Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
་དུ་འདུས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དགོངས་པའོ། །རྟག་ཏུ་བཞུགས་པ་ནི། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ཞེས་འབྲེལ་ཏེ། སྔར་བཞིན་དུ་རྟག་ཏུ་བཞུགས་པ་མི་བསྐྱོད་པའོ་ཞེས་པའི་དོན་ཏོ། །དེ་ལྟར་གསུངས་ པའི་རིམ་གྱིས། བདུད་རྩི་ལྔ་ཡི་དངོས་གོང་བུ། །ཞེས་པ། ཁམས་དང་ཡེ་ཤེས་དང་དེ་བཞིན་གཤེགས་པ་ལྔ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་དང་། དུས་མཐའ་ཡས་པ་མ་ཚང་བ་མེད་པར་འཚོ་བའི་རྒྱུ་ཉིད་ཀྱི་ཕྱིར་དང་། གཞན་རྣམས་ཀྱི་ཡང་ ཚོགས་གཉིས་རྒྱས་པར་བྱེད་པའི་ཕྱིར་བདུད་རྩི་རྣམས་ཏེ། དེའི་དངོས་ནི་དེ་རྣམས་ཀྱི་རང་བཞིན་དང་། གོང་བུ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐིག་ལེའི་གཟུགས་ཞེས་པ་ཕྲ་བ་སྟེ། ཀུ་ཤའི་རྩེ་མོ་ལྟ་བུའི་བློ་ཅན་ས་བཅུའི་དབང་ཕྱུག་རྣམས་ཁོ་ནས་མཐོང་བའི་བྱ་བ་ ཉིད་ཀྱི་ཕྱིར་རོ། །དཔེ་མེད་པ་ཞེས་པ་དཔེ་ལས་འདས་པ་སྟེ། གང་ན་ཡང་འདི་འདྲ་བའི་བདུད་རྩིའི་རང་བཞིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་སོ། །ལྷ་མོ་ཀུན་གྱི་སྟེ། སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་དང་རྡོ་རྗེ་སྙེམས་མ་རྣམས་ཀྱི་རང་བཞིན་ནོ། །དེ་ལྟར་གསང་བ་ཞེས་པ་ལ་ སོགས་པ་རྣམས་ཀྱི་དོན་རྣམ་པ་གསུམ་བརྗོད་པས་ཁམས་དང་ཡེ་ཤེས་དང་དེ་བཞིན་གཤེགས་པ་བཞི་རྣམས་ཀྱི་བརྟེན་པ་ལྔ་པའི་རང་བཞིན་ཉིད་དུ་རྒྱས་པར་བསྟན་ཅིང་། རྟེན་དང་བརྟེན་པའི་དངོས་པོ་ནི་རྟོག་པས་ལྡོག་པའི་དབྱེ་བ་ཉེ་བར་གཟུང་ནས་སོ། །ལྔ་པ་ཡང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ ཉིད་ཀྱིས་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་དོ་ཞེས་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པ་སྟེ། ཕལ་ཆེར་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་པ་འདི་ནི། ཆོས་ཀྱི་སྐུ་རུ་རབ་ཏུ་བསྒྲགས་ཏེ། ཆོས་ཀྱི་སྐུ་རབ་ཏུ་གསལ་བར་བྱེད་པའོ། །སྙིང་རྗེའི་རང་བཞིན་གྱི་བདེ་བ་ཆེན་པོའི་ངོ་བོ་ཉིད་ན་ ཡང་། སྟོང་པ་ཉིད་རྟོགས་པ་ལ་དྲི་མ་མ་ལུས་པ་རྩ་བ་མེད་པས་ན་གཙོ་བོའི་ཕྱིར་རོ། །ད་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་འདི་བསྟན་པའི་ཆེད་དུ་གསུངས་པ། དེ་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། དེའི་སྟེ་བྱང་ཆུབ་སེམས་ཀྱིའོ། །རབ་ཏུ་གྱུར་པ་བདེ་བ་ཆེན་པོའི་ངོ་བོའི་ཤེས་པ་འདི་ལ་ཡིན་པ་ནི་ ཤེས་རབ་སྟེ། རྡུལ་གྱི་ངོ་བོའི་གཏུམ་མོའོ། །ཇི་ལྟར་ལྷན་ཅིག་སྐྱེས་པ་ཡིན་ཞེ་ན། གང་གི་ཕྱིར་དེ་ལ་རོ་གཅིག་པ་ཉིད་ཀྱིས་གྱུར་པར་འདིའི་ངོ་བོ་ཡོད་པས་སོ། །ཇི་ལྟར་འདི་ལྟ་བུ་ཡིན་ཞེ་ན་གསུངས་པ། ལས་ཞེས་པ་ལ་སོགས་པ་སྟེ། ལས་ནི་འདིར་བསྒོམས་པས་སེམས་བརྟན་པ་རྫོགས་ པའོ། །དེས་བསྐུལ་བ་ལྟེ་བའི་འོག་ནས་གནས་པའི་རླུང་སྟེ། དེས་མཆོག་ཏུ་འབར་བ་བྱས་པའོ། །སེམས་བརྟན་པ་ན་ལ་ལ་ནཱ་དང་ར་ས་ནཱ་རུ་རླུང་མི་རྒྱུ་བའི་ཕྱིར། ཨ་ཝ་དྷཱུ་ཏཱི་རུ་འཇུག་པ་ན་ལྟེ་བའི་འོག་གི་རླུང་གིས་སྔར་བཞིན་པ་གང་གི་ཚེ་འབར་བ་དེའི་ཚེ་འདི་ལྟ་བུའོ་ཞེས་དགོངས་པའོ། །སྐྲ་རྩེ་ བརྒྱ་སྟོང་ཡན་ལག་ཅན། །ཞེས་སྐྲའི་རྩེ་མོ་རྣམས་ཀྱི་བརྒྱ་ཕྲག་སྟོང་གི་ཡན་ལག་རྣམས་དང་འདྲ་བ་ཡན་ལག་སྟེ་ཆ་ཤས་འོད་ཀྱི་ངོ་བོ་རྣམས་སུ་གང་གི་འཕྲོག་པ་དེ་ནི་དེ་སྐད་དོ། །དེ་ཉིད་ཀྱི་ཕྱིར། གློག་གི་ཟེར་མ་མཉམ་པའི་འོད། །ཅེས་པའོ། །སྐྲའི་རྩེ་མོའི་ཚིག་ནི་ཡན་ལག་རྣམས་ཕྲ་བ་ཉིད་དུ་ཉེ་བར་མཚོན་ པར་བྱེད་དོ། །འདི་སྐད་དུ་གསུངས་ཏེ། རྫོགས་པའི་དཀྱིལ་འཁོར་དུ་བསྒོམས་པས་སེམས་བརྟན་པ་ལ་ས་བོན་ལ་སོགས་པ་ལས་བསྐྱེད་པ་མེད་པར་བཅོམ་ལྡན་འདས་མ་དབྱིངས་ཀྱི་ཐིག་ལེ་བདག་མེད་མ་མིང་གཞན་རྡུལ་གྱི་ངོ་བོའི་གཏུམ་མོའི་རང་གི་ངོ་བོ་རང་བཞིན་གྱིས་འབར་རོ། །འོད་ཟེར་ཕྲ་མོ་ རྣམས་ཀྱི་རྩ་རྣམས་ཡན་ལག་ཐམས་ཅད་བཞིན་དུ་གང་བར་བྱེད་དོ། །བཅོམ་ལྡན་འདས་ཟླ་བ་ཡང་དེས་གདུངས་པ་ཤིན་ཏུ་ཆེས་འབབ་པོ། །དེས་གསོས་པའི་གཏུམ་མོ་ཡང་ངེས་པར་ཤིན་ཏུ་འབར་རོ། །ཟླ་བ་དེས་གདུངས་པ་ཡང་ཤིན་ཏུ་ཆེས་འཛག་གོ། །གཏུམ་མོའི་འོད་ཀྱིས་ཡོངས་སུ་ སྦྱངས་པའི་རྩ་རྣམས་ཀྱང་བདེ་བ་ཆེན་པོའི་ཟླ་བའི་འོད་ཟེར་རྣམས་ཀྱིས་གང་བར་བྱེད་དོ་ཞེས་པས་ཡན་ལག་ཐམས་ཅད་ཁྱབ་པར་བྱེད་པ་ནང་དུ་ཉི་མ་དང་ཟླ་བའི་གཟུགས་ཤེས་རབ་དང་ཐབས་འདུས་པ་འཁོར་བའི་བར་དུ་རོ་མཉམ་པ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་ཕུང་པོ་དང་། ཁམས་ལ་ སོགས་པའི་སྒྲོ་འདོགས་པ་མ་ལུས་པ་ཟིལ་གྱིས་གནོན་ཞིང་འབྱུང་ངོ་། །གང་རྣམས་དེ་ལྟར་མི་མོས་པ་དེ་རྣམས་ནི་ཉི་ཤུ་རྩ་གཅིག་པར་རྒྱས་པར་བསྟན་པའི་བཟླས་པས་སྲོག་རྩོལ་ལ་དབང་བ་ཉིད་ཐོབ་པས་ཐུར་སེལ་གྱི་རླུང་བསྐུམས་ནས། ལྟེ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་ལ་དམིགས་ཏེ། རླུང་ཟློག་པ་རྣམས་ཀྱིས་གཏུམ་མོ་འབར་བར་བྱེད་དོ། །དེ་ལས་ཀྱང་དེ་ལྟ་ཁོ་ནར་བདེ་བ་ཆེན་པོ་གསལ་བར་འགྱུར་རོ། །དེ་ལྟར་མི་ནུས་པས་ནི་དེ་ལྟར་ཁོ་ནར་ལྟེ་བའི་དཀྱིལ་འཁོར་དུ་རླུང་འགགས་པར་མོས་ནས་གནས་པ་སྟེ། དབུགས་འབྱུང་བ་གྱེན་དུ་འགྲོ་བ་ན། རི་མོ་དྲང་པོ་གཏུམ་ མོའི་ངོ་བོ་ཡིས་བཅོམ་ལྡན་འདས་མ་འབར་བར་མོས་ཏེ། བདེ་བ་ཆེན་པོའི་གནས་རྗེས་སུ་ཐོབ་ཅིང་། དབུགས་འཇུག་པ་ན་ཧཾ་ཡིག་ཟླ་བ་འཛག་པ་ཐིག་ལེའི་གཟུགས་ཀྱིས། དེ་ལ་དམིགས་བཞིན་པ་བདེ་བ་ཆེན་པོའི་རང་བཞིན་ནི་ལྟེ་བའི་དཀྱིལ་འཁོར་དུ་འོངས་ནས་དམིགས་ པ་མེད་པར་འགྱུར་རོ། །དེ་ལྟར་ཇི་སྲིད་དུ་སྲོག་འགོག་པའི་བར་དུ་ངེས་པར་གནས་པས་དེ་ལྟ་ཁོ་ནར་རླུང་འབྱུང་བ་དང་། འཇུག་པ་དག་ཡང་དང་ཡང་དུ་གནས་པར་བྱའོ། །གང་ཡང་སྲོག་འབྱུང་བ་དང་འཇུག་པ་བརྟག་པར་མི་ནུས་པ་དེས་ལྷག་པར་མོས་པ་ཙམ་ཁོ་ནར་སྒྲུབ་པར་བྱེད་དོ། །བསྐྱེད་པའི་ རིམ་པ་སྒོམ་པ་པོས་ནི་དེ་སྔོན་མ་ཅན་ཁོ་ནར་འདི་མཐའ་དག་སྟོབས་ཇི་ལྟ་བར་དམིགས་པར་བྱའོ་ཞེས་པའོ། །རྒྱས་པ་ལ་དགའ་བའི་སྒྲུབ་པ་རྒྱས་པར་བསྟན་པའི་ཆེད་དུ་གསུངས་པ། ལྷའི་ཞེས་པ་ལ་སོགས་པ་སྟེ། ལྷའི་རྣལ་འབྱོར་དུས་སུ་ནི་བསྐྱེད་པའི་རིམ་པ་བསྒོམ་པ་ནའོ། །བ་སྤུའི་བུ་ གའི་མཚམས་རྣམས་སུ་ཞེས་པ་བདུན་པ་ནི་ལྔ་པའི་དོན་ལའོ། །སྤུ་རྣམས་ཀྱི་བུ་ག་ནི་ཁུང་བུ་རྣམས་དང་རྩེ་མོ་རྣམས་ཡིན་ཞིང་མཚམས་རྣམས་ནི་སྤུ་དང་བྲལ་བའི་ཕྱོགས་རྣམས་ཏེ་དེ་རྣམས་ལས་སོ། །སྡིགས་པར་བྱེད་ཅེས་པ། འཁོར་བ་པ་རྣམས་དང་པོར་བཤད་པར་བྱའོ་ཞེས་སྡིགས་པར་ བྱེད་པ་སྟེ། དེའི་རྗེས་སུ་ཡང་དག་པར་རེག་ནས་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་དུ་བྱེད་དོ་ཞེས་པ་མན་ངག་གོ། །ལྷ་དང་ལྷ་མིན་རྣམས་ཞེས་པ་འཁོར་བ་པ་རྣམས་ཉེ་བར་མཚོན་པའོ། །ཆོས་ཀྱི་འཁོར་ལོ་སྟེ་ཕུང་པོ་ལྔའི་ངོ་བོ་དེ་བཞིན་གཤེགས་པ་ལྔ་རྣམས་བསྲེགས་ནས་ཏེ་གདུངས་ ནས་སོ། །ལོངས་སྤྱོད་ཀྱི་འཁོར་ལོ་ས་ལ་སོགས་པའི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཅན་ཉན་ཐོས་དང་། རང་སངས་རྒྱས་རེག་པ་ཙམ་གྱིས་རྫོགས་པའི་སངས་རྒྱས་སུ་བྱས་པ་རྣམས་ ཀྱང་ཉེ་བར་མཚོན་པའོ། །སྔར་བཤད་ཁོ་ནའི་ཞེས་པ་མཛོད་སྤུར་སོན་པ་ཁོ་ནའོ། །སྔ་མ་བཞིན་ཞེས་པ་ཇི་ལྟར་དེའི་ཤེས་རབ་ཅེས་པ་ལ་སོགས་པས་བཤད་པ་དེ་ལྟར་བདེ་བ་ཆེན་པོའི་རང་བཞིན་ནོ། །འདི་ན་འདིར་བསྡུས་པའི་དོན་ཏེ། བསྐྱེད་པའི་རིམ་པས་ལྷའི་རྣལ་འབྱོར་དང་ལྡན་པས་ ཇི་ལྟར་ནུས་པ་ལྟར་སྔར་བཤད་པའི་ཕྱོགས་བཞི་ལས་གང་ཡང་རུང་བའི་ཕྱོགས་ལ་དམིགས་ནས། རྣལ་འབྱོར་མའི་འཁོར་ལོ་མཐའ་དག་གི་རང་བཞིན་ཕྱག་རྒྱ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་མ་བདག་མེད་མ་གཏུམ་མོའི་ངོ་བོ་ཉིད་འབར་དུ་འཇུག་གོ། །དེ་འབར་བ་ཡང་འོད་ཕྲ་མོ་དཔག་ ཏུ་མེད་པ་འཕྲོས་པ་རྣམས་ཀྱིས། བ་སྤུའི་བུ་ག་དང་རྩེ་མོ་དང་མཚམས་རྣམས་ཁྱབ་པར་བྱས་ནས་དེ་རྣམས་ལས་འབྱུང་ངོ་། །ཨ་ཝ་དྷཱུ་ཏཱིའི་ལམ་གྱིས་ཀྱང་སྟེང་དུ་འགྲོ་ཞིང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང་ཕུང་པོ་ལྔ་ལ་སོགས་པ་རྣམས་གདུངས་ ནས། སྣ་བུག་གཡས་པ་ལས་དང་མཛོད་སྤུའི་ཁུང་བུ་ལས་འབྱུང་ངོ་། །རྣམ་པ་གསུམ་པོ་ཕྱིར་བྱུང་བ་ཡང་གློག་གི་འོད་བཞིན་དུ་ཕྱོགས་རྣམས་སུ་ཁྱབ་ནས། འཁོར་བ་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐའ་དག་ལ་རེག་ཅིང་རྫོགས་པའི་སངས་ རྒྱས་ཀྱི་གཟུགས་སུ་བསྐྱེད་དེ། དེ་རྣམས་ཀྱི་དང་རང་ཉིད་གྲུབ་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་ནས་བཞུགས་ནས་བདེ་བ་ཆེན་པོའི་འཁོར་ལོ་གདུངས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་འདོད་ཆགས་ཆེན་པོའི་མེའི་འོད་ཀྱིས་བསྐུལ་ཅིང་འདོད་ཆགས་ཆེན་པོའི་ རྗེས་སུ་ཆགས་པ་རྣམས་སྒོམ་པ་པོའི་སྨིན་མཚམས་ཀྱི་མཛོད་སྤུའི་བུ་ག་ནས་ཞུགས་ཏེ། བདེ་བ་ཆེན་པོའི་འཁོར་ལོར་གནས་པ་ན་ཟླ་བ་དང་ལྷན་ཅིག་ཞུ་བར་བྱས་ནས་དེ་ཞུ་བ་དང་རོ་གཅིག་པ་འོག་ཏུ་འཛག་པ། ཕུང་པོ་ལ་སོགས་པ་སྒྲོ་འདོགས་པ་ཟིལ་གྱིས་གནོན་པ་ཤེས་རབ་དང་ཐབས་ རོ་གཅིག་པའི་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་ངོ་བོ་ལྟེ་བར་གནས་པར་འགྱུར་རོ། །དེ་ལྟར་འདི་སངས་རྒྱས་ཀྱིས་བྱིན་གྱི་རླབས་ཕུན་སུམ་ཚོགས་པར་འགྱུར་རོ། །ཡི་གེ་བསྒོམ་པ་ལ་ལྷག་པར་མོས་པ་བསྡུས་པ་ལ་དགའ་བས། ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོའི་ མཚོ་སྐྱེས་ཀྱི་ལྟེ་བ་རྣམས་ལ་རིམ་པ་ཇི་ལྟ་བར་དམར་པོ་དང་ནག་པོ་དང་དཀར་པོ་སྟེང་དང་འོག་ཏུ་མགོ་བསྟན་པའི་ཨཾ་ཧཱུྃ་ཨོ་ཧ་ཡིག་རྣམས་བསྒོམས་ཏེ། ཨཾ་གི་ངོ་བོ་བཅོམ་ལྡན་འདས་མ་གཏུམ་མོ་འབར་དུ་གཞུག་གོ། །དེས་ཀྱང་ཧཱུྃ་དང་ཨོཾ་གྱི་ཡི་གེ་དག་གདུངས་ནས་ཧཾ་ཞུ་བར་བྱས་ཏེ་འོག་ ཏུ་འཛག་ཅིང་། དེ་ཞུ་བ་དང་ཨོཾ་ཧཱུྃ་དག་དང་རོ་མཉམ་པ་སྔོན་བཞིན་དུ་ལྟེ་བར་གནས་པར་བྱའོ། །རྒྱས་པ་ལ་དགའ་བས་ནི། ཡང་ལྟེ་བར་སྟེང་དུ་ཁ་ཕྱོགས་པའི་ཆུ་སྐྱེས་དམར་པོའི་ལྟེ་བར་ཟླ་བའི་སྟེང་དུ་ཨཾ་ངོ་། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་གཡས་ སྐོར་དུ་རིམ་པ་ཇི་ལྟ་བར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་བརྒྱད་རྣམས་སོ། །སྙིང་གར་འོག་ཏུ་ཁ་ཕྱོགས་པའི་པདྨ་དཀར་པོའི་ལྟེ་བ་ལ་ཟླ་བར་ཧཱུྃ་སྟེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨ་ཨི་ཨུ་ཨེ་ཡིག་རྣམས་དང་། དབང་ལྡན་ལ་སོགས་པ་རྣམས་ལ་ཡ་ར་ལ་ཝ་རྣམས་སོ། །མགྲིན་པར་གྱེན་དུ་ཁ་ ཕྱོགས་པའི་ཆུ་སྐྱེས་དམར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་སྟེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨཱ་ཨཱི་ཨཱུ་ཨཻ་ཡིག་རྣམས་དང་། དབང་ལྡན་ལ་སོགས་པ་རྣམས་སུ་ཡཱ་རཱ་ལཱ་ཝཱ་རྣམས་སོ། །མགོ་བོར་འོག་ཏུ་ཁ་ཕྱོགས་པ་འདབ་མ་སུམ་ཅུ་རྩ་གཉིས་པའི་སྣ་ཚོགས་པདྨ་ལ་ལྟེ་བའི་ཟླ་བར་ཧཾ་ སྟེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་རེ་རེས་བར་དུ་ཆོད་པ་རྣམས་ལ་རིམ་པ་ཇི་ལྟ་བར་དབྱངས་བཅུ་དྲུག་རྣམས་སོ། །ཨ་དང་ཀ་ལ་སོགས་པའི་ཡི་གེ་འདི་རྣམས་ཐམས་ཅད་ཀྱང་ཟླ་ཕྱེད་དང་ཐིག་ལེ་དང་ནཱ་ད་དང་བཅས་པ་བ་མོ་འཛག་པ་རྣམས་སུ་བསྒོམ་ཞིང་། ཨཾ་གི་ངོ་བོའི་གཏུམ་མོ་ འབར་དུ་འཇུག་གོ། །དེ་ཡང་གྱེན་དུ་འགྲོ་ཞིང་ཡི་གེ་རྣམས་ཐམས་ཅད་གདུངས་པར་བྱེད་ཞུ་བར་བྱེད་དོ། །དེ་ཞུ་བ་དང་རོ་གཅིག་པ་འོག་ཏུ་ས་བོན་པ་ནི་ལྟེ་བར་སྔར་བཞིན་དུ་ངལ་སོའོ། །དཔྱིད་ཀྱི་ཐིག་ལེ་དེ་ཁོ་ན་བརྟག་པའི་རྒྱལ་པོ་རྡོ་རྗེ་འཛིན་པ་སྟེ། སྔར་བཞིན་དུ་དེ་རྗོད་པར་བྱེད་པའི་ གཞུང་གི་ཚོགས་ཀྱང་དེ་སྐད་དོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་བཞི་པའོ།། །།བཅུ་གསུམ་པར་མདོར་བསྟན་པའི་བརྡ་རྣམས་རྒྱས་པར་བཤད་པའི་དོན་དང་། དགོངས་པའི་སྐད་གཞན་རྟོགས་པར་བྱེད་པའི་དོན་ དུ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །ངག་དང་ཡན་ལག་གི་ཕྱག་རྒྱ་ནི་ངག་དང་ཕྱག་རྒྱའོ། །དམ་ཚིག་ཆེ་ནི་སྦས་པའི་བརྡའོ། །མ་ཕུག་པ་ནི་མ་མཚོན་པའོ། །འདིས་ནི་གསང་བ་ཉིད་དུ་གསུངས་སོ། །ཤིན་ཏུ་གསང་བ་ཉིད་གསུངས་པ། དགོད་ཅེས་པ་ལ་སོགས་ པ་སྟེ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མ་བཞི་རྣམས་ཀྱི་རྒྱུད་གང་ཡིན་པ་ནི་དགོད་པ་དང་བལྟས་པ་དག་དང་འཁྱུད་པ་དང་གཉིས་གཉིས་དང་ལག་བཅང་རྣམས་ཀྱིས་མཚོན་པའོ། །དེ་ལྟར་ནི་བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ལྷ་རྣམས་ཤེས་རབ་དང་ཐབས་དག་གིས་རྗེས་ སུ་ཆགས་པ་གསལ་བར་བྱེད་པ་ལྟ་བའོ། །ཁ་ཅིག་ཏུ་འཛུམ་པའོ། །ཁ་ཅིག་ཏུ་ལག་པ་འཛིན་པའོ། །ཁ་ཅིག་ཏུ་འཁྱུད་པའོ། །ཁ་ཅིག་ཏུ་གཉིས་གཉིས་སོ། །འདི་ལྟར་གྱུར་པ་ལྟ་བ་ལ་སོགས་པའི་ཤིན་ཏུ་དགའ་བ་ཅན་བྱ་བ་ལ་སོགས་པའི་རྒྱུད་ཀྱིས་ཀྱང་མ་བཤད་པ་ནི་མ་བསྒྲགས་ པའོ། །དགོངས་པའི་སྐད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཁོ་ནས་བསྒྲགས་པ་འབའ་ཞིག་སྟེ། དེའི་ཕྱིར་མཆོག་ཏུ་གསང་བའོ་ཞེས་པ་དགོངས་པའོ། །དམིགས་པ་གཅིག་པའི་སེམས་ནི་རྩེ་གཅིག་སེམས་སོ། །འདིར་ཚིག་ཤེས་པ་རྣམས་ཕན་ཚུན་དུ་གལ་ཏེ་དགོངས་ པའི་སྐད་ཀྱིས་ནི་སྨྲ་བར་སྐད་གཞན་གྱིས་ཐ་སྙད་བྱེད་དམ། དམ་ཚིག་མི་ཤེས་པའི་མདུན་དུ་སྨྲ་བར་བྱེད་ན་དེའི་ཚེ་དམ་ཚིག་དྲལ་བའི་ཕྱིར་ཡམས་ནད་དང་ཉེ་བར་འཚེ་བ་ལ་སོགས་པ་རྣམས་ཀྱིས་གནོད་དོ་ཞེས་གཞན་དུ་གསུངས་སོ། །དཔའ་བོ་སྲིང་མོའི་ཞེས་པ་རྣལ་འབྱོར་པ་དང་རྣལ་ འབྱོར་མ་དག་གིའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་པོའི་རྣལ་འབྱོར་པས་བསྟན་པ་ལ་སེམས་ཅན་གཞུག་པའི་ཆེད་དུ་ལྟུང་བར་བྱེད་པ་དང་དབང་དུ་བྱ་བ་དང་དགུག་པ་དང་རེངས་པ་ཞེས་པ་ལྟ་སྟངས་བཞི་གསུངས་པ། མཉམ་པ་ཞེས་པ་ལ་སོགས་པ་སྟེ། མཉམ་པ་ནི་མི་ཡོ་བའོ། ། གདུག་པ་ནི་ཁྲོ་བོའི་ཉམས་ཏེ། དེ་ལྟར་གཞན་ལ་ཡང་ལྟ་སྟངས་དང་རྗེས་སུ་མཐུན་པ་ལས་སེམས་ཀྱི་ཉམས་ཤེས་པར་བྱའོ། །དེ་ལ་གང་ཡང་དག་པར་ཕྱོགས་པར་བལྟ་ཞིང་ཁྲོ་བོའི་ཉམས་ཅན་མིག་འབྲས་དག་གིས་དཔྲལ་བ་ལ་བརྟེན་པ་དེ་ནི་ལྟུང་བྱེད་ཀྱི་ལྟ་སྟངས་སོ། །གཡོན་པ་ལ་ བརྟེན་པའི་མིག་འབྲས་གཉིས་ཅན་གཡོན་དུ་བལྟ་བ་ནི་དབང་དུ་བྱ་བའོ། །མིག་འབྲས་གཉིས་སྟེང་དུ་བརྟེན་ཞིང་གཡས་སུ་བལྟ་བ་ནི་དགུག་པའོ། །སྣ་གོང་ལ་བརྟེན་པའི་མིག་འབྲས་གཉིས་ཅན་མངོན་དུ་ཕྱོགས་པར་བལྟ་བ་ནི་རེངས་པའོ། །མིག་འབྲས་གཉིས་སྣའི་རྩེ་མོར་བརྟེན་ ཅིང་འཕྲེད་དུ་བལྟ་བ་ཡང་ལྟུང་བའི་ལྟ་སྟངས་སོ། །སྲོག་གཅོད་པ་ཡང་ནི་ལྟུང་བའོ། །དེ་ལྟར་ཡང་གསོད་པ་ནི་སླར་འཚོ་བར་བྱ་ནུས་པ་ཁོ་ནས་བྱ་སྟེ། གཞན་དུ་ན་སེམས་ཅན་རྣམས་གཞུག་པའི་དོན་དུ་ཇི་ལྟར་འགྱུར། འཚོ་བར་བྱ་མི་ནུས་པས་སེམས་ཅན་གསོད་པར་ བྱས་པ་ལས། བདེ་འགྲོར་འགྲོ་བར་ཡང་མི་འགྱུར་ན་སྐྱེས་བུའི་དོན་གྱི་མཆོག་འགྲུབ་པའི་དོན་ཅི་ཞིག །དེ་སྐད་དུ་ཡང་བརྟག་པ་གཉིས་པར་བཀའ་སྩལ་པ། གསད་པ་འདི་ནི་བྱ་བ་མིན། །དམ་ཚིག་ཆེས་ཆེར་ཉམས་པར་འགྱུར། །སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་ བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་སོ། །དབུགས་ཕྱིར་འབྱུང་བ་ནི་འབྱུང་བའོ། །རབ་ཏུ་གཞུག་པ་ནི་དགང་བའོ། །ནང་གང་བ་ནི་བུམ་པ་ཅན་ནོ། །ཞུགས་ནས་གཡོ་མེད་གྱུར་པ་ནི་ཞི་བ་ཅན་ནོ། །འདི་རྣམས་གོམས་པར་ བྱ་བའི་ཆེད་དུ་རིམ་པ་ཇི་ལྟ་བར་ཁུ་བ་དང་བཅས་པའི་ཤིང་དང་མེ་ཏོག་དང་རྡོ་རྗེའི་ཤིང་དང་གཡོ་བ་རྩ་ཞེས་པ་མཚོན་པ་བཞི་རྣམས་གསུངས་པ། ལྟུང་བ་ཞེས་པ་ལ་སོགས་པའོ། །འཁྲུལ་པ་ནི་ཕྱིན་ཅི་ལོག་གོ། །ངལ་སོ་བ་མེད་པར་གོམས་པར་བྱེད་པ་ནི་ལྟ་ཅི་སྨོས། དངོས་གྲུབ་ གསལ་བར་བྱེད་པའི་བརྡའི་བྱེ་བྲག་རྒྱས་པར་སྟོན་པ་གསུངས་པ། གཉིས་ཞེས་པ་ལ་སོགས་པའོ། །ཀུན་དུ་སྤྱོད་པ་ལ་དགེ་བ་ནི་སློབ་དཔོན་དང་ཀུན་དུ་སྤྱོད་པ་ཡོད་ན་ལེགས་པ་ཅན་སློབ་དཔོན་ནི་སློབ་དཔོན་དག་སྟེ། །གཅིག་ལྷག་ལས་སོ། །ཇི་སྐད་བཤད་པའི་དམ་ཚིག་དང་ ཀུན་དུ་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདོད་པའི་ལྷའི་བདག་ཉིད་ཀྱི་རྣལ་འབྱོར་མ་ལ་ཕྱག་འཚལ་ཅིང་། རང་གི་འདོད་པའི་ལྷའི་གཟུགས་ཅན་མ་དེ་ཀུན་དུ་སྤྱོད་པས་ཡིད་འཕྲོག་པ་མོ་དེ་ཡང་དེ་ལ་སླར་ཕྱག་བྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་ ཡང་རྣལ་འབྱོར་མ་གཡས་པས་སྟེང་དུ་ལྟ་ཞིང་སྨིན་མ་གཡས་བསྒུལ་བས། ནམ་མཁའ་ལ་སེམས་ཅན་གྱི་བྱ་བ་འགྲུབ་པའི་ཆེད་དུ་འགྲོ་བའི་ཆེད་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་རྣལ་འབྱོར་པ་ལ་གྱེན་གནས་ཀྱི་དངོས་གྲུབ་རྫུ་འཕྲུལ་དང་མངོན་ཤེས་འབྱུང་བར་འགྱུར་ རོ་ཞེས་གསལ་བར་བྱེད་དོ། །འགྱུར་རོ་ཞེས་པ་ནི་ད་ལྟར་བ་དང་ཉེ་བའི་ཕྱིར་རོ། །དེ་ལྟར་ཕྱི་མ་ལའོ། །གཡོན་པ་སྟེང་དུ་ལྟ་བ་ནི། གཡོན་པ་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་གྱི་དཔུང་ནི་བསམ་གཏན་གྱི་བར་ཆད་བྱེད་པའི་ཕ་རོལ་གྱི་འཁོར་ལོ་སྟེ། དེ་འཇོམས་པ་ནི་བདུད་རྣམས་ ཟིལ་གྱིས་གནོན་པའོ། །རྣལ་འབྱོར་དེ་ཉིད་ཀྱི་ཤེས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་གྱིས་སོ། །འདུ་ཤེས་ནི་བརྡ་བྱ་བར་འདིས་འདུ་ཤེས་པར་བྱའོ་ཞེས་བྱས་ནས་སོ། །དེར་ཞེས་པ་གཽ་རཱི་ལ་སོགས་པའི་གཟུགས་དེའི་རྫོགས་པའི་ངོ་བོའི་དངོས་གྲུབ་བོ། ། གཡོན་ལས་ཅིག་ཤོས་ཀྱི་འགུལ་ན་ཡང་ལྟ་སྟངས་ཀྱི་བྱེ་བྲག་གིས་སོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་ཐ་སྙད་འགྲུབ་ཅིང་འཇིག་རྟེན་པའི་སྒྲུབ་པ་དགག་པ་ལ་སོགས་པ་ཡང་བརྡ་ཆད་ལ་སོགས་པ་ཁ་ཅིག་ལའོ། །རྣལ་འབྱོར་པ་ཞེས་པ་རྣལ་འབྱོར་པའིའོ། །ཡང་ དག་པར་བརྗོད་པ་འདིའིའོ་ཞེས་པ་སྡུད་པ་སྟེ། གསུང་རབ་ཀྱི་བརྗོད་བྱའི་དོན་ནོ། །དེའི་དངོས་གྲུབ་ནི་རང་གི་དོན་རྫོགས་པའོ། །དེ་ཡོད་ན་གཞན་གྱི་དོན་ནི་ལེགས་པ་གསུངས་པ་ནི་བསྟན་པ་སྟེ་དེ་འགྲུབ་པའོ། །ལྟ་སྟངས་ལྟ་བ་དང་ཕྱག་རྒྱ་སྨིན་མ་བསྐྱོད་པ་ལ་སོགས་པ་སྟེ། དེ་དག་གིས་མངོན་པར་འདོད་པ་ཤེས་པ་ནི་ལྟ་སྟངས་དང་ཕྱག་རྒྱའི་ཤེས་པ་སྟེ་བཤད་དོ་ཞེས་པ་ལྷག་མའོ། །ལས་རབ་འབྱམ་བརྗོད་པའི་ཆེད་དུ་གསུངས་པ། དཔལ་ཞེས་པ་ལ་སོགས་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཡང་དག་པའི་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོའོ། ། དེའི་ཇི་ལྟའི་དབྱིབས་ནི་སྐུ་སྟེ། དེ་དང་ལྡན་པ་ནི་དེའི་བདག་ཉིད་ཀྱིས་སོ། །ཐོད་པ་ནི་འདིར་རམ་གཞན་དུ་གཉིས་སྐྱེས་ལ་སོགས་པའི་ཁྱད་པར་ཅན་མ་བྱུང་བ་ན་རྨ་མེད་པ་གཟུགས་མཛེས་པ་བསྔགས་སོ། །དེ་ཡང་བུད་མེད་རྣམས་ཀྱི་དང་སྔགས་པ་རྣམས་ཀྱིའོ། །དེ་གསུངས་པ། གསེར་གྱི་སྒོ་དང་ཡང་དག་ལྡན། །མི་ཡི་ཐོད་པར་ཤེས་པར་བྱ། །བྲམ་ཟེ་ལ་སོགས་ཐོད་པ་ནི། །རྣ་བ་རེ་རེ་འཕེལ་བའོ། །རིགས་དམན་པ་ཡི་ཐོད་པ་ནི། །རྣ་བའི་སྟེང་དུ་བུག་པར་འགྱུར། །རྒྱབ་ཏུ་བུག་ཅན་མ་ནིང་གིའོ། །བུད་མེད་ཀྱི་རྟག་ཏུ་རྨ་མེད། །མཁས་པའི་ཐོད་ པར་ཤེས་ལྡན་གྱིས། །ཤེས་བྱ་དེ་བཞིན་སྔགས་པ་ཡིས། །མུ་ཏིག་ཕྲེང་འདྲའི་རི་མོ་ནི། །དཔྲལ་བར་རྣ་བའི་དུང་དག་ལའོ། །ཞེས་སོ། །གཟུགས་བཟང་བ་ནི་རི་བོང་ཅན་ལ་སོགས་པ་རྣམས་གང་ཡང་རུང་བའོ། །གཅིག་གཉིས་གསུམ་བཞིའི་དུམ་བུ་ ཅན། །བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་ཁ་ནི་དཀར་དམར་འགྱུར། །ཅུང་ཟད་རིང་ཞིང་ཤིན་ཏུ་མཛེས། །པདྨ་པདྨའི་རྣམ་པ་འདྲ། །སེར་དང་དམར་དང་དེ་བཞིན་དཀར། །རབ་ཏུ་བསྔགས་པའི་ཐོད་པ་རྣམས། །ལྷག་མ་རྣམས་ནི་རྣམ་པར་སྤང་། །ཞེས་སོ། །ལྷག་མ་ རྣམས་ནི་རུལ་བ་དང་གས་པ་ལ་སོགས་རྣམས་སོ། །ཡུངས་ཀར་བསྐྱེད་ནས་ཞེས་པ་ཡུངས་ཀར་བཏབ་ནས་སོ། །ཆོ་ག་བཞིན་ཞེས་པ་དང་པོར་གཉིས་སྐྱེས་ཀྱི་ཐོད་པར་བསྐྱེད་ཅིང་། དེའི་རྗེས་སུ་མི་གཞན་གྱི་རུའོ་ཞེས་པ་ལ་སོགས་པ་ཆོ་གའོ། །ཡི་དགས་ལ་སོགས་པ་རྣམས་ ཐམས་ཅད་ལས་བསྲུང་བ་ནི་ཐམས་ཅད་བསྲུང་བའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་མདོར་བསྟན་པ་རྒྱས་པར་བསྟན་པའི་ཆེད་དུ་གསུངས་པ། དཔལ་ཞེས་པ་ལ་སོགས་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཡང་དག་པའི་སྦྱོར་བས་སྟེང་གི་མཆེ་བ་རྣམས་ཀྱིས་མ་མཆུ་མནན་པ་སྟེ། དེ་ཉིད་ཀྱི་ཕྱིར་ཡང་དག་པར་སྦྱར་བ་གང་གི་ཡིན་པ་དེ་དེ་སྐད་དོ། །མ་མཆུ་མནན་ཞིང་སྦྱར་དང་བཅས། །ཞེས་འདོན་པ་ལ་ནི་མ་མཆུ་མནན་ཞིང་སྦྱར་བ་དང་ལྷན་ཅིག་འཇུག་པའོ་ཞེས་སྦྱར་བར་བྱའོ། །གཡོན་པ་རྡོ་རྗེ་དྲིལ་བུ་དང་ཐོད་པ་དང་ཞགས་པ་རྣམས་འགྱིང་བས་འཛིན་ནོ་ཞེས་ པ་གཡོན་པ་འགྱིང་འཛིན་ནོ། །དཔལ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་སྙེམས་མ་སྟེ་དེ་དང་ལྡན་པའོ། །གཡས་པས་རྡོ་རྗེ་དང་རལ་གྲི་དང་ལྕགས་ཀྱུས་ཕྱོགས་ཀྱི་འཁོར་ལོར་བགེགས་འཇོམས་པའི་ཚུལ་རྣམས་ཀྱིས་གསལ་ཅིང་གསལ་བར་སོ་སོར་སྣང་བར་ཇི་ལྟར་འགྱུར་བ་དེ་ལྟར་ ཕྱག་རྒྱར་མཛད་བྱིན་གྱིས་རློབ་པར་མཛད་ཅེས་འབྲེལ་ལོ། །སྟེང་འོག་ཅེས་པ་ཐད་ཀར་ཡང་ཞེས་པ་ལྷག་མའོ། །ས་དང་ས་སྟེང་ཞེས་པ་ནི་མཐོ་རིས་ཞེས་པ་ལྷག་མ་སྟེ། དེ་ནི་ས་འོག་དང་མཐོ་རིས་དང་མི་ཡུལ་རྣམས་ཞེས་པའི་དོན་ཏོ། །རང་ཉིད་ཅེས་པ་རྡོ་རྗེ་སེམས་དཔའི་ བདག་ཉིད་ཀྱིས་སོ། །རྒྱས་འདེབས་པ་ཡང་འདི་རྣམས་ལ་བགེགས་མི་འཇུག་པའི་དོན་ནོ། །དེ་ལྟར་བསྒོམས་བཞིན་པ་ནི་སངས་རྒྱས་ཀུན་དངོས་རྡོ་རྗེ་སེམས་དཔའི་གཟུགས་ཅན་ལས་རབ་འབྱམ་ལ་སོགས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །འདི་སྐད་གསུངས་ཏེ། ཡུད་ཀྱིས་ ཐ་མལ་པའི་ལུས་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཇི་སྐད་བཤད་པའི་ཕྱག་དང་སྐུ་མདོག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི། འོག་ཏུ་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལས་སྐྱེས་པའི་རྡོ་རྗེ་འབར་བ་རྣམས་ཀྱིས་མཚམས་མེད་ཅིང་དུམ་ བུ་ལས་གཅིག་ཏུ་གྱུར་པའི་སྟེང་དུ་རྡོ་རྗེ་གུར་དང་། མདའི་དྲ་བ་དང་བླ་རེ་དང་། ལོགས་སུ་རྡོ་རྗེ་ར་བ་དང་། འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསམ་པར་བྱའོ་ཞེས་པ་མཐོ་རིས་དང་མི་ཡུལ་དང་ས་འོག་རྒྱས་གདབ་པ་བསྒྲུབས་ནས། དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་ མར་བྷྲཱུྃ་ལས་སྐྱེས་པའི་འཁོར་ལོ་སེར་པོ་གཡས་སུ་འཁོར་བ་རྩིབས་བཅུ་པའི་ལྟེ་བའི་དབུས་ཀྱི་ནང་དུ། ཡུད་ཀྱིས་རྡོ་རྗེ་སེམས་དཔའི་ངོ་བོ་ངེས་པར་གྱུར་པས། ཇི་སྐད་བཤད་པའི་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཏེ། རྩིབས་ཀྱི་རྩེ་མོ་བཅུ་ལ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཇི་སྐད་ བཤད་པའི་ཁྲོ་བོ་བཅུ་པོ་བགེགས་ཀྱི་ཚོགས་རྣམས་རྩད་ནས་འབྱིན་པར་མཛད་པ་རྣམས་ཀྱིས་ཕྱོགས་བཅུ་རྣམས་བྱིན་གྱིས་བརླབས་ཏེ། འོག་དང་སྟེང་དང་ཐད་ཀར་ཁོར་ཡུག་ཆེན་པོའི་མཐར་ཐུག་པར་འགྲོ་བ་ལ་རྣམ་པ་ཐམས་ཅད་དུ་བགེགས་མེད་པར་མོས་ནས། ཡུད་ཀྱིས་ཤེས་ རབ་དང་བཅས་པའི་རྡོ་རྗེ་འཛིན་པའི་གཟུགས་ཁོ་ན་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། གོམས་པ་ཕུལ་དུ་བྱུང་བ་ལས་གསལ་བར་རྡོ་རྗེ་སེམས་དཔའ་ལ་སོགས་པ་སོ་སོར་སྣང་བ་དང་ལྡན་པས་ནི། ལས་རབ་འབྱམ་ཐམས་ཅད་སྒྲུབ་པར་བྱེད་ཅིང་ དངོས་གྲུབ་ཐོབ་པར་བྱེད་ཅིང་། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། ཡི་དགས་ལ་སོགས་པ་རྣམས་ཀྱིས་སྨན་གྱི་མཐུ་འཕྲོག་པའི་ཕྱིར་རོ་ཞེས་པའོ། །སྒོམ་པ་ཆེན་པོ་བྱས་པ་འདི་ལས་གཞན་པ་ཡང་ཇི་ལྟར་རྡོ་རྗེ་སེམས་དཔའི་ངོ་བོར་བསྒོམ་པ་ཁོ་ནས་བསྒྲུབ་པར་བྱ་སྟེ། འོན་ ཀྱང་སྨན་གྱིས་ཀྱང་བགེགས་རྣམས་ལ་བསྲུང་བ་བྱས་ནས་སོ། །དེའི་ངོ་བོར་གསུངས་པ། མིའི་ཞེས་པ་ལ་སོགས་པའོ། །དེས་ནི་ཇི་སྐད་བཤད་པ་རིགས་པས་རྡོ་རྗེ་འཛིན་པའི་བདག་ཉིད་ཁོ་ནས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བར། དང་པོར་བྲམ་ཟེའི་ཐོད་པ་ དེའི་རྟེན་གྱི་སས་བཀང་བར། གལ་ཏེ་དབེན་པའི་ས་གཞི་ཐོབ་ན། ཡུངས་ཀར་བསྐྱེད་དོ། །དེའི་འབྲས་བུ་མི་གང་སུ་ཡང་རུང་བའི་ཐོད་པར་དེ་ལྟ་ཁོ་ན་བསྐྱེད་དོ། །དེའི་ལོ་མ་སྐམ་པོར་བྱ་བ་ཡང་དང་འབྲས་བུའི་མར་ཁུ་ཚོད་མར་བྱས་ཏེ་ཟོས་ནས་འབྲས་བུའི་མར་ཁུ་མགོ་བོ་ལ་ བྱུགས་པ་བྱས་ཏེ། འབྲས་བུས་བགེགས་བསྐྲད་པའི་བསམ་པས་ཕྱོགས་རྣམས་སུ་འཕངས་པ་རྣམས་ཀྱིས་སྲུང་བར་མོས་བཞིན་པས་ཐམས་ཅད་སྒྲུབ་པར་བྱེད་དོ། །གཉིས་སྐྱེས་ཞེས་པ་ལ་སོགས་པ་སྟེ། འདི་ཞེས་པ་འཆད་པར་འགྱུར་བའི་འོལ་མ་སེ་དཀར་པོའི་འབྲས་ བུ་དང་པོར་བྲམ་ཟེའི་ཐོད་པར་སྔར་བཞིན་བསྐྱེད་ནས། དེའི་འབྲས་བུ་མི་གཞན་གྱི་ཐོད་པར་དེ་ལྟ་ཁོ་ནར་བཏབ་ཅིང་། དེའི་འབྲས་བུ་བཟུང་ནས་སྲོག་ཆགས་གང་དང་གང་གི་ཐོད་པར་སྔར་བཞིན་དུ་བསྐྱེད་དོ། །དེའི་འབྲས་བུ་དེ་དང་དེའི་གཟུགས་སུ་གསལ་བར་འགྱུར་བར་ འདོད་པས་ཁའི་དབུས་སུ་བཞག་ཅིང་དེ་དང་དེའི་གཟུགས་འཛིན་ནོ། །དེའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་ལ་བུད་མེད་ལ་སོགས་པ་རྣམས་དང་བྱ་རོག་ལ་སོགས་པ་རྣམས་ཀྱི་ཐོད་པར་བཏབ་ནས་ཞེས་འཇུག་གོ། །རོའི་ཞེས་པ་ལ་སོགས་པ་སྟེ། དུར་ཁྲོད་ནི་ ས་གང་དུ་མི་རོ་བསྲེགས་པའོ། །གུ་གུལ་ནི་གུ་གུལ་ལོ། །འབྱུང་པོའི་ཉིན་མོ་ནི་ནག་པོའི་ཕྱོགས་ཀྱི་བཅུ་བཞིའོ། །འབྱུང་པོའི་ཉིན་མོ་ལ་མི་ཤི་བའི་ཁའི་ནང་དུ་གཞག་པའི་གུ་གུལ་དུར་ཁྲོད་ཀྱི་མེས་བསྲེགས་བཞིན་པ་བདུག་སྤོས་རེག་པ་ལས་མི་ལ་ཡི་དགས་ལ་སོགས་པ་གང་ དབབ་པར་འདོད་པ་དེ་འབབ་པར་བྱེད་ཅིང་སྒྲུབ་པ་པོའི་མངོན་པར་འདོད་པ་སྨྲའོ། །བདུག་པ་སྤངས་པ་ལས་བབས་པ་གྲོལ་བའོ། །གསེར་ཤིང་ནི་དྷ་དུ་རའོ། །ཨཱ་ལཾ་ནི་བ་བླའོ། །དུམ་བུ་ནི་དུམ་ཞོགས་སོ། །དྲུག་པོ་འདི་རྣམས་བསྲེས་པ་རོའི་ཁར་གནས་པ་རྣམས་སྔར་བཞིན་ ནོ། །རྟ་གསོད་ནི་ཀ་ར་བི་རའོ། །ཉི་མའི་ཤིང་ནི་ཨར་ཀ་སྟེ་དེའི་ཤིང་ནང་ན་གནས་པའོ། །ཕྱེ་མ་ལེབ་ནི་སྲོག་ཆགས་སོ། །སྡིག་པ་ནི་ཀར་ཀའི་སྟེ། རྔ་མ་ནི་མཇུག་མའོ། །བོང་ངའི་དུག་གི་བརྒྱའི་ཆ་ཤས་སོ། །འདི་བཞི་བཏགས་པས་བྱུགས་པའི་ལག་པ་ནི་ལག་པ་ཁོ་ནའོ། །གོ་ ནས་ནི་སྦྲུལ་ཏི་ལི་ཏ་ས་སྟེ་དེ་དང་འདྲ་བར་འགྱུར་རོ། །དེ་ལག་པ་ལ་རེག་པ་ན་ཟོས་ཟིན་པ་བཞིན་དུག་འཕོས་པའི་ཕྱིར་རོ། །བཱ་ན་རཱི་ནི་ཀ་སི་ཀཙྪ་སྟེ། ཀཙྪ་སིམ་བྷི་ཞེས་རབ་ཏུ་གྲགས་པའོ། །བཱ་ན་རཱིའི་འབྲས་བུའི་སྤུ་རྣམས་ཨརྐའི་འོ་མས་ཉིན་ཞག་བདུན་རྣམས་སུ་བསྒོམ་ཞིང་། དེའི་རྗེས་སུ་དེ་རྣམས་དང་ལྷན་ཅིག་བཏགས་པའི་ཐོད་ལོ་ཀོར། དེ་ལྟ་ཁོ་ནར་ཨརྐའི་འོ་མའི་དབུས་སུ་ཞག་བདུན་རྣམས་གཞག་པར་བྱའོ། །འདི་ལྟའི་དེ་དག་གིས་ཏེ་ཝ་ན་རཱི་དང་ཐོད་ལོ་ཀོར་དག་གིས་ས་གཞི་ལ་བྲིས་པའི་གདེངས་ཅན་དབང་པོ་ནི་སྦྲུལ་ལོ། །དུག་གིས་བསྲེག་གོ་ཞེས་ པས་ན་དུག་གིས་བསྲེག་པར་འགྱུར་རོ། །གང་གི་ཕྱིར་དེ་ལ་འདི་རེག་པ་ལས་སོས་ཟིན་པ་བཞིན་དུ་དུག་རབ་ཏུ་རྒྱུའོ། །འདི་དག་གི་ནི་ལག་པ་དང་བྲིས་པས་དུག་ལྡང་བ་དག་གིའོ། །མ་ལ་ཡ་རུ་བྱུང་བ་ནི་ཙནྡན་ནོ། །ནཱ་གེ་སར་ཞེས་པ་ནཱ་ག་གེ་སར་གྱི་མེ་ཏོག་གོ། །ནད་ཀྱི་དབང་པོ་ ནི་རུ་རྟའོ། །རྒྱ་སྤོས་ནི་པིཎྜི་ཏ་ག་རའོ། །འདི་ལྔ་ནི་ནད་མེད་དེ་སྨན་ནི། འབྲས་བཀྲུས་པའི་ཆུ་ཡིས་གཅིག་ཏུ་བཏགས་ཤིང་དཀྲུགས་ལ་བཏུང་བར་བྱའོ། །འཕྲལ་དུ་སྐྱེས་པའི་བྱིས་པའི་བྲུན་ས་ལ་མ་ལྷུང་བའི་རི་ལུ་བཏགས་པ་རྒྱ་སྤོས་ཀྱི་རྩ་བའི་དབུས་སུ་གནས་པ་ཟོས་ན། དུག་འཐུངས་པ་དེས་མི་གནོད་དོ། །སྦལ་པའི་ནི་སྦལ་པ་ཉིད་དོ། །བད་ཀན་མཐར་འབྱེད་ནི་བ་ཧུ་ཝཱ་ར་ཏེ་དེའི་འབྲས་བུའོ། །དེ་དག་བཀོལ་བ་དག་ཞག་གིས་བཏགས་པ་ལག་པ་ལ་བྱུགས་ནས་སོས་ཟིན་པ་ལ་དེས་རེག་པར་བྱའོ། །རྡོ་རྗེ་ཅན་ནི་ཟུར་གསུམ་པ་ཤྲཱི་ཁཎྜའི་ ཤིང་སྟེ། དེའི་འོ་མའོ། །མཇུག་མ་ཅན་ནི་རྨ་བྱ་སྟེ་དེའི་ཁྲག་གོ། །སྦྲུལ་གདོང་གཉིས་པའི་ཤ་དང་ཀེང་རུས་སོ། །འདི་རྣམས་ཀྱིས་བྱུགས་པའི་རྔ་ནི་རོལ་བའི་བྱེ་བྲག་སྟེ། དེའི་སྐད་ལས་ཏེ་སྒྲ་ལས་སོ། །ལུས་དང་ལྡན་པ་ལ་བྱུགས་ཞེས་འདོན་པ་ལ་ནི་ལུས་ལ་བྱུགས་ནས་ གཞན་ལ་རེག་པ་ཞེས་པའི་དོན་ཏོ། །གཅེར་བུ་ལ་སོགས་པའི་ཆོ་ག་ནི་འབྱུང་པོའི་ཞག་ལ་གཅེར་བུར་བྱུང་ཞིང་སྐྲ་གྲོལ་བ་གཏོར་མ་སྦྱིན་པ་རྣམས་ཏེ། དེ་རྣམས་ཀྱིས་མཉམ་པར་གཞག་པ་ལྷའི་རྣལ་འབྱོར་ལྡན་པས་བཟུང་བའི་བཱ་ལ་ཀའི་རྩ་བའི་དུམ་བུ་བདུན་ རྣམས། ཨོཾ་བཛྲ་ཀ་ར་ཧཱུྃ་ཕཊ་ཅེས་པས་ལན་བདུན་མངོན་པར་བསྔགས་པ་ལག་པ་གཡས་པས་བཅིངས་པ་རྣམས་སོ། །ལག་འགྲོའི་དབང་པོ་ནི་སྦྲུལ་རྒྱལ་པོ་སྟེ། དེའི་པགས་པ་ནི་ཞུས་པ་དང་། དེ་ལས་གང་སྐྱེས་པ་དེ་ནི་དེ་སྐད་དོ། །ལག་འགྲོའི་དགྲ་ནི་རྨ་བྱ་སྟེ་དེའི་གཤོག་ པའོ། །གཏུམ་པའི་མེ་ལ་ཆ་མཉམ་པ་སྟེ་སྦྲུལ་ཤུན་དང་གཤོག་པ་དག་གཅིག་ཕྱེད་དང་གཞན་ཕྱེད་པ་དེ་ལས་བྱུང་བའི་བདུག་སྤོས་རེག་པ་ལས་ཕ་རོལ་འབྱེད་པར་བྱེད་དོ། །ཀ་གཉིས་པ་ནི་བྱ་རོག་གོ། །ཉིན་མོས་འཇིགས་ནི་འུག་པའོ། །ཆོ་ག་ནི་གཤོག་པ་དག་ཆ་མཉམ་ པར་བྱས་པ་གཏུམ་མོའི་མེ་ལ་འཕང་བ་དང་ལྡན་པའི་ཉམས་གསལ་བར་བྱེད་པའོ། །སྦྲུལ་ནི་སྦྲུལ་ཉིད་དོ། །གནོད་སྦྱིན་སྨྱོན་པ་ནི་ཁྱི་སྨྱོན་ནོ། །ཐོད་པ་ཅན་ནི་ལཾ་ག་ལཱིའོ། །རོའི་མགོ་སྐྱེས་ནི་སྐྲའོ། །མགྲིན་རིངས་ནི་རྔ་མོའོ། །འདི་བཞི་སྦྱར་བ་དགྲའི་སྒོར་བརྐོས་ལ་གཞག་ གོ། །སྟར་བུ་ནི་མིང་གྲགས་པ་སྟེ། གསུམ་རྣམས་ཀྱིས་མེ་ལོང་ལ་བྱུགས་ན་དེར་རྟ་ལ་སོགས་པ་རྣམས་ཀྱི་གཟུགས་མཐོང་ངོ་། །ལག་སྐྱེས་ནི་སེན་མོའོ། །དར་དུ་ར་ནི་སྦལ་བའོ། །དེ་རྣམས་ཀྱི་ནི་རྟ་ལ་སོགས་པ་རྣམས་ཀྱི་སྟེ། སྔ་མ་བཞིན་ཞེས་པ་མེ་ལོང་ལ་བསྐུ་བའོ། ། འོན་ཀྱང་སེན་མོའི་ཐལ་བ་དང་ཞག་བསྲེས་པས་བསྐུས་པ་དེ་ཁོ་ནའི་གཟུགས་མཐོང་གི། ཐམས་ཅད་ཅིག་ཅར་ཉིད་ནི་མ་ཡིན་ནོ། །ཨཾ་ཀོ་ཋའི་ས་བོན་གྱི་མར་ཁུ་ཡིས། དུ་བ་བབ་པ་ཁ་དོག་གཅིག་པའི་འོ་མས་མཉེས་ཏེ། སྐར་མ་རྒྱལ་ལ་མིག་དག་ལ་མིག་སྨན་དུ་བྱས་པ་ལས་ ཏེ་གཟུགས་རྣམས་ནི་བདག་ཉིད་ཀྱིའོ། །རྒྱ་སྤོས་ཀྱི་འབྲས་བུ་དང་ཨ་ཀོ་ཊའི་འབྲས་བུའི་མར་ཁུས་དུ་བ་ལྷུང་བ་ཚིགས་མ་སྟེ། དེས་བྱུགས་པའི་མིག་གིས་བཟང་པོའི་སྐྱེས་བུའི་གཟུགས་མཐོང་ངོ་། །དེའི་མར་ཁུའི་མིག་སྨན་གྱིས་ནི་རང་བཞིན་ཏེ་སྔར་གྱི་རང་བཞིན་ནོ། ། རི་བོང་ཅན་གྱི་ཆུ་ནི་སེ་བཱ་ལའོ། །བཞི་པོ་སྦྱར་བ་རྣམས་ཀྱིས་རྐང་པའི་མཐིལ་ལ་བྱུགས་པ་ལས་མི་རེངས་པར་བྱེད་དོ། །དགེ་སྦྱོང་ཅན་ནི་མུཎྜི་གའོ། །ཟླ་བ་ལས་བྱུང་བ་ནི་ཤེས་བཱ་ལའོ། །སྦྲུལ་དུ་ཎ་ཌུ་བྷ་ནི་ཊོ་ཎ་ཌ་ཞེས་རབ་ཏུ་གྲགས་པའོ། །དེའི་ཁྲག་ཐུམ་པོར་བཅིངས་པའོ། །ཤིང་ ཤྱོ་ནཱ་ཀ་ནི་ཤོ་ཎ་ཞེས་གྲགས་པའོ། །རུ་ཀ་མའི་བཙག་ནི་གསེར་བཙག་གོ། །དྲི་བ་ནི་ས་སྟེ་རབ་ཏུ་གྲགས་པའོ། །ཉ་ནི་ཉ་སྟེ་འདིར་རོ་ཧི་ཏའོ། །བཞི་རྣམས་སྦྱར་བ་ལྡེ་གུར་གྱུར་པ་རྣ་བ་ལ་སོགས་པ་རྣམས་བྱུགས་པ་ལས་ཆུ་ནུབ་པ་ན་རྒྱུའོ། །ཤིང་སྲིན་ནི་ཤིང་གི་ནང་དུ་རྒྱུ་བའི་སྲིན་ བུའོ། །ཀོཀྐི་ལ་ནི་ནགས་ཀྱི་སྦྲང་བུའོ། །ཕྱེ་མ་གསུམ་པོ་འདི་འཐུངས་ནས་མི་ནི་ཡི་དགས་དང་འདྲ་བར་སྨྱོ་བར་འགྱུར་རོ། །བུ་རམ་དང་རྩབ་མོ་འཐུངས་པ་ལས་རྣལ་མར་གནས་པའོ། །སྐྱེ་གཉིས་ནི་བྲམ་ཟེའོ། །ཁྱི་འཚེ་ནི་གཡུང་པོའོ། །བྱ་རོག་དགྲ་ནི་འུག་པའོ། །སྲོག་ཆགས་ ཙ་ར་མ་ནི་བྱི་ལའོ། །དེའི་བྲུན་དང་ལྷན་ཅིག་སྤུ་དྲུག་ཕྱེ་མར་བྱས་པ་རྣམས་འཐུངས་ནས་སྔར་བཞིན་ནོ། །བ་ལང་འཕེལ་ནི་ཅེ་སྤྱང་ངོ་། །བཞག་པ་གསལ་བ་ལས་རྗོད་བྱེད་ཞི་བའོ། །ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ། །གསུམ་པོ་རྣམས་ཀྱི་བྲུན་དང་འབྲས་བུ་གཉིས་ཕྱེ་ མར་བྱས་པ་མགོ་བོ་ལ་བཞག་པའོ། །སྐྲ་བྲེགས་པས་རང་བཞིན་དུ་གནས་པའོ། །དམ་ཚིག་ཆེན་པོ་ནི་མི་ཤའོ། །འཆི་བ་ནི་གལ་ཏེ་བུ་རམ་དང་རྩབ་མོ་དག་མི་མཐུན་ནའོ། །བི་ཙུ་མར་ད་ནི་ཤིང་ནིམ་པའོ། །ལག་པ་གང་གིས་བྱ་རོག་གི་ཚང་གི་ཤིང་བཟུང་བ་དེ་ཁོ་ནས་དུར་ཁྲོད་ ཀྱི་ཤིང་བཟུང་ནས་གཉིས་ཀ་གཅིག་ཏུ་བསྲེགས་པའོ། །གསང་ཞེས་པ་འདིས་བཞག་པའི་ཐལ་བ་སུས་ཀྱང་མི་ཤེས་པར་འགྱུར་བ་ལྟར་རོ་ཞེས་གསལ་བར་བྱས་སོ། །དགའ་བཅས་མ་ནི་ཁྱི་མོའོ། །སྦྲང་བུ་ནི་སྦྲང་བུ་ཉིད་དོ། །དེ་ཕྱེ་མ་རང་གི་ཁུ་བ་དང་ལྡན་པས་རྒྱུ་སྐར་རྒྱལ་ལ་ བཟུང་བས་བསྣུན་པའོ། །བུད་མེད་ནི་མོ་རྟགས་བརྗོད་པར་བྱ་སྟེ། སོ་མ་བལ་ལཱི་དང་། ཨིནྡྲ་བཱ་རུ་ཎཱི་ལ་སོགས་པ་སྟེ། འཁྲིས་ཤིང་ནི་འཁྲིས་ཤིང་ཉིད་དོ། །དེ་ཡང་དེས་དཀྲིས་ཤིང་བསྐོར་བའོ། །སྐྱེས་པ་ནི་ཕོ་རྟགས་བརྗོད་པར་བྱ་སྟེ་ཤིང་ཨ་མྲ་ལ་སོགས་པའོ། །དེ་དག་གི་ འདབ་མའི་ཕྱེ་མ་མཉམ་པར་བསྲེས་པའོ། །གླང་པོ་ཆེའི་སྟེ་ལག་ལྡན་གྱི་ཆང་འགྲམ་པ་ལས་སྐྱེས་པ་བུ་མོའི་ལག་པར་བཞག་པས། བག་མ་བྱེད་པ་ན་ནི་ཁྱིམ་ཐབས་བྱེད་པ་ན་སྟེ་མག་པའི་ལག་པ་འཛིན་པའི་དུས་ནའོ་ཞེས་པའི་དོན་ཏོ། །འབྱུང་པོའི་སྐྲ་ནི་བྷུ་ཏ་ ཀ་ཤཱི་ཞེས་གྲགས་པའོ། །བཞི་པོ་རྣམས་ཀྱི་ཕྱེ་མ་ལན་བདུན་དུ་མཆི་མས་བསྒོས་པ་རང་གི་ཁུ་བ་དང་ལྡན་པ་བུད་མེད་ཀྱིས་ཟོས་པའམ། བཞག་པའམ་དེ་ལ་དེས་རེག་པས་ཞེས་འཆད་པར་འགྱུར་བ་ནི་འདིར་འབྲེལ་བར་བྱའོ། །ཨཱ་བན་ནཱ་ནི་ཨོ་ནཱ་ཡི་ཞེས་གྲགས་པའོ། །བཞི་པོ་ རྣམས་ཀྱི་ཕྱེ་མ་འདི་དང་འཆད་པར་འགྱུར་བ་ཡང་ཁུ་བ་དང་བྲལ་བ་སྔར་བཞིན་ནོ། །ཀྲཱན་དཱ་ནི་པིཥྞུ་ཀྲཱན་དཱའོ། །ཤྲ་བན་ཏི་ནི་དུ་བྱེད་མའོ། །ཤིང་ལགྵ་ཎ་ནི་གྲགས་པའོ། །ཨ་བ་ན་ཏཱི་ནི་ཐལ་སྦྱར་བྱས་ཏེ། ཧསྟཱ་བོ་ཌི་ཞེས་གྲགས་པའོ། །མིག་ལས་བྱུང་ནི་མིག་རྣག་དག་གོ། །ཁྱིམ་ གྱི་མཆིལ་པའི་མགོ་བོའོ། །རང་ལུས་ཀྱི་རྨ་ལས་བྱུང་བ་ནི་མིང་མེད་ཀྱི་ཁྲག་གོ། །ལྔ་པོ་འདི་རྣམས་ཀྱིས་བྱུགས་པ་སྟེ། བྱུགས་པ་ནི་བསྐུས་པའོ། །རཱ་མ་དཱུ་ཏཱི་ནི་ན་ག་དཱ་ན་ཏཱི་ཞེས་དང་ཧ་སྟི་དཱ་ནཱ་ཏཱི་ཞེས་གྲགས་པའོ། །ཕྱེ་མ་གསུམ་གྱི་ལན་བདུན་དུ་བྱས་ནས་རང་གི་ཁུ་བས་བསྒོས་པས་ སེང་ལྡེང་གི་རེང་བུ་བསྲེས་པ་སོ་རྩི་དང་ལྷན་ཅིག་ཟོས་པའོ། །ལག་གདུབ་ཅེས་པ་དུང་ངོ་། །བུད་མེད་ཤི་བའི་ལག་པ་ལ་གནས་པ་དུར་ཁྲོད་ཀྱི་མེ་ལ་བསྲེགས་པ་ད་དུ་རའི་ཁུ་བས་མེ་བསད་པ་ཕྱེ་མར་བྱས་པ་དུར་ཁྲོད་ཀྱི་མེས་བསྲེགས་པའི་ཐལ་བ་དང་བུད་ཤིང་གི་ཐལ་བ་དང་བཅས་པ་རང་ གི་ཁུ་བ་དང་བསྲེས་པ་སོ་རྩི་དང་ལྷན་ཅིག་ཟོས་པའམ་རེག་པས་དབང་དུ་བྱེད་དོ། །བྱའི་བདག་པོའི་འཁོར་ལོ་ནི་སུ་དར་ཤཱ་ནཱའོ། །ལྷའི་བདག་པོའི་སྤོས་པོ་ནི་ཨིནྡྲ་གོ་བའོ། །ཤི་ལཱ་ནི་ལྡོང་རོས་སོ། །རོ་ཙ་ན་ནི་གི་ཝང་ངོ་། །ཏ་ལ་ནི་བ་བླའོ། །མྲྀ་ག་དུརྦ་ནི་རབ་ཏུ་གྲགས་པའོ། ། ཛཱ་ཏྲི་ཀཱ་ནི་རུ་ཀྲ་ཛ་ཏྲའོ། །ལྔ་པོ་རྣམས་ཀྱི་ཕྱེ་མ་ལན་བདུན་དུ་མིག་ཆུས་བསྒོས་པ་བུད་མེད་ལ་འཕངས་པའོ། །བག་མའི་ཉིན་པར་ཤི་བའི་མིའི་མེ་ཏོག་དང་རྟགས་ལ་གནས་པའི་བན་དུ་ཀའི་མེ་ཏོག་དང་ལྷན་ཅིག་བསྲེས་པའི་ཁྱོ་ཤུག་གི་ཐལ་བ་རང་གི་ཁུ་བས་མཉེས་པ་སྟེ། དེས་བསྣུན་པའོ། །དབང་དུ་ཞེས་པ་ནི་བསྣུན་པ་ལས་སོ། །ཤུ་དག་ནི་ཤུ་དག་ཉིད་དོ། །བཅད་སྐྱེ་དཀར་པོ་ནི་དུར་བ་དཀར་པོའོ། །བེའུ་འཕྲལ་དུ་སྐྱེས་པའི་ལྟེ་བའོ། །དབང་པོའི་ནས་ནི་དུག་མོ་ཉུངས་ཀྱི་འབྲས་བུའོ། །བཀྲ་ཤིས་ཡོད་ནི་གི་ཝང་ངོ་། །ལྔ་པོ་ཆ་མཉམ་དུ་ བསྲེས་པ་རྣམས་ཀྱིས་སོ། །དཔལ་མཐའ་དག་ནི་ཙནྡན་དཔལ་གྱི་དུམ་བུའོ། །ཙནྡན་དམར་པོ་ནི་ཙནྡན་དམར་པོ་ཉིད་དོ། །རི་བོང་འཛིན་ནི་ག་བུར་རོ། །འདི་རྣམས་ཚད་མཉམ་པས་སོ། །དྲང་སྲོང་གི་བུ་ནི་བྱིའུ་ཁ་ཉ་ཛ་རཱི་ཊའོ། །བོང་བུ་ནི་བོང་བུ་ཉིད་དོ། །དེ་དག་གི་ ཁྲག་གིས་མཉེས་པ་རྣམས་ཀྱིས་སོ། །གི་རི་ཀརྞི་དཀར་པོ་ནི་གཞན་གྱིས་མི་ཐུབ་པ་དཀར་པོའོ། །ཕག་ནི་ཕག་པ་སྟེ། དེའི་སོ་དང་རྒྱུ་སྐར་རྒྱལ་ལ་གསུམ་པོ་མཉེས་པའི་ཐིག་ལེའོ། །བདེ་བར་གཤེགས་པའི་གདུང་གི་རང་བཞིན། སོ་སོར་སོང་བ་ལ་དཀྲིས་པ་ཞེས་པ། དེ་བཞིན་ གཤེགས་པའི་སྐུ་གདུང་གི་རང་བཞིན་སོ་སོར་སོང་བ་ནི་དབུས་སུ་སོ་སོར་བཅུག་པ་སྟེ། དེ་ལ་དཀྲིས་པའོ། །ཉི་མ་ནི་ཟངས་མའོ། །ཟླ་བ་ནི་དངུལ་ལོ། །མེ་ནི་གསེར་རོ། །འདིར་མན་ངག་ནི་དེ་བཞིན་གཤེགས་པའི་གདུང་ཁྲག་གིས་མཉེས་པའི་དྲི་མ་དང་མིག་གིས་དཀྲིས་པའི་རི་ལུ་སྟེ། དེ་ལ་གསེར་དང་དངུལ་དང་ཟངས་མ་རྣམས་ཀྱིས་རིམ་གྱིས་དཀྲིས་ནས། རྒྱུ་སྐར་རྒྱལ་ལ་ལག་པར་བཟུང་བ་ལ་སྔོན་དུ་བཟླས་པ་འབུམ་བྱས་ཤིང་། རང་གི་འདོད་པའི་ལྷའི་གཟུགས་སུ་བདག་ཉིད་དང་རི་ལུ་ལའང་བསྒོམ་ཞིང་དེའི་སྔགས་ཀྱང་བཟླས་པ། དྲོ་བ་དང་དུ་བ་དང་འབར་བའི་རྗེས་ ཐོགས་སུ་ཁར་བཅུག་ནས་རྒྱུ་བར་བྱ་སྟེ་སུས་ཀྱང་མི་མཐོང་ངོ་། །འདིར། །གསེར་ནི་དྲུག་ནམ་གསུམ་རྣམས་དང་། ཕྱེད་དང་བཅས་པའི་ར་ཏི་གཉིས། །ར་ཏིའི་བརྒྱད་ཀྱི་ཆ་ཡང་སྟེ། །ཐུགས་ཀྱི་རྡོ་རྗེའི་བདག་ཉིད་སྦྱོར། །སྐུ་ཡི་རང་བཞིན་དངུལ་ཡིན་ཏེ། །དྲུག་ནམ་བཞི་རྣམས་དང་ དེ་ནས། །ར་ཏིའི་རྐང་པ་གསུམ་རྣམས་ནི། །བརྒྱད་ཆ་ལྡན་པ་རྣམས་ཀྱིས་སོ། །ཟངས་ནི་དྲུག་ནམ་ལྔ་རྣམས་དང་། །ཕྱེད་བཅས་ར་ཏི་ལྡན་རྣམས་དང་། །ར་ཏི་བརྒྱ་རྣམས་རྐང་པ་དང་། །བཅས་པ་གང་གིས་གསུམ་གྱི་རྫོགས། །ཞེས་པ་མན་ངག་གོ། །ཁ་ཅིག་ནི་གསེར་ལ་ སོགས་པ་རྣམས་རིམ་པ་ཇི་ལྟ་བར། དྲུག་ནམ་གསུམ་དང་རིག་བྱེད་བཞི། །ར་ཏི་བདུན་གསུམ་ལྔ་དང་བཅས། །ཞེས་སོ། །གཞན་རྣམས་ན་རེ། དྲུག་ནམ་གསུམ་དང་བཞི་དང་ལྔ་སྟེ། །རྐང་པ་གསུམ་དང་བཅས་པའི་ར་ཏི་གསུམ་དང་ར་ཏིའི་རྐང་པ་གསུམ་དང་ཕྱེད་དང་བཅས་ པའི་ར་ཏི་གཅིག་དང་ལྷན་ཅིག་པ་རྣམས་སོ་ཞེས་སོ། །གཞན་རྣམས་ནི། དྲུག་ནམ་གསུམ་དང་བཞི་དང་ལྔ་སྟེ། ར་ཏིའི་བརྒྱད་ཆ་ལྔ་དང་བདུན་དང་ཕྱེད་དང་བཅས་པའི་ར་ཏི་གཅིག་དང་ལྡན་པའོ་ཞེས་སོ། །བྱ་རོག་ནག་པོ་ནི་བསྲེགས་པའི་བྱ་རོག་གོ། །ཁུ་བྱུག་མོ་ནི་ཁུ་བྱུག་ཅིག་གི་བུ་ མོའོ། །མིག་ནི་མིག་ཉིད་དོ། །མིག་རྣམས་ཤྲཱི་ཁཎྜའི་འོ་མས་མཉེས་ནས་དེ་བཞིན་གཤེགས་པའི་གདུང་གིས་དཀྲིས་ནས་རིལ་བུ་སྔར་བཞིན་ནོ། །གདུང་གི་རང་བཞིན་གྱི་རི་ལུ་བསྒྲུབ་པ་གཞན་ནོ་ཞེས་པ་ལྷག་མའོ། །ཁྱོ་ཤི་བ་དང་ལྷན་ཅིག་བུད་མེད་བསྲེགས་པའི་ཐལ་བ་ལ་སོགས་པ་ གསུམ་རང་བཞིན་གྱིས་རྡུལ་བའི་ཆུས་མཉེས་ནས་དེ་ཉིད་ཀྱིས་བདེ་བར་གཤེགས་པའི་རིང་བསྲེལ་དབུས་སུ་བྱས་ཏེ། རིལ་བུར་བྱས་པ་སྔར་བཞིན་ནོ། །ཤྲོ་ཏ་ནི་མིག་སྨན་ཤྲོ་ཏའོ། །རི་བོང་མཚན་མ་ནི་ཤེ་བཱ་ལའོ། །ཚེར་མ་ནི་ས་མ་ཀོ་ཙའི་ཚེར་མའོ། །སྦྲང་རྩི་ནི་སྦྲང་མས་བྱས་པའོ། ། མངར་བ་ཅན་ནི་ཤིང་མངར་རོ། །ན་བ་ཧ་ལི་ནཱི་དག་ནི་གསར་པའི་ལཱཾ་ག་པི་ལཱིའི་མེ་ཏོག་དང་ཀ་ལི་ཀ་དག་སྟེ། དེ་དག་གི་ཀེ་ས་རའི་ཕུང་པོ་གཉིས་ཀྱང་། གཞོན་ནུ་མ་རྡུལ་དང་པོ་ཅན་ཁྲག་གིས་མཉེས་ནས་རིལ་བུར་བྱས་པ་སྔ་མ་བཞིན་ནོ། །ཨ་ཤྭ་ཀ་སྔོན་པོའི་འབྱུང་བ་ཞེས་པ། ཨ་ཤྭ་ཀ་སྔོན་ པོའི་འབྱུང་བྱེད་ས་བོན་ཏེ། དེའི་མྱུ་གུའོ། །བུད་མེད་ནི་འདིར་ཅེ་སྤྱང་སྟེ། དེའི་ཁྲག་གིས་བདུན་དུ་བསྒོས་པ་གསེར་ལ་སོགས་པས་དཀྲིས་པ་སྔར་བཞིན་ནོ། །རིལ་བུ་ཞེས་པ་སྔགས་ཀྱིས་བཏབ་པ་སྟེ་སྔར་བཞིན་ནོ། །ཨི་གུ་དཱི་ནི་པྲི་ཡང་ཀུའོ། །འགེགས་པ་ནི་ཤི་བའི་བུད་ མེད་དོ། །ཏ་གཉིས་པའི་ཟོས་པའི་མཐའ་ནི་ཟོས་པའི་ལྷག་མ་དོར་བའོ། །ཟླ་བ་གཟས་བཟུང་བ་ནི་རིལ་བུར་བྱས་པ་སྔགས་ཀྱིས་བཏབ་པ་སྔར་བཞིན་ཁར་གནས་པ་ནི་མི་སྣང་བར་བྱེད་པའོ། །བརྟག་པའི་མཛེས་མ་ནི་ཡང་དག་འདོད་པ་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་རོ། །ཕའི་ནགས་ ནི་དུར་ཁྲོད་དེ། དེར་ཟླ་བ་གཟས་ཟིན་པ་ན་མཉེས་པ། དང་པོའི་མེ་ཏོག་དང་ལྡན་པའི་གཞོན་ནུ་མའི་སྒྲུབ་པ་པོས་བསྟེན་པས་སྐྱེས་པའི་ཁུ་བའོ། །ཨ་ཤྭ་ཀ་སྔོན་པོའི་བྱང་ཕྱོགས་སུ་བྱ་རོག་གི་ཚང་ཅན་དུ་སོང་བའི་མྱུ་གུ་ཟླ་བ་གཟས་ཟིན་པ་ན་བླངས་པ་བརྗོད་པའི་ཁུ་བས་བདར་བ་རྣམས་ཀྱིས་སོ། ། ཕུག་རོན་གྱི་ལྟོ་བར་བཅུག་ཅིང་དུར་ཁྲོད་ཀྱི་མེས་བཙོས་པའི་མིག་སྨན་ལིག་བུ་མིག་བྱི་ལ་ནག་པོའི་ཁྲག་དང་ལྡན་པའོ། །རྒྱུ་སྐར་རྒྱལ་ལ་འཕྲལ་དུ་སྐྱེས་པའི་གླ་སྒང་གི་མྱུ་གུས་བཏགས་པའི་སའོ། །མདའ་འཇམས་ནི་སྦྲང་རྩིའི་སྦྲང་བུའོ། །འདི་ཞེས་པ་འདི་དག་གིས་སོ། །བཏོན་ནས་ རབ་ཏུ་སྦྱོར་བ་ཞེས་པ་རབ་ཏུ་སྦྱོར་བ་དང་སྦེད་པ་སྔ་མ་བཞིན་ཏེ། འོན་ཀྱང་རིལ་བུ་ཁར་གཞུག་གོ། །ཀ་ནི་ཐོད་པའོ། །སྔོན་མ་ནི་ལུས་ཀྱི་སྟོད་ལ་གནས་པའི་མིའི་རུས་པའི་ཐུར་མའོ། །ཉི་མ་ཞེས་ཁ་ཅིག་ཏུ་འདོན་པ་ལ་ནི་གཡས་ཀྱི་ལུས་སུ་གཏོགས་པ་ཞེས་པའི་དོན་ཏོ། །ཆོ་ག་ནི་ལྷའི་ རྣལ་འབྱོར་ལ་སོགས་པའོ། །སྔགས་པ་ཞེས་པ་རྡོ་རྗེ་འཛིན་པའི་དང་། འདོད་པའི་ལྷའི་སྔགས་བཟླས་པའོ། །དོན་ནི་འདི་ཡིན་ཏེ་ཤེས་རབ་དང་གནས་པ་ལྷའི་རྣལ་འབྱོར་དང་ལྡན་པ་གཏོར་མ་བྱིན་པ་བཟླས་པ་འབུམ་བྱས་པ་སྔགས་ཀློག་ཅིང་། འབྱུང་ཕོའི་ཉི་མ་ལ་མཚན་མོ་དུར་ ཁྲོད་དུ་མིའི་ཐོད་པ་གསུམ་གྱི་སྟེང་དུ་གནས་པའི་ཐོད་པའི་ཤ་ཆེན་ལས་སྐྱེས་པའི་མར་ཁུ་དང་དུར་ཁྲོད་ཀྱི་རས་ཀྱི་སྡོང་བུས་བུད་མེད་ཀྱི་ཐོད་པར་དུད་པ་ཆགས་པ་བསྙིལ་ཏེ་གཟུང་བར་བྱའོ། །མཚན་མོ་དེ་ཉིད་ལ་འུག་པའི་མགོ་བོ་བསྲེགས་པ་ཙནྡན་དམར་པོས་ལན་བདུན་དུ་བསྒོས་ པ་ཕྱེ་མར་བྱས་ལ། དུད་པ་དེ་དང་ཆ་མཉམ་པས་བསྲེས་པ་བྱ་རྒོད་ཀྱི་རྐང་པའི་རུས་པའི་རྐང་སྦུབས་སུ་བཅུག་སྟེ། བྱ་རྒོད་ཀྱི་རྐང་པའི་པགས་པས་གཡོགས་ནས་བྷ་གའི་དབུས་སུ་བཅུག་སྟེ་བསྒོམ་པ་དང་སྔགས་ཀྱི་དབང་ལས་དྲོ་བ་དང་། དུ་བ་དང་འབར་བའི་རྗེས་ཐོགས་སུ། དེ་ནས་ ཕྱུང་ལ་སྔར་གྱི་མིའི་རུས་པའི་ཐུར་མ་དེས་མིག་སྨན་དུ་བྱའོ། །དེ་ནས་ཞི་བའི་ལྟ་སྟངས་ཀྱིས་ཞི་བར་འགྱུར་རོ། །རྒྱས་པའི་ལྟ་སྟངས་ཀྱིས་རྒྱས་པའོ། །དབང་དུ་བྱ་བའི་ལྟ་སྟངས་ཀྱིས་དབང་དུ་བྱའོ། །ཁྲོ་བོའི་ལྟ་སྟངས་ཀྱིས་བགེགས་དང་དགྲ་རྣམས་ཀུན་ནས་གཅོད་པར་བྱེད་ དོ་ཞེས་པའོ། །བསམ་གཏན་བཟླས་པ་ལ་དགའ་བ་རྣམས་ཁོ་ནའི་བཅུད་ཀྱི་ལས་ཀྱི་ཆོ་ག་བརྗོད་པར་བྱའོ། །ཆོ་ག་དེ་ཡང་མ་ཚང་བ་ཉིད་ན། ཕོངས་པ་དབུལ་པོ་ལ་བདེ་བ་མི་འབབ་སྟེ། འདོད་པའི་དངོས་གྲུབ་ཀྱིའོ། །གི་རི་ནི་མིའི་གླད་པའོ། །རྒྱ་མཚོ་སྐྱེས་ནི་མིའི་ གཅིན་གྱི་ལན་ཚྭའོ། །དེ་དག་དང་ལྷན་ཅིག་དངུལ་ཆུ་སྟེ་དངུལ་ཆུ་ཉིད་དང་པོར་རྩབ་མོས་བཀྲུས་པ་བྱས་ཤིང་འདུས་བྱས་པའི་སྐྱུར་པོ་ནི་རྩབ་མོ་སྟེ། དེས་མངོན་པར་རྩ་བས་པ་དང་བཅས་པ་རྡོ་བ་ཚན་མོར་མང་དུ་མཉེས་པ་ལས་ངེས་པར་དུད་པ་ཅན་གྱི་སྐྱོན་དོར་ནས་ཟིན་པར་བྱེད་དོ། །སྐྱུར་ པོས་བཀྲུས་པ་ཞེས་འདོན་པ་ནི་གོ་སླའོ། །ཤཱ་ཁ་ཛ་ལཱ་ནི་རུ་དན་ཏིའོ། །དེའི་མཐར་ཐུག་པ་བཞི་པོ་ཆ་མཉམ་པ་རྣམས་རྩབ་མོ་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བསྐོལ་བར་བྱའོ། །དེ་བཞིན་ཆ་ལུས་པར་བསྐོལ་བ། གི་རི་དང་རྒྱ་མཚོ་སྐྱེས་དང་སཻ་ན་དྷ་བ་རྣམས་དང་བཅས་པ་ཉིན་ཞག་ བདུན་དུ་གཞག་པ་ནི་སྐྱུར་པོར་བྱས་ཤིང་མངོན་པར་རྩབ་མོར་བརྗོད་པར་བྱའོ། །དེའི་རྗེས་སུ་ཁབ་ལེན་གྱི་ལྕགས་ནི་ཁབ་ལེན་གྱི་ལྕགས་ཏེ། དེ་བདར་བའི་ཕྱི་མ་དང་། བ་ཀུ་ལ་བཱི་ཛི་སཱ་ར་དང་ཨུཏྤལ་ཆེན་པོ་པདྨ་སྟེ། དེའི་ཡུ་བ་ཞེས་པ་གསུམ་དང་བྱས་པའི་སྐྱུར་པོ་དང་ལྷན་ཅིག་ མཉེས་པ་ལས་མར་གསར་བཞིན་དུ་དངུལ་ཆུ་དེ་སྨིན་པར་འགྱུར་རོ། །དེའི་རྗེས་སུ་རྡོ་རྗེ་ཅན་གྱི་འོ་མས་ལན་བདུན་དུ་བསྒོས་པ་སཻ་ན་དྷ་བ་དང་ཚ་ལ་དག་དང་ལྷན་ཅིག་མནུར་བ་ལས་ཞུ་བར་འགྱུར་རོ། །དེའི་རྗེས་སུ་ཟངས་དང་དངུལ་སོ་སོར་ཀར་ཥ་ཕྱེད་ཀྱི་ཆ་ཅན་ཏེ་མ་ཥ་བརྒྱད་ཀྱི་ཚད་ཅིག་ ཏུ་བསྐོལ་ཏེ། ཚེར་མས་ཕུག་པའི་ཤོག་ཤོག་བྱས་ནས་ཤོག་ཤོག་སོ་སོ་དངུལ་ཆུ་དེ་དང་སྐྱུར་པོས་བྱུགས་ཤིང་གནྡྷ་བཱ་ཥ་ན་མ་ཤ་བཞི་བཅུག་ནས་ཀོང་བུ་ཁ་བཅད་པར་བསྐོལ་བར་བྱ་སྟེ། དེ་ལྟར་དངུལ་ཆུ་དེ་ཟངས་དང་དངུལ་གྱི་ཆ་ཅན་དུ་འགྱུར་རོ། །དེ་ལྟར་བསྐོལ་ནས་འདུ་བར་བྱའོ་ཞེས་ འབྲེལ་ལོ། །གསེར་ཕྱེད་གང་དུ་ཡིན་པ་དེ་ནི་གསེར་ཕྱེད་ཅན་ཏེ་དན་ཌིའོ། །དེ་བསྐོལ་བའི་ཏཱ་ར་སེར་པོའི་ལྷག་མ་ཕྱེད་དང་ལྷན་ཅིག་འདུ་བར་བྱ་སྟེ་ཚོས་པ་ལས་སོ། །དུས་ཏེ་ཁུ་བ་བཅིང་བ་ནི་མི་གཏོང་བའོ། །སྦྱོར་བའི་སྨན་གྱི་ཕྱག་རྒྱ་ངེས་པའོ། །ཤཱ་ལི་སྐྱེས་ནི་ཤཱ་ལིའི་མར་ཁུའོ། ། ཙནྡན་དམར་པོ་ཞེས་མདོར་བསྟན་པའི་རྒྱས་པར་བསྟན་པ་སིཧླ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཀུནྡུ་རུ་ཡིས་ཀཀྐོ་ལ་ནི་ཀཀྐོ་ལ་ལས་སྐྱེས་པ་རང་བྱུང་གི་མེ་ཏོག་སྟེ། བོ་ལ་དང་ཀཀྐོ་ལ་སྦྱོར་བ་ལས་བྱུང་བའི་གཉིས་ཀའི་ཁུ་བ་བསྲེས་པ་ཞེས་པའི་དོན་ཏོ། །སྨན་ཆེན་འདི་རྣམས་ དུས་དྲུག་རྣམས་སུ། འདི་རྣམས་ཀྱིས་རབ་ཏུ་འགྱུར་བར་བྱའོ་ཞེས་པའི་མཐུ་ཅན་རྣམས་ཏེ། མཐུ་དང་ལྡན་པ་རྣམས་ཞེས་པའི་དོན་ཏོ། །དེ་ལ་དཔྱིད་ནི་སྔ་དྲོ་སྟེ། དེ་ལ་བཤད་པ་གཟུང་བར་བྱའོ། །སོ་ག་ནི་ཉིན་ཕྱེད་དེ་དེ་ལ་རྐང་མར་རོ། །དབྱར་ནི་ཕྱི་དྲོ་སྟེ། དེ་ལ་གླ་རྩིའོ། ། སྟོན་ཀ་ནི་སྲོད་དོ། །དེ་ལ་སྦུབས་ཅན་སྣུམ་སྟེ། སྦུབས་ཅན་བུད་མེད་ཀྱི་ཤཱ་ལི་ལས་སྐྱེས་པའི་མར་ཁུའོ། །དགུན་ནི་ནམ་ཕྱེད་དེ། དེར་མེ་ཏོག་ལས་བྱུང་བ་སིཧླ་ཀའོ། །དགུན་སྨད་ནི་ཐོ་རངས་མཚན་མོའི་ལྷག་མ་སྟེ། དེ་ག་པུར་རོ། །འདི་ནི་དུས་ཀྱི་སྨན་གྱི་སྦྱོར་བའོ། །པདྨའི་ ཁྲག་ནི་རང་བྱུང་གི་མེ་ཏོག་གོ། །མར་ནི་ཁུ་བའོ། །བཞི་པོ་འདི་རྣམས་དང་ལྷན་ཅིག་པའི་སྔར་བཤད་པ་དྲུག་པོ་ནི་བཅུ་སྟེ། རྫས་ནི་བཞི་དང་བཅུ་རྣམས་སོ། །རྣམ་པ་དགུ་ཞེས་པ་བུ་ག་དགུའི་དྲི་མ་དང་བཅས་པ་རྣམས་སོ། །དུས་དྲུག་གི་སྨན་རྣམས་ལ་དྲི་མ་དགུ་རྣམས་བསྲེས་པ་རྣམས་ གཅིག་ཏུ་བསྲེས་པ། དཀར་པོའི་ཕྱོགས་ལ་ཚེས་གཅིག་ལ་སོགས་པ་རྣམས་སུ་ཟླ་བ་འབབ་པས་སྣར་བླུགས་པར་བྱའོ། །ནག་པོའི་ཕྱོགས་ལ་ཉི་མས་ཞེས་པ་སྦྱོར་བ་གཅིག་གོ། །དངུལ་ཆུ་ལ་སོགས་པ་བཞི་རྣམས་དེ་ལྟ་ཁོ་ནར་རོ་ཞེས་པ་གཉིས་པའོ། །སྦྱོར་བ་གཉིས་ཀ་ཡང་ཉི་ མ་བདུན་ཕྲག་གསུམ་རྗེས་སུ་བསྒྲུབ་པ་དང་རྗེས་སུ་བསྔགས་པའང་མཉམ་མོ། །རྗེས་སུ་སྒྲུབ་པ་པོས་གྲུབ་པ་ན། དེའི་ཁུ་བ་དང་གཅི་བ་དང་། བྲུན་བྱུགས་པ་ལས་བསྲེགས་པས་ལྕགས་ལ་སོགས་པ་གསེར་དུ་བྱེད་དོ། །ནཱ་ལི་ནཱིའི་སྟེ་བུད་མེད་ཀྱི་མར་ནི་ཀླད་པའོ། །བྱིས་པ་ སྐྱེས་ནས་རིང་པོ་མ་ལོན་པའི་མར་རོ། །མར་ཁུ་ཞེས་པ་ཤཱ་ལི་ལས་སྐྱེས་པའི་མར་ཁུའོ། །གཞི་མཉམ་ནི་གཞི་མཉམ་གྱི་མར་ཁུའོ། །མར་ཁུ་བཞི་པོ་འདི་རྣམས་སོ་སོར་ཁམ་ཕོར་རེ་རེའི་ཚད་བསྲེ་བར་བྱའོ། །སྣོད་ཀྱི་དབུས་སུ་ཆུ་དང་ལྷན་ཅིག་པའི་སླེ་ཏྲེས་ཀྱི་ནང་ ཤའི་སྙིང་པོ་ལྷུང་བ་དབྱུང་ངོ་། །ཕྱེ་མ་ཞེས་པ་ཡུང་བ་ནག་པོའི་ཕྱེ་མ་དང་སླེ་ཏྲེས་ཀྱི་ཕྱེ་མ་སོ་སོར་ཁམ་ཕོར་རེ་རེའི་ཚད་དོ། །དེ་ཞེས་པ་དེའི་ལྟེ་བ་ལའི་ཆུ་ཉིས་འགྱུར་ཏེ་ཁམ་ཕོར་བཞིའོ། །ཁམ་ཕོར་བཞི་ཞེས་པ་མར་ཁུའོ། །ཁམ་ཕོར་གྱི་ཚད་ནི་ སྲང་བཅུ་དྲུག་རྣམས་སོ། །སླེ་ཏྲེས་ནི་ཆུ་འོ་མའི་ཕྱེད་དོ། །འདིའི་ཕྱེད་དུ་སླེ་ཏྲེས་ཀྱི་ཁུ་བའི་ཕྱེད་དུ་ཚིགས་མ་སྟེ། ཕྱེ་མ་གཉིས་སོ། །སྔར་གསུངས་པའི་ནཱ་ལི་ནཱི་ལ་སོགས་པ་བཞི་རྣམས་དང་གཅིག་ཏུ་བྱས་ནས་ཚིགས་མ་ལ་སོགས་པའོ། །སླེ་ཏྲེས་ཕྱི་རོལ་ཞེས་པ་སླེ་ཏྲེས་མེད་པའོ། ། འདིར་འདི་སྐད་མན་ངག་ཏུ་ཕྱེད་དེ། མར་ཁུ་ཁམ་ཕོར་བཞི་དང་ཚིགས་མ་ཁམ་ཕོར་གཉིས་དང་ལྷན་ཅིག་པ་ཐོག་མར་བ་ལཱའི་ཁུ་བ་ཁམ་ཕོར་བཞི་དང་ལྷན་ཅིག་བཙོ་བར་བྱ་སྟེ། ཁུ་བ་ཟད་པར་གྱུར་པ་ན་སླར་ཡང་ཕྱེ་མ་ཁམ་ཕོར་བཅུ་དྲུག་རྣམས་དང་ལྷན་ཅིག་གོ། །འོ་མ་ཟད་པ་ན་སླེ་ཏྲེས་ ཀྱི་ཁུ་བ་ཁམ་ཕོར་བརྒྱད་རྣམས་དང་ངོ་། །ཚོས་པ་ནི་སྣར་བླུགས་པའི་ཆེད་དུ་ཆུང་ངུ་སྦྱིན་ནོ། །བཏུང་བའི་ཆེད་དུ་བར་མའོ། །བསྐུ་བྱུག་གི་ཆེད་དུ་དྲག་པའོ། །མར་ཁུ་ཁམ་ཕོར་བཞི་ལུས་པ་ཇི་སྲིད་པར་བསྐོལ་བར་བྱའོ། །སྣུམ་དང་ཚིགས་མ་དག་གི་ཚེ་སོར་མོས་རེང་བུར་བྱས་པ་རེང་བུར་འདྲ་ བར་འགྱུར་ཞིང་མེ་ལ་བཅུག་པ་ན་ཡང་སྒྲ་མེད་པ་དེའི་ཚེ་གྲུབ་པར་སྟོན་ཏོ། །དེ་ནས་ཉིན་ཞག་བདུན་པ་གསུམ་གྱིས་སྲང་བཅུ་རྣམས་སྣར་བླུགས་པར་བྱའོ། །ཡང་སྲང་བརྒྱ་རྣམས་བཏུང་བར་བྱའོ། །ཡང་ན་སྲང་བརྒྱད་རྣམས་ལྷག་པའི་བརྒྱ་རྣམས་བསྐུ་བྱུག་བྱའོ། །རྣལ་འབྱོར་པ་ནི་ ལྷའི་རྣལ་འབྱོར་ལ་བརྩོན་པའོ། །མཉམ་པར་གཞག་པ་ནི་མི་གཡོ་བ་སྟེ། རླུང་དང་ཉི་འོད་སྤངས་པའི་གནས་སུ་གནས་པས། ལོ་མ་དང་སྐྱུར་པོ་དང་ཆང་དང་བུད་མེད་བསྟེན་པ་ལ་སོགས་པ་སྤང་ཞིང་མར་དང་ཤ་དང་འོ་མ་ཙམ་གྱིས་ཟས་ཀྱིས་བསྒྲུབ་པར་བྱའོ། །བཅུད་ལེན་ གཞན་ཡང་དེ་ལྟ་ཁོ་ནར་རོ། །གཞི་མཉམ་གྱི་ཕྱེ་མའོ། །འོ་མ་ནི་བའི་འོ། །གཉིས་ཞེས་པ་ནི་ཉིས་འགྱུར་རོ། །ཏིལ་ནག་པོ་ནི་ཏིལ་མར་རོ། །ཆོ་ག་ནི་ཆུང་ངུ་བཙོ་བ་ལ་སོགས་པའོ། །གསེར་ནི་དྷ་དུ་རའོ། །མི་བདག་ནི་བྷྲིཾ་ག་རཱ་ཛཱའོ། །བྲན་མོ་ནི་ཛྷི་ཎ་ཊཱི་སྔོན་པོའོ། །ཊཱི་ཎ་ནི་ཊི་ཎ་ཞེས་ གྲགས་པའོ། །ཁུ་བ་ནི་ཁུ་བ་རྣམས་ཏེ། མར་ཁུ་ལས་རིམ་པ་ཇི་བཞིན་པར་བཞི་དང་བརྒྱད་དང་བཅུ་གཉིས་དང་བཅུ་དྲུག་དང་ཉི་ཤུ་འགྱུར་བ་རྣམས་སོ། །མཚན་མོ་དཀར་མིན་ནི་ཡུང་བ་ནག་པོའོ། །ཨུཏྤལ་སྙིང་པོ་ཅན་ཨུཏྤལ་ཁ་མ་བྱེ་བའོ། །དྲིའི་རི་ནི་དྲིའི་རྡོ་བའོ། །རི་དགས་ སྐྱེས་གྱི་མྱོས་བྱེད་ནི་གླ་རྩིའོ། །འདི་ནི་དོན་ཏེ། རྣམ་པར་སྣང་མཛད་དང་ཏིལ་ནག་པོ་དག་གི་མར་ཁུ་ནི་མར་ཁུ་ལས་ཉིས་འགྱུར་གྱི་འོ་མ་དང་ལྷན་ཅིག་དང་པོར་བཙོ་སྟེ། དེ་ཟད་པ་ན་རེ་རེའི་ཁུ་བ་དང་ངོ་། །དེའི་རྗེས་སུ་ཚད་མཉམ་པར་བསྲེས་པའི་ཡུང་བ་ནག་པོ་ལ་སོགས་པའི་ཕྱི་ མ་རྣམས་དང་ངོ་། །ཐམས་ཅད་དུ་མར་ཁུའི་ཚད་ལུས་པ་ནི་ཚོས་པ་སྟེ། སྔར་བཞིན་དུ་རྣམ་པ་གསུམ་མོ། །ཉིན་ཞག་བདུན་ཕྲག་གསུམ་ལ་སོགས་པ་ཡང་སྔར་བཞིན་ནོ། །སྣར་བླུགས་པ་དང་འཐུངས་པ་དག་གི་ཕན་ཡོན་གསུངས་པ་རིང་པོ་ཞེས་པ་དུས་ཡུན་རིང་བ་སྟེ། ཤུགས་ཀྱིས་ཚེ་རིང་པོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཞེས་པ་གཞི་མཉམ་དང་ཏིལ་ནག་པོ་དག་གི་མར་ཁུའོ། །ཁྲག་འཕྲོག་ནི་ཀརྨ་རང་གཱའོ། །གསེར་ཤིང་ནི་གསེར་གྱི་སེ་ཕ་ལིའོ། །ལྟ་བྱེད་ནི་རུ་དན་ཏཱིའོ། །པྲ་རོ་ཧཱ་ནི་བ་ལ་ཀའོ། །སྔར་གསུངས་པའི་ཆོ་ག་ནི་རིམ་པས་ འཕེལ་བ་སྟེ། འབྲུ་མར་ལས་བཞི་དང་བརྒྱད་དང་བཅུ་གཉིས་དང་བཅུ་དྲུག་དང་ཉི་ཤུ་འགྱུར་གྱི་ཆུ་ནི་རིམ་པ་ཇི་ལྟ་བར་ཁྲག་འཕྲོག་པ་ལ་སོགས་པ་རྣམས་ཀྱིའོ་ཞེས་པའི་དོན་ཏོ། །ཤྱཱ་མ་ནི་འཁྲི་ཤིང་ཤྱཱ་མའོ། །པྲི་ཡཱ་ནི་པྲི་ཡང་ཀུའོ། །ཀེ་ས་རཱི་ནི་ནཱ་ག་གེ་སར་རོ། །རིགས་འཛིན་ ཅན་ནི་ཙམ་པ་ཀའོ། །ནཱ་ག་ནི་པུན་ནཱ་གའོ། །ཙ་ཀྲ་མར་ད་ནི་ཨེ་ཊ་ག་ཛའོ། །མཚན་མོ་སྤྱོད་ནི་ཡུང་བའོ། །གསེར་ཤིང་ནི་དྷ་དུ་རའོ། །ཤི་ཁཱི་ནི་རྨ་བྱའི་གཙུག་ཕུད་ཅན་ནོ། །རབ་མཆོག་ནི་བ་ལའོ། །འབྱུང་པོའི་དགྲ་ནི་སི་དུ་བཱ་རཱའོ། །པ་ར་ཧི་ཏ་བལ་ལ་བྷི་ནི་ཆོམ་རྐུན་མེ་ཏོག་ཅན་ ནོ། །མུཀྟ་ནི་ཨ་ཏི་མུཀྟ་སྟེ། གང་ལ་ཨ་ཧི་བ་ཧུ་ཞེས་གྲགས་པའོ། །ཀ་རཱ་རཱ་ནི་ཀ་རཉྫའོ། །མཉྫ་རི་ནི་ད་མན་ཀའོ། །གསེར་ཤིང་ནི་གསེར་གྱི་སེ་ཕཱ་ལཱིའོ། །ཨ་བ་ཀུ་ཛ་ནི་ཝཱ་གུ་ཙཱིའོ། །སྤྲིན་ནི་གླ་སྒང་ངོ་། །དཱ་རུ་མཚན་མོ་ནི་སྐྱེར་པའོ། །འདི་རྣམས་ནི་འདི་རྣམས་ཉིད་དོ། ། འདི་འབྲུ་མར་ནི་རེ་རེའི་ཆུ་དང་ལྷན་ཅིག་བཙོ་སྟེ། དེའི་རྗེས་སུ་ཚད་མཉམ་པར་བསྲེས་པའི་ཤྱཱ་མ་ལ་སོགས་པའི་བྱེ་མ་རྣམས་དང་ངོ་། །གཞན་ནི་སྔར་བཞིན་ནོ། །ཕན་ཡོན་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །གཉིས་ནི་ཙནྡན་དཀར་པོ་ དང་ཙནྡན་དམར་པོའོ། །ཤ་པ་ལ་ཀཱི་ནི་ཤཱ་པ་ལ་ཀཱིའི་ཁུ་བའོ། །ཡན་ལག་སྐྱེས་ནི་ལྡོག་པ་ལ་སོགས་པའོ། །མཚན་མོ་ལས་བྱུང་བའི་རྡུལ་ནི་ལུང་པའི་ཕྱི་མའོ། །ཙོ་རཱ་ནི་རྒན་པོ་འབྱེད་པའོ། །ཁུ་བ་དང་གླ་རྩི་དག་གིས་བཏགས་པ་མཉམ་པོའི་དངོས་པོ་བདུན་པོ་ རྣམས་དེ་དག་ཁོ་ནས་བཅལ་ཏེ་གཞག་པར་བྱའོ། །ཉི་མ་སོ་སོར་བསྐུ་བྱུག་བྱའོ། །བསྐལ་པ་གསུམ་ཞེས་པ་འབྲས་བུ་གསུམ་མོ། །ཚད་མཉམ་པའི་འབྲས་བུ་གསུམ་གྱི་ཕྱེ་མ་དང་། དེ་དང་མཉམ་པའི་གཞི་མཉམ་གྱི་ཕྱེ་མ་ཤེས་པར་བྱའོ། །བདག་གི་ནུས་ པས་ཞེས་པ་བདག་ཉིད་ཀྱི་མེ་དྲོད་ཀྱི་སྟོབས་ལ་སོགས་པ་རྟོགས་ནས་ཕྱེ་མ་ལྷག་ཅིང་ལྷག་པའི་རིམ་པས་བཏུང་ངོ་། །དྲོ་བ་ན་སྟེ་གླ་རྩི་དྲོ་བ་ནའོ། །འབྲས་བུ་གསུམ་ཞེས་པ་ལས་ཁ་ཅིག་ཏུ་སྐྱུ་རུ་ར་ཞེས་འདོན་ཏོ། །གསུམ་པ་ལ་ཞེས་པས་ཟླ་བ་ལའོ། །སྐྲ་དཀར་ཡང་ འཇོམས་སོ། །ཆ་གསུམ་ལས་ཞེས་པ་ནི་ཆ་མཉམ་པ་ཞེས་འབྲེལ་ཏེ། ནཱ་ག་པཱ་ལའི་རྩ་བ་སྟེ་ཧསྟི་ཀར་ཎ་དང་བ་ལཱ་ཤའི་རྩ་བ་དང་རུ་རྟའི་ཕྱེ་མ་རྣམས་སོ་སོར་ཆ་གསུམ་མོ་ཞེས་པ་ཆ་དགུ་རྣམས་ཏེ། མ་ག་དྷ་དང་བཅུ་པའོ་ཞེས་པ་པི་པི་ལིང་ནི་བཅུ་པ་ཆ་གཅིག་གོ། །འདི་ཐམས་ཅད་ ཕྱེ་མར་བྱས་པ་གཅིག་ཏུ་བསྲེས་པ་གཞག་པར་བྱའོ། །དེ་ཞོ་དོ་བ་རེ་རེ་བའི་འོ་མ་དང་སྦྱར་ནས་ཉིན་ཞག་སོ་སོར་ཟླ་བ་དྲུག་ཏུ་བཟའ་བར་བྱ་སྟེ། ལོ་བརྒྱ་ཇི་སྲིད་པར་ལྟོགས་པ་དང་སྐོམ་པ་དང་བྲལ་བར་འགྱུར་རོ་ཞེས་གསུངས་པའོ། །དོན་མེད་པ་ཞེས་པ་སྦྱོར་བ་གཞན་ཏེ། སངས་རྒྱས་ ཉིད་དང་མཚུངས་པ་སྟེ་མཆོག་ཀྱང་དོན་མེད་པའོ། །མི་འགྲོགས་པ་ནི་བུད་མེད་དང་འགྲོགས་པ་མེད་པའོ། །ཕུག་ཅེས་པ་ཕུག་ཏུའོ། །དེའི་ཞེས་པ་དེ་རུའོ། །བཅུད་ལེན་ལ་སོགས་པ་སྒྲུབ་པ་ཐམས་ཅད་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་སྒྲུབ་པའི་ཆེད་དུ་ཡང་། ངེས་ པར་ཁུ་བ་རྨི་ལམ་དུ་ཡང་གཏང་བར་མི་བྱ་སྟེ། དེ་བཏང་ན་ཐམས་ཅད་འབྲས་བུ་མེད་པའོ་ཞེས་གསུངས་པ། དུས་ཞེས་པ་ལ་སོགས་པ་སྟེ། དུས་ཀྱི་སྟེ། ཁུ་བའི་འཆིང་བ་ནི་ཡང་དག་པར་འཛིན་པའོ། །འདི་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བ་སྟེ། དེ་ལྟར་གསུངས་པའི་ཆོ་ག་ ཡིས། གང་ཅུང་ཟད་བཤད་པའི་སྦྱོར་བ་བདུན་ཅུ་གསུམ་སྒྲུབ་པ་དེ་ཐམས་ཅད་ལྷ་བསྒོམ་པ་དང་སྔགས་བཟླས་པ་ལྷུར་ལེན་པ་སེམས་མི་གཡེང་བས་བྱའོ། །སྲུང་བ་དང་གཟུགས་སྣ་ཚོགས་འཛིན་པ་ལ་སོགས་པ་ཐམས་ཅད་ལ་འདི་ལས་ཡེ་ཤེས་འབྱུང་ངོ་ཞེས་པ་ཤེས་པ་ཐམས་ཅད་འབྱུང་ བའོ། །ཚེ་ནི་བསྐལ་བ་མཉམ་པའི་ལུས་ཀྱི་རྒྱུན་ལ་རླུང་འབབ་པ་དང་ཡིད་གནས་པའི་ནུས་པའི་ཁྱད་པར་ཏེ། སྔོན་གྱི་ལས་ཀྱི་འཕེན་པས་ཀྱང་བཅུད་ལེན་ལ་སོགས་པ་སྟེ། མི་རྣམས་ཀྱིའོ། །སྨན་རྣམས་ཀྱི་ནི་ཚེ་འཚོ་བའི་ནུས་པའི་ཁྱད་པར་ཏེ། དེ་འདི་ཡིས་རིག་པར་བྱའོ་ཞེས་པ་ཚེ་ཡི་རིག་བྱེད་ དོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་ལྔ་པའོ།། །།བཤད་ཟིན་པ་དང་འཆད་པར་འགྱུར་བའི་ལས་རབ་འབྱམ་དང་ས་ཡོངས་སུ་འཛིན་པ་ལ་སོགས་པའི་ལས་ཀྱང་། བགེགས་བསྐྲད་པ་མེད་པར་མ་ཡིན་ ཞིང་། དེ་ཡང་ལྷ་ཉེ་བ་མེད་པ་མ་ཡིན་ལ། དེ་རྣམས་ཀྱང་སྦྱིན་སྲེག་མེད་པར་དེ་བྱེད་པ་མ་ཡིན་ནོ་ཞེས་པས། ལྷ་ཉེ་བར་བྱ་བའི་ཆེད་དུ་དང་བགེགས་བསྐྲད་པར་བྱ་བའི་ཆེད་དུ་དང་སློབ་མ་བསྲུང་བའི་ཆེད་དུ་དང་ལྷ་ཚིམ་པར་བྱ་བའི་ཆེད་དུ་དང་འགའ་ཞིག་ཏུ་ཆོ་ག་མ་ཚང་བ་དང་ལྷན་ཅིག་པའི་ སྐྱོན་ཞི་བའི་ཆེད་དུ་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ལས་ཀྱི་མདོར་སྟོན་པའི་ཆེད་དུ་ཞུ་བ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། བཟླས་པ་དང་སྦྱིན་སྲེག་ནི་སྲེག་མཆོད་དེ་ལྷ་ལ་ཞལ་དུ་བསྲེག་བྱ་འབུལ་བ་གང་གིས་དང་པོ་ཡིན་པ་དེ་དེ་སྐད་དོ། །དེ་ཡང་ཞི་བ་ལ་སོགས་པའོ། ། ལས་འདི་ཐམས་ཅད་ཀྱང་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཞེས་དེ་དྲིས་པའོ། །རྡོ་རྗེ་ནི་རྡོ་རྗེ་སྙིང་པོའོ། །སྦྱིན་སྲེག་ལ་སོགས་མཚན་ཉིད་ཉོན། །དེ་དང་འབྲེལ་བའི་ཆོ་ག་གང་གིས་དེ་མངོན་པར་མཚོན་པར་བྱའོ། །དེ་གསུངས་པ། དང་པོར་ཞེས་པ་ལ་སོགས་ པས་སོ། །སྔགས་པ་ཞེས་པ་ཕུལ་དུ་བྱུང་བའི་ཤེས་པ་ལས་སོ། །དེ་ནི་ཞི་བ་ལ་སོགས་པའི་སྔགས་གསུམ་གྱི་ལྷ་བསྒོམ་པ་གང་འདྲ་བ་དང་གང་སྐུལ་བ་པོ་དང་བསམ་པ་དང་བཟླས་པ་གང་འདྲ་བ་དེའི་ཤེས་པ་རྗེས་སུ་བསྒྲུབ་པ་དང་བཅས་པའོ། །དེ་ཉིད་ཀྱི་ ཕྱིར། དེ་ཉིད་ཇི་བཞིན་ཞེས་གསུངས་སོ། །འབུམ་བཟླས་པ་ནི་སྔོན་དུ་བསྙེན་པ་སྟེ་སྔགས་རྣམས་ཐམས་ཅད་ལའོ། །ལྷའི་བཀས་གནང་བ་ཡོད་མིན་དེའི་མཚམས་ཁོ་ན་བཟླས་པའོ། །དེའི་རྗེས་སུ་རྐང་པ་དགོད་པ་ལ་སོགས་པའི་ལས་བརྩམ་པའོ། །རྣལ་འབྱོར་པ་ཞེས་པ་ རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པ་ལ་བརྩོན་པའོ། །རིག་མ་ཞེས་མདོར་བསྟན་ནས་རྒྱས་པར་སྟོན་པ་བྲམ་ཟེ་མོ་ཞེས་པ་ལ་སོགས་པའོ། །རབ་ཏུ་རྒྱས་པར་བཤད་པར་འཆད་པར་འགྱུར་ཏེ་ཉི་ཤུ་བརྒྱད་པར་རོ། །ཆོ་ག་ནི་རྗེས་སུ་སྒྲུབ་པ་སྟེ་བྱས་ནས་ཞེས་པ་ལྷག་མའོ། ། ཞི་བ་འདིའི་དགོས་པའོ་ཞེས་པ་ཞི་བའི་སྦྱིན་སྲེག་སྟེ། ཤཱན་ཏི་ཀཾ་ཞེས་འདོན་པ་ལ་ནི་ཐབ་ཁུང་བརྗོད་པར་བྱའོ། །དེ་བཞིན་དུ་ཕྱི་མར་ཇི་ལྟར་རིགས་པར་རོ། །ཁྲུའི་ཚད་ཅན་སོར་ཉི་ཤུ་རྩ་བཞི་ཁ་ཞེང་དུ་བརྐོའོ། །ཁྲུ་ཕྱེད་ནི་སོར་བཅུ་གཉིས་ཏེ། ས་ལ་ཐུར་དུ་བརྐོའོ། །འདི་ཉིད་ ཀྱི་རྒྱས་པར་བཤད་པ་ནི། འོག་ཏུ་ཁུང་བུ་མཐོ་གང་བ། །ཞེས་པའོ། །མཐོ་གང་པ་ནི་སོར་བཅུ་གཉིས་སོ། །པོ་ཏི་ཁ་ཅིག་ཏུ་མཐོ་གང་ཞེས་འདོན་པ་མེད་དོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པ། ཞི་བར་ས་གཞིའི་ཆ་དཀར་ལ། །ཁྲུ་གང་ཙམ་པ་ལེགས་ པར་ཟླུམ། །དེ་ཡི་འོག་ཏུ་མཐོ་གང་ཙམ། །ཡང་དག་མཉམ་གཞག་བརྐོ་བར་བྱ། །ཞེས་སོ། །ངོས་གཉིས་དག་ཏུ་ཞེས་པ་ཐབ་ཀྱི་ནང་གི་ངོས་ཐམས་ཅད་དོ་ཞེས་པ་གཅིག་སྟེ། ཐབ་ཀྱི་ཕྱི་རོལ་གྱིས་གཞི་ཀུན་ནས་ཁྲུ་ཕྱེད་ཙམ་པ་ནི་ངོས་ཐམས་ཅད་ཅེས་པ་གཉིས་པ་སྟེ་བྱུག་ གོ། །དེ་རྡོ་རྗེ་མཁའ་འགྲོར་གསུངས་པ། ས་དཀར་གྱིས་ནི་ཐབ་ཁུང་བྱུགས། །བ་ལང་ལྕི་བས་ས་གཞིའོ། །དཀར་པོའི་དྲི་ཡིས་ཉེར་བྱུགས་པར། །དེ་གཉིས་བརྟུལ་ཞུགས་ཅན་གྱིས་བྱ། །ཞེས་སོ། །དེའི་ཕྱི་རོལ་ནི་ཐབ་ཁུང་གི་སྟེང་གི་ཕྱི་རོལ་ལོ། །མུ་རན་གྱི་ཕྱོགས་ ནི་མཆུ་སྟེ། དེའི་ཕྱི་རོལ་ཡང་ཁ་ཁྱེར་རོ། །རྒྱས་པའི་ཐབ་ཀྱི་རྗེས་སུ་དབང་དུ་བྱ་བའི་ཐབ་བཤད་པར་བྱ་བ་ལ། མངོན་སྤྱོད་ཀྱི་ཐབ་ཀྱི་བར་དུ་གསུངས་པ་ནི། སྔ་མ་དང་ཕྱི་མའི་ལས་འབྲེལ་བའི་དོན་དུ་སྟེ། ཕལ་ཆེར་མི་མཐུན་ཕྱོགས་ཟད་པར་ཁོ་ན་ལས་ཞི་བ་ལ་སོགས་པ་ཤིན་ཏུ་ཆེས་ འགྲུབ་བོ་ཞེས་རྟོགས་པའི་ཆེད་དུའོ། །སྡང་བར་བྱེད་པ་ཞེས་པས་བསྐྲད་པ་ཉེ་བར་མཚོན་པའོ། །དེ་བཞིན་དུ་ཇི་ལྟར་རྒྱས་པ་ལ་ཡིན་པ་དེ་ལྟར་རེངས་པ་དང་རྨོངས་པ་དག་ལ་ཡང་ངོ་ཞེས་ཤེས་པར་བྱའོ། །ཁ་དོག་དཀར་པོ་ཞེས་པ་ཐབ་དང་རྡུལ་ཚོན་ཡང་ངོ་། །རྡུལ་ཚོན་གྱི་ལས་དང་ རྗེས་སུ་མཐུན་པའི་ཐབ་བྱ་བའམ་ཡང་ན་བརྐོ་བར་བྱའོ་ཞེས་གསུངས་པ། རྡུལ་ཚོན་ཞེས་པ་ལ་སོགས་པ་སྟེ། སྔ་མ་ནི་ལྔ་པ་ལའོ། །ཏིལ་དཀར་པོ་ནི་དཀར་པོའི་ཏིལ་ལོ། །ལྔ་ཞེས་པ་བྱང་ཆུབ་ཤིང་དང་འཛམ་བུ་དང་ཨུ་དུམྺཱ་རཱ་དང་། ནྱ་གྲོ་དྷཱ་དང་པར་ཀ་ཊཱི་རྣམས་ཏེ། པ་ལཱ་ཤ་དང་ཤཱ་ མཱི་ཀ་སྨི་རཱ་དང་ཨ་མྲ་དང་ཀ་དམ་པ་རྣམས་ཉེ་བར་མཚོན་པའོ། །མེ་ནི་འདིར་པ་ལཱ་ཤ་དང་། ཨུ་དུ་མྺཱ་རའི་སྲུབ་ཤིང་ལས་བྱུང་བའོ། །ཏིལ་ནག་པོ་ཞེས་པ་ནག་པོའི་ཏིལ་རྣམས་སོ། །ཤཱ་ལི་དམར་པོས་ཞེས་པ་གང་ལ་འབྲས་དམར་པོ་ཞེས་རབ་ཏུ་གྲགས་པ་དེའི་ཟན་ནོ། །ནས་ལ་སོགས་པ་ནི་སྔར་ གསུངས་པའི་ནས་དང་འབྲས་བུ་ལ་སོགས་པ་སྟེ། ཡང་ནི་སྡུག་པ་ལའོ། །དེ་རྣམས་ཁོ་ན་ཡམ་ཤིང་སྟེ། བྱང་ཆུབ་ཤིང་ལ་སོགས་པ་རྣམས་སོ། །ཁུ་ཚུར་གྱི་ཚད་ཅེས་པ་སྙིམ་པས་གཟུང་དུ་རུང་བ་རྣམས་སོ། །མེ་ཏོག་རྒྱས་པ་ནི་གང་ལས་ཨུ་ཕ་ཞེས་རབ་ཏུ་གྲགས་པའོ། །ཏིལ་དམར་ པོའམ་ནག་པོའང་ཞེས་པ་ཏིལ་དམར་པོ་རྣམས་སམ་ནག་པོ་རྣམས་སོ། །མེ་ནི་འདིར་རྗེའུ་རིགས་ཀྱི་ཁྱིམ་དུ་སྐྱེས་པའོ། །མཱ་ཥ་ལ་སོགས་པ་ཞེས་པ། ཡུངས་ཀར་ལ་སོགས་པ་ཤེས་པར་བྱའོ། །ཀཱ་ལ་ཀཱ་ནི་ཧ་རི་ཋ་ཞེས་གྲགས་པ་སྟེ། དེའི་འབྲས་བུའོ། །དེ་ཉིད་དུ་ཞེས་པ་མངོན་ སྤྱོད་ཀྱི་ཐབ་ཁུང་དུ་ཙཎྜ་ལཱིའི་མེ་ལ་སྦྱིན་སྲེག་བྱའོ། །ཁྱིམ་གྱི་བྱ་རོག་ཅེས་པ་བྱ་རོག་གི་ཚང་གིའོ། །དམ་ཚིག་ཆེན་པོ་ནི་མིའི་ཤའོ། །སངས་རྒྱས་ཞེས་པ་སངས་རྒྱས་སོ། །འདི་ནི་ཕུལ་དུ་བྱུང་བ་བརྗོད་པ་སྟེ་སྒྲུབ་པ་པོ་སྤྲོ་བའི་ཆེད་དུའོ། །ཁྱིམ་གྱི་མེ་ཏོག་ནི་བུད་མེད་ཀྱི་མེ་ཏོག་གོ། ། ཁྱིམ་གྱི་ཏ་མ་ལའི་ལོ་མ་ནི་ཁྱིམ་གྱི་དུ་བའོ། །ཁ་འཆིང་བ་ནི་ཁ་རེངས་པའོ། །ཉ་ཤ་ནི་ཉའི་ཤའོ། །བྱ་ནི་འོལ་པ་སྟེ། བྱ་རྒོད་ཅེས་ཁ་ཅིག་གོ། །ཕུབ་མའི་མེ་ཞེས་པ་ཕུབ་མའི་མེ་ལ་སྟེ། སྲེག་རྫས་ནི་དེ་མ་ཐག་པ་གཉིས་སོ། །སྔོན་དུ་འགྲོ་བ་ནི་སྔོན་དུ་བསྙེན་པའོ། ། དེ་ཉིད་ཀྱི་ཕྱིར་གསུངས་པ། དང་པོར་སྔགས་པས་འབུམ་བཟླས་སོ། །ཞེས་སོ། །འདིར་ཐབ་ལ་སོགས་པ་ལ་ཇི་ལྟར་རིགས་པར་ཁྱད་པར་གཞན་ནི་བདག་གིས་འོད་ཀྱི་སྙེ་མ་དང་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བར་རྣམ་པར་སྤྲོས་སོ་ཞེས་འདིར་རྒྱས་པར་མ་བྱས་སོ། །དཔལ་ཡང་དག་པར་སྦྱོར་ བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་དྲུག་པའོ།། །།སྔར་དང་དེ་མ་ཐག་པར་ཡང་སྔགས་རྣམས་ཀྱི་རྗེས་སུ་སྒྲུབ་པ་གསུངས་ཤིང་དེ་ཡང་ཐོས་ནས། དེ་རྣམས་ཀྱི་བཏུ་བ་ལ་སོགས་པ་ཇི་ལྟར་ཡིན་ཞེས་དྲི་བ། ཐོས་ཞེས་པ་ལ་སོགས་པའོ། །དོན་ དམ་པར་ཤེས་པའི་ཕྱིར་དང་འགྲོ་བ་སྐྱོབ་པའི་ཕྱིར་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་སྔགས་ཏེ། དེའི་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་ཨོཾ་ཡིག་ལ་སོགས་པ་ཡང་སྔགས་སོ། །སྔགས་སུ་བྱེད་པ་དེ་ཁོ་ན་ཉིད་བསྐུལ་བའི་སྐད་ཅེས་པ་ཡང་སྔགས་སོ། །བྱེ་བྲག་ནི་སྔགས་གང་ཆོ་ག་གང་གིས་ གང་དུ་ཉེ་བར་སྦྱོར་བའོ། །དེ་རྣམས་ཀྱི་ཞེས་པ་གསུངས་པ་དང་གསུང་བར་འགྱུར་བའི་ལས་རྣམས་ཀྱིའོ། །དཀྱིལ་འཁོར་ནི་མཱ་མ་ཀཱིའི་བྷ་གའོ། །ཉམས་དགའ་བ་ནི་ཕུལ་དུ་དབྱུང་དུ་མེད་པའི་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེའི་དབུས་སུ་པདྨའོ། །མཱ་མ་ཀཱི་ཞེས་པ་ནི་རྡོ་རྗེ་སྙེམས་ མ་ལ་བོད་པ་སྟེ། རིང་པོ་ཉིད་ནི་ལུང་ངོ་། །ལྟེ་བ་ནི་རྩ་ཁ་ག་མུ་ཁའོ། །འདབ་མ་བརྒྱད་པའི་རྩའི་དབུས་ན་གནས་པ་ཉིད་ཀྱིས་ན་སྦས་པ་སྟེ་ཡང་དག་པར་བསྡམས་པའོ། །སྤྱོད་ཡུལ་ནི་བཞི་སྟེ། དེར་དབུས་ཀྱི་བུག་པ་གང་ཡིན་པའོ། །དཔའ་བོ་ནི་སྟོང་པ་ཉིད་ཀྱི་རང་བཞིན་བདེ་བ་ ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཏེ། ཡང་དག་བཏུ་བར་བྱའོ། །རྡོ་རྗེ་སེམས་དཔའ་གཞོམ་དུ་མེད་པ་ནཱ་དའི་ངོ་བོར་གྱུར་པའི་དཔའ་བོ་དེ་ཁོ་ན་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ལ་སོགས་པའོ། །སྡེ་ཚན་ནི་བརྒྱད་རྣམས་ཏེ། ཨཱ་ལི་དང་ཀཱ་ལིའི་ངོ་བོར་སྔགས་མ་ལུས་པ་འབྱུང་ བའི་རྒྱུ་རྣམས་སོ། །དེ་རྣམས་ཀྱི་གཞོམ་དུ་མེད་པ་ལས་སྐྱེས་པའི་ཕྱིར་དབང་ཕྱུག་གོ། །འདིར་ནི་རྣལ་འབྱོར་པ་དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཅན་ཤེས་རབ་དང་བཅས་པ་ཕྱག་རྒྱ་དྲུག་གིས་བརྒྱན་པ་སྐྲ་གྲོལ་བ་ཕྱོགས་ཀྱི་གོས་ཅན། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ ས་ཕྱོགས་བདུད་རྩི་ལྔས་ཉེ་བར་བྱུགས་པ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡིད་འཕྲོག་པ་ཤ་ཆེན་གྱིས་བདུག་པ་མར་ཁུ་ཆེན་པོས་མར་མེ་སྦར་ནས། ཕྱི་རོལ་དུ་གར་དང་གླུ་དང་རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་ཅང་ཏེའུ་དང་དྲིལ་བུ་དཀྲོལ་ཞིང་གཏོར་མ་བྱིན་ཏེ། དུར་ཁྲོད་ ཀྱི་སོ་ཕག་ལ་སོགས་པའི་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པ་བྲིས་ལ། ལྟེ་བར་གཞོམ་དུ་མེད་པ་དང་འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་རབ་ཏུ་དབྱེ་བས། སྡེ་ཚན་བརྒྱད་རྣམས་མི་མཉམ་པ་མེད་པ་མ་ཚང་བ་མེད་པར་བྲི་བར་བྱའོ་ཞེས་པའི་ཆོ་ག་ནི་མན་ངག་ལས་སོ། ། དེ་ནས་སྔགས་རྣམས་བཏུ་སྟེ། དང་པོའི་སྡེ་པའི་གཉིས་པའི་ས་བོན་ཡི་གེ་ནི་ཨཱའོ། །སྟོང་པ་ནི་འདིར་ཟླ་བ་ཕྱེད་པ་སྟེ། ནམ་མཁའི་རྟེན་གྱི་ཕྱིར་ཉེ་བར་བཏགས་པའོ། །དགོས་པ་ནི་སྔགས་རྣམས་ཐམས་ཅད་ནི་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་དེའི་རྟེན་ཅན་ཁོ་ན་ལས་ མངོན་པར་འདོད་པའི་དངོས་གྲུབ་སྟེར་རོ་ཞེས་གསལ་བར་བྱའོ། །སྟོང་པ་ནི་ཐིག་ལེས་སོ། །བཅོ་ལྔ་པ་ནི་ཐིག་ལེའོ། །བྱང་ཆུབ་ས་བོན་ནི་ཧའོ། །ཐམས་ཅད་ཨོཾ་ཡིག་གིས་གསལ་ཅིང་། །སྭཱ་ཧཱའི་མཐའ་ཅན་སྔགས་བཏུ་བྱ། །ཞེས་གསུངས་པར་འགྱུར་རོ། །དེའི་ ཕྱིར་ཨོཾ་ཨཱཾ་ལཾ་ཧཾ་སྭཱ་ཧཱ་ཞེས་པ་སྤྱན་མའི་སྙིང་པོའི་སྔགས་ཏེ། ཨོཾ་ཞེས་པ་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་ཕྱིར་བསོད་ནམས་ལེན་པ་ལའོ། །ཨཱཾ་ཞེས་པ་འཆད་པར་འགྱུར་བའི་རིགས་པས་དགའ་བ་བཅུ་དྲུག་རོ་གཅིག་པ་ཉིད་གསལ་བར་བྱེད་པའོ། །ལཾ་ནི་འདིས་རང་བཞིན་ཉིད་དུ་ གསལ་བར་བྱེད་དོ། །ཧཾ་ནི་འཆད་པར་འགྱུར་རོ། །སྭཱ་ཧཱ་ཞེས་པ་ནི་ཞི་བ་གསལ་བར་བྱེད་པའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །ཉི་ཤུ་རྩ་དགུ་པ་ནི་ཀའི་ཡི་གེ་ལ་ལྟོས་ནས་སོ། །འོག་མར་ཡང་ཇི་ལྟར་རིགས་པར་ཨ་ནས་བཟུང་སྟེ་འམ། ཀ་ནས་བརྩམས་ཏེ་བགྲང་བའོ། །གཽ་རཱི་ནི་ ཨིའོ། །གྷསྨ་རཱི་ནི་ཨོའོ། །ཙཽ་རཱི་ནི་ཨེའོ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སྭཱ་ཧཱ་ཞེས་པ་ཉེ་བའི་སྙིང་པོའོ། །རུ་རུ་ཞེས་པ་སྔགས་ཀྱི་ལྷའི་བརྗོད་པ་སྟེ། རུ་སྒྲ་ལའོ། །སྥུ་རུ་ནི་ཆེར་གསལ་པོར་གྱིས་ཤིག་པ་སྟེ། སྥ་ར་རྒྱས་པ་ལའོ། །ཛྭ་ལ་ནི་ཤིན་ཏུ་གཟི་ བརྗིད་ཅན་དུ་འགྱུར་བའོ། །བདག་གི་རེ་བ་རྫོགས་པར་བྱས་ནས་བཞུགས་ཤིག །སིདྡྷ་སྟེ་གཞོམ་དུ་མེད་པའི་ལོ་ཙ་ན་སྟེ་སྤྱན་གང་གི་ཡིན་པ་དེ་ལ་བོད་པའོ། །སངས་རྒྱས་རྣམས་ཀྱིས་ཞེས་པ་སངས་རྒྱས་ཀྱི་གཟུགས་སུ་རྫོགས་པ་རྣམས་ཀྱིའོ། །འདི་ནི་སངས་རྒྱས་རྣམ་པར་སྣང་མཛད་ ཀྱི་བཙུན་མོ་འདིའོ་ཞེས་པས་སངས་རྒྱས་ཀྱི་རྣལ་འབྱོར་ལས་བྱ་བའོ་ཞེས་བསྟན་ཏོ། །སྔགས་དང་ལྷ་དག་ཐ་མི་དད་པར་མོས་པ་ལས་དངོས་གྲུབ་བོ་ཞེས་པས་སྔགས་ཀྱང་སྤྱན་ཞེས་གསུངས་པ། ཞི་བ་བསྐྱེད་མ་ཞེས་པའོ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་མ། །ཞེས་པ་ལས་རྣམས་ ཐམས་ཅད་ཞི་བ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གཙོ་བོར་ཞི་བ་བསྐྱེད་ཅིང་། ཞར་ལས་ནི་ལས་ཐམས་ཅད་སྒྲུབ་སྟེ། དེ་བཞིན་དུ་ཕྱི་མ་ལ་ཤེས་པར་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོའི་རྒྱུ་དབང་བྱས་ནས་ཀྱང་། །དོན་གང་བཤད་པར་འགྱུར་བ་དེའི། ། ལས་ནི་དེ་ཉིད་ཁོ་ནར་གསུངས། །ལྷག་མ་ཞར་ལས་བྱུང་བར་འདོད། །ཅེས་སོ། །ཤི་བ་དང་འདྲ་བ་ནི་ཤི་བ་སྟེ། བརྒྱལ་བ་འཆི་བ་ལ་མངོན་དུ་ཕྱོགས་པ་སྟེ། དེ་སློང་བའོ། །རྡོ་རྗེའི་དམ་ཚིག་ནི་སེམས་བརྒྱལ་བ་སྟེ། དེ་གང་ལས་སློང་བའོ། །ཡང་ན་རྡོ་རྗེ་དམ་ཚིག་ནི་བར་དོའི་ སྲིད་པའི་སེམས་སོ། །རྣམ་པར་སྣང་མཛད་ཀྱིའམ་སྤྱན་མའི་རྣལ་འབྱོར་ལས་སྤྱན་མ་ཐབས་དང་བཅས་པ་སྤྲོས་ནས་སྔགས་འདིས་བསྐུལ་ཏེ། བདུད་རྩིའི་རང་བཞིན་གྱི་འོད་ཟེར་གྱི་ངོ་བོ་བདག་ཉིད་ལ་བཅུག་ནས་ཞི་བ་བྱའོ། །གཞན་གྱི་ཞི་བ་ལ་ནི་རང་གི་སྙིང་གར་རམ་མདུན་དུ་ སྤྱན་མ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་བུད་མེད་དང་སྐྱེས་པ་དག་སྤྲུལ་ནས་སྤྱན་མ་སྤྲོས་ཏེ། ཆེ་གེ་མོའི་ཞི་བ་གྱིས་ཤིག་ཅེས་པ་སྭཱ་ཧཱའི་ཚིག་ལས་སྔ་མར་ཏེ། སྔགས་ཀྱིས་བསྐུལ་ཞིང་སྔ་མ་བཞིན་དུ་ནང་དུ་གཞུག་པར་བྱའོ། །དེ་ལྟ་མོད་ཀྱི་སྟོབས་མེད་པ་མདུན་དུ་ གནས་པ་ཉེན་པ་ལ་རང་གི་ལག་པ་བདུད་རྩིའི་རང་བཞིན་གྱི་འོད་ཟེར་ཅན་གྱིས་རེག་པར་བྱའོ་ཞེས་པའོ། །ཤི་བ་གསོ་བ་ལ་ནི་སྤྱན་མ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་དུ་བུད་མེད་དང་སྐྱེས་པ་དག་རང་གི་ས་བོན་ལས་བསྐྱེད་དེ། ཡེ་ཤེས་སེམས་དཔའ་བཅུག་ནས། དེའི་ས་བོན་གྱི་འོད་ཟེར་ དང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྔགས་ཟློས་ཤིང་བར་དོའི་སྲིད་པ་བཀུག་ནས་གཞུག་པར་བྱའོ་ཞེས་པའོ། །གསུངས་པ་ཡང་ཞེས་པ་སྤྱན་མའི་ཉེ་བའི་སྙིང་པོ་གཉིས་པའོ། །ཆུ་ལ་ནི་ཨིའོ། །ཨོཾ་གྷཱི་སྭཱ་ཧཱ་ཞེས་པ་མཱ་མ་ཀཱིའི་སྙིང་པོའོ། །གྷཱི་ཞེས་པ་གདུག་པ་ཅན་འཇོམས་པས་ སྲུང་བ་གསལ་བར་བྱེད་པའོ། །མཁའ་སྤྱོད་མ་ནི་ཨཾ་ངོ་། །ལྔ་པས་ཞེས་པ་ནི་འདོན་པ་ཉམས་པ་སྟེ། བཅུ་དྲུག་པས་ཞེས་པ་ནི་འདོན་པའོ། །ཨོཾ་ཤཾ་ཀ་རེ་ཤཱནྟི་ཀ་རེ་གྷུ་ཊ་གྷུ་ཊ་གྷུ་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུ་ཊི་ནི་སྭཱ་ཧཱ། ཞེས་པ་ཉེ་བའི་སྙིང་པོ་གཅིག་གོ། །ཤ་མུ་ཉེ་བ་ཞི་བ་ལའོ། །གདུག་པ་ཅན་ཉེ་བར་ཞི་བར་ བྱེད་པའི་ཕྱིར་ཤཾ་ཀ་རའོ། །གདུག་པ་ཅན་ཉེ་བར་ཞི་བའི་རྗེས་ཐོགས་སུ་ཤཱནྟི་ཀ་རའོ། །གྷུ་ཊ་ནི་གདུག་པ་ཅན་ཉམས་པར་གྱིས་ཤིག་པ་སྟེ། གྷུ་ཊ་སོ་སོར་འཇོམས་པ་ལའོ། །ཤིན་ཏུ་བསྐུལ་བའི་ཕྱིར་གཉིས་བརྗོད་པའོ། །གྷུ་ཊི་ནི་གདུག་པ་ཅན་རབ་ཏུ་འདུལ་བའོ། །སྔར་བཞིན་དུ་ཆེ་ གེ་མོ་བསྲུང་བ་གྱིས་ཤིག་ཅེས་བསྐུལ་ནས་བསྲུང་བ་བྱ་སྟེ། གདུག་པ་ཅན་སྐྱོད་པར་བྱེད་པ་ལྷུར་ལེན་པའི་མཱ་མ་ཀཱི་རུ་བསམ་པར་བྱའོ། །བསྲུང་བ་ནི་འཆི་བྱེད་ལ་སོགས་པ་རྣམས་ལས་སོ། །དེ་ཁོ་ན་རྡོ་རྗེ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེའི་སྦྱོར་བ་རྣམས་ལ་རྟག་ཏུ་སྐུ་གསུམ་འགྲུབ་པར་བྱེད་དོ། ། རྡོ་རྗེ་ཆེན་པོ་འཇིགས་པ་ནི་བགེགས་དང་ལོག་འདྲེན་འཇིགས་པའོ། །གསུངས་སོ་ཞེས་པ་ནི་མཱ་མ་ཀཱིའི་ཉེ་བའི་སྙིང་པོ་གཉིས་པའོ། །བྷྱོ་ཞེས་པ་འཇིགས་པར་བྱེད་པ་ལའོ། །གཉིས་པ་ཞེས་པ་ལ་སོགས་པ་ནི་གོས་དཀར་མོའི་འོ། །ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ཞེས་པ་སྙིང་ པོ་སྟེ། ཨོཾ་བཛྲ་ཞེས་པ་ལ་སོགས་པ་ཉེ་བའི་སྙིང་པོའོ། །ཀ་ཊེ་ནི་ཤིན་ཏུ་ཟད་པ་གསོ་བ་ལ་སྟེ། ཀ་ཊ་དཀའ་བ་འཚོ་བ་ལའོ། །བི་ཀ་ཊེ་ནི་ཁྱད་པར་དུ་འཚོ་བར་བྱེད་པ་ལའོ། །ནི་ཀ་ཊེ་སྒྲུབ་པ་པོ་ལ་ཉེ་བ་ལའོ། །ཀ་ཊཾ་ཀ་ཊེ་ནི་ཤིན་ཏུ་ཡང་འཚོ་བྱེད་ལའོ། །ཆོས་ནི་འོད་དཔག་མེད་ དེ། དེ་དེའི་གཟུགས་ཅན་གྱི་དོན་དུ་གཉེར་བ་པོའི་རྒྱས་པ་དང་སྟོབས་བྱེད་ཅིང་། གོས་དཀར་མོའི་གཟུགས་ཅན་གྱི་ཡང་སྟེ། གཉིས་ཀ་ཡང་གཉིས་ཀའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་དང་ཐབས་གཙོ་བོ་ལས་ཐ་དད་དུ་བྱ་བའོ། །མཛོད་ལྡན་མ་ཞེས་པ་ ཁྱད་པར་དུ་མཛོད་རྒྱས་པ་ཡང་སྟོན་ཏོ། །བཟླས་པ་ཙམ་གྱིས་ཞེས་པ་རིག་པ་བཟླས་ཟིན་པ་རྣམས་ཀྱིས་རང་གི་སྦྱོར་བ་ལས་བཟླས་པ་ཙམ་གྱིས་དངོས་གྲུབ་ཏུ་གསུངས་ཏེ། དེ་བཞིན་དུ་གཞན་ལ་ཡང་ངོ་། །དེ་ལ་སྔོན་དུ་བསྙེན་པ་ལ་སྔགས་ཙམ་བཟླས་པའོ། །རབ་ཏུ་སྦྱོར་བ་ལ་ནི་ བདག་གི་འམ་ཆེ་གེ་མོའི་རྒྱས་པར་མཛོད་ཅིག་ཅེས་བཅུག་པའོ། །གསུང་ཞེས་པ་གསུང་རྡོ་རྗེའི་ཚིག་ནི་ཇི་ལྟར་དངོས་གྲུབ་འབྱུང་བར་བྱེད་པ་སྟེ་དེ་ལྟར་སྒྲུབ་པོའི་ཡང་ངོ་། །བཅུ་དྲུག་པ་ཞེས་པ་ལ་སོགས་པ་སྒྲོལ་མའི་འོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྡུག་བསྔལ་གྱི་རྒྱ་མཚོ་ལས་ སྒྲོལ་བའི་ཕྱིར་ཏཱ་ར་སྒྲོལ་མའོ། །དེ་ཉིད་ཀྱི་ཕྱིར་ཏུཏྟཱ་སྟེ་གདུང་བ་ལས་སྒྲོལ་ལོ་ཞེས་པ་ཏུཏྟཱ་རའོ། །མྱུར་དུ་མཛད་པའི་ཕྱིར་ཏུ་རེ་སྟེ། ཏུ་རཱ་མྱུར་བ་ལའོ། །འཕགས་མ་སྒྲོལ་མའམ་དོན་ཡོད་གྲུབ་པའི་རྣལ་འབྱོར་བྱས་ནས་དོན་ཡོད་གྲུབ་པའི་གཟུགས་སུ་འམ་འཕགས་མ་སྒྲོལ་མའི་ གཟུགས་སུ་མངོན་པར་འདོད་པའི་སྐྱེས་པའམ་བུད་མེད་བསམས་ཏེ། རང་གི་སྙིང་ག་ནས་འཕགས་མ་སྒྲོལ་མ་སྤྲོས་ནས། ཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་ཅེས་སྤེལ་ཏེ་སྔགས་ཟློས་ཤིང་བསྐུལ་བས། བསྒྲུབ་བྱ་ལ་གཞུག་པར་བྱའོ། །དེ་དེ་ལྟར་ཤིན་ཏུ་རྗེས་སུ་ཆགས་ཤིང་སློང་ བ་ཡེ་ཤེས་ཏེ་འོད་ཟེར་གྱི་ལྕགས་ཀྱུས་བཀུག་པ་རང་ངམ་རང་དང་འདྲ་བ་ལ་བཅུག་ནས་ཏེ། བུད་མེད་དང་སྐྱེས་པ་དག་གི་དབང་དུ་སྐྱེས་པ་དང་བུད་མེད་བྱ་བ་ལའོ། །བུད་མེད་སྐྱེས་པའི་དབང་དུ་བྱ་བ་ལ་ནི་རང་གི་བདག་ཉིད་ལའམ་རང་གི་སྙིང་གར་ཡང་ངོ་། །དེ་ལྟར་སངས་རྒྱས་རྣམས་