནི་རྩ་སུམ་ཅུ་རྩ་གཉིས་རྣམས་ཀྱི་
བྱང་ཆུབ་ཀྱི་སེམས་ཁུ་བ་དང་རྡུལ་ཅུང་ཟད་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གདན་དུ་བརྗོད་དེ་བསྐྱེད་པའི་རིམ་པ་ལའོ། །དེ་འདིར་གླད་པ་ཁོ་ནའོ། །དེའི་ཞེས་པ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ཀྱི་དང་གླད་པའིའོ། །ཧཾ་ཡིག་ནི་ཧཾ་གི་དབྱིབས་ཅན་རྩ་ལ་ཡང་དག་
པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སོ། །གཞོམ་དུ་མེད་པ་ནི་སྤྲོས་པ་རྣམས་ཀྱིས་ཏེ། སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བའི་རང་བཞིན་ཉིད་ཀྱིས་ན་རྒྱུ་རྡོ་རྗེ་འཛིན་པ་ཞེས་པའི་དོན་ཏོ། །གང་འཆད་པར་འགྱུར་བ་རྡོ་རྗེ་ཅན་གྱིས་ཞེས་སོ། །གང་ཕྱིར་རྩ་བ་དང་
བཅས་པའི་འཇིག་རྟེན་ནི་ཕུང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱང་རྣམ་པ་གཉིས་སོ། །དེ་ལ་བརྟེན་པ་རྣམས་ནི་མིག་ལ་སོགས་པ་རྣམས་སོ། །གཡོ་བ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །ཐུགས་རྡོ་རྗེ་ནི་དྲི་ཟའི་སེམས་ཅན་གྱི་གནས་སྐབས་དོར་ནས་ཕ་མའི་ཁུ་བ་དང་
རྡུལ་དང་ལྷན་ཅིག་ཏུ་གྱུར་པའི་ཕན་ཚུན་ཕན་གདགས་བྱ་དང་ཕན་འདོགས་པ་པོ་ཉིད་ཀྱིས་དེ་ལྟ་དེ་ལྟར་གནས་སྐབས་ཡོངས་སུ་འགྱུར་བ་བརྒྱུད་པའི་ངོ་བོའི་ཕུང་པོ་ལྔ་རྣམས་ཉེ་བར་བསྐྱེད་དེ། སྐྱེ་བ་ལ་སོགས་པའི་གནས་སྐབས་རྣམས་སུའོ། །འོན་ཀྱང་བར་གྱི་གནས་སྐབས་སུ་

མགོ་བོའི་མཚོ་སྐྱེས་སུ་ཁུ་བ་ཤས་ཆེ་བ་རྡུལ་ཤས་ཆུང་བ་སྟེ། གསང་བའི་ཆུ་སྐྱེས་སུ་བཟློག་པའོ། །སེམས་བདེ་བའི་ངོ་བོ་ནི་འགའ་ཞིག་ཏུ་ཅི་ཞིག་ལྟར་རེས་འགའ་འཕེལ་བའམ་འགྲིབ་པའོ། །དེ་གསུངས་པ། གནས་ཞེས་པ་ལ་སོགས་པས་སོ། །ས་བོན་ནི་གནས་
སྐབས་གཞན་དང་གཞན་གྱིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡང་ངོ་། །གསལ་བ་ནི་ཇི་ལྟར་རིག་པར་ཁུ་བ་དང་རྡུལ་བདེ་བ་རིག་པའི་བདག་ཉིད་དོ། །མི་འགྱུར་བའི་སྐབས་འཕེལ་བ་ན་ནི་གསུམ་ཀ་ཡང་ཤས་ཆེར་འཇུག་པ་ནི་གསལ་བའོ། །དེ་ཉིད་
ཀྱང་ཀུན་རྫོབ་པ་ཁོ་ནའི་ངོ་བོས་ཏེ། གང་གི་ཕྱིར་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱིས་མི་གསལ་བའི་ངོ་བོར་གནས་པའོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་གནས་སྐབས་ཀྱི་ས་བོན་འདི་ཡིན་ཞེ་ན། གསུངས་པ། ཀུན་གྱི་ཞེས་པ་ལ་སོགས་པའོ། །ལུས་
ཅན་རྣམས་ཀྱི་ནི་སྒོམ་པ་པོ་རྣམས་ཀྱི་སྟེ། ཅིག་ཤོས་རྣམས་ཀྱི་ནི་བདུད་རྩི་འཛག་པར་རུང་བའོ། །གཟུགས་ནི་རང་གི་ངོ་བོ་སྟེ་ལུས་སོ། །དེ་ལས་ནི་ཧཾ་ཡིག་ལས་ཏེ་སྐྱེས་པའི་རང་གི་ངོ་བོ་ལས་སོ། །བདུད་རྩི་ངོ་བོར་འདི་ལས་འཛག་པ་ནི་བདུད་རྩི་འཛག་པའི་རང་གི་ངོ་བོ་ཅན་ཏེ། ཧཾ་ཡིག་ནི་
གསལ་བ་དང་མི་གསལ་བའི་ངོ་བོ་གང་ཡང་རུང་བའི་གཏུམ་མོས་གུས་པ་དང་བཅས་པར་བར་མ་ཆད་པར་གོམས་པ་ནི། ཆུང་དུ་གོམས་པ་ན་བདུད་རྩི་འཛག་པའོ། །བར་མ་ན་ཆེར་འཛག་གོ། །ཆེན་པོར་ན་རྒྱུན་མི་འཆད་པར་ཆེས་ཆེར་འཛག་གོ། །ཐབས་ཀྱི་རྒྱུད་
ཀྱི་ངོ་བོའི་རྫོགས་པའི་རིམ་པའི་དཀྱིལ་འཁོར་བསྒོམ་པས་ནི་ཡིད་བརྟན་པ་ན་གཏུམ་མོ་ངེས་པར་སྤྲོ་བ་ལས་འབར་ཞིང་། དེས་གདུངས་པའི་རི་བོང་ཅན་ཡང་འཛག་གོ། །དེའི་ཚེ་ཡང་དེ་ཁོ་ན་སྟེ་ཧཾ་ཡིག་འཛག་པ་ཅན་གྱི་ནཱ་ད་གཏུམ་མོ་རྡུལ་གྱི་རི་མོ་འབྱེད་ཅིང་ཁྱད་པར་དུ་
འཕགས་པར་བྱེད་དེ། འདྲེས་པར་གྱུར་པས་བདེ་བ་དང་རོ་གཅིག་ཏུ་བྱེད་པའི་ཕྱིར་རོ། །འདི་ཁོ་ན་མེ་ཞེས་པ་ལ་སོགས་པས་གསུངས་ཏེ། གཏུམ་མོའི་མེ་མཉེས་པ་ནི་བདེ་བའི་རང་བཞིན་ཉིད་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡོངས་རྫོགས་ཞེས་པ་ལ་

སོགས་པ་སྟེ། དེས་ནི་ཁྱད་པར་དུ་ཐོབ་པའི་ཧཾ་ཡིག་གིས་ཡང་དག་རྫོགས་པ་ཁོ་ནར་རྩའི་འཁོར་ལོའི་དཀྱིལ་འཁོར་ངེས་པར་འགྱུར་རོ། །མེད་པ་ཁོ་ནའོ་ཞེས་པ་འདི་ལ་ཐེ་ཚོམ་མམ་ཕྱིན་ཅི་ལོག་མེད་པའོ། །ཅི་ལས་འདི་ལྟར་ཡིན་ཞེ་ན་གསུངས་
པ། དེ་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ཕྱི་མ་ལ་ལྟོས་པས་མ་ནིང་ངོ་། །ཧཾ་ཡིག་ཁོ་ན་ཁྱད་པར་ཐོབ་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་གནས་སྐབས་ཁྱད་པར་བའི་རྒྱུ་ཉིད་ཀྱི་ཕྱིར་སྙིང་པོ་སྟེ། བཤད་པ་ནི་འདིར་དང་རྒྱུད་གཞན་དུའོ། །འོ་ན་རྩའི་
ཚོགས་ཀྱང་སྙིང་པོ་སྟེ་རྒྱས་པ་ལ་སོགས་པ་བྱེད་པའི་ཕྱིར་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ་ཞེ་ན་གསུངས་པ། མཆོག་ཅེས་པ་སྟེ། ཇི་ལྟར་འདི་མཆོག་ཡིན་པ་དེ་ལྟར་འཆད་པར་འགྱུར་རོ། །རྩ་རྣམས་ཁོ་ན་དེ་ལེན་གྱི་ལུས་ནི་མ་ཡིན་ཏེ། དེས་ན་དཀྱིལ་འཁོར་ག་ལ་
ཡིན་ཞེ་ན་གསུངས་པ། སུམ་ཅུ་རྩ་གཉིས་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར་རྩའི་འཁོར་ལོ་ལ་དཀྱིལ་འཁོར་ཏེ། དེ་ཡང་པགས་པ་དང་རུས་པ་ལ་སོགས་པས་ཡོངས་སུ་བསྐོར་བའི་ལུས་སུ་བརྗོད་ཅིང་། དེའི་ཕྱིར་ལུས་ཀྱི་དཀྱིལ་འཁོར་དུ་འདོད་དོ། །དེ་ལྟར་
ཡང་བྷ་ག་དང་ལུས་དང་བྱང་སེམས་ཀྱི་དབྱེ་བ་ལས་དཀྱིལ་འཁོར་རྣམ་པ་གསུམ་གསུངས་ཤིང་། དེ་ལས་བྷ་གའི་དཀྱིལ་འཁོར་ནི་བསྐྱེད་པའི་རིམ་པ་ཁོ་ནའོ་ཞེས་པས་གཉིས་འདིར་རྒྱས་པར་བསྟན་ཏོ། །ཅི་སྟེ་ལུས་ནི་བྱང་ཆུབ་ཀྱི་སེམས་ལེན་པའི་ཕྱིར་དཀྱིལ་
འཁོར་དུ་བརྗོད་མོད། བྱང་ཆུབ་སེམས་ནི་ཅི་ལྟར་ཞེ་ན་གསུངས་པ། བྱང་ཆུབ་སེམས་ཞེས་པ་ཧཾ་ཡིག་ཁྱད་པར་དུ་གྱུར་པ་ནི། ཆེན་པོ་ཡང་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཕྱིར་ལ། དགའ་བ་རྒྱས་པར་བྱེད་པའི་ཕྱིར་རིན་པོ་ཆེ་ཡང་ཡིན་པ་བདེ་བ་ཆེན་པོ་
ནི་སྙིང་པོ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོའི་སྙིང་པོ་དེ་དེའི་བདག་ཉིད་ཀྱིས་ལེན་པའི་ཕྱིར་བྱང་ཆུབ་སེམས་ཁོ་ན་བླ་ན་མེད་པའི་དཀྱིལ་འཁོར་རོ། །ཅི་ལྟར་ན་འདི་ལྟར་ཡིན་ཞེ་ན་གསུངས་པ། དེ་ཞེས་པ་ལ་སོགས་པའོ། །སྣ་ཚོགས་

ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་ངོ་། །ཁྱབ་པ་ནི་དེའི་རང་གི་ངོ་བོས་ཁྱབ་བྱ་དང་དེའི་བདག་ཉིད་ཀྱིས་ཁྱབ་བྱེད་འདི་ཡིན་ཏེ། གང་འཆད་པར་འགྱུར་བ་དེ་ནི་ཕྱི་དང་ནང་གིས་ཤེས་པའོ། །དབང་པོ་ཐམས་ཅད་འཇུག་བྱེད་པ་ནི། དབང་པོ་རྣམས་ཐམས་ཅད་སོ་སོ་རང་གི་རྣམ་
ཤེས་བསྐྱེད་པ་ལ་འདིས་འཇུག་གོ་ཞེས་བྱས་ནས་སོ། །འདིས་ནི་རྣམ་པར་རྟོག་པའི་གཟུང་བྱ་གཟུགས་ལ་སོགས་པ་དོན་མེད་པ་ནི་ཕྱི་རོལ་མ་ཡིན་ནོ་ཞེས་གསུངས་པར་འགྱུར་རོ། །གྲུབ་པ་ཡང་དེ་སྟེ་རྫོགས་པ་ཡིན་གྱིས། བསྐྱེད་པའི་རིམ་པ་བཞིན་དུ་བསྐྱེད་པར་བྱ་བ་ནི་མ་ཡིན་
ནོ། །རྫས་ཀྱང་སྟེ་དོན་བྱ་བ་བྱེད་པའོ། །རྣམ་པར་གནས་པ་ཡང་སྟེ་ཀུན་རྫོབ་ཏུ་གནས་གཞན་དུ་གནས་པ་ལྷུར་ལེན་པ་ཁུ་བ་དང་ཁྲག་ལ་སོགས་པ་དང་དབང་པོ་རྣམས་དང་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །འདིའི་མཆོག་ཉིད་ནི་མྱུར་དུ་སྐྱེས་བུའི་དོན་གྱི་མཆོག་འགྲུབ་
པའི་རྒྱུ་ཉིད་ཀྱི་ཕྱིར་ཏེ། དེའི་ཕྱིར་དེ་རྟོགས་པར་བྱེད་པ། དེ་ཞེས་པ་ལ་སོགས་པའོ། །སྦོམ་པོ་ནི་གཟུགས་ཀྱི་ཕུང་པོའོ། །ཕྲ་བ་ནི་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་རྣམས་སོ། །དེ་རྣམས་ཀྱི་རང་གི་ངོ་བོ་ནི་རང་བཞིན་མེད་པ་ཉིད་དོ། །གཉེན་ཉིད་ནི་ཕན་པའི་རྒྱུ་ཉིད་ཀྱིས་
སོ། །ཁྱད་པར་གཉིས་ཀྱིས་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཅན་གྱི་སྒྲ་འཇུག་པའི་རྒྱུ་མཚན་གསལ་བར་མཛད་དོ། །དེ་ལྟར་ན་ཡང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷའི་རྣམ་པའི་བདག་ཉིད་
ཀྱི་ལུས་ཀྱི་ངོ་བོའི་དཀྱིལ་འཁོར་ནི་རྣམ་པ་སྣ་ཚོགས་པའི་ལྷ་སྤྲུལ་པ་རྣམས་ཀྱི་སྣ་ཚོགས་པའི་དོན་བྱེད་པའོ་ཞེས་གསུངས་སོ། །སངས་རྒྱས་རྣམས་ཀྱི་སྟེ་འབྲས་བུའི་གནས་སྐབས་ཀྱི་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ་རྒྱུའི་གནས་སྐབས་ཀྱི་དམ་ཚིག་ནི་རྟོག་པ་སྟེ།
དེ་ལས་འདི་དམ་ཚིག་གི་དོན་བྱུང་ཞིང་སྐྱེས་སོ། །སངས་རྒྱས་ཉིད་དེ་རྡོ་རྗེ་འཛིན་པ་ཉིད་འཐོབ་བོ། །ཅི་ལས་ཤེ་ན། བྱུང་བའི་དཀྱིལ་འཁོར་གོམས་པ་འདི་ཁོ་ན་ལས་སོ། །རང་རྒྱལ་རྣམས་ཀྱི་སྟེ་སོ་སོ་གཅིག་པུ་སངས་རྒྱས་རྣམས་ཀྱི་འགྲུབ་པ་ནི་ཡང་དག་པར་རྫོགས་པའི་

སངས་རྒྱས་ཉིད་དེ། མི་ཁོམ་པ་སྤངས་པའི་སྐྱེ་བ་མི་རྣམས་ཀྱིས་དང་ལྷ་རྣམས་ཀྱིའོ། །ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཡང་དཀྱིལ་འཁོར་འདི་གོམས་པར་རུང་བ་ཉིད་དང་སངས་རྒྱས་ཉིད་ཀྱང་ངོ་ཞེས་ཤེས་པའི་ཆེད་དུ། ཉན་ཐོས་རྣམས་ཀྱི་ཞེས་པ་
ལ་སོགས་པ་གསུངས་སོ། །འགའ་ཞིག་ཏུ་སེམས་ཅན་གྱི་ཕུང་པོ་མ་ལུས་པ་སངས་རྒྱས་ཉིད་དུ་རུང་བར་གསུངས་པ་ནི། མི་ཁོམ་པར་སྐྱེས་པ་རྣམས་དལ་འབྱོར་ཐོབ་པར་གྱུར་པ་ནའོ་ཞེས་མངོན་པར་དགོངས་པས་མི་འགལ་ལོ། །མཆོད་པའི་ལས་དང་སྦྱིན་སྲེག་གི་ལས་
རྒྱས་པར་སྟོན་པ། ནང་གི་ཞེས་པ་ལ་སོགས་པའོ། །ཤེས་རབ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནི་མེ་སྟེ་ལྷན་ཅིག་སྐྱེས་པའི་གཏུམ་མོའོ། །རྣམ་པར་རྟོག་པའི་རབ་རིབ་མ་ལུས་པ་སེལ་བར་བྱེད་པའི་ཕྱིར་ཆེར་འབར་བ་སྟེ་འོད་གསལ་བའོ། །དེ་ལ་ནང་དུ་སྦྱིན་སྲེག་
ནི་ཁུ་བ་ལ་སོགས་པ་རྣམས་ཀྱི་ནང་དུ་འདུས་པའོ། །ཕྱི་རོལ་དུ་ནི་གཟུགས་ལ་སོགས་པ་རྣམས་ཀྱིའོ། །ཕྱི་དང་ནང་ཞེས་པའི་ཐ་སྙད་ནི་འབྱུང་བའི་ཀུན་རྫོབ་ཀྱིས་ཏེ། དོན་དམ་པར་གཉིས་ཀ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་
ཀྱི་སེམས་རྡོ་རྗེ་བཅོམ་ལྡན་འདས་མེ་ལྷ་ལ། སྟོང་པ་ཉིད་དང་བདེ་བའི་རང་བཞིན་སྙིང་རྗེའི་རྣལ་འབྱོར་གྱི་མཆོད་པའི་དགང་བླུགས་ཀྱིས། དེའི་ནང་དུ་རྟོགས་པའི་སྐྱེ་མཆེད་དྲུག་ལ་སོགས་པ་རྣམས་ཀྱང་མཆོད་པར་འགྱུར་ཏེ། ཁྱད་པར་དུ་སྟེ་དེ་ཁོ་ན་ཉིད་ཀྱི་མཆོད་པས་སོ། །
མཁའ་འགྲོ་མ་རྣམས་ནི་རྩ་རྣམས་སོ། །དེས་ནི་སྟེ་རྣལ་འབྱོར་ཀྱིས་སོ། །དེ་རྣམས་ནི་ལྷའི་ངོ་བོ་རྣམས་སོ། །རྣམ་པར་གཞག་པ་གཞན་གསུངས་པ། མགོ་ཞེས་པ་ལ་སོགས་པ་སྟེ། བདེ་བ་ཆེན་པོའི་ཆུ་སྐྱེས་སུ་གནས་པའི་ཁུ་བ་ནི་སྲེག་རྫས་སོ། །ར་ས་ནཱ་ནི་བླུགས་
གཟར་གྱི་ཡུ་བ་སྟེ་དེའི་གདོང་པདྨའི་འདབ་མའི་དབྱིབས་ཅན་གྱི་ཁ་ནི་མགྲིན་པའི་པདྨའོ། །ལ་ལ་ནཱ་ནི་དགང་གཟར་གྱི་ཡུ་བ་སྟེ། དེའི་གདོང་ནི་སྙིང་གའི་པདྨའོ། །ཡུ་བའི་འོག་རྡོ་རྗེ་རིན་པོ་ཆེ་དང་ཐབ་ཁུང་ནི་ལྟེ་བའོ། །ལས་ནི་ཡིད་མཉམ་པར་གཞག་པའམ་དབང་པོ་

གཉིས་ཀྱི་བྱ་བའོ། །དེས་བསྐུལ་བའི་རླུང་སྟེ། དེས་སྦར་བའོ། །ཚངས་པའི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་དེའི་རང་བཞིན་གྱི་མེ་དྲོ་བ་རྡུལ་གྱི་ངོ་བོ་རྣལ་འབྱོར་གྱི་གཏུམ་མོ་ཐབ་ཁུང་གི་དབུས་ཀྱི་འོག་གསང་བའི་ཆུ་སྐྱེས་སུ་གནས་སོ། །སྒྲ་ཙམ་ནི་གཏུམ་མོ་
རྡུལ་གྱི་རི་མོ་གོམས་པའི་སྐབས་ན་ནང་གི་བརྗོད་པ་དང་ལྡན་པའོ། །འདི་སྐད་གསུངས་ཏེ། སློབ་དཔོན་ཐུགས་རྡོ་རྗེའི་བྱང་ཆུབ་སེམས་བསྒོམ་པས་ཡིད་བརྟན་པ་ན་ལ་ལ་ནཱ་དང་ར་ས་ནཱ་རུ་སོན་པའི་རླུང་དག་ཨ་ཝ་དྷཱུ་ཏཱིའི་རླུང་གི་ནང་དུ་འདུའོ། །དེ་ཡང་གཏུམ་མོ་སྦོར་
ཞིང་། དེ་ཡང་མགོ་བོའི་འཁོར་ལོས་གནས་ནས་སྲེག་རྫས་ཞུ་བར་བྱེད་དོ། །དེའི་ཚེ་ར་ས་ནཱ་དང་ལ་ལ་ནཱའི་རླུང་མ་ལུས་པ་ཨ་ཝ་དྷཱུ་ཏཱི་རུ་ཞུགས་ཤིང་། ཨ་ཝ་དྷཱུ་ཏཱིའི་རླུང་ཡང་ཚངས་པའི་མེ་དང་རོ་གཅིག་ཅིང་དེ་ལ་འཇུག་པར་བྱེད་དོ། །ཞུགས་པ་ཡང་སྦྱིན་སྲེག་གི་མཆོད་
པ་ཡང་སྟེ། མངོན་པར་འདོད་པ་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་དང་ཡང་དུ་འབར་བྱེད་ལ་སོགས་པའོ་ཞེས་པ་སྐོར་བར་བྱེད་པ་ནི་བཟླས་པ་ཞེས་པའོ། །སྒོམ་པ་ནི་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ལྷན་ཅིག་
སྐྱེས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་སོ་སོ་སྣང་བ་སོ་སོར་ཡང་དང་ཡང་དུ་རྒྱུན་མི་འཆད་པར་བསྐྱེད་པར་བྱ་བཞིན་པའོ། །གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ལ་གནས་པ་ནི་དེའི་བདག་ཉིད་ཀྱིས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྷ་རྣམས་ཀྱི་དཀྱིལ་འཁོར་ཏེ། སྦྱིན་སྲེག་
དང་མཆོད་པ་ཡང་ངོ་། །དཀྱིལ་འཁོར་གྱི་བདག་པོ་ནི་དབང་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། དེ་ཁོ་ན་ནི་བཤད་པ་འདི་ཐམས་ཅད་རྗེས་སུ་སྒྲུབ་བོ། །འོ་ན་དྲི་བ་ལ་དཀྱིལ་འཁོར་མཆོད་པ་ལ་སོགས་ཞེས་པའི་སོགས་པའི་སྒྲས་མངོན་པར་དགོངས་པ། རྡུལ་ཚོན་
གདབ་པ་ལ་སོགས་པ་གཞན་དུ་གསུངས་པ། ཅི་ལྟར་འདིར་རྣམ་པར་མ་བཞག་ཅེ་ན། གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །འདིར་ནི་སྟེ་རྫོགས་པའི་དཀྱིལ་འཁོར་ལ་སོགས་པ་ལའོ། །ཤེས་རབ་མཆོག་ལ་ནི་དེ་ལས་ཅིག་ཤོས་ཀྱི་དཀྱིལ་འཁོར་ལ་སོགས་

པའི་འཛིན་པ་གསལ་བའི་ཆེད་དུ་ཅུང་ཟད་འདིར་རྣམ་པར་གཞག་ཅིང་གཞན་ནི་རང་ཉིད་ཀྱིས་དཔྱད་ནས་རྣམ་པར་གཞག་པར་བྱ་བའམ་ཡང་ན་མ་ཡིན་ཏེ། དེ་མེད་ཀྱང་འདིར་ཉམས་པ་ཅི་ཡང་མེད་པའི་ཕྱིར་རོ་ཞེས་དགོངས་པས་གུས་པར་བྱ་བ་མིན་ནོ། །དེ་སྐད་དུ་
ཡང་དྲིལ་བུ་ཞབས་ཀྱིས་གསུངས་པ། སེམས་གནས་ལས་ཀྱི་ཐིག་དང་ནི། །རྡུལ་གདབ་རིམ་པ་ལས་བྱུང་བའི། །འགྲོ་འདི་དཀྱིལ་འཁོར་ཁོ་ན་སྟེ། །རང་བཞིན་གྱིས་གྲུབ་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །དེ་
ནི་འདོད་པའི་གྲུབ་བྱ་མིན། །ཐར་པ་ཡང་དག་དོན་མཐོང་ལས། །ཞེས་སོ། །ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་དང་བསྐྱེད་པའི་རིམ་པ་ལ་སློབ་དཔོན་རོལ་པར་བྱེད་པ་དེ་ལྟར་འདིར་ཡང་ཡིན་ནམ། རྣམ་པ་གཞན་དུ་ཡིན་ཞེས་ཐེ་ཚོམ་པས་འདྲི་བ་
ད་དུང་ཞེས་པ་སྟེ་རྫོགས་པའི་རིམ་པའི་དཀྱིལ་འཁོར་དུ་ཅི་ལྟར་ཞེས་པ་རོལ་པའི་རྣམ་པ་དྲིས་པའོ། །བྱེ་བྲག་ནི་ཁྱད་པར་ཏེ་ཆོས་ལ་སོགས་པ་རྣམས་ཀྱིས་དང་རང་གི་རྟེན་གྱི་ཡང་ངོ་། །རྟེན་གྱི་བྱེ་བྲག་གསུངས་པ། མགོ་ཞེས་པ་ལ་སོགས་པའོ། །ཨེ་ཡིག་རྣམ་པ་
ནི་གྲུ་གསུམ་སྟེ། བཾ་ཡིག་འདྲ་བ་ནི་ཟླུམ་པོ་ཐིག་ལེའོ། །བརྟེན་པའི་བྱེ་བྲག་གསུངས་པ། འདབ་མ་དྲུག་ཅུ་རྩ་བཞི་ཞེས་པ་ལ་སོགས་པ་སྟེ། སྤྲུལ་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་འཆད་པར་འགྱུར་རོ། །བྱེ་བྲག་གཞན་གསུངས་པ། སྤྲུལ་པ་ཞེས་པ་ལ་
སོགས་པའོ། །སྤྲུལ་པའི་འཁོར་ལོ་སྟེ་དེའི་དབུས་སུ་དང་འཆད་པར་འགྱུར་བ་ཡང་སྟེ་ཆོས་ཀྱི་དང་ལོངས་སྤྱོད་རྫོགས་པའི་དང་བདེ་བ་ཆེན་པོའི་ཡང་ངོ་། །རྩའི་དབྱིབས་ཁོ་ན་འཁོར་ལོ་ཉིད་ཀྱིས་དང་པདྨ་ཉིད་ཀྱི་ཚུལ་དུ་བྱ་བའོ། །སྡེ་ཆེན་བརྒྱད་ལ་སོགས་པ་
རྣམས་ཀྱི་རང་གི་ངོ་བོ་ལ་སོགས་པ་ནི་རྫོགས་པའི་རིམ་པས་བཞི་པ་དང་ཉི་ཤུ་གཉིས་པར་བཤད་དོ། །བསྐྱེད་པའི་རིམ་པ་ལ་བསྒོམ་པར་བྱ་བ་རྣམས་ནི་རྫོགས་པའི་རིམ་པ་ལ་འཇུག་པ་ལ་ཐབས་ཉིད་དུ་འདིར་རྒྱས་པར་བསྟན་ཏོ། །སྡེ་ཚན་བརྒྱད་ལ་སོགས་པ་རྣམས་

ནི་བྲིས་པའི་ངོ་བོའོ། །དེ་ལ་ལྟེ་བར་གྱེན་དུ་ཁ་ཕྱོགས་པའི་ཆུ་སྐྱེས་དམར་པོ་ལ། སྡེ་ཚན་རྣམས་ཁོ་ན་བརྒྱད་དོ་ཞེས་པས་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་པ་རྣམས་ཏེ་སྔར་རྣམ་པར་ཕྱེའོ། །ཁ་ཅིག་ཏུ་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ཨ་ཀ་
ལ་སོགས་པ་ཡི་གེ་བརྒྱད་དགོད་པ་གསུངས་པ་ནི་གདུལ་བྱའི་ངོར་ཏེ། དེའི་ཕྱིར་སྡེ་ཚན་བརྒྱད་རྣམས་སོ་ཞེས་ཀྱང་ཤེས་པར་བྱའོ། །དབུས་སུ་ཟླ་བ་ལ་ཨཾ་སྟེ་འགྱུར་བ་མེད་པ་དམ་པ་ནི་སྐྱེ་བ་མེད་པ་གསལ་བར་བྱེད་པའི་ཕྱིར་རོ། །སྙིང་གར་ཁ་ཐུར་དུ་ཕྱོགས་པའི་པདྨ་དཀར་
པོར་ཟླ་བ་ལ་ཧཱུྃ་སྟེ། མི་ཤིགས་པ་ནི་སྤྲོས་པ་རྣམས་ཀྱིས་ཏེ་ཆོས་སྐུ་མཚོན་པའི་ཕྱིར་རོ། །མི་ཤིགས་པ་བརྗོད་པས་ཧཾ་ཡིག་ཏུ་དོགས་པ་སེལ་བ་ལ་ལྔ་ཞེས་པའི་གྲངས་ཀྱི་ཚིག་སྟེ། ཨུ་ཡིག་འོག་ན་གནས་པ་དང་ལྷན་ཅིག་གོ། །དེས་ན་ཤར་ལ་སོགས་པའི་འདབ་མ་རྣམས་ལ་
ཨཱ་ཨཱི་ཨཱ་ཨཱུ་ཨཻ་དབྱངས་རྣམས་སོ། །དབང་ལྡན་ལ་སོགས་པ་རྣམས་སུ་ཡ་ར་ལ་ཝ་རྣམས་སོ། །མགྲིན་པར་སྟེང་དུ་ཕྱོགས་པའི་ཆུ་སྐྱེས་དམར་པོ་ལ་ཟླ་བར་ཨོཾ་སྟེ་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨཱ་ཨཱི་ཨཱ་ཨཱུ་ཨཻ་ཆ་རྣམས་སོ། །ཡ་ར་ལ་ཝ་རྣམས་ཀྱིས་ཞེས་རྗེས་སུ་
འཇུག་པའི་ཕྱིར་དབང་ལྡན་ལ་སོགས་པ་རྣམས་སུ་ཡ་ར་ལ་ཝ་རྣམས་སོ། །མགོ་བོར་འོག་ཏུ་ཕྱོགས་པའི་སྣ་ཚོགས་མཚོ་སྐྱེས་སུ་ཟླ་བ་ལ་ཧཾ་ཡིག་མགོ་བོ་སྟོང་པ་སྟེ་ཟླ་བ་ཕྱེད་དང་ཐིག་ལེ་དང་ནཱ་ད་དང་ལྡན་པའོ། །ཉི་ཤུ་རྩ་གཉིས་པར་གསུངས་པ། ཧཾ་ཡིག་འདི། ནཱ་ད་དང་
ཐིག་ལེ་གཞོམ་དུ་མེད་པའོ། །ཞེས་སོ། །གཅིག་གིས་བར་དུ་ཆོད་པའི་འདབ་མ་བཅུ་དྲུག་རྣམས་སུ་དབྱངས་བཅུ་དྲུག་རྣམས་སོ། །ཨ་ཡིག་ལ་སོགས་པའི་ཡི་གེ་འདི་རྣམས་ཟླ་ཕྱེད་དང་ཐིག་ལེ་དང་བཅས་པ་བ་མོ་ལྟ་བུ་འཛག་པ་རྣམས་སོ་ཞེས་ཤེས་པར་བྱ་སྟེ། ཁྱད་པར་
དང་བཅས་པ་ནི་གཏུམ་མོ་བསྒོམ་པ་ན་བཤད་པར་བྱའོ། །དཀྱུས་མ་ལ་ནི་ཟླ་བ་ཞེས་པ་ལ་སོགས་པ་སྟེ། ངོས་དག་ནི་ཧཱུྃ་ཡིག་གི་ངོས་སོ། །གཡོན་དང་གཡས་དག་ནི་རླུང་དག་སྟེ་ལ་ལ་ནཱ་དང་ར་ས་ནཱ་རུ་སོན་པ་དག་དང་། ཁུ་བ་དང་རྡུལ་དག་ཀྱང་ངོ་། །ལ་ལ་ནཱ་དང་

ར་ས་ནཱའི་རྩ་དག་ནི་མགོ་བོའི་འཁོར་ལོ་ནས་གསང་བའི་འཁོར་ལོར་ཇི་སྲིད་པར་མདུད་པ་རྣམས་སུ་ལྕགས་སྒྲོག་གི་རྣམ་པས་ཨ་ཝ་དྷཱུ་ཏཱི་ལ་འཁྱུད་ནས་གནས་པ་དག་གོ། །འོན་ཀྱང་ལ་ལ་ནཱ་ནི་ཟོས་པ་དང་འཐུངས་པ་ལྟོ་བའི་མེས་སྨིན་པ་རྣམས་ལས་ཁུ་བ་
འབབ་པོ་ཞེས་པས་མགྲིན་པ་ནས་ཞེས་དང་ངལ་སོ་ཞེས་གསུངས་ཀྱི་དེ་དག་ཁོ་ནའི་མཐར་ཐུག་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་ཞེས་གསུངས་སོ། །མྱོས་བྱེད་ཀྱང་འབེབས་ཏེ། སྤྲོས་པས་གསོའོ། །ར་ས་ནཱ་ནི་ཞུ་བ་ལས་ཁྲག་འབེབས་ཏེ། དང་པོར་ལྟེ་བར་དང་མགྲིན་
པར་ཇི་སྲིད་པར་རོ་ཞེས་གསུངས་པ། ལྟེ་བ་ནས་ཞེས་པ་ལ་སོགས་པའོ། །ཡང་རྗེས་སུ་འཇུག་པའི་ཕྱིར་ངལ་སོ་བ་ཡང་ངོ་། །དེས་ན་དེའི་ཁྲག་གིས་ལུས་ལ་མངོན་པར་ཁྱབ་བོ། །ཟླ་བ་ནི་ཁུ་བའོ། །འཇུག་པའི་རླུང་འོག་གི་སྒོ་དང་འབྱུང་བ་སྟེང་གི་སྒོ་ནི་ལ་ལ་ནཱ་དང་ར་ས་ནཱ་ལ་
མཉམ་པར་གནས་པའོ། །རླུང་གཉིས་ཇི་ལྟར་སྒོ་ཡིན་ཞེ་ན། ནི་སྟེ་གང་གི་ཕྱིར། འདི་དག་སྟེ་བརྗོད་པ་དག་བརྟེན་པ་དག་གོ། །ཟླ་བ་དང་ཉི་མ་དག་གི་གཙོ་བོའི་སྒོ་གཉིས་སུ་གྱུར་པ་རླུང་འདིའི་སྒོ་གཉིས་ནི་སོ་སོར་རྩ་གཉིས་སོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་བཏགས་པ་ལས་ལ་ལ་
ནཱ་ཟླ་བར་བརྗོད་ཅིང་ར་ས་ནཱ་ཉི་མར་རོ། །འདི་དག་སྒོ་ཉིད་དུ་རྟོགས་པར་བྱེད་པ་གསུངས་པ། དཔའ་བོ་ཞེས་པ་ལ་སོགས་པ་སྟེ། དཔའ་བོ་ཁུ་བའི་རྣམ་པ་རྣམས་ཀྱིས་དང་མཁའ་འགྲོ་མ་བདེ་བའི་ཚུལ་དང་ཁྲག་གི་ཚུལ་ཏེ། དེ་དང་ལྡན་པ་རླུང་ལ་ཞོན་པ་རྣམས་ཀྱི་འགྲོ་
བ་དང་འོང་བ་དག་གི་རྒྱུ་སྟེ་རྟེན་དག་གོ། །རྒྱུད་དག་ཅེས་པ་ནི་ལུང་ཉིད་ཀྱི་ཕྱིར་རོ། །ཡང་ན་འགྲོ་བ་དང་འོང་བ་དག་གང་དག་གི་ངེས་འབྲེལ་དག་སྟེ་དགོས་པ་དག་གོ་ཞེས་ཀྱང་ཚིག་རྣམ་པར་སྦྱར་རོ། །ནི་སྟེ་གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་འདི་རྣམས་ཀྱི་རྩ་སོ་སོར་ཕྱི་
རོལ་དུ་འགྲོ་བ་ན་ནུབ་པ་སྟེ་ནུབ་པར་འགྲོ་བ་དང་སྡུད་པ་དང་ཐིམ་པ་སྟེ་གཉིད་ལོག་པའི་གནས་སྐབས་བཞིན་ནོ། །ནང་དུ་འོང་བ་དང་འཆར་བ་དང་སྤྲོ་བ་སྟེ་སད་པའི་སྐབས་ན་བཞིན་ནོ། །གང་ལ་ལ་ནཱ་སྤྲོ་བའི་རྩ་དང་ར་ས་ནཱ་སྡུད་པའི་རྩར་བརྗོད་པ་དེ་ནི་རིམ་པ་ཇི་ལྟ་

བར་ཁུ་བ་དང་རྡུལ་ཤས་ཆེ་བ་དག་འབབ་པའི་ཕྱིར་ཞེས་ཕལ་ཆེ་བར་གསུངས་པའོ། །ཨཱ་ལི་དང་ཀཱ་ལི་དག་གི་ཡང་འགྲོ་བ་དང་འོང་བའི་རྒྱུ་དག་ནི་དེ་དག་གོ་ཞེས་རྟོགས་པའི་ཆེད་དུ་གསུངས་པ། གཡོན་ཞེས་པ་ལ་སོགས་པ་སྟེ། ཨ་ཝ་དྷཱུ་ཏཱིའི་གཡོན་ནི་ལ་ལ་ནཱ་དང་། གཡས་ངོས་ནི་
ར་ས་ནཱ་སྟེ། ཀུན་སྡུད་པའི་ཟླས་དབྱེ་བའོ། །དབྱངས་བཅུ་དྲུག་རྣམས་ཀྱི་ནང་ནས་རྀ་རཱྀ་ལྀ་ལཱྀ་སྟེ་མ་ནིང་དང་བྲལ་བ་དབྱངས་བཅུ་གཉིས་རྣམས་སོ། །བསྐོར་བ་ནི་ཡོངས་སུ་བསྐོར་བ་སྟེ། འོག་ཏུ་བལྟས་པའི་ཀ་སོགས་རྣམས་ཀྱིས་སོ། །གཡོན་དང་ཅིག་ཤོས་ཀྱི་ངོས་སུ་
གནས་པའི་རྩ་དག་གི་དབུས་ཨ་ཝ་དྷཱུ་ཏཱི་རུ་བྱ་བ་དཔའ་བོ་ལ་སོགས་པའི་ཁམས་རྒྱས་པ་ལ་སོགས་པ་སྟེ་དེར་ངེས་པར་བྱས་པ་རྣམས་སོ། །དབུས་སྨོས་པས་ནི་ཨ་ཝ་དྷཱུ་ཏཱི་རུ་ཡང་ཨཱ་ལི་དང་ཀཱ་ལི་དག་འབབ་པར་གསལ་བར་མཛད་དོ། །སྲིན་པོ་ནི་གཏུམ་མོ་སྟེ། དུས་ཀྱི་མེའི་རང་
བཞིན་ཉིད་ཀྱིས་ཕུང་པོ་ལ་སོགས་པ་མི་དམིགས་པའི་བདག་ཉིད་དུ་ཟ་བར་རུང་བ་ཉིད་དུ་མཚུངས་པའི་ཕྱིར་སྲིན་པོ་ལྟ་བུའོ། །འོག་གི་ཆ་རྣམས་སུ་སྟེ་ལྟེ་བའི་འོ། །འདི་སྐད་བཤད་དེ་ལ་ལ་ནཱ་ར་དང་ར་ས་ནཱ་ར་དང་ཨ་ཝ་དྷཱུ་ཏཱི་རུ་ཡང་རླུང་འབྱུང་བ་ན་སྟེང་དུ་ཕྱོགས་པའི་རླུང་གི་རང་བཞིན་
མི་གསལ་བའི་ངོ་བོ་ཅན་དབྱངས་བཅུ་དྲུག་དང་ཀ་ལ་སོགས་པ་སུམ་ཅུ་རྩ་གསུམ་མ་འཁྲུགས་པ་དང་འཁྲུགས་པ་རྣམས། རིམ་པ་དང་རིམ་པ་མ་ཡིན་པས་རེ་རེར་ཡང་ཁམས་རྣམས་འབྱིན་པར་བྱེད་སྡུད་པར་བྱེད་དོ། །སྣ་ཚོགས་པའི་རྣམ་པར་རྟོགས་པ་བསལ་བར་གྱུར་པ་ནི་
དེའི་རྗེས་སུ་འཇུག་པའི་ཕྱིར་འདི་རྣམས་ཀྱང་སྣ་ཚོགས་པ་འབྱུང་བའོ། །འཇུག་པ་ན་ནི་འོག་ཏུ་ཕྱོགས་པ་རྣམས་དེ་ལྟར་ཁོ་ནར་འཇུག་པར་བྱེད་སྤྲོ་བར་བྱེད་དོ། །རྩ་དང་པོ་དག་ནི་རྀ་རཱྀ་ལྀ་ལཱྀ་ཀྵ་རྣམས་རླུང་ལ་ཐིམ་པ་རྣམས་འབབ་ཀྱི་ཤས་ཆེར་ནི་མ་ཡིན་ནོ་ཞེས་པས་དེ་རྣམས་དོར་བ་
དག་ཏུ་གསུངས་ཏེ། དཔེར་ན་ཨཱ་ལི་ཁོ་ན་ཤས་ཆེར་འབབ་པའི་ཕྱིར་ཨཱ་ལི་ལ་ལ་ནཱ་དང་། ཀཱ་ལི་ཁོ་ནའི་ཕྱིར་ཀཱ་ལི་ར་ས་ནཱ་ཞེས་གཞན་དུ་གསུངས་པ་བཞིན་ནོ། །ཡི་གེ་ཐམས་ཅད་ཀྱང་ཤས་ཆེར་གྱུར་པ་འབབ་པ་ནི་ཨ་ཝ་དྷཱུ་ཏཱིའོ། །ཀྵ་ནི་ཐིམ་སྟེ་དེ་ནི་ཤས་ཆེར་གྱུར་པ་འོག་

ཏུ་ཆ་རྣམས་སུ་ལྷག་པར་གནས་པར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་བཅས་པའི་ཐབས་དག་སྙོམས་པར་འཇུག་པས་ལ་ལ་ནཱའི་རླུང་དག་ཨ་ཝ་དྷཱུ་ཏཱི་རུ་འཇུག་པ་ན་གཏུམ་མོ་འབར་རོ། །དེ་ཡང་ཕུང་པོ་ལ་སོགས་པ་བསྲེག་ཅིང་སྤྱི་བོར་
ཟླ་བ་འཇུ་བར་བྱེད་དོ། །དེ་ཞུ་བ་ཡང་དེ་དང་རོ་གཅིག་པའི་བདེ་བའི་རང་བཞིན་མགྲིན་པར་འབབ་བོ། །དེའི་ཕྱིར་གསུངས་པ་གང་ཚེ་ཞེས་པ་ལ་སོགས་པ་སྟེ། ཆགས་ཆེན་ནི་བདེ་བ་ཆེན་པོ་དགའ་བ་རབ་ཏུ་གྱུར་པའི་གནས་སྐབས་སོ། །ལོངས་སྤྱོད་ནི་བདེ་བ་ཉམས་སུ་མྱོང་བའི་
ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྟེ་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །རིམ་གྱིས་འབབ་བཞིན་པ་ནི་ཤེས་རབ་མའི་སྣའི་རྩེ་མོ་དང་། ཐབས་ཀྱི་རྡོ་རྗེའི་རྩེ་མོར་ཏེ་ནོར་བུར་གང་གི་ཚེ་གནས་པ་དེའི་ཚེ་ཤིན་ཏུ་
ཆེས་ལོངས་སྤྱོད་རྫོགས་པར་བཤད་དོ་ཞེས་སྔ་མ་དང་འབྲེལ་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །གང་གི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་སྣའི་རྩེ་མོ་ལས་དང་རྡོ་རྗེའི་རྩེ་མོ་ལས་འཕོས་ཤིང་ནུབ་པ་ནི་བདེ་བ་ཉམས་སུ་མྱོང་བ་རྣམ་པར་
འཆད་པའི་ཕྱིར་ན། དེའི་ཚེ་ཤེས་རབ་ཀྱི་བྷ་གའི་པདྨའི་ནང་དུ་སོན་པ་ནི། འགྲོ་ཞིང་འགྲོའོ་ཞེས་པ་ཉུངས་ཀར་ཏེ་ལུང་ཉིད་ཀྱི་ཕྱིར་རོ། །ཡུངས་ཀར་བརྗོད་པས་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཕྲ་མོའི་རྣལ་འབྱོར་ལ་བསྒོམ་པར་བྱའོ་ཞེས་གསལ་བར་བྱས་སོ། །དེ་གསུངས་
པ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་ལས་ནི་རྟག་ཏུ་བསྒོམ། །ཞེས་སོ། །ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར་དཀར་པོ་ལ་སོགས་པ་ཁ་དོག་ལྔའོ། །རྣལ་འབྱོར་ལས་ནི་ཤེས་རབ་དང་
ཐབས་སྙོམས་པར་འཇུག་པ་ལས་སོ། །རྟག་ཏུ་ནི་མཚན་མ་འབྱུང་གི་བར་དུའོ། །ཉི་མའི་གཟུགས་ནི་རྡུལ་མང་པོ་འདྲེས་པ་ཉིད་ཀྱི་ཕྱིར་ཏེ། བར་དོའི་སྲིད་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་དང་བཅས་པ་ནི་སྤྲུལ་པའི་སྐུའོ། །གང་གི་ཕྱིར་ཕུང་པོ་རྣམས་དང་མིག་

ལ་སོགས་པ་རྣམས་དེས་སྤྲོ་བ་ནི་སྤྲུལ་པའོ། །དེ་ཉིད་ཀྱི་ཕྱིར་སྐྱེ་གནས་ཀྱི་པདྨར་སྤྲོ་བའི་གར་གྱིས་དབང་བྱེད་པའི་ཕྱིར་པདྨ་གར་གྱི་དབང་ཕྱུག་གོ། །ཕུང་པོ་ལ་སོགས་པ་རྣམས་རྒྱས་པ་ལ་སོགས་པ་བསྐྱེད་པས་སྨིན་པར་བྱེད་པའི་ཕྱིར་རྒྱལ་པོའོ། །གང་གི་ཚེ་ཡང་ཇི་
སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་གོམས་པ་ཡིད་བརྟན་པ་ཕུལ་དུ་བྱུང་བ་ལས་འཕོ་བ་མེད་ཅིང་ཉི་མ་ཡང་ནུབ་སྟེ་མི་མཐོང་བ་དང་མི་སྐྱེ་བ་ཁོ་ནར་འགྲོ་བ་དེའི་ཚེ་གང་འབྱུང་བ་དེ་གསུངས་པ། དེ་རུ་ཞེས་པ་ལ་སོགས་པའོ། །ཉི་མ་གཞན་ནི་ལྟེ་བའི་འོག་ཏུ་གནས་པ་སྟེ་
དེ་དང་བཅས་པ་ནི་ཡོད་དོ་ཞེས་པ་དགོངས་པའོ། །གང་རྟོགས་པའི་དོན་ཅན་དུ་གསུངས་པ་དེ་རྟོགས་པར་གྱུར་ཅིང་གོང་བུར་གྱུར་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་ན། ཕུང་པོ་ལ་སོགས་པ་རྣམས་དེ་དང་
རོ་གཅིག་པ་ཉིད་ཀྱིས་དེ་ཉེ་བར་ལོངས་སྤྱོད་པའི་ཕྱིར། དེ་རྣམས་ཀྱི་ཡང་གནས་སྐབས་ཀྱི་ཁྱད་པར་སྤྲུལ་པ་ལས། ཆོས་དང་བདེ་བ་ཆེན་པོ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་བཞི་རོ་གཅིག་པར་གྱུར་པ་ནི། རྙོག་པ་མེད་པ་སྟེ་ཉོན་མོངས་པའི་རྙོག་པ་དང་བྲལ་
བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཁོར་བའི་ལམ་འདོད་ཆགས་ལ་སོགས་པ་དང་། འཕོ་བ་ཡང་འདིས་རྣམ་པར་བཅད་པའོ། །སྤྲོས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་འདིར་ཉེ་བར་ཞི་བའོ། །དེའི་ཕྱིར་ཞི་བ་སྟེ་དགེ་བའོ། །ཅི་ལྟར་ཉེ་བར་ཞི་བ་ཡིན་ཞེ་ན། གང་གི་ཕྱིར་
དངོས་པོ་ལ་སོགས་པར་འཛིན་པ་གཉིས་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ངོ་བོའིའོ། །དག་པ་ནི་སྒྲིབ་པ་གཉིས་ཀྱི་བག་ཆགས་ཆ་ཤས་དང་བྲལ་བའི་ཕྱིར་རོ། །
བཤད་པ་ནི་རྒྱུད་གཞན་རྣམས་སུ་ཡང་ངོ་། །རྒྱུད་ནི་འབྲས་བུའི་རྒྱུད་དོ། །དགོད་དང་ལྟ་དང་ལག་བཅངས་རྒྱུད། །དགོད་པའི་རྒྱུད་ནི་འཕྲུལ་དགའ་བ་རྣམས་ཀྱི་བདེ་བ་ལྟ་བུའོ། །ལྟ་བའི་རྒྱུད་ནི་དཔེར་ན་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་བདེ་བ་ལྟ་

བུའོ། །ལག་བཅངས་ཀྱི་རྒྱུད་ནི་དཔེར་ན་དགའ་ལྡན་པ་རྣམས་ཀྱི་བདེ་བ་ལྟ་བུའོ། །དགོད་པ་ལ་སོགས་པ་རྣམས་ལ་འཁྱུད་པའི་ཚུལ་སྲིད་པའི་ཕྱིར་དང་འཁྱུད་པ་ལ་ཡང་དགོད་པ་ལ་སོགས་པ་སྲིད་པའི་ཕྱིར་འཁྱུད་པའི་རྒྱུད་ནང་དུ་འདུས་
ཤིང་། དེ་ནི་འཐབ་བྲལ་བ་རྣམས་ཀྱི་བདེ་བ་ལྟ་བུའོ། །གཉིས་གཉིས་ཀྱི་རྒྱུད་སྔར་གསུངས་ཟིན་ཅིང་དཔེར་ན་སུམ་ཅུ་རྩ་གསུམ་པ་རྣམས་དང་རྒྱལ་པོ་ཆེན་པོ་བཞིའི་རིས་པ་རྣམས་དང་མི་རྣམས་ཀྱི་བདེ་བ་ལྟ་བུའོ། །དེ་ལྟར་ཡང་དེ་དང་དེའི་བདེ་བ་རྣམས་དག་
པས་ལྷན་ཅིག་སྐྱེས་པའི་དགའ་བ་ཁོ་ན་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་བདག་ཉིད་དགའ་བ་དང་མཆོག་དགའ་དང་ཁྱད་དགའ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནི་ཐབས་ཀྱི་རྒྱུད་དེ་བྱང་ཆུབ་ཀྱི་སེམས་ཁོ་ན་རང་བཞིན་གྱིས་རྣམ་པར་དག་པར་
བསྟན་ཏོ། །འོན་ཀྱང་འགྱུར་བ་ཉིད་ཀྱིས་ན་ཆགས་པ་སྟེ་ཁྱད་དགའི་མཐར་ཐུག་པས་དང་ཆགས་བྲལ་གྱིས་ཏེ་བདེ་བ་རྣམ་པར་ཆད་པས་ཉེ་བར་བཅོམ་པའོ། །འབྲས་བུའི་རྒྱུད་ནི་བསྟན་པ་ཟ་བར་མཚུངས་པའི་ཕྱིར་ཤིང་སྲིན་ཏེ་ཤིང་སྲིན་འདྲ་བ་ནི་ཤིང་སྲིན་ཏེ། དེ་ནི་
ཆགས་པ་དང་ཆགས་བྲལ་དག་ཟོས་ནས་མི་འགྱུར་བ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་གནས་སོ། །གྷུ་ཎ་དང་གྷུརྞ་ནི་འཁྱམ་པ་ལའོ། །འཁྱམ་པར་བྱེད་ཅིང་མི་གནས་ཏེ་འདོད་ཆགས་ལ་སོགས་པ་རྣམས་ལའོ་ཞེས་པ་གྷུ་ཎའོ། །དེ་ཁོ་ན་བཅོམ་
ལྡན་འདས་རྣལ་འབྱོར་མའི་རང་བཞིན་རྩ་རྣམས་ཐམས་ཅད་ཡང་དག་པར་ཏེ་སྒྲིབ་པ་མེད་པར་བདེ་བ་ཆེན་པོ་དང་རོ་གཅིག་པ་ཉིད་ཀྱིས་ཀུན་ནས་སྦྱོར་བས་མཁའ་འགྲོ་མའི་དྲ་བ་སྡོམ། དོན་གཞན་ཡང་གསུངས་པར་བཤད་དོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་
བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་གསུམ་པའོ།། །།ཆོས་ཀྱི་སྐུ་ལ་སོགས་པ་རྣམས་ཀྱི་དབྱེ་བ་གཞན་སླར་ཡང་བསྟན་པས་རྫོགས་པའི་རིམ་པ་ཁོ་ན་རྒྱས་པར་བྱ་བའི་ཆེད་དུ་དྲི་བ་ལ་གཞུག་པའི་དོན་དུ་གསུངས་པ། དེ་ནས་ཞེས་

པ་ལ་སོགས་པའོ། །འཁོར་ལོ་ནི་དཀྱིལ་འཁོར་རོ། །ལྷ་ནི་ཧེ་རུ་ཀ་ལ་སོགས་པ་རྣམས་སོ། །མཁའ་འགྲོ་མ་རྣམས་ནི་བདག་མེད་མ་ལ་སོགས་པ་རྣམས་སོ། །དགོངས་པས་ཏེ་མངོན་པར་དགོངས་པས་གང་གསུངས་པ་ནི་དགོངས་པའི་སྐད་དེ། ལྡེམ་པོར་དགོངས་པ་
གཙོ་བོར་གསུངས་ཀྱི་ཡི་གེ་གཙོ་བོ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྣལ་འབྱོར་མའི་སྟེ་བདག་མེད་མའི་སྡོམ་པ་ཞེས་འབྲེལ་ལོ། །ལུས་དབུས་ནི་ལྟེ་བའོ། །ཨ་ཡིག་ཅེས་པ་དབྱངས་དང་པོའོ། །ཅི་ལྟར་ཨ་ཡིག་སྡོམ་པ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཕྱི་རོལ་
གསལ་བར་ཉམས་སུ་མྱོང་བ་དེ་ལྟར་ནང་ཡང་སྟེ། ཀུན་རྫོབ་པ་དེ་ཡང་ཡོད་དོ་ཞེས་པའི་དོན་ཏོ། །ཕྱི་རོལ་དང་ནང་གི་ཀུན་རྫོབ་ཨ་ཡིག་ལ་ཅི་ཞིག་ཡིན་ཞེ་ན་གསུངས་པ། བོ་ལ་ཞེས་པ་ལ་སོགས་པའོ། །གང་པོ་ལ་ལས་སྐྱེས་པའི་བདེ་བ་ཕྱག་རྒྱ་ཆེན་པོ་ཁོ་ན་ཨ་ཡིག་གི་
ངོ་བོ་ཅན་ནི་དེའི་ཞེས་པའི་དོན་ཏོ། །འོ་ན་བདེ་བ་ཆེན་པོ་འདི་ཤེས་རབ་འབའ་ཞིག་གིས་འགྱུར་བ་མ་ཡིན་ནོ་ཞེ་ན། གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་རྣམས་ཀྱི་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་མཆེད་གནས་བདེ་བ་ཆེན་པོའི་འཁོར་ལོར་གནས་
པའི་ཧཾ་ཡིག་དང་རི་བོང་ཅན་རྡོ་རྗེ་འཛིན་པའི་ངོ་བོ་དེ་ནི་འདིར་ཐབས་སོ། །དེ་ནི་འདི་ལ་བརྟེན་ནས་ཡང་དག་པར་སྦྱོར་རོ་ཞེས་པས་བདེ་བ་ཆེན་པོའི་ངོ་བོ་ཕྱག་རྒྱ་ཆེན་པོར་བརྗོད་དོ། །གསང་བདག་གི་སྟེ་ཨ་དང་ཧཾ་ཡིག་དག་གི་སྙོམས་པར་ཞུགས་པ་སྟེ། རོ་མཉམ་པར་གྱུར་
པས་སོ། །ཕྱི་རོལ་གཉིས་སྤྲོད་ནི་ལས་ཀྱི་ཕྱག་རྒྱའི་སྙོམས་པར་འཇུག་པའི་ངོ་བོ་སྟེ། དེས་བསྟན་པ་ནི་དཔེར་བྱས་པའོ། །དེའི་འདི་སྡོམ་པའོ། །དེ་ལྟར་ཤེས་རབ་དང་ཐབས་དག་གི་སྡོམ་པ་གསུངས་ནས། སྐུ་གསུམ་གྱི་སྡོམ་པ་གསུངས་པ། སྐུ་གསུམ་ཞེས་པ་
ལ་སོགས་པའོ། །གལ་ཏེ་སྐུ་གསུམ་འཁོར་ལོའི་གཟུགས་ཀྱིས་སྡོམ་པ་ཡིན་ན། འོ་ན་འཁོར་ལོ་བཞི་པ་ཅིའི་ངོ་བོར་འགྱུར་ཞེ་ན་གསུངས་པ་སྐུ་གསུམ་ཡོངས་སུ་ཤེས་པའི་ངོ་བོ་བདེ་བ་ཆེན་པོའི་འཁོར་ལོ་སྐུ་གསུམ་སྡུད་པའི་རྣམ་པ་ཅན་བཞི་པ་འདི་ནི་འདིར་ལྷན་

ཅིག་སྐྱེས་པའི་སྐུའོ་ཞེས་པའི་བར་རོ། །འཁོར་ལོ་རྣམས་ཀྱི་མིང་རྣམས་གསུངས་པ་ཆོས་ཞེས་པ་ལ་སོགས་པའོ། །ཇི་ལྟར་རིགས་པར་འདི་རྣམས་ཀྱི་གནས་གསུངས་པ། སྐྱེ་གནས་ཞེས་པ་ལ་སོགས་པ་སྟེ། སོ་སོར་དང་ཚོགས་པ་ཡང་ངོ་། །སྐྱེ་
གནས་ནི་འདིར་བུད་མེད་དང་སྐྱེས་པ་དག་གི་ལྟེ་བའི་འོག་གི་གནས་སོ། །གསུམ་ནི་བཞི་པ་དང་ལྷན་ཅིག་གོ་ཞེས་པ་ལྷག་མའོ། །དེ་ལྟ་ན་ཡང་ཅི་ཞིག་ཏུ་ཅི་ཞིག་སྡོམ་པ་མི་ཤེས་སོ་ཞེ་ན་གསུངས་པ། མ་ལུས་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་བརྗོད་ཅེས་པ་རབ་ཏུ་
གྲགས་པའོ། །སྐྱེ་གནས་ཀྱི་འཁོར་ལོར་སྤྲུལ་པའི་སྐུའོ་ཞེས་པའི་དོན་ཏོ། །འོ་ན་ཇི་ལྟར་དཔག་ཏུ་མེད་པའི་སེམས་ཅན་གྱི་རྒྱུན་སྐྱེ་གནས་སུ་སྐྱེ་བ་དེ་ལྟར་ཅི་སྤྲུལ་པ་ཡང་ཡིན་ནམ་ཞེ་ན་གསུངས་པ། སྤྲུལ་པ་ཞེས་པ་ལ་སོགས་པའོ། །སྤྲུལ་པ་ཡང་དཔག་ཏུ་
མེད་པའི་སེམས་ཅན་གྱི་དོན་བྱེད་པ་སྟེ། གང་གི་ཕྱིར་དཔག་ཏུ་མེད་པ་བརྒྱུད་པའི་ངོ་བོར་བརྟན་པ་སྟེ་གནས་པ་ཡིན་པ་དེའི་ཕྱིར་དེ་ཡང་འདིར་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །སྐྱེ་བ་ཡོངས་སུ་དག་པ་ཁོ་ན་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ། །ཅི་ལྟར་སྐྱེ་
གནས་བརྟན་པ་ཡིན་ཞེ་ན། ཟུར་གསུམ་ཉིད་ཀྱིས་ན་ས་གཞི་དང་ཆོས་མཐུན་པའི་ཕྱིར་རོ། །གང་གི་ཕྱིར་ཡང་སྐྱེ་གནས་ཀྱི་འཁོར་ལོར་སྤྲུལ་པའི་སྐུར་འགྱུར་བ་དེའི་ཕྱིར་དེ་ཁོ་ན་སྤྲུལ་པའི་སྐུའི་ངོ་བོར་སྡོམ་པའོ། །སྤྲུལ་པའི་སྒྲུབ་པར་བྱེད་པ་ཉིད་ཀྱིས་ཉེ་བའི་ཕྱིར་
སྐྱེ་གནས་ཀྱིས་ནི་སྤྲུལ་པའི་སྐུའི་སངས་རྒྱས་བསྐྱེད་ཅིང་། སྐྱེ་གནས་ལས་སྐྱེས་པ་ཡང་སེམས་ཅན་རྣམས་སོ། །ཆོས་ཤེས་པ་རང་བཞིན་མེད་པ་ཉིད་སེམས་ཀྱི་རང་བཞིན་ངོ་བོ་སེམས་ལས་ཐ་མི་དད་པའོ། །དེའི་ཕྱིར་སེམས་ཀྱང་ཆོས་སོ། །དེའི་ཕྱིར་ཆོས་ཉིད་ཀྱི་
སྐུའམ། ཆོས་སེམས་ཀྱི་ཁྱད་པར་རྣམས་ཀྱི་སྐུ་ཆོས་ཀྱི་སྐུ་ནི་སྙིང་གར་འགྱུར་རོ་ཞེས་པ། ཆོས་ཀྱི་འཁོར་ལོ་སྙིང་གར་འགྱུར་ཏེ་སེམས་ནི་གཙོ་བོར་སྙིང་ག་ཁོ་ནར་གནས་པའི་ཕྱིར་རོ། །ཅི་ལྟར་ན་སེམས་ཀྱི་རང་གི་ངོ་བོ་ཆོས་ཡིན་ཞེ་ན་གསུངས་པ། ཐམས་ཅད་

ཅེས་པ་ལ་སོགས་པ་སྟེ། ཕུང་པོ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་བརྟན་པ་ཉིད་དེ་གཅིག་དང་དུ་མ་ཉིད་དང་བྲལ་བ་ལ་སོགས་པའི་ཚད་མས་ངེས་པ་ཉིད་དོ། །དེའི་ཕྱིར་གང་ཅུང་ཟད་ཡོད་པའི་རང་བཞིན་ཡོད་བཞིན་པའི་དངོས་པོ་སྐྱེས་པ་དེ་ཐམས་ཅད་ནི་ཆོས་
ཁོ་ན་ཡིན་ཞིང་རང་བཞིན་མེད་པ་ཉིད་དང་ཐ་མི་དད་པ་ཁོ་ན་སྟེ། སེམས་ཀྱང་དེ་ལྟར་ཆོས་ཐམས་ཅད་ཀྱི་ནང་དུ་གཏོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདིའི་དེ་མ་ཐག་ཏུ། ཆོས་རྣམས་ཀུན་ལ་བརྟན་ཉིད་ཕྱིར། །ཐམས་ཅད་ཡོད་པའི་རང་བཞིན་ཅན། །ཞེས་
ཤེས་པར་བྱ་སྟེ། པོ་ཏིའི་མཁས་པ་གསལ་བའི་དོན་དུ་བར་དུ་ཆོད་པས་གསུངས་པའམ། གླེགས་བམ་ཁ་ཅིག་ཏུ་འདི་ལྷུང་བ་ནི་དགོངས་པར་དཀའ་བའི་བྱ་རོག་གི་རྐང་པ་ཅན་ཉིད་ཀྱི་ཕྱིར་རོ། །རོའི་ངོ་བོ་ཅན་རྣམས་ཀྱི་ཞེས་པ་རོ་དྲུག་གི་ངོ་བོ་ཅན་རྣམས་ཀྱིའོ། །ལོངས་
སྤྱོད་པ་ནི་ཉེ་བར་སྤྱོད་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་མགྲིན་པར་རོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་གསུང་རྡོ་རྗེ་ནི་སྟོན་པར་བྱེད་པ་གཙོ་བོས་ལོངས་སྤྱོད་རྫོགས་པར་གསུངས་ཤིང་། རོ་ཉེ་བར་ལོངས་སྤྱོད་པ་གཙོ་
བོ་མ་ཡིན་པར་བྱས་སོ། །འདིར་ནི་བཟློག་པ་ཉིད་ཀྱིས་སོ། །དེ་ལྟར་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ས་བཅུ་བརྙེས་པ་རྣམས་ལ་ཟབ་མོའི་ཆོས་བསྟན་པས་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་ཡན་ལག་ཉིད་ཀྱིས་ནི། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་
ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནར་བརྗོད་ཅིང་། འདིར་ནི་འདི་ཆོས་ཀྱི་སྐུའི་དབང་གིས་གདུལ་བྱའི་ངོར་བདེ་མཆོག་དང་འདུས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་དེ་ལྟ་དེ་ལྟར་སྤྲུལ་པས་སོ་སོར་སྣང་བའི་ཕྱིར་སྤྲུལ་པའི་སྐུ་ཡང་ངོ་། །གང་སྤྲུལ་པའི་སངས་རྒྱས་སྤྲུལ་
པའི་སྐུར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གསུངས་པ་དེ་ནི། འདིར་ཡང་དེ་དང་འདྲ་བ་ཁོ་ན་སྟེ། སྤྲུལ་པའི་སྤྲུལ་པ་བཞིན་ཡང་ངོ་། །ཆོས་ཀྱི་སྐུས་སྤྲུལ་པ་ཉིད་ཡིན་ན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཐ་དད་པ་ཉིད་དེ། ཆོས་ལ་རྫོགས་པར་

ལོངས་སྤྱོད་པ་ཁོ་ན་ལས་སོ། །འདིར་ནི་ངག་གི་ངོ་བོ་ཉིད་ཀྱིས་ཀྱང་སྟེ། རོ་ལ་ལོངས་སྤྱོད་པ་ལས་ཀྱང་ངོ་། །སྤྱི་བོར་གནས་ཞེས་པ་སྤྱི་བོ་ཁོ་ན་ཟླ་བའི་གནས་ཉིད་ཀྱི་ཕྱིར། བདེ་བ་ཆེན་པོ་ནི་གཙོ་ཆེར་གཙོ་བོའི་གནས་ཁོ་ནར་གནས་སོ་ཞེས་པའི་དོན་
ཏོ། །འབྲས་བུ་རྣམས་ཀྱང་འདིར་འཁོར་ལོ་བཞིར་སྡོམ་པ་གསུངས་པ། ཨེ་བཾ་ཞེས་པ་ལ་སོགས་པའོ། །ཨེ་བཾ་ཡི་གེ་ནི་སྤྲུལ་པའི་འཁོར་ལོ་སྟེ། ཤེས་རབ་དང་ཐབས་རོ་གཅིག་པ་དག་གི་རྟེན་ཉིད་ཀྱི་ཕྱིར་རོ། །རྒྱུ་མཐུན་པ་ལ་སོགས་པ་འདི་ཡང་ཅི་ཞེ་ན་གསུངས་པ།
འབྲས་བུ་ཞེས་པ་ལ་སོགས་པའོ། །བྱེ་བྲག་ལས་ཏེ་ཁྱད་པར་ལས་སོ། །རྒྱུ་མཐུན་པའི་འབྲས་བུ་ཞེས་པ་ལ་སོགས་པའོ་ཞེས་པའི་དོན་ཏོ། །དེ་ལ་གང་ཇི་ལྟར་བྱས་པ་དེ་དེ་ལྟར་ཉེ་བར་ལོངས་སྤྱོད་པ་དེ་རྒྱུ་མཐུན་པའི་འབྲས་བུ་སྟེ། འདྲ་བར་འབྱུང་བ་ནི་རྒྱུ་མཐུན་
པའོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་པ་ནི་མཚན་ཉིད་དོ། །ཁྱད་པར་དུ་སྨིན་ཅིང་སྨིན་པ་ནི་རྣམ་པར་སྨིན་པ་དང་དེ་ཁོ་ན་འབྲས་བུ་སྟེ། འདྲ་བ་ལས་ལྷག་པ་སྟེ་ལས་ཆུང་ངུ་ལ་ཡང་ངོ་། །གང་སྐྱེས་བུ་སྟེ་སྐྱེས་བུའི་བྱེད་པས་ཉེ་བར་བསྒྲུབ་པ་དེ་སྐྱེས་བུ་བྱེད་པའི་
འབྲས་བུའོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྣལ་འབྱོར་རྣམ་པར་དག་པ་ལས་སྒྲིབ་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་དྲི་མ་དང་བྲལ་བ་ལས་དྲི་མ་མེད་པའི་འབྲས་བུར་འགྱུར་རོ། །དེ་ཅི་འབྲས་བུ་འདི་གཉིས་ལས་ལ་མི་ལྟོས་པ་ཁོ་ན་ཡིན་ནམ་ཞེ་ན། དེ་ལྟར་མ་
ཡིན་ཏེ་སྔ་མའི་འབྲས་བུ་གཉིས་ལ་སྐྱེས་བུའི་བྱེད་པ་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་ལས་འབྲས་བུ་ཁོ་ནའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ལ་ནི་ལས་གཙོ་བོ་མིན་པའོ། །དྲི་མ་མེད་པའི་འབྲས་བུ་ནི་ལས་དང་སྐྱེས་བུའི་བྱེད་པ་གཉིས་ཀ་དག་མཚུངས་པའོ། །འོ་ན་དྲི་མ་
མེད་པའི་འབྲས་བུ་འདི་འཇིག་རྟེན་ལ་མེད་ཅིང་། འཇིག་རྟེན་ལ་མེད་པ་ཡང་ཅི་ལྟར་འཇིག་རྟེན་ལས་འདས་པ་ལ་འགྱུར་ཏེ། ས་བོན་མེད་པའི་ཕྱིར་རོ་ཞེ་ན། འདི་ལྟར་མ་ཡིན་ཏེ། འཇིག་རྟེན་ལ་ཡང་ཇི་ལྟར་རིགས་པར་ལུས་དང་ངག་དང་ཡིད་དྲི་མ་མེད་པར་

བྱེད་པ་ངེས་པར་ཡོད་པའི་ཕྱིར་རོ། །གང་། དྲི་མེད་རྣལ་འབྱོར་དག་པ་ལས། །ཞེས་བརྟག་པ་གཉིས་པར་གསུངས་པ་དེ་ནི་མཐར་ཐུག་པའི་དབང་དུ་བྱས་ནས་སོ། །དེ་ནས་འབྲས་བུ་བཞི་པོ་འདི་ཡང་འཁོར་ལོ་བཞི་ལ་རིམ་པས་རྣམ་པར་དག་པར་འགྱུར་རོ་ཞེས་
པས་དེ་ལ་སྡོམ་པར་བརྗོད་དོ། །ཅི་ཞིག་གིས་འབྲས་བུ་འདི་ཉེ་བར་སྤྱོད་ཅེ་ན་གསུངས་པ། ལས་ཞེས་པ་ལ་སོགས་པའོ། །འབྲས་བུ་རྣམས་ལས་ཀྱིས་བྱས་པ་ཉིད་ཀྱི་ཕྱིར། དེ་རྣམས་ཉེ་བར་སྤྱད་པ་ན་ལས་ཁོ་ན་ཉེ་བར་སྤྱད་པར་འགྱུར་རོ་ཞེས་པས་ལས་ལ་སྤྱོད་ཅེས་
གསུངས་སོ། །བདག་མེད་པའི་ཕྱིར་ཤེས་རབ་ཅེས་གསུངས་སོ། །ཅི་ལྟར་ལས་ལ་སྤྱོད་པ་ཤེས་རབ་ཏུ་འགྱུར་ཞེ་ན་གསུངས་པ། ལས་ཞེས་པ་ལ་སོགས་པའོ། །དབང་ཕྱུག་ལ་སོགས་པས་བསྐུལ་བ་ནི་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་
མངོན་པར་དགོངས་སོ། །ལས་ཁོ་ན་རླུང་འཐོར་བྱེད་དེ། དེས་བསྐུལ་བ་ནི་བསྐྱོད་པར་གྱུར་པའོ། །ལས་ཀྱིས་བསྐྱེད་པ་ཡང་རླུང་ངོ་། །རྣམ་པ་ཐམས་ཅད་དུ་ལས་ཁོ་ན་བསྐུལ་བ་པོ་སྟེ། རླུང་དེ་ཡང་དེས་བྱས་པ་ཉིད་ཀྱི་ཕྱིར་རོ། །ཡང་
ན་མཐོང་བ་དང་མ་མཐོང་བ་དག་དེ་ལྟར་བསྟན་པ་དག་གོ། །དེ་ལྟར་ནི་ལས་ལ་སྤྱོད་ཅེས་པ་འདིས་ནི་མ་མཐོང་བ་སྟེ། ལས་ཀྱི་རླུང་ཞེས་པ་འདིས་ནི་མཐོང་བའོ། །དེ་ལྟར་མཐོང་བ་དང་མ་མཐོང་བ་ཚོགས་པ་ལས་བྱུང་བ་ནི་འབྲས་བུའོ་ཞེས་པའི་གྲུབ་མཐའ་རྗེས་སུ་མཐུན་པར་
འགྱུར་རོ། །ལས་ཀྱི་རླུང་འདི་དེ་ཡང་ལྟེ་བའི་འོག་ཏུ་གནས་ཏེ། དེ་སྐད་དུ་ཡང་སྔར་གསུངས་པ། སུམ་མདོའི་ཕྱོགས་སུ་གནས་པ་ཡི། །ལས་ཀྱིས་བྱས་པ་ལས་ཀྱི་རླུང་། །ཞེས་དང་། ལས་ཀྱི་རླུང་གིས་བསྐྱོད་བྱས་པ། །ལྟེ་བའི་དཀྱིལ་འཁོར་དུ་འབར་རོ། །ཞེས་སོ། །འཁོར་
ལོ་བཞི་པོ་དེ་ཉིད་ལ་སྡེ་པ་རྣམས་སྡོམ་པ་གསུངས་པ། གནས་བརྟན་པ་ཞེས་པ་ལ་སོགས་པའོ། །བརྟན་པ་ཉིད་དང་ལྡན་པའི་ཕྱིར་གནས་བརྟན་པས་དགེ་སློང་གི་ཚོགས་སོ། །དེ་ལ་ནི་རྒྱུན་གྱིས་འཇུག་པས་བརྟན་པར་དངོས་པོ་རྣམས་བརྗོད་པར་བྱའོ། །སྤྲུལ་

པ་ཡང་བརྟན་པ་ཁོ་ན་སྟེ། སྔར་བཤད་པའི་རིགས་པས་སོ་ཞེས་པས་སྤྲུལ་པའི་འཁོར་ལོ་ལ་དེ་སྡོམ་པའོ། །ཐམས་ཅད་ཡོད་དོ་ཞེས་གང་དུ་སྨྲ་བ་དེ་ནི་ཐམས་ཅད་ཡོད་པར་སྨྲ་བ་སྟེ། དེ་ལ་ནི་འདས་པ་དང་མ་འོངས་པའི་དུས་དག་གི་ཆོས་རྣམས་ཀྱང་
ཡང་དག་པར་ཡོད་པའོ་ཞེས་བརྗོད་དོ། །དེ་ཇི་ལྟར་ཆོས་ཀྱི་འཁོར་ལོར་ཡིན་ཞེ་ན། ཆོས་ཞེས་པ་ལ་སོགས་པའོ། །ཆོས་ཏེ་སེམས་ནི་ཐམས་ཅད་ཡོད་ཅེས་པའི་ངག་གི་འབྱུང་བྱེད་དེ་རྒྱུའོ། །འདས་པ་ལ་སོགས་པ་ཉིད་ཀྱིས་གཞག་པ་ཁོ་ན་ཆོས་རྣམས་ཀྱིས་འདི་ལྟར་གྱུར་
པ་སྨྲ་བའོ་ཞེས་དགོངས་པའོ། །ཉམས་སུ་མྱོང་བ་ཡོད་དོ་ཞེས་པས་ཉམས་མྱོང་ཅན་ཏེ་ལུང་ཉིད་ཀྱི་ཕྱིར་རོ། །དེ་ལ་ནི་ཉམས་སུ་མྱོང་བའི་རྟེན་གང་ཟག་བརྗོད་དོ། །དེ་ཇི་ལྟར་ལོངས་སྤྱོད་ཀྱི་འཁོར་ལོར་སྡོམ་ཞེ་ན་གསུངས་པ། མགྲིན་པར་ཞེས་པ་ལ་སོགས་པའོ། །
དགེ་འདུན་ཕལ་ཆེན་པ་ནི་སྡེ་པའི་ཐུ་བོ་སྟེ། དེ་ཇི་ལྟར་བདེ་བ་ཆེན་པོའི་འཁོར་ལོ་ལ་སྡོམ་ཞེ་ན་གསུངས་པ། སྡེ་ཆེན་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་སྤྱི་བོར་གནས་པ་དེའི་ཕྱིར་འདི་བདེ་བ་ཆེན་པོ་ཁོ་ནར་སྡོམ་པའོ། །དེ་ཐུ་བོ་ཉིད་ཀྱིས་ན་མཆོག་གི་གནས་སུ་དབང་དུ་
བྱེད་པའི་ཕྱིར་རོ། །མའི་ལྟོ་བ་གཙུག་ལག་ཁང་ངོ་། །དེའི་སྐྱེ་གནས་ཁོ་ནར་འདོད་ཆགས་དང་བྲལ་བ་སྟེ། སྐྱེ་བ་ལེན་པའི་དུས་སུ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཐོབ་པས་སོ། །མངལ་གྱི་ཕྲུ་མ་འབར་ཏེ་རབ་ཏུ་འབར་བའི་དྲི་མ་ཅན་ནི་ཆོས་གོས་སོ། །སྤྱི་
བོར་ཐལ་མོ་སྦྱར་བ་ནི་སྤྱི་བོར་ཐལ་མོ་སྦྱར་བ་སྟེ། དེ་ལྟ་ཁོ་ནར་མངལ་དུ་གནས་པའི་ཕྱིར་དང་ཕྱིར་འབྱུང་བའི་ཕྱིར་རོ། །འགྲོ་བའི་བྱ་བ་ཞེས་པ་འགྲོ་བའི་དོན་ལྷུར་ལེན་པ་ཁོ་ན་དེར་གནས་པའི་ཕྱིར་རོ། །དེ་བཞིན་ཞེས་པ། དེ་ལྟ་ཨ་ཧཾ་ཞེས་པ་སྔགས་ཀྱི་བཟླས་པ་སྟེ།
ཇི་ལྟར་ཨ་ཡིག་དང་ཧཾ་ཡིག་ལྟེ་བ་དང་མགོ་བོ་དག་ལ་ལྟར་རོ་ཞེས་པ་ལྷག་མའོ། །སྣ་བུག་དག་གིས་དབུགས་ཕྱིར་འབྱུང་བ་ཡང་སྐྱེ་གནས་ལས་ཕྱི་རོལ་དུ་བྱུང་བ་ཁོ་ན་ཡི་སྟེ་མངལ་དུ་ནི་མ་ཡིན་ནོ་ཞེས་གསུང་ངོ་། །སྔགས་ནི་འདི་གཉིས་ཁོ་ན་སྟེ། ངག་གི་

བཟླས་པ་དང་རྡོ་རྗེ་བཟླས་པའི་མཚན་ཉིད་ཅན་ནོ། །གཅེར་བུ་ནི་འདོམ་དཀྲིས་མེད་པའོ། །འོ་ན་དེ་ལྟ་བུ་ཡིན་ན་ཡང་ཇི་ལྟར་སེམས་ཅན་རྣམས་སངས་རྒྱས་ཡིན་ཏེ། ས་རྣམས་མ་ཐོབ་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གསུངས་པ། ས་རྣམས་ཞེས་པའོ། །ས་བཅུ་ཡོངས་སུ་དག་
པས་ནི་ཟླ་བ་བཅུ་རྣམས་ས་བཅུ་རྣམས་སོ་ཞེས་གསུངས་སོ། །བདེ་བའི་ས་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་ཟླ་བ་རྣམས་ཡོངས་སུ་དག་པའི་ཕྱིར་འདི་བརྗོད་པར་བྱའི། ཇི་ལྟར་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟར་དེའི་ས་ཐོབ་པ་ནི་མ་ཡིན་ནོ། །ཡན་ལག་དང་ཉེ་བའི་ཡན་
ལག་ཏུ་བཅས་པའི་འཁོར་ལོ་བཞི་ཡོངས་སུ་རྫོགས་པས་ནི་སངས་རྒྱས་ཉིད་དེ། དེ་ཡང་དཔག་ཏུ་མེད་པའི་ཟླ་བ་རྣམས་ཁོ་ནས་སོ། །སྤྲོས་པ་ནི་མན་ངག་ཇི་ལྟ་བར་རྟོགས་པར་བྱའོ། །ས་བཅུའི་དབང་ཕྱུག་ཅེས་པ་སྐྱེ་བའི་དུས་སུའོ། །དེ་ལས་གོང་དུ་བརྟན་པ་དང་གཡོ་བ་
རྟོགས་པའི་ཕྱིར་སངས་རྒྱས་རྣམས་སོ་ཞེས་པ་དགོངས་པའོ། །གལ་ཏེ་དེ་ལྟ་ན་སྔོན་པོ་དང་སེར་པོ་ལ་སོགས་པ་སྣ་ཚོགས་པའི་རྣམ་པ་བུད་མེད་དང་སྐྱེས་པའི་བདག་ཉིད་སྙོམས་པར་འཇུག་པའི་ལྷའི་ངོ་བོ་དགའ་བ་ལ་སོགས་པའི་དབྱེ་བས་ཐ་དད་པ་སྐྱེ་བ་དང་འཆི་བ་དང་སྐྱེ་བ་དང་འགོག་པའི་ངོ་བོའི་
སྤྲོ་བ་དང་སྡུད་པའི་བྱེད་པ་པོ་རྡོ་རྗེ་སེམས་དཔའི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཅན་མྱ་ངན་ལས་འདས་པའི་རང་བཞིན་རྫོགས་པའི་རིམ་པའི་རྣལ་འབྱོར་གྱི་ངོ་བོ་ནི་སྒོམ་པ་མེད་པར་ཡང་ཡོད་པ་ཁོ་ན་སྟེ། འདི་ལས་ཕ་རོལ་བསྒྲུབ་
པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེས་ན་རྫོགས་པའི་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པས་ཅི་བྱ་ན། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་ཅི་སྨོས་ཏེ། དེ་སྐད་དུ་ཡང་བརྟག་པ་གཉིས་པར་གསུངས་པ། རྫོགས་པའི་རིམ་པའི་རྣལ་འབྱོར་
འདི། །བདེ་བ་དམ་པ་བདེ་ཆེན་འདོད། །རྫོགས་པ་སྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་དགོས་པ་ཅི། །ཞེས་དང་། དགོངས་པ་བླ་ན་མེད་པར་ཡང་། །ཨཱཿགོམས་སྦྱོར་བས་ཅི་བྱ་སྟེ། །གདོད་ནས་གྲུབ་པའི་རང་བཞིན་ཅན། །རང་བཞིན་ཁོ་ནས་དེ་གྲུབ་ན། །དེ་བཞིན་

ཉིད་ནི་རྟོག་སྐྱེས་མིན། །ཞེས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ། གང་ཕྱིར་ཐ་མལ་པའི་གནས་སྐབས་ན། དེ་བཞིན་ཉིད་ཡོད་ཀྱང་རྟོགས་པ་ཡོད་པ་མ་ཡིན་པས་སོ། །བདེ་བ་ཆེན་པོ་ནི་རྟག་ཏུ་རྒྱས་པ་མེད་པ་ཁོ་ནའོ་ཞེས་སྔར་དཔྱད་ཟིན་ཏོ། །གཞན་ཡང་བདེ་བ་
རང་རིག་པའི་ངོ་བོ་ནི་གལ་ཏེ་ཡོད་ན་རྟག་ཏུ་རྟོགས་ཏེ། མ་རྟོགས་པའི་སྣང་རུང་ནི་མེད་པ་ཁོ་ནའོ། །ཡང་རེས་འགའ་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ལུས་ལས་བྱུང་བ་ནི་དཔེ་ཉིད་ཀྱིས། བསྒྲུབ་པར་བྱ་བའི་བདེ་བའི་རྟོགས་པ་སྒྲུབ་པར་བྱེད་པར་འགྱུར་གྱི། ཁྱད་པར་བྱེད་
པ་ནི་མ་ཡིན་ཏེ། དེ་མེད་ཀྱང་ལུས་ལ་སོགས་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །བསྒྲུབ་པར་བྱ་བའི་བདེ་བ་སྒྲུབ་པར་གྱུར་པ་ནི་ཡོངས་སུ་དག་པའི་གནས་སྐབས་སུ། མཚན་དང་དཔེ་བྱད་འབར་བའི་ལུས་ལས་བྱུང་བ་མི་འགྱུར་བ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་རྟོགས་སོ། །
དེའི་ཚེ་ན་ཇི་ལྟར་ལུས་མེད་པར་བདེ་བ་མེད་པ་དེ་ལྟར་ལུས་ཀྱང་བདེ་བ་མེད་ན་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་བདེ་བས་ཁྱབ་པར་འགྲོ་བ་སྣང་ངོ་། །དེ་སྐད་དུ་ཡང་བརྟག་པ་གཉིས་པར་གསུངས་པ། ལུས་དངོས་མེད་ན་ག་ལ་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་
བྱ་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པའོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བ་འདི་འགྲུབ་པའི་ཆེད་དུ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་མྱོས་པ་ཇི་ལྟ་བའམ་རིམ་པ་ཇི་ལྟ་བར་ལྷ་བསྒོམ་པ་ངེས་
པར་བསྒྲུབ་པར་བྱའོ་ཞེས་རྟོགས་པར་བྱ་བའི་དོན་དུ་གསུངས་པ། བཙུན་མོ་ཞེས་པ་ལ་སོགས་པའོ། །བཙུན་མོ་ནི་ཤེས་རབ་མ་སྟེ། དེའི་བྷ་ག་རུ། ཁུ་བའི་མིང་གིས་ཞེས་པ་བྱང་ཆུབ་སེམས་ཀྱི་རྣམ་པ་ཁོ་ནའི་སེམས་ནི་དེ་ལྟར་རབ་ཏུ་གསལ་བའི་ཕྱིར་རོ། །གང་ཡང་དེ་ལྟར་གྱུར་པ་
ནི་བསྒྲུབ་པར་བྱ་བའོ། །དེ་ནི་ཁུ་བའི་མིང་ཅན་ཏེ། །བདེ་བ་ཁོ་ན་བདེ་ཉིད་དོ། །བདེ་སྟེ་ཁུ་བའི་མིང་ཅན་ནོ། །ཕན་ཚུན་ལྟོས་པ་དང་བཅས་པ་འདི་ནི་རེ་རེ་ལ་ནུས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡང་ཁུ་བ་དང་ལུས་དག་གིས་ཁྱབ་པ་སྟེ། དེའི་ཁྱབ་པར་བྱེད་པ་བདེ་བ་

ཆེན་པོ་ཡང་ལྷའི་རྣལ་འབྱོར་ལས་སྐྱེའོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་བདེ་བ་དོན་དུ་གཉེར་བས་འདི་ལྟ་བུ་ཁོ་ནའི་དོན་རིམ་པ་དག་གིས། ལྷའི་རྣལ་འབྱོར་ལ་གདོན་མི་ཟ་བར་བསྒོམ་པར་བྱའོ་ཞེས་མངོན་པར་དགོངས་པའོ། །དེ་ཡང་བདེ་བ་ཆེན་པོ་དང་རོ་གཅིག་
པའི་ལྷའི་རྣལ་འབྱོར་བསྒོམ་པར་བྱ་བཞིན་པ་སྟོང་པ་ཉིད་ཀྱི་རང་བཞིན་ཁོ་ན་བསྒོམ་པར་བྱའོ། །རྒྱུ་དང་འདྲ་བའི་འབྲས་བུའི་རྒྱུད་ནི་རྒྱུའི་རྒྱུད་བསྒོམ་པ་མེད་པར་འགྲུབ་པ་མ་ཡིན་ནོ། །རྒྱུའི་རྒྱུད་ཀྱང་རང་བཞིན་མེད་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སངས་
རྒྱས་ནི་སྒྲིབ་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འབྲས་བུའི་རྒྱུད་ཀྱི་ངོ་བོ་ནི་དངོས་པོ་མིན་ཏེ། སྒྱུ་མ་བཞིན་དུ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་འོ་ན་དངོས་པོ་མེད་པའི་རང་བཞིན་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་པ་ཁོ་ན་སྟེ། བདེ་བ་སངས་
རྒྱས་དེ་ནི་ཕྱག་ཞབས་རྣམ་པའི་གཟུགས་དང་ལྡན་པ་ཡང་ངོ་། །འོ་ན་དངོས་པོ་མིན་ཞེས་ཅི་ལས་གསུངས་ཤེ་ན། གསུངས་པ། གཟུགས་མེད་ཅེས་པ་རང་བཞིན་མེད་པ་སྟེ། གཟུགས་དང་རང་གི་ངོ་བོ་དང་རང་བཞིན་ཞེས་པ་རྣམ་གྲངས་སོ། །མཆོག་གི་བདེ་བ་ལས།
མཆོག་ནི་བླ་ན་མེད་པ་སྟེ་སྒྲིབ་པ་སྤངས་པའི་བདེ་བའོ། །སྒྲིབ་པ་སྤངས་པ་ཡང་སྟོང་པ་ཉིད་རྟོགས་པ་མེད་པར་མ་ཡིན་ནོ། །དེ་ལྟར་གང་གི་ཕྱིར་འབྲས་བུ་དངོས་པོ་མ་ཡིན་ཞིང་དངོས་མེད་ཀྱང་མ་ཡིན་པ། དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་པ་ལྷན་ཅིག་སྐྱེས་པ་སངས་རྒྱས་
ཉིད་དང་སྟེ་གཉུག་མའི་དེ་བཞིན་ཉིད་དང་སྦྱོར་བའི་ཕྱིར་ལྷན་ཅིག་སྐྱེས་པའོ། །འགྲོ་ཀུན་ཞེས་པ་སེམས་ཅན་རྣམས་སོ། །སངས་རྒྱས་ཉིད་ལྷན་ཅིག་སྐྱེས་པའོ་ཞེས་པའི་དོན་ཅི་ཞེ་ན། གསུངས་པ་ལྷན་ཅིག་སྐྱེས་པ་ཞེས་པ་ལ་སོགས་པ་སྟེ། རང་གི་ངོ་བོ་ནི་རང་བཞིན་
ཏེ། རང་བཞིན་གྱི་རྣམ་གྲངས་ལྷན་ཅིག་སྐྱེས་པའི་སྒྲའོ་ཞེས་པ་དགོངས་པའོ། །སངས་རྒྱས་ཉིད་ཀྱང་གཙོ་ཆེར་ཆོས་ཀྱི་སྐུ་སྟེ། དེའི་དབང་དུ་བྱས་ནས་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ། །གལ་ཏེ་རང་གི་ངོ་བོ་ཁོ་ན་མྱ་ངན་ལས་འདས་པ་ཡིན་ན། རང་གི་

ངོ་བོ་དེ་འདྲ་བ་ཐམས་ཅད་ལ་ཡོད་པ་ཁོ་ནའོ་ཞེས་པས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་ཟིན་པ་ཐོབ་པར་འགྱུར་རོ་ཞེ་ན་གསུངས་པ། རྣམ་དག་རྣམ་པ་ཅན་སེམས་ཀྱིས། །ཞེས་པ་སྟེ། གློ་བུར་བའི་དྲི་མ་དང་བྲལ་བའི་ཕྱིར་རྣམ་དག་ཅན་རྣམ་པ་ཅན་
ཏེ། །གང་སེམས་དེས་རྟོགས་པར་གྱུར་པ་ཞེས་གོ་བར་བྱའོ། །དེ་ལྟར་ལྷའི་རྣལ་འབྱོར་ལས་འདི་འདྲ་བའི་རྫོགས་པའི་ངོ་བོའི་རང་བཞིན་མངོན་སུམ་དུ་བྱའོ་ཞེས་གསུངས་སོ། །དེ་ལ་འདིར་འགྱུར་མོད། དེ་ལྟར་ན་ལྷའི་གཟུགས་ལྷན་ཅིག་སྐྱེས་པར་མི་འགྱུར་རོ་ཞེ་ན་
གསུངས་པ། ལྷ་ཞེས་པ་ལ་སོགས་པའོ། །སྐྱེས་པ་ཙམ་ལ་ནི་ལུས་ཅན་ལའོ། །ཅི་ལས་ཤེ་ན་གསུངས་པ། ཕྱག་ཅེས་པ་ལ་སོགས་པའོ། །གལ་ཏེ་དེ་ལྟར་ན་འོ་ན་རྫོགས་པའི་རིམ་པས་སམ་བསྐྱེད་པའི་རིམ་པས་ལྷ་བསྒོམ་པས་ཆོག་གོ་ཞེས་གསུངས་པ། འོན་ཀྱང་ཐ་མལ་
བག་ཆགས་སོ། །ཞེས་པ་སྟེ། ཐ་མལ་པའི་ལུས་ཀྱི་རྒྱུའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐ་མལ་རྣམ་རྟོག་འཇུག་ལས་གཞན། །སྲིད་པའི་སྡུག་བསྔལ་ཅི་ཡང་མེད། །དེ་དང་འགལ་བ་འདི་ཡང་ནི། །སེམས་སུ་དངོས་སུ་རྟོགས་པར་བྱ། །ཞེས་སོ། །དེ་
ལྟར་རྩོད་པ་སྤངས་ནས། །སྐབས་ཁོ་ནའི་རྫོགས་པའི་རིམ་པ་མཇུག་སྡུད་པ་གསུངས་པ་ཞེས་པ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་རྣམས་ཀུན་ལས་བླ་ན་མེད་པ་སྟེ་ལྷག་མ་མེད་པ་རྫོགས་པའི་རིམ་པའི་རང་གི་ངོ་བོ། གང་དུ་སེམས་ཅན་རྣམས་ཀྱང་སངས་རྒྱས་རྣམས་
སོ་ཞེས་གསུངས་པའོ། །གལ་ཏེ་སེམས་ཅན་རྣམས་སངས་རྒྱས་ཡིན་ན། འོ་ན་སངས་རྒྱས་མིན་པ་སུ་རྣམས་ཡིན་ཞེས་རྟོགས་ནས། བཅོམ་ལྡན་འདས་ཀྱི་གསུང་ཡང་དོན་གཞན་མེད་པ་ཅན་དུ་ཤེས་པའི་རྣལ་འབྱོར་མ་རྣམས་གནས་སྐབས་གསུམ་ཐོབ་པར་གྱུར་
ཏོ་ཞེས་སྟོན་པ། དེ་ནས་ཞེས་པ་ལ་སོགས་པས་སོ། །ཐམས་ཅད་དུ་མི་ཤེས་པ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་ཞེས་པ་ལ། ཐམས་ཅད་དེ་དགོངས་པ་ལ་སོགས་པ་ལ་མི་ཤེས་པ་ནི་ཀུན་དུ་རྨོངས་པའོ། །དེ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་ལྟར་དབྱེར་མེད་ཅིང་གནོད་པར་བྱར་མེད་པ་གང་

དུ་ཡིན་པ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་གསུངས་པ། སེམས་ཅན་རྣམས་སངས་རྒྱས་ཁོ་ན་ཞེས་པའོ། །དེ་ལྟར་ནི་དེ་བཞིན་ཉིད་ཁོ་ན་རང་ཉིད་རྣམ་པར་དག་པ་སངས་རྒྱས་ཏེ། དེ་ཡང་རང་བཞིན་ཁོ་ནས་རྣམ་པར་དག་པའོ། །ཅིའི་ཕྱིར་
འདི་ལྟར་མི་ཤེས་ཤེ་ན། གསུངས་པ། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། དྲི་མ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་། དྲི་མ་དེ་བག་ཆགས་དང་བཅས་པ་སྤངས་པ་ལས་སངས་རྒྱས་རྟོགས་པར་བྱའོ། །འདི་ནི་དེ་བཞིན་ནོ་ཞེས་པ། ངས་རྟོགས་པར་བྱས་པའི་དོན་འདི་ནི་བདེན་
པ་སྟེ། འདི་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་བསྐྱེད་པར་བྱ་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཞེས་པ་བཅོམ་ལྡན་འདས་རྣམས་ཏེ་ཡང་དག་པའི་ཡེ་ཤེས་དང་ལྡན་པ་རྣམས་ཞེས་མི་བསྐྱོད་པ་ལ་སོགས་པ་རྣམས་བོད་པའོ། །རིགས་ཀྱི་བུ་ཁྱོད་ལ་འདི་རྣམས་བཤད་པར་བྱའོ། །གལ་ཏེ་དྲི་མ་རྣམས་ཀྱིས་
བསྒྲིབས་པ་ནི་དེ་རྣམས་ཀྱིས་བསྒྲིབས་པ་ཁོ་ན་སྟེ་འདི་རྣམས་ལ་བྱང་ཆུབ་ག་ལ་ཞེ་ན། འདི་ལྟར་མ་ཡིན་ཏེ། ལྷ་བསྒོམ་པས་དྲི་མ་འབྱིན་པའི་ཕྱིར་རོ། །གསུངས་པ་ནི། འོན་ཀྱང་ཐ་མལ་བག་ཆགས་སོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་འདི་སྤང་བའི་ཆེད་དུ་དང་རང་གི་བག་ཆགས་ཀྱི་རྟེན་ཡོངས་སུ་གསོ་
བའི་ཆེད་དུ་ལྷ་བསྒོམ་པ་དོན་མེད་པ་མ་ཡིན་ནོ། །འོ་ན་བག་ཆགས་ཁོ་ན་སུན་འབྱིན་ན། ལྷའི་རྣལ་འབྱོར་གྱི་བག་ཆགས་གཞན་བསྐྱེད་པར་བྱ་བ་དེ་ཅི་སྟེ། འདི་ཐ་མལ་དུ་འཛིན་པ་སྤོང་བ་ཡང་བཟོད་པར་དཀའོ་ཞེས་དོགས་པར་བྱས་ནས་དཔེ་མང་པོ་རྣམས་ཀྱིས་འདི་བསྒྲུབ་
པའི་ཆེད་དུ་གསུངས་པ། བརྒྱལ་བ་ཞེས་པ་ལ་སོགས་པའོ། །འཇིག་རྟེན་སེམས་དཔའ་མེད་གང་གིས། །དུས་ཟོས་པས་ན་བརྒྱལ་བར་འགྱུར། །དུག་མེད་པར་བྱེད་པ་ལ་ཡིད་ཀྱི་ལས་ནི་འདིར་སེམས་པའོ། །རྨོངས་སྤངས་ནི་དུག་གི་དེ་ཁོ་ན་ཉིད་ཅེས་པའི་ཕྱིར་རོ། །དུག་
འཕྲོག་པའི་དེ་ཁོ་ན་ཉིད་ལ་མཁས་པ་ནི་དེ་ཉིད་ཤེས་པའི་ཡིད་ཅན་ནོ། །གང་ཞེ་ན་འཇུག་གོ། །དེའི་མཆོག་ཏུ་གཅོད་དེ། མྱ་ངན་ནི་དུག་ཟོས་པའི་གདུང་བ་ལས་སྐྱེས་པའོ། །དུག་ཅེས་པ་ནི་དུག་ཉིད་དོ། །རླུང་གིས་རླུང་ནི་འཇོམས་པར་བྱེད། །ཅེས་པ་སྲན་མཱ་ཤ་ནི་རླུང་བསྐྱེད་དེ།

དེས་ཡུན་རིང་པོར་བསགས་པའི་རླུང་འབྱིན་དུ་འཇུག་པར་བྱེད་བཞིན་པས་འབྱིན་པར་བྱེད་དོ། །དེ་འདི་ནི་བཟློག་པའི་སྨན་ཏེ་ནད་དང་རིགས་མཐུན་པ་ཉིད་ཀྱི་ཕྱིར་རོ། །དཔེར་བྱ་གསུངས་པ། སྲིད་པ་ཞེས་པ་ལ་སོགས་པའོ། །སྲིད་པ་ནི་འཁོར་བ་སྟེ། དེ་དག་
པ་ནི་ཟད་པར་འགྱུར་བའོ། །སྲིད་པ་ཁོ་ནས་ཞེས་པ་འཇིག་རྟེན་པའི་ལམ་ཁོ་ནས་བསྒོམ་པར་བྱ་བཞིན་པ་རྫོགས་པའི་རིམ་པས་སམ་བསྐྱེད་པའི་རིམ་པས་སོ། །དེ་ལྟར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་སྲིད་པ་ནི་འཇིག་རྟེན་པའི་ལམ་སྟེ། དེ་མེད་པར་འཇིག་རྟེན་ལས་
འདས་པ་མཐོང་བའི་ལམ་ལ་སོགས་པ་མེད་ཅིང་། དེ་མེད་པར་སྲིད་པ་ཟད་པ་མེད་དོ། །དེའི་ཕྱིར་བརྒྱུད་པས་སྲིད་པ་ཁོ་ནས་སྲིད་པ་ཟད་པར་འགྱུར་རོ། །རྣམ་རྟོག་ཀྱང་འཁོར་བ་སྐྱེད་པར་བྱེད་པ་ནི་རབ་ཏུ་རྣམ་པར་རྟོག་ལས་དག་པར་འགྱུར་ཏེ་བརྒྱུད་པས་སོ། །དེ་ལྟར་ནི་ཡང་དག་པར་
སོ་སོར་བརྟག་པ་ཡང་རྣམ་པར་རྟོག་པ་ཁོ་ན་སྟེ། དེ་ཉིད་ཀྱིས་ཀྱང་སྒོམ་པའི་སྟོབས་བསྐྱེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་བྱེད་དོ། །དེས་ཀྱང་བསྒོམ་པའི་རྣམ་པར་རྟོག་པའི་མཐར་ཐུག་པའི་རྣམ་པར་རྟོག་པ་བག་ཆགས་དང་བཅས་པ་ཐམས་ཅད་ཟད་པར་བྱེད་དོ། །
དཔེ་གཞན་གྱིས་གསུངས་པ། རྣ་བར་ཞེས་པ་ལ་སོགས་པའོ། །དངོས་པོའི་རྣམ་རྟོག་ནི་ཐ་མལ་པ་ཕུང་པོ་ལྔ་ལ་སོགས་པའི་རྣམ་པར་རྟོག་པའོ། །རྣམ་པ་རྣམས་ཀྱིས་ཞེས་པ། རིམ་པ་དག་གིས་རྟག་པ་དང་རིན་ཆེན་དབང་པོ་ལ་སོགས་པ་ལྷའི་རང་གི་ངོ་བོ་བསྒོམ་པར་བྱ་བ་
རྣམས་ཀྱིས། དག་པར་བྱེད་དེ། ཟད་པར་བྱེད་དོ། །འཁོར་བ་བསྐྱེད་པ་ལ་རྩ་བ་ནི་གཏི་མུག་སྟེ། དེའི་རྩ་བ་ཅན་གྱི་འདོད་ཆགས་ནི་དེ་མ་ཐག་པའི་རྒྱུའོ་ཞེས་པས། གཏི་མུག་གི་གཉེན་པོ་རྣམ་པར་རྟོག་པ་གཞན་རྟོགས་པར་བྱས་ནས། འདོད་ཆགས་ཀྱི་གཉེན་པོ་ཡང་དེ་དང་
འདྲ་བ་རྟོགས་པར་བྱེད་པ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །འདོད་ཆགས་ནི་ཉོན་མོངས་པའི་འདོད་ཆགས་སོ། །དེ་ཁོ་ན་མེ་དང་། དེས་ཚིག་པ་ནི་ཀུན་ནས་མེ་སྟེ། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་འབར་བའི་ཕྱིར་རོ། །འདོད་ཆགས་ནི་དེ་ཁོ་ན་ཉིད་

དང་རོ་གཅིག་པའི་འདོད་ཆགས་སོ། །དེ་ཁོ་ན་མེ་སྟེ། ཉོན་མོངས་པ་དང་རྣམ་པར་རྟོག་པའི་བུད་ཤིང་སྲེག་པའི་ཕྱིར་རོ། །དེ་དུག་ཏུ་བྱ་བ་ནི་ཡོངས་སུ་སྨིན་པར་བྱའོ། །འོ་ན་འདོད་ཆགས་ནི་ལས་དྲག་པོ་ཉིད་དེ། འཁོར་བ་བསྐྱེད་པ་ལ་བར་དུ་མ་ཆོད་པའི་རྒྱུ་ཉིད་ཀྱི་ཕྱིར་ཏེ་དེ་
ཉིད་ཀྱི་ཕྱིར་སྡོམ་བརྩོན་རྣམས་ཀྱིས་དེ་ཁོ་ན་གཙོ་བོར་ཡོངས་སུ་སྤང་བར་བྱའོ་ཞེ་ན། གསུངས་པ། གང་དང་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར། གང་དང་གང་གིས་ཞེས་པ་ཁྱབ་པར་འདོད་པ་བསྟན་པ་སྟེ། འདོད་ཆགས་ཁོ་ནའི་གསལ་བའི་དབྱེ་བ་ཉེ་བར་བླངས་ནས་སྐྱེ་བ་
བརྒྱུད་པ་དཔག་ཏུ་མེད་པར་རྒྱུ་ཉིད་དུ་བསྟན་པའི་དོན་དུའོ། །ཐབས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའོ། །འདིར་ཞར་བྱུང་ལས་ཞེ་སྡང་ལས་སྐྱེས་པ་སྲོག་གཅོད་པ་ལ་སོགས་པ་ལས་དྲག་པོ་དང་། ཐབས་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་སོགས་པ་
དགོངས་པའོ་ཞེས་གསལ་བར་བྱས་ཏེ། བརྗོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྱིར་འཕངས་ནས་ཁྱད་པར་དུ་འདོད་ཆགས་ཁོ་ན་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པའོ། །བཟློག་པ་ཞེས་པ་ནི་མཐུན་ཕྱོགས་སུ་གྱུར་པ་ཡང་མཐུན་ཕྱོགས་མ་ཡིན་པར་སྣང་བའི་ཕྱིར་
རོ། །དོན་དམ་པར་ནི་གཉེན་པོའི་ཕྱོགས་སུ་གྱུར་པ་ཁོ་ནའོ། །སངས་རྒྱས་ཁོ་ན་སྟོན་པས་ཁས་བླངས་པའི་ཕྱིར་སངས་རྒྱས་ཏེ། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པ་ལ་མི་མོས་པའི་ཕྱིར་མུ་སྟེགས་པ་དང་འདྲ་བ་ནི་སངས་རྒྱས་མུ་སྟེགས་པ་རྣམས་སོ། །དེ་ལྟར་ལྷའི་
རྣལ་འབྱོར་མེད་པར་དངོས་གྲུབ་མེད་དོ་ཞེས་བསྟན་ཏོ། །འོ་ན་འདི་ལྟར་མི་འབད་པའི་མྱུར་བ་ཁོ་ནར་སྐྱོན་ཉམས་པར་འགྱུར་ཞེས་གྲུབ་ཅིང་། ལམ་འདི་ཁོ་ནས་ནི་མ་ཡིན་ལ། དུག་ལ་སོགས་པ་རྣམས་ཁོ་ནས་དུག་ལ་སོགས་པ་རྣམས་འཇིག་པ་ནི་མ་ཡིན་ཏེ། རྣམ་པ་གཞན་དུ་
ཡང་ཉམས་པ་མཐོང་བའི་ཕྱིར་རོ་ཞེ་ན། འདི་ལ་ཡང་གསུངས་པ། འོན་ཀྱང་ཐ་མལ་བག་ཆགས་སོ། །ཞེས་སོ། །ཐ་མལ་པའི་རྣམ་པར་རྟོག་པ་ཡང་ཁྱད་པར་གྱུར་པའི་ངོ་བོ་བསྐྱེད་པར་ལ་འབྱུང་བར་མི་འགྱུར་རོ་ཞེ་ན། བདེན་ཏེ། འོན་ཀྱང་ཁྱད་པར་དུ་གྱུར་པའི་ངོ་བོ་བསྐྱེད་པ་

ཡང་རང་བཞིན་ལས་རྡོ་རྗེ་འཛིན་པའི་བདག་ཉིད་ལ་དེའི་རང་བཞིན་དུ་བསྒོམ་པ་ཁོ་ནས་དེ་ལྡོག་པ་ལས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷའི་རྣལ་འབྱོར་ལས་དངོས་གྲུབ་ཏུ་བཤད་ནས། དེ་ཁོ་ན་ཆོས་ཐམས་ཅད་རྣམ་པར་དག་པའི་ངོ་བོའི་དཀྱིལ་
འཁོར་གྱི་འཁོར་ལོའི་རྣམ་པ་གཞན་གྱི་དོན་དང་རོ་གཅིག་པར་སྟོན་པ་གསུངས་པ། ཀུནྡུ་རུ་ལ་ཞེས་པ་ལ་སོགས་པ་སྟེ། ཀུནྡུ་རུ་རྣམས་ནི་ཤིན་ཏུ་དགའ་བ་རྡོ་རྗེ་ལྷ་མོའི་པདྨ་ལས་བྱུང་བ་རྣམས་ཏེ། ཀུན་དུ་རུ་ཞེས་པ་བརྟག་པ་གཉིས་པར་རོ། །ཀུན་དུ་རུ་དེ་རྣམས་ལ་འགྱུར་ཏེ།
རེག་པ་ལྔ་རྣམས་སུ་འགྱུར་ཏེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་ངོ་བོས་སོ། །འབྱུང་བ་རྣམས་ཀྱང་ཅི་ཞེ་ན། གསུངས་པ། གཅིག་ཉིད་ཅེས་པ་ལ་སོགས་པའོ། །དགའ་བ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་འཛིན་པའོ། །དབྱེ་བ་རྣམས་ཀྱིས་ཞེས་པ་
འབྱུང་བའི་དབྱེ་བས་སོ། །དེ་ཁོ་ན་འབྱུང་བ་ལྔའི་རང་གི་ངོ་བོ་ཅན་ཤིན་ཏུ་རྣམ་པར་དག་པ་ལྔར་སྟོན་པ་གསུངས་པ། བོ་ལ་ཞེས་པ་ལ་སོགས་པ་སྟེ། བོ་ལ་ནི་རྡོ་རྗེ། ཀཀྐོ་ལ་ནི་པདྨའོ། །གང་འདི་སྲ་བའི་བག་ཆགས་ནི་གཏི་མུག་གི་ངོ་བོའོ། །དེ་ཁོ་ན་རྣམ་པར་དག་པ་ནི་གཏི་མུག་སྟེ།
རྣམ་པར་དག་པའི་འདིར་སྲ་བའི་ངོ་བོ་སའི་ཁམས་རྣམ་པར་སྣང་མཛད་ཅེས་བརྗོད་པར་བྱའོ། །བཅད་ཅིང་ཕུག་པའི་ཆུ་རྣམས་སླར་ཡང་དེ་ལྟར་འདུ་བའི་ཕྱིར། དེ་ལྟར་གནས་པ་རྣམས་གཅོད་པ་དང་། འབྱེད་པ་མི་སྲིད་པའི་ཕྱིར་དང་། ནམ་མཁའ་ལྟ་བུ་ཉིད་ཀྱི་ཕྱིར་ན་ཆུ་
རྣམས་བསྐྱོད་བྱ་མ་ཡིན་པའི་ཕྱིར་མི་བསྐྱོད་པའི་ངོ་བོའོ། །ཞེ་སྡང་གི་གང་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་དམིགས་པ་མེད་པའི་ཕྱིར་དང་། ནམ་མཁའ་ལྟ་བུ་ཉིད་ཀྱི་ཕྱིར་ཞེ་སྡང་སྟེ། ཞེ་སྡང་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་བཅོམ་ལྡན་འདས་སོ། །གཟི་བརྗིད་མེད་པ་
མགོ་བོར་གྱུར་པ་རྣམས་ཀྱི་འདོད་ཆགས་ལྷག་པ་མེད་པའི་ཕྱིར་འདོད་ཆགས་ནི་མེ་ལའོ། །དེའི་ཕྱིར་རྣམ་པར་དག་པའི་མེའི་ཁམས་དང་འདོད་ཆགས་ནི་འོད་དཔག་ཏུ་མེད་པ་རྡོ་རྗེར་འགྱུར་རོ། །དེ་ནི་གཡོ་བའི་ངོ་བོ་ཅན། །ཞེས་པ། རླུང་གི་ངོ་བོ་ཅན་ཁོ་ནའི་སེམས་ཀཀྐོ་ལ་

རུ་འགྲོ་བའི་ཕྱིར་རོ། །དེའི་ཕྱིར་ཕྲག་དོག་ཀྱང་དེ་ལ་གསལ་བར་འགྱུར་རོ། །དེ་གཉིས་རྣམ་པར་དག་པ་དོན་ཡོད་གྲུབ་པ་བཅོམ་ལྡན་འདས་སོ། །བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཁོ་ན་ནི་ཆགས་པའི་སེམས་ཏེ། དེ་ལ་ཀུན་ནས་ཞེན་པའི་སེམས་ནི་
དེ་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་དགའ་བ་མཆོག་རྒྱས་པར་བྱེད་དོ་ཞེས་པས་རིན་ཆེན་ཆགས་པའོ། །བདེ་བའི་བདག་ཉིད་ཀྱི་སེམས་ནི་བདག་ལ་ཆགས་པ་འདིའི་མཚན་ཉིད་དེ་རང་གི་ངོ་བོ་ཞེས་པས་ཆགས་པའི་མཚན་ཉིད་ཅན་ནོ། །དེ་ཡང་ནམ་མཁའ་རྣམ་
པར་དག་པའི་ཁམས་ཁོ་ན་སྟེ། དོན་དམ་པར་རང་བཞིན་མེད་པར་ཆོས་མཐུན་པ་ཉིད་ཀྱི་ནམ་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །དེས་ཀྱང་ཆོས་རྣམས་ཐམས་ཅད་སོ་སོར་ཆ་ཤས་སུ་ཕྱེ་བ་ལས་སྟོང་པར་བྱེད་པས་ཕྲ་མའི་ངོ་བོར་དེ་འགྱུར་ཏེ། དེ་གཉིས་ཀ་རྣམ་པར་དག་པ་ཕྲ་མ་རྡོ་
རྗེའོ། །དེ་ལྟར་ཁམས་ལྔ་དང་ཉོན་མོངས་པ་ལྔ་རྣམས་རྣམ་པར་དག་པ་རྣམས་སངས་རྒྱས་ལྔ་རྣམས་སུ་འགྱུར་ཏེ། འཆད་པར་འགྱུར་བའི་ཡེ་ཤེས་ལྔ་རྣམས་དང་ཕུང་པོ་ལྔ་རྣམས་ཀྱང་ངོ་། །རྣམ་པར་མ་དག་པའི་གནས་སྐབས་སུ་ཡང་རང་བཞིན་ཡོངས་སུ་དག་པའི་སངས་རྒྱས་ལྔ་
པོ་འདི་རྣམས་ཡང་དག་པར་འབྱུང་བ་ཁོ་ན་སྟེ། གློ་བུར་གྱི་དྲི་མས་གོས་པ་རྣམས་ཉེ་བར་མི་མཚོན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་རང་བཞིན་རྣམ་པར་དག་པ་ཉེ་བར་བཟུང་ནས། དག་པ་ཁོ་ནར་མོས་པར་བྱ་ཞིང་། དེའི་རིགས་ཅན་མིག་ལ་སོགས་པ་རྣམས་
ཀྱང་། བྱང་ཆུབ་སེམས་དཔའ་དག་པར་ཁོ་ནར་ངེས་པར་གཟུང་བར་བྱའོ། །མཇུག་སྡུད་གསུངས་པ། གཅིག་ཅེས་པ་ལ་སོགས་པ་སྟེ། སེམས་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྔའི་ངོ་བོས་ནི་རིགས་ལྔའི་ངོ་བོས་སོ། །དེ་ལ་བཙུན་མོའི་ཀུནྡུ་རུ་ལ་སོ་སོར་
རིགས་རྣམས་ལ་རིགས་དུ་མ་སྐྱེས་པ་སྟོན་པ། ལྔ་ཞེས་པ་ལ་སོགས་པའོ། །ཉེ་བར་བསྡུ་བ་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གཅིག་གི་རང་གི་དངོས་པོ་ནི་རིགས་མཐའ་ཡས་པའི་ཐུན་མོང་བའི་ངོ་བོ་མཆོག་ཏུ་རྟག་པ་སྟེ་རིགས་མཐའ་ཡས་པ་རྣམས་སྤྲུལ་

པར་བྱེད་ཅིང་མཐའ་མེད་པའི་དུས་སུ་གནས་པའི་ཕྱིར་རོ། །དེ་ལྟར་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པ་ལྔའི་སེམས་ཀྱིས་བདེ་བ་ཆེན་པོའི་རབ་ཏུ་དབྱེ་བ་རིགས་ལྔ་རྣམས་སོ་ཞེས་བསྒྲུབས་སོ། །དེ་རྣམས་ཀྱི་ཡང་རབ་ཏུ་དབྱེ་བ་གྲངས་མེད་པའི་རིགས་རྣམས་སོ་ཞེས་
བསྒྲུབ་པའི་ཆེད་དུ་ཚིགས་སུ་བཅད་པ་གཉིས་གསུངས་པ། བཅུ་ཞེས་པ་ལ་སོགས་པ་སྟེ། བྱེ་མ་རྣམས་དང་མཉམ་པའི་གྲངས་སོ། །རིགས་གཅིག་རྣམས་ལ་ནི་རིགས་རྣམས་རེ་རེ་ལའོ། །ཚོགས་ཀྱི་རིགས་རྣམས་ལ་ཞེས་པ་དེ་བཞིན་གཤེགས་པའི་ཚོགས་དེ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་རིགས་
རྣམས་ཏེ། དོན་དེ་ཁོ་ན་ལོགས་སུ་བྱས་པའི་ཕྱིར་རོ། །དེའི་ཕྱིར་ཡང་ཚོགས་ཀྱི་གྲངས་ཀྱི་རིགས་རྣམས་ནི། ཚོགས་ཀྱི་གྲངས་རྣམས་ཏེ། གངྒཱའི་ཀླུང་ལྔ་བཅུའི་བྱེ་མ་དང་མཉམ་པ་རྣམས་སོ། །ཚོགས་ཀྱི་རིགས་དེ་རྣམས་སླར་ཡང་རབ་ཏུ་དབྱེ་བར་བྱ་བཞིན་པ་རྣམས་ལ་རིགས་དུ་མ་རྣམས་སོ་ཞེས་
པས་རིགས་ཤིན་ཏུ་མང་པོ་རྣམས་སུ་འགྱུར་རོ། །ཇི་ལྟར་ཞེ་ན་གསུངས་པ་དེ་རྣམས་ལ་ཞེས་པ་ཚོགས་ཀྱི་རིགས་རྣམས་ལ་སྟེ། དང་པོར་དབྱེ་བར་བྱ་བཞིན་པ་རྣམས་ལ་སོ་སོར་རིགས་བརྒྱའི་གྲངས་རྣམས་སུ་འགྱུར་རོ། །རིགས་བརྒྱ་པོ་དེ་རྣམས་ཀྱང་སླར་ཡང་ཕྱེ་བ་རྣམས་སོ་སོར་རིགས་འབུམ་
རྣམས་སུ་འགྱུར་རོ། །རིགས་འབུམ་ཕྱེ་བ་ན་སོ་སོར་རིགས་བྱེ་བ་རྣམས་སོ། །རིགས་བྱེ་བ་ལ་ཡང་ཕྱེ་བ་རྣམས་ལ་སོ་སོར་རིགས་གྲངས་མེད་པ་རྣམས་སོ། །དེ་ལ་རིགས་རྣམས་ལ་ཞེས་པ་རིགས་བྱེ་བ་རྣམས་ལ་གང་སོ་སོར་གྲངས་མེད་པའི་རིགས་དེ་རྣམས་ཐམས་ཅད་ནི་མཆོག་ཏུ་དགའ་བ་
ཁོ་ན་རིགས་ཏེ། དེ་ལས་བྱུང་བ་རྣམས་སོ། །ལྷན་ཅིག་སྐྱེས་པའི་དགའ་བའི་རིགས་གཅིག་པོ་དེ་ནི་རིགས་ཀྱི་དབྱེ་བ་ཐམས་ཅད་ཀྱི་རྩ་བ་ཉིད་ཀྱི་ཕྱིར་རོ་ཞེས་དེ་ལྟར་རྟོགས་པར་བྱས་ནས་ལྷ་མོས་གསོལ་པ། རྡུལ་གྱི་ངོ་བོའི་མཚན་ཉིད་ཅན་ནི་ཤིན་ཏུ་ཆུང་བའི་འོ། །ཤིན་ཏུ་ཆུང་བ་ཚད་ཅན་གྱི་
གོང་བུའི་ངོ་བོ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཀྱི་རིགས་ནི་རིགས་གྲངས་མེད་པ་རྣམས་ཀྱི་རང་གི་ངོ་བོ་དང་སྐྱེས་པའི་རྒྱུ་དང་རྟེན་དུ་གསུངས་ཏེ། འདི་འདི་ལས་དོགས་པ་ཅི་ལགས་པའོ། །སྤངས་པར་འདིས་འབྱུང་བར་བྱས་ཏེ། ཅིག་ཤོས་ལྟར་ན་

གདུང་བར་འགྱུར་རོ་ཞེ་ན་ཅིག་ནི་ཞེས་པ་ཅིག་ལའོ། །བྱེ་མ་ཞེས་པ་བྱེ་མ་ནི་བྱང་ཆུབ་སེམས་ཀྱི་རྡུལ་ཕྲན་ནོ། །དེ་ཁོ་ན་ལམ་སྟེ་དེར་རོ། །སྒྲའི་ལམ་ལ་ཞེས་པ་འདོན་པ་ལ་ནི་བ་སྤུའི་བུ་གར་རོ། །དོག་པ་ཞེས་པ་དོག་པ་ཉིད་དོ། །བཞེངས་ཤིག་ཅེས་པ་བཞེངས་ནས་ཏེ་སྤྲོས་ནས་སོ། །ཟློས་པ་
ངེས་པར་བསྟན་པ་ནི། སྤྲོ་བ་བྱེད་པའི་གསལ་བའི་དབྱེ་བ་གྲངས་མེད་པ་ཉེ་བར་བླངས་ནས་སྤྲོ་བའི་རྒྱུན་བརྒྱུད་པ་དཔག་ཏུ་མེད་པ་རབ་ཏུ་བསྟན་པའི་དོན་དུའོ། །འདི་རྣམས་ཀྱི་སྟོབས་བཅུ་རྣམས་ཡིན་པས་ན་སྟོབས་བཅུ་པ་རྣམས་སོ། །དེ་རྣམས་ཀྱིས་ཀྱང་སྣ་ཚོགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་
པས་གདུལ་བྱའི་སྐྱེ་བོ་འདུན་པའི་དོན་དུ་རྩེ་བར་བྱེད་རོལ་པར་བྱེད་པས་ན་ལྷ་རྣམས་ཏེ་དེ་བཞིན་གཤེགས་པ་རྣམས་སུ་བདག་རྡོ་རྗེ་འཛིན་པའི་ཁྱིམ་ཞེས་པ་ཁྱིམ་དུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུར་བདེ་བ་ཆེན་པོའི་སྟོན་མོ་གསོལ་བར་བཞེད་པ་རྣམས་ཞུགས་ཤིག་དང་བཞུགས་ཤིག་ཅེས་པ་ལྷག་མ་སྟེ། ཇི་ལྟར་
ཐུབ་པའི་དགོངས་པའི་རྒྱན་དུ་བཤད་པ་བཞིན་ནོ། །ཇི་ལྟར་ན་འདི་ལྟར་ཡིན་ཞེ་ན་གསུངས་པ། རྫུ་འཕྲུལ་ཞེས་པ་ལ་སོགས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་རྫུ་འཕྲུལ་གྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟོན་ཏེ་དེས་སོ། །རིགས་ཀྱི་རྡོ་རྗེ་སེམས་དཔའི་སྲས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་
སོ། །བྱུང་བ་རྣམས་སོ་ཞེས་པ་ཡང་དག་པར་འབྱུང་བ་རྣམས་སོ། །འདི་སྐད་གསུངས་ཏེ། ཇི་ལྟར་ལོངས་སྤྱོད་རྫོགས་པའི་ལུས་ལ་བ་སྤུའི་ཁུང་བུ་གཅིག་ཏུ་ཡང་རིགས་གྲངས་མེད་པ་རྣམས་ཅིག་ཅར་དུ་སྐྱེ་ཞིང་གནས་ལ། དེ་རྣམས་དོག་པ་ཡང་མ་ཡིན་བཙིར་བ་ཡང་མ་ཡིན་རྟེན་ཡངས་པ་ཡང་
མ་ཡིན་པ་ནི་བླ་ན་མེད་ཅིང་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་མཐུ་ཕུལ་དུ་བྱུང་བ་ལས་ཡིན་པ་དེ་ལྟར་བདེ་བའི་རང་བཞིན་གྱི་ཁུ་བ་རྡུལ་ཕྲ་རབ་གཅིག་ལ་ཡང་མི་འགལ་བ་ཁོ་ནའོ་ཞེས་པའོ། །འདི་སྐད་བཀའ་སྩལ་པ་ཞེས་པ་ནི་དེ་ལྟར་ཁམས་ལ་བརྟེན་པའི་ཉོན་མོངས་པ་རྣམ་པར་དག་པའི་སྒོ་
ནས་རིགས་མ་ལུས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའོ་ཞེས་དངོས་ཉིད་དུ་གསུངས་ནས། ཡང་གཙོ་བོར་ནས་ཁམས་དང་ཡེ་ཤེས་དང་ཕུང་པོའི་རང་གི་ངོ་བོ་འདིའོ་ཞེས་རྟོགས་པའི་ཆེད་དུ་གསུངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་ཅི་སྩལ་པ་ཞེ་ན་ཉོན་ཞེས་པ་ལ་སོགས་པའོ། །ཡང་

དག་སྦྱོར་འབྱུང་མཚན་ཉིད་ནི་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་སྟེ། བྱེ་བྲག་ཏུ་བཤད་པའི་ཁྱད་པར་རྣམས་ཀྱི་དང་པོར་རྣམ་པར་བཤད་ཟིན་ཏོ། །ཡང་ན་ཡང་དག་སྦྱོར་ནི་ཕྱི་རོལ་གྱི་ཤེས་རབ་དང་ཐབས་ཀྱི་པདྨ་དང་རྡོ་རྗེ་དག་དང་ནང་གི་གཏུམ་མོ་དང་ཁུ་བ་དག་སྦྱོར་བའོ། །དེ་
ཡོད་ན་འབྱུང་ངོ་ཞེས་པ་འབྱུང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་གང་གིས་མཚོན་པར་བྱ་བ་དེ་ནི་མཚན་ཉིད་དོ། །གསང་བ་ནི་ཀུནྡུ་རུ་སྟེ། དེ་ལ་ཡོད་པ་ནི་གསང་ཆེན་སའི་ཁམས་སོ། །དེའི་ཕྱིར་མཆོག་གི་ཕུལ་དུ་བྱུང་བ་ཆུ་སྟེ་སྡུད་པར་བྱེད་པ་
ཉིད་ཀྱིས་འདོད་ཆགས་བསྐྱེད་པའི་ཕྱིར་རོ། །དགྱེས་པ་ནི་མེ་སྟེ་མེ་ཡོད་ན་འདོད་ཆགས་ལྷག་པའི་ཕྱིར་རོ། །རླུང་ནི་ཐམས་ཅད་བདག་ཉིད་དེ། ས་ལ་སོགས་པའི་ཁམས་གསུམ་པོ་ཐམས་ཅད་ལ་ཁྱད་པར་བྱེད་པ་ཉིད་ཀྱི་ཕྱིར་འདིའི་བདག་ཉིད་དོ་ཞེས་བྱས་ནས་སོ། །ཡང་དག་གནས་ནི་
སངས་རྒྱས་ཀུན་བདག་བདེ་བ་མཆོག །ཅེས་འབྲེལ་ལོ། །རྟག་ཏུ་ཞེས་པ་འགྱུར་བ་མེད་པ་ཉིད་ཀྱིས་མུར་ཐུག་པ་མེད་པའི་དུས་སུ་གནས་པ་འདི་རབ་ཏུ་གསུངས་པ་ནི། གསང་ཆེན་མཆོག་ཏུ་དགྱེས་པ་ན། །ཀུན་བདག་ཉིད་ན་རྟག་ཏུ་བཞུགས། །ཞེས་པ་འདིས་གསུངས་པར་རོ། །རྣམ་
པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམས་ཀུན་གྱི་བདག་ཉིད་ཤམ་བདེ་བས་མཆོག་ཏུ་བྱེད་ཁྱབ་པར་བྱེད་དོ་ཞེས་པ་སངས་རྒྱས་ཀུན་བདག་ཁུ་བའི་ངོ་བོ་ས་ལ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན་པ་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་ནམ་མཁའ་དང་མཚུངས་པའི་ཕྱིར་ནམ་མཁའི་ཁམས་
དགའ་བ་ཐམས་ཅད་ཀྱི་ངོ་བོའོ། །དེ་སྐད་དུ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེར་གསུངས་པ། གསང་བ་ཞེས་པ་འདིར་དགའ་བ། །མཆོག་ཅེས་པ་ནི་མཆོག་ཏུ་འགྱུར། །དགྱེས་པ་ཞེས་པ་ཁྱད་དགའི་དགའ། །ལྷན་སྐྱེས་ཀུན་བདག་ན་བཞུགས་པའོ། །ཞེས་སོ། །མེ་ལོང་ལྟ་བུར། གང་གི་ངོ་བོ་
ཀུན་མཐོང་བ་ཡིན་པ་དེ་ནི་དེ་སྐད་དོ། །གསང་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དེ་བཞིན་གཤེགས་པ་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཡོད་ཅིང་དེ་ལ་དམིགས་པས་སྐྱེ་བའི་ཕྱིར་གསང་ཆེན་ནི་མེ་ལོང་ཡེ་ཤེས་སོ། །མཉམ་པ་ཉིད་ལ་ནི་མཉམ་པ་ཉིད་

ཀྱི་ཡེ་ཤེས་ལའོ། །མཆོག་སྟེ་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མཉམ་པ་ཉིད་རྟོགས་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དགྱེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་མི་རྟོག་པ་ཉིད་ན་ཡང་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་སོ་སོར་རྟོག་པ་ལ་སྤྲོ་བ་དང་བཅས་པ་ཉིད་
ཀྱི་ཕྱིར་རོ། །ཐམས་ཅད་བདག་ཉིད་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། སེམས་ཅན་རྣམས་ཐམས་ཅད་ལ་འདིའི་བདག་ཉིད་བྱ་བ་བྱེད་པའི་དོན་དུ་ཉེ་བར་གནས་སོ་ཞེས་བྱས་ནས་སོ། །རྟག་ཏུ་ནི་བཞུགས་པ་ཤིན་ཏུ་རྣམ་དག་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། མུ་མཐའ་མེད་པའི་དུས་སུ་གནས་པའི་
ཕྱིར་རོ། །དེ་བཞིན་ཞེས་པ་ཇི་ལྟར་རྣམ་པར་དག་པ་ལ་དམིགས་པའི་ཕྱིར་མེ་ལོང་ཡེ་ཤེས་ལ་གསང་ཆེན་དུ་བརྗོད་པ་དེ་ལྟར་རོ། །གསང་ཆེན་རྣམ་པར་སྣང་མཛད་དེ། དེ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། གསང་བ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་སྟེ། དེ་ཁྱད་
པར་དུ་བྱས་པ་དེའི་བདག་ཉིད་ཀྱིས་དེའི་ངོ་བོར་འགྱུར་རོ། །དེ་ལྟར་ཡང་ན་ཞེས་པའོ། །མཆོག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གསུངས་སོ། །ཡང་ན་དེ་ལྟར་སྟོང་པ་ཉིད་ཀྱི་རྟོགས་པའི་ཕྱིར་ན་མཆོག་ནི་རིན་ཆེན་འབྱུང་ལྡན་ཚོར་བའི་ཕུང་པོ་རྣམ་པར་དག་པའི་ངོ་བོའོ། །དགྱེས་པ་ནི་འོད་དཔག་ཏུ་
མེད་པ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོག་པ་འཇུག་པའི་ཕྱིར་རོ། །འོད་དཔག་མེད་ཀྱིས་ཞེས་པ་འོད་དཔག་མེད་ལའོ། །ཐམས་ཅད་བདག་ཉིད་ནི་དོན་ཡོད་གྲུབ་པ་སྟེ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་ན་ཚོར་བ་དང་། འདུ་ཤེས་དང་
སེམས་པ་ལ་སོགས་པ་རྣམས་ཐམས་ཅད་འདིའི་བདག་ཉིད་ཡིན་ཞེས་བྱས་ནས་སོ། །ཚོར་བ་དང་འདུ་ཤེས་དག་ནི་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུས་པར་སྔར་བསྒྲུབས་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གང་ཚེ་ཞེས་པ་ལ་སོགས་པའོ། །གང་གི་ཚེ་དོན་ཡོད་ལ་རྟག་ཏུ་བཞུགས་པ་དེའི་
ཚེ་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་ལ་ཡང་སྟེ། འདི་དག་དོན་ཡོད་གྲུབ་པའི་ནང