Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 7

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
དུ་ཁུ་བའོ། །དེའི་ཞེས་པ་ཁུ་བའི་དང་ཁྲག་གིའོ། །ཆོས་ཀྱི་དབྱིངས་
སྟོང་པ་ཉིད་དང་རོ་གཅིག་པའི་སེམས་ཡང་དག་པར་འཛིན་པས་ན་ཆོས་དབྱིངས་བསྡུས་པའོ། །འདི་ཡང་ཐོག་མ་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་མཉམ་པའི་གནས་སྐབས་ནི་རང་བཞིན་ཏེ། དེ་ལས་གཞན་པའི་གནས་སྐབས་ཡོངས་སུ་འགྱུར་བའི་ཁྱད་པར་
ནི་རྣམ་འགྱུར་རོ། །དེ་ལ་སྙིང་སྟོབས་ཞེས་པ་ལ་སོགས་པ་ལ། དང་པོའི་གནས་སྐབས་སུ་སྙིང་སྟོབས་ལུས་ཏེ་ཁུ་བའོ། །རྡུལ་ནི་ངག་གོ། །མུན་པ་ནི་སེམས་ཏེ་བསྐྱེད་པ་དང་ལྡན་པའོ། །ནམ་གྱི་ཚེ་ཞེ་ན། གང་གི་ཚེ་དྲི་ཟའི་སེམས་ཅན་གྱི་གནས་སྐབས་དོར་ནས་
དངོས་པོར་མཉམ་འགྱུར་བ་ན་སྟེ། དངོས་པོ་དག་དང་སྟེ་ཁུ་བ་དང་ཁྲག་དག་དང་རོ་མཉམ་པ་སྟེ་ཕྱིས་ཙིའོ། །དེ་ལས་གསུམ་པོར་རོ་མཉམ་པ། རིམ་གྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་ལུས་དྲུག་པ་རྡོ་རྗེ་འཆང་དུ་བརྗོད་དོ། །རྡོ་རྗེ་ལུས་ཀྱང་སྟེ། རྡོ་རྗེ་
དེ་བཞིན་གཤེགས་པ་རྣམས་དང་། དེའི་རང་བཞིན་གྱིས་ལུས་སོ་ཞེས་བྱས་ནས་སོ། །འདིར་དེ་ལྟར་བདུད་རྩི་ལྔ་གསུངས་སོ། །རྒྱུད་ཁ་ཅིག་ཏུ་བད་ཀན་གྱི་གནས་སུ་རྐང་མར་གསུངས་ཤིང་། ཁ་ཅིག་ཏུ་ཤ་སྟེ། ཇི་སྐད་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེར། རིན་ཆེན་དབང་

པོ་ཁྲག་ཅེས་བཤད། །སྣང་བ་མཐའ་ཡས་ཁུ་བར་བརྗོད། །དོན་ཡོད་གྲུབ་པ་ཤ་ཆེན་ཏེ། །མི་བསྐྱོད་པ་ནི་རྡོ་རྗེའི་ཆུ། །རྣམ་པར་སྣང་མཛད་རྟུག་པར་བཤད། །འདི་རྣམས་བདུད་རྩི་ལྔ་མཆོག་གོ། །ཞེས་སོ། །རྣམ་པ་གཞན་གྱིས་སྡུད་དེ། རུས་པ་ཞེས་པ་
ལ་སོགས་པའོ། །ཡང་འདི་རྣམས་ཀྱི་སྐྱེ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་སྨིན་པ་ལ་འབྱུང་སྟེ། དང་པོར་རོའོ། །དེ་ནས་ཁྲག་དང་ཤ་དང་པགས་པ་དང་རུས་པ་དང་རྐང་མར་དང་ཁུ་བ་རྣམས་རིམ་པས་སོ། །དེ་ཉིད་ཀྱི་ཕྱིར་ཁུ་བ་ནི་འདི་སྐྱེ་བ་བདུན་པའོ་ཞེས་པས་སྐྱེ་བ་
བདུན་པ་ཞེས་བརྗོད་དེ། ངེས་པའི་དོན་གཞུང་འཛུགས་པ་ལ། །སྐྱེ་བ་བདུན་པ་ཕྱུགས་ཉིད་ནི། །མཁའ་སྤྱོད་དངོས་གྲུབ་སྟེར་བ་པོ། །ཕུང་པོ་ཁམས་ནི་བརྒྱལ་བ་དང་། །ནད་དང་རྒས་པ་འཕྲོག་པར་བྱེད། །འཁོར་ལོས་སྒྱུར་བ་ཉིད་སྟེར་བྱེད། །ཡུལ་དང་དབང་པོ་བསད་
བྱས་པས། །ཤིན་ཏུ་ཕྲ་སོགས་ཡོན་ཏན་ལྡན། །མཁའ་ལ་སྤྱོད་པ་ཉིད་འདིས་སྟེར། །ཕྱི་རོལ་དངུལ་ཆུ་བཅིང་ཇི་ལྟར། །དེ་ལྟར་ཡེ་ཤེས་རོ་འདི་ཡང་། །ཞེས་དགོངས་པའི་དབང་ལས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། །གོང་བུ་གཅིག་ཅེས་པ་ཁུ་བ་དང་ཁྲག་
དང་རྣམ་པར་ཤེས་པ་རྣམས་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །རྣམ་གཉིས་ནི་ཁུ་བ་དང་ཁྲག་གི་དབྱེ་བས་སོ། །རྣམ་པ་དུ་མ་ནི་ཤ་དང་པགས་པ་དང་རུས་པ་དང་རྐང་མར་དང་བཤང་བ་དང་གཅི་བ་དང་བད་ཀན་ལ་སོགས་པའི་དབྱེ་བ་ལས་སོ། །དེ་ལྟར་རང་བཞིན་གཅིག་ཁོ་ན་དུ་མའི་
རང་བཞིན་དུ་དེའི་རང་གི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་ཅན་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་གྱི་སྐུ་ཅན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འདིར་ཏེ་རྫོགས་པའི་རིམ་པ་ལ་བསྟན་ཏོ་ཞེས་པ་མཇུག་སྡུད་དོ། །སྔགས་ཀྱི་བཟླས་པ་ཡན་ལག་དང་བཅས་པ་མདོར་སྟོན་པའི་ཆེད་དུ་གསུངས་
པ། རྩ་ཞེས་པ་ལ་སོགས་པའོ། །དེ་མ་ཐག་པར་གསུངས་པའི་གོང་བུ་སྤྲུལ་པའི་འཁོར་ལོ་ལ་སོགས་པའི་རྩ་རྣམས་སུ་དཀྱིལ་འཁོར་བཞིའི་བདག་ཉིད་རླུང་གི་བཞོན་པ་ཅན་སེམས། འཕོ་བ་ཁོ་ན་གསུངས་པ་ནི། གནས་པ་ཉེ་བར་མཚོན་པ་ཉིད་ཀྱིས། །ཨེ་ཡིག་ས་རུ་

ཤེས་པར་བྱ། །ཞེས་པ་ལ་སོགས་པ་སྟེ། གང་འཁྲུལ་འཁོར་བྱས་པ་ལས་བྱང་ཆུབ་སེམས་གང་བ་ཉིད་དུ་འགྱུར་བ་སྒོ་ལ་སོགས་པ་ནི་མ་ཡིན་པས། དེ་འདིར་བརྗོད་པར་བྱའོ་ཞེས་དགོངས་སོ། །གང་གི་ཕྱིར་བྱང་ཆུབ་སེམས་དེ་སྒོ་གཉིས་དག་ཏུ་འཁྲུལ་འཁོར་དུ་བྱེད་པ་
ན། དེ་རྣམས་ཞེས་པ་རྩ་དེ་རྣམས་འདུ་བའི་དུས་སུ་སྟེ་ཡང་དག་པར་གང་བ་ཉིད་ཀྱིས་རྒྱུན་གྱིས་ཁྱབ་པའི་དུས་རྣམས་སུ་ཆུང་ངུ་ལ་སོགས་པའི་རིམ་པས་ཁྱབ་པ་ལས་མང་པོ་རྣམས་སུ་ལྷ་ཉིད་དེ་བྱང་ཆུབ་ཀྱི་སེམས་དང་དེའི་རང་བཞིན་ཕུང་པོ་ལ་སོགས་པ་རྣམས་དམིགས་པ་སྟེ་
སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ཉིད་དུ་རྟོག་པར་འགྱུར་རོ། །དེ་གསུངས་པ། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །གང་ཚེ་འདིར་ནི་གང་བར་འགྱུར། །དབང་པོ་ཕུང་པོ་འབྱུང་བ་རྣམས། །དེ་མ་ཐག་ཏུ་སངས་རྒྱས་ཉིད། །ཅེས་སོ། །སྒོ་གཉིས་པོ་དེ་ཅི་
ཞིག་ཅེ་ན་མདོར་སྟོན་པ། སྟེང་གི་ཞེས་པ་ལ་སོགས་པའོ། །རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། འོག་གི་སྒོ་ནས་ལྟེ་བ་ཇི་སྲིད་པར་འཇུག་པར་བསམ་པར་བྱས་ཤིང་ངེས་པར་བརྟག་པར་བྱའོ། །ཁམས་རྣམས་ཀྱང་སྟེང་གི་སྒོ་ནས་འབྱུང་བའི་ནང་དུ་ལྟེ་བ་
ཇི་སྲིད་པར་འཇུག་པའོ། །དེ་བཞིན་དུ་ལྟེ་བའི་འོག་ཏུ་ཡང་རྩ་གསུམ་ནས་རྣམ་པར་ཤེས་པ་དང་ཁམས་རྣམས་ལྟེ་བར་འཇུག་པའོ། །དེ་ནས་དེ་ལྟར་འཁྲུལ་འཁོར་བྱེད་པ་ནས་སེམས་བརྟན་པ་ཉིད་ལས་རླུང་ཕྱི་རོལ་དུ་འགྲོ་བ་འགོག་པ་ནི། རིམ་གྱིས་ན་རྩ་རྣམས་
ཐམས་ཅད་དུ་འདུ་བ་ཇི་སྐད་གསུངས་པའི་ཁྱབ་པར་བྱང་ཆུབ་ཀྱི་སེམས་འགྱུར་རོ། །ཀུན་ནས་ཁྱབ་པ་ན་ནི་སྟེང་གི་སྒོར་དང་འོག་གི་སྒོར་ཡང་འཁྲུལ་འཁོར་བྱས་པ་ན། བྱང་ཆུབ་ཀྱི་སེམས་དེ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་ལུས་ལ་རྟག་པ་སྟེ་རྒྱུན་མི་འཆད་པ། ཀུན་ཚེ་
སྟེ་འཚམ་པ་མེད་པའི་དུས་སུ་བཞུགས་པར་འགྱུར་གྱི་འགའ་ཞིག་གི་ཚེ་འཇིག་པ་ནི་མ་ཡིན་ནོ། །དེ་ལ་སྟེང་སྒོར་ཏེ་ཡང་དང་འབྲེལ་བ་ལས་འོག་གི་སྒོར་ཡང་འཁྲུལ་འཁོར་གསུམ་རྣམས་ཀུན་དུ་སྡུད་པ་ནི་འཁྲུལ་འཁོར་གསུམ་མོ། །ཅི་ཡིས་ཞེས་པ་གྲངས་ཅན་

པའི་སྐྱེས་བུ་བཞིན་དུ་ཕུལ་དུ་བྱུང་བ་སྒྲུབ་ཏུ་མེད་པ་ལ་བགྲོད་པ་མི་རིགས་པའི་ཕྱིར་རོ་ཞེས་པ་བསམ་པའོ། །ཡང་ན་དྲི་བ་ལ་ཅིའོ། །ཅི་ལྟར་འཁྲུལ་འཁོར་གསུམ་ཡིན་ཞེས་འབྲེལ་ལོ། །སྒོ་དགུས་ཡོངས་སུ་བསྐོར་བ་ཉིད་ནི་ལུས་ཀྱི་འཁྲུལ་འཁོར་
ཁོ་ནར་གསལ་བར་བྱེད་པར་འགྱུར་རོ། །དྲི་བ་དང་པོ་ལ་ལན་གསུངས་པ། ལུས་ལ་སོགས་པ་གསུམ་རྣམས་འཁྲུལ་འཁོར་དུ་བྱེད་དོ་ཞེས་པ་འཁྲུལ་འཁོར་རྣམས་སོ། །གཉིས་པ་ལ་ནི་རྣམ་གསུམ་སྟེ། ཐ་མ་ལ་སོགས་པ་ཡིས་སོ་ཞེས་པའོ། །ཅི་ལྟར་ཞེས་པ་རབ་ཏུ་རྒྱས་
པར་འཆད་དེ། གཅིག་ཅེས་པ་ལ་སོགས་པ་སྟེ། ཀེང་རུས་ཀྱི་དབྱུག་པ་འདིའི་ཀ་བ་གཅིག་ཡིན་པ་ཞེས་པའོ། །རགས་པ་ནི་སྒོ་གཞན་ལ་ལྟོས་པ་སྟེ། འདིའི་ལྷག་པའི་ལྷ་ཕུང་པོ་ལྔའི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་པ་ཞེས་པ་ལྷག་པའི་ལྷ་ལྔ་ཅན་
ནོ། །དེ་ལྟར་འཁྲུལ་འཁོར་ཕྱི་མ་གཉིས་ཀྱང་ལྷག་པའི་ལྷ་ལྔ་ཅན་ནོ། །མགོ་བོ་དང་སྨིན་མ་དང་མིག་དང་རྣ་བ་དང་སྣ་དང་ཁ་དང་ལྟེ་བ་དང་། གཅི་བ་དང་བཤང་བའི་རྩ་རྣམས་ནི་བུག་པ་དགུ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ། །དེར་སོན་པའི་ལུས་
ཀྱི་སྒོ་རྣམ་པ་དགུའོ། །འབྱུང་བ་ལ་སོགས་པའི་རང་བཞིན་སྤྱན་མ་དང་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱིས་སྤྲུལ་པ་སྟེ་སྔགས་ལ་སོགས་པས་སྤྲུལ་པ་བཞིན་དུ་རང་བཞིན་མེད་པའོ་ཞེས་པ་དགོངས་པའོ། །དྲི་བ་གསུམ་པ་ལན་འདེབས་ཏེ། སེམས་ཀྱི་
ཞེས་པ་སེམས་རླུང་ལ་ཞོན་པ་ནི་སྐྱེས་བུ་རྣལ་འབྱོར་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཁོ་ནའོ་ཞེས་པའི་དོན་ཏེ། དམ་པའི་དོན་ཡིན་གྱི། གྲངས་ཅན་པོའི་སྐྱེས་བུ་བཞིན་དུ་རྟག་པར་རང་བཞིན་དང་བཅས་པ་ནི་མ་ཡིན་ཏེ། གང་ལས་འདིའི་དེ་དང་འདྲ་བར་འགྲོ་བ་ལ་
སོགས་པ་མེད་པ་ཡིན་པའོ་ཞེས་དགོངས་པའོ། །རྟག་ཏུ་ནི་རྒྱུན་མི་འཆད་པར་རོ། །འགྲོ་བའི་ཁྱད་པར་ནི་འོག་དང་སྟེང་དག་ཏུ་འཇུག་པ་དང་འབྱུང་བ་དག་སྟེ། སྒོ་དགུ་རྣམས་ཀྱི་བར་གྱི་གནས་སྐབས་སུ་རླུང་འབབ་པའི་དབང་ལས་སོ། །དེ་སྐད་དུ་ནི་རྡོ་རྗེའི་སྒོའི་

རྣལ་འབྱོར་གྱི་རྒྱུད་དུ། སྲོག་དང་ཐུར་སེལ་དང་མཉམ་གནས་དང་གྱེན་རྒྱུ་དང་ཁྱབ་བྱེད་དང་རྒྱུ་བ་དང་རྣམ་པར་རྒྱུ་དང་ཡང་དག་རྒྱུ་དང་ངེས་པར་རྒྱུ་དང་རབ་ཏུ་རྒྱུ་སྟེ་རླུང་བཅུ་རྣམས་ཀྱི་བྱ་བ་བསྟན་ཏོ། །དེ་ལ་སྙིང་གར་གནས་པའི་རླུང་ནི། རབ་གནོན་ལས་དང་སྲོག་རྩོལ་ལས། །དབང་
པོའི་སྒོ་ཡི་རྒྱུན་རྣམས་ཀྱིས། །རྟག་པའི་དུས་སུ་རབ་འགྲོ་བ། །སྲོག་ཅེས་པར་ནི་མངོན་པར་བརྗོད། །རབ་གནོན་ནི་འབྱུང་བ་དང་འཇུག་པ་དག་གོ། །སྲོག་རྩོལ་ནི་ཚེ་རིང་བར་བྱེད་པ་སྟེ། སྲོག་སྟེ་སེམས་ཀྱི་རྩོལ་བ་སྟེ་རིང་དུ་བྱེད་ཅིང་རྒྱས་པར་བྱེད་པ་ཞེས་པ་སྲོག་རྩོལ་ལོ། །
སྲོག་ཏུ་བྱེད་དབུགས་སུ་བྱེད་པས་སྲོག་སྟེ། རླུང་རྣམ་པ་བཅུར་འགྱུར་རོ། །བཤང་ལམ་དུ་གནས་པ་ནི། རླུང་གཅིག་བཤང་བ་ཁུ་བ་སོགས། །ཐུར་དུ་འདྲེན་ཕྱིར་ཐུར་སེལ་ལོ། །ལྟེ་གནས་བཟའ་བཏུང་ལ་སོགས་རྣམས། །མཉམ་པར་འདྲེན་ཕྱིར་མཉམ་གནས་སོ། །མགྲིན་
པར་གནས་པ་ནི། གྱེན་འགྲོའི་ཕྱིར་དང་སྡུད་པ་ལས། །བཟའ་དང་བཅའ་སོགས་ཟ་བ་ཡིས། །གྱེན་རྒྱུའི་ལས་སུ་རྣམ་ཤེས་བྱ། །ཤེས་དང་ལྷན་ཅིག་སྦྱོར་ལས་སོ། །གྱེན་འགྲོ་ནི་སྣའི་བུ་ག་ལ་སོགས་པ་རྣམས་ནས་སོ། །སྡུད་པ་ནི་ནང་དུ་འཇུག་པའོ། །ཤེས་པ་དང་
སྦྱོར་བ་ནི་རླུང་བཅུ་པོ་རྣམས་ཀྱང་འབབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཚིགས་ལ་གནས་པ་ནི། ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་བ་དང་ནི་འོང་བ་སོགས། །ཚིགས་རྣམས་ཀུན་དུ་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་པར་མངོན་པར་བརྗོད། །རྒྱུ་བ་ནི་མིག་ལ་བརྟེན་ནས་
གཟུགས་ཀྱི་རྣམ་ཤེས་སྐྱེད་པར་བྱེད་དོ། །རྣམ་པར་རྒྱུ་ནི་རྣ་བ་ལ་བརྟེན་ནས་སྒྲ་ལ་ཤེས་པའོ། །ཡང་དག་རྒྱུ་ནི་སྣ་ལ་བརྟེན་ནས་དྲིའི་ཤེས་པའོ། །རབ་ཏུ་རྒྱུ་ནི་ལྕེ་ལ་བརྟེན་ནས་རོའི་ཤེས་པའོ། །ངེས་པར་རྒྱུ་ནི་ལུས་ཀྱི་སྐྱེ་མཆེད་ལ་བརྟེན་ནས་རེག་བྱ་ལ་ཤེས་པའོ། །
འཕགས་པའི་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། རླུང་བཅུ་པོ་འདི་རྣམས་ནི་སླར་ཡང་དབུགས་རྔུབ་པ་དང་འབྱུང་བར་འགྱུར་ཏེ། དཀྱིལ་འཁོར་བཞིའི་བདག་ཉིད་རྣམས་དང་འབྱུང་བ་ལྔའི་བདག་ཉིད་རྣམས་དང་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་

དང་འོད་ཟེར་ལྔའི་བདག་ཉིད་རྣམས་ཏེ། དེ་རྣམས་ཀྱང་ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་པ་དང་གནས་པ་དང་། ལྡང་བའི་རིམ་གྱིས་རྡོ་རྗེ་བཟླས་པ་བྱེད་དོ། །དེ་རྣམས་ཀྱང་ཨ་ཡིག་གི་གཞིར་གྱུར་ནས་ཚིག་བརྗོད་པ་མ་ལུས་པ་བྱེད་དུ་འཇུག་གོ། །
དེ་རྣམས་ཀྱང་གཞོམ་དུ་མེད་པ་ཐོབ་ནས་རང་བཞིན་མེད་པར་འགྱུར་རོ་ཞེས་སོ། །དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང་། བྱང་ཆུབ་སེམས་ནི་རླུང་འགྱུར་ཞིང་། །ནམ་མཁའ་ལ་ཡང་རྣམ་པར་གནས། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །ལྔ་ཡི་བདག་ཉིད་བཅུ་
མིང་ཅན། །ཞེས་སོ། །ནམ་མཁའ་ལ་སྟེ་ལུས་ཀྱི་བུ་ག་ལའོ། །ལྔའི་བདག་ཉིད་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དོ། །མཐའི་གནས་སྐབས་སུ་ནི་བགྲོད་པའི་ཁྱད་པར་འཕོ་བའི་རབ་ཏུ་བྱེད་པར་འཆད་པར་འགྱུར་རོ། །ངག་གི་བགྲོད་པའི་སྒོ་བརྗོད་
པའི་ཆེད་དུ་གསུངས་པ། དེ་ལྟར་ཞེས་པ་སྟེ་བགྲོད་པའི་ཁྱད་པར་ལས་འགྲོ་བའི་རླུང་ཉིད་ལ་སོགས་དབྱེ་བས་རླུང་རྣམ་པ་བཞིའོ། །འགྲོ་བ་ནི་སེམས་ཀྱི་གནས་པའི་ཁྱད་པར་ཁོ་ན་སྟེ། གནས་པ་ཡང་རྣམ་པ་གཉིས་སོ། །དེ་ལ་ཞུམ་པའི་རྒྱས་པར་སྟོན་པ། ཞུམ་པའི་གནས་
པའོ་ཞེས་པ་བརྟན་པ་ཉིད་དེ་འབབ་པར་གྱུར་པའི་རླུང་བརྟན་པའི་ཕྱིར་རོ། །རབ་རྒྱུའི་ཆོ་ག་རྒྱས་པར་བསྟན་པ་ནི། །རྟག་ཏུ་རབ་རྒྱུའི་འགྲོ་དང་འོང་ཞེས་པའོ། །བགྲོད་པའི་ཁྱད་པར་ཞེས་པ་འདི་ཅི་ཞེ་ན། གསུངས་པ། མེ་ཞེས་པ་ལ་སོགས་པའོ། །འཁོར་ལོར་ནི་དཀྱིལ་
འཁོར་དུའོ། །ཀུན་སྤྱོད་ནི་འཇུག་པ་དང་འབྱུང་བ་དག་གོ། །སོང་ནི་བགྲོད་པའོ། །སྟེང་དུ་སོང་བ་ནི་མེའི་དཀྱིལ་འཁོར་དུ་འབབ་པ་སྟེ་སྣའི་བུ་གའི་གཡས་ངོས་ནས་སོ། །གཡོན་ངོས་སུ་སོན་པ་ནི་རླུང་གི་རུའོ། །ཐད་ཀར་གཉིས་ཀར་སོན་པ་ནི་སའི་རུའོ། །འོག་
ཏུ་སོན་པ་ནི་ཆུའི་རུའོ། །འབྱུང་བ་ལྔ་པ་ནམ་མཁའི་ཁམས་ནི་ཁྱབ་པར་བྱེད་པ་ཉིད་ཀྱིས་གནས་བཞི་རྣམ་པ་གསུམ་ཡང་དཀྱིལ་འཁོར་བཞི་ཡང་དག་རྒྱུ་བའི་དུས་ཁོ་ནར་ཡང་དག་པར་རྒྱུའོ་ཞེས་པ་ལ་སོགས་སུ་མ་གསུངས་སོ། །དེ་སྐད་དུ་ཡང་འཕགས་པའི་ལྷའི་ཞབས་

ཀྱིས་གསུངས་པ། རྡོ་རྗེ་དང་པདྨ་དག་གི་སྣ་དག་ལས་འོད་ཟེར་བྱུང་ཞིང་། གྱེན་དུ་སོང་སྟེ་རབ་ཏུ་གྲགས་པའི་སྣའི་རྩེ་མོ་ནས་རྒྱུའོ། །དེ་ལ་ས་དང་ཆུ་དང་མེ་དང་རླུང་ཞེས་ཁམས་ཀྱི་བྱ་བ་དཀྱིལ་འཁོར་བཞི་རྣམས་ཕྱིར་འབྱུང་ཞིང་། ཁྱབ་བྱེད་ནི་ཁྱབ་པར་བྱེད་པའི་རླུང་ཕྱིར་མི་
འབྱུང་བ་ཁྱབ་པའི་འོད་ཟེར་ཅན་ཏེ། རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པའི་རང་བཞིན་ནོ། །འོན་ཀྱང་འོད་ཟེར་རེ་རེ་འབྱུང་བ་ན། འོད་ཟེར་ལྔ་ཅན་རྣམས་ཕྱིར་འབྱུང་སྟེ། ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཁམས་བཞི་རྣམས་ལ་ཁྱབ་
པའོ་ཞེས་སོ། །འདིར་ནི་ས་ལ་སོགས་པའི་རླུང་འོད་ཟེར་བཞི་པོ་རྣམས་འདི་ཡིས་ཁྱབ་པ་རྣམས་སོ་ཞེས་པས་ཁྱབ་པའི་འོད་ཟེར་ཅན་ཞེས་པར་ཁམས་ཀྱི་ཞེས་པ་ལ་སོགས་པས་གསལ་བར་མཛད་དོ། །ཆ་ཤས་རེ་རེ་ནི་དཀྱིལ་འཁོར་བཞི་པོ་རྣམས་ཀྱི་དཀྱིལ་འཁོར་སོ་སོའི་འོད་
ཟེར་དགེ་བ་སྟེ་བདེ་བ་བསྐྱེད་པར་རུང་བ་ཉིད་ཀྱིས་བདེ་བའི་ངོ་བོ་ནམ་མཁའི་བདག་ཉིད་ཀྱི་རླུང་མའི་སྐྱེ་གནས་ནས་ཕྱི་རོལ་དུ་བྱུང་བ་ནས་བརྩམས་ཏེ་འབྱུང་ཞིང་། དེ་ཉིད་དང་ལྷན་ཅིག་ས་ལ་སོགས་པ་རྣམས་འོད་ཟེར་ལྔ་ཅན་རྣམས་སུ་འགྱུར་རོ། །རླུང་བཅུ་པོ་རྣམས་དཀྱིལ་འཁོར་
བཞིའི་བདག་ཉིད་ཅན་རྣམས་དང་འབྱུང་བ་ལྔའི་བདག་ཉིད་རྣམས་ཤེས་པ་ཡང་འཐད་དོ། །དུས་ཐ་དད་པར་ནམ་མཁའ་རྒྱུན་ནི་ཐུན་ཕྱེད་ཀྱིས་མེ་ལ་སོགས་པའི་དུས་སྦྱོར་བཞི་པོ་རྣམས་ཁོ་ནའི་འོ། །དགོངས་པ་ལུང་སྟོན་པའི་རྒྱུད་དུ། གོས་དཀར་ལ་སོགས་བཟླས་བཤད་པ། །
བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་ཡིས་ཡང་དག་བསྒྱུར་བ་ནི། །སྦྱོར་བ་བཞི་ལ་བརྒྱ་ཕྲག་དགུ། །ཞེས་ཉིན་མཚན་གྱི་ཐུན་ཕྱེད་པ་ཉི་ཤུ་རྩ་བཞི་རྣམས་ཀྱིས་སོ་སོར་འབྱུང་བའི་རྣམ་པས་བསྒྱུར་བ་ལས། དགུ་བརྒྱ་རྣམས་སུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་
རྣམས་ཀྱིས། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་འཕོ་བའི་དབུགས་ཀྱིས་གྲངས་གསུངས་པ་ཅི་ལྟར་ཡིན། སོ་སོར་རང་དབང་དུ་ཡང་དག་པར་རྒྱུ་ན་ནི་ནམ་མཁའི་ཡང་དབུགས་ཀྱི་གྲངས་གསུངས་པའི་བྱ་བ་ཤོར་བར་འགྱུར་རོ། །དཔལ་

རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང་ནམ་མཁའ་ནང་དུ་འདུས་པ་ཁོ་ནས་དཀྱིལ་འཁོར་བཞི་རྣམས་ཁོ་ནའི་རྒྱུ་བ་གསུངས་པ། སྣ་རྩེ་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བར་བརྟགས་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ལྔ་སངས་རྒྱས་རྣམས་སུ་སྒོམ། །
སྟེང་དུ་སྣ་ལས་ངེས་འབྱུང་བ། །གཡོན་དང་གཡས་དང་གཉི་ག་དང་། །དལ་བ་ཞེས་པ་རྣམ་པ་བཞི། །ནང་གི་དུས་ནི་ཡིན་པར་འདོད། །མགྲིན་པ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་དུས་སུ་རིམ་འོངས་པས། །གོ་རིམས་ཇི་བཞིན་གནས་
པར་བྱེད། །གཡས་པ་ནས་ནི་འབྱུང་བའི་འོད། །མེ་ཡི་དཀྱིལ་འཁོར་དེ་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདི། །པདྨ་མགོན་པོ་འདི་ལ་ལྷའོ། །གཡོན་པ་ནས་ནི་འབྱུང་བའི་འོད། །རླུང་གི་དཀྱིལ་འཁོར་མིང་ཅན་ཏེ། །ལྗང་སྔོན་རུ་ནི་རབ་སྣང་བ། །ལས་ཀྱི་
མགོན་པོ་འདིར་ལྷ་ཉིད། །གཉིས་ཀ་ལས་ནི་བྱུང་བའི་འོད། །ཁ་དོག་སེར་པོའི་འོད་ཆེན་པོ། །དབང་པོ་ཆེན་པོའི་དཀྱིལ་འཁོར་འདི། །རིན་ཆེན་མགོན་པོ་འདི་ལ་ལྷའོ། །དལ་ཞིང་དམན་པར་རབ་རྒྱུ་བ། །དཀར་བ་ཀུན་ད་ལྟར་སྣང་བ། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །
རྡོ་རྗེ་མགོན་པོ་འདི་ལྷ་ཉིད། །ལུས་ཀུན་ལ་ནི་རྗེས་སོང་རླུང་། །བྱ་བ་ཀུན་ལ་འཇུག་བྱེད་པ། །འདི་ནི་རྣམ་སྣང་མཛད་རང་བཞིན། །ཤི་བའི་ལུས་ལས་ངེས་འབྱུང་འགྱུར། །རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཅེས་སོ། །དེ་བཞིན་དུ་གཉིས་
སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་དུ། ཡ་ཡིག་དོན་གྱིས་གང་ཅིའང་རུང་། དངོས་གྲུབ་འདོད་པས་བྱ་བའོ། །ར་ལ་སོགས་པ་གསུམ་གྱིས་ཀྱང་། །འགྲོ་བའི་དོན་ལ་འཇུག་པར་བྱ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སའི་དཀྱིལ་འཁོར་དུ། །ཐུན་ནི་
ཕྱེད་ཕྱེད་དུས་རྣམས་སུ། །ལས་དག་གཉིས་གཉིས་གནས་པར་འགྱུར། །ཞེས་པ་འདིས་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྒྱུ་བ་རྣམས་སུ་རིམ་པ་ཇི་ལྟ་བར་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་མངོན་སྤྱོད་ཀྱི་ལས་གཙོ་བོར་དང་། དཀྱིལ་འཁོར་རེ་རེ་ལ་ནི་གང་ན་

གཅིག་ཡིན་པ་དེ་ན་བཞི་རྣམས་སོ་ཞེས་པའི་རིག་པ་ལས་གཞན་པའི་ལས་གསུམ་ཕལ་པའོ་ཞེས་ཐུན་ཕྱེད་ཀྱི་དཀྱིལ་འཁོར་སོ་སོ་ལ་གཙོ་བོའི་ལས་གཉིས་གསུངས་ཤིང་། དེ་ལྟར་ནམ་མཁའི་དཀྱིལ་འཁོར་གྱི་གང་དུ་ཡང་མ་ཡིན་ནོ། །ལས་ཐམས་ཅད་པ་ཉིད་ནི་འདི་ལ་
གཅིག་དཀྱིལ་འཁོར་བཞིའི་ནང་དུ་འདུས་པ་ཁོ་ན་ལས་ཤེས་པར་བྱའོ་ཞེས་པས་མ་བརྗོད་དོ། །ཨ་ཝ་དྷཱུ་ཏཱིའི་ལམ་ནས་ཀྱང་རྒྱུ་བའི་རླུང་ནི་དཀྱིལ་འཁོར་བཞི་རྣམས་སྣ་བུག་དག་ལས་རྒྱུ་སྟེ། ལྔ་པ་དེ་ནི་དེའི་ནང་དུ་འདུས་པ་ཁོ་ནའི་ཕྱིར་ལོགས་པར་ནི་མ་ཡིན་ནོ། །གཞན་ཡང་
བརྟག་པ་གཉིས་པའི་རྒྱུད་དུ། བདེ་བ་ཉིད་ནི་ནམ་མཁའི་ཁམས། །ཞེས་པ་འདིས་མེར་མེར་པོའི་གནས་སྐབས་སུ་ཁམས་བཞིའི་རྣམ་པ་ཅན་ཁོ་ནའི་བདེ་བའི་ཤེས་པ་ནི་ནམ་མཁར་གསུངས་ཀྱི། ལྷན་ཅིག་གནས་པའི་རྣམ་པ་མེད་པ་ནི་མ་ཡིན་ནོ། །ཁུ་བའི་རྣམ་པ་བཅོམ་
ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། །ཅེས་པ་འདིས་ཀྱང་ཤེས་རབ་དང་ཐབས་དག་དབྱེར་མེད་པ་མང་དུ་གསལ་བར་བྱེད་པའི་ཕྱིར་ཁུ་བའི་རྣམ་པ་ཅན་ཁོ་ན་བདེ་བ་ཉམས་སུ་མྱོང་བར་གསུངས་ཀྱི། ཡེ་ཤེས་རྣམ་པ་མེད་པ་ཡང་མ་ཡིན་ནོ། །དེ་ལས་གཞན་པའི་ནམ་
མཁའ་ཞེས་བྱ་བ་ཅུང་ཟད་ཡོད་པ་ཡང་མ་ཡིན་ལ། དེ་འབྱུང་བ་ཡང་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །སྣང་བ་དང་། མུན་པའི་ངོ་བོ་ཡང་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་ངོ་བོའི་ཁྱད་པར་གཟུགས་ཁོ་ནའོ་ཞེས་གཞན་དུ་དཔྱད་ཟིན་ཏོ། །དེས་ན་ཅིས་སྟོང་
པའི་དཀྱིལ་འཁོར་གཞན་པའོ་ཞེས་བརྗོད། གང་དུས་ཀྱི་འཁོར་ལོར་ནམ་མཁའི་དཀྱིལ་འཁོར་ལོགས་སུ་བཏོན་ནས་གསུངས་པ་དེ་ནི་མུ་སྟེགས་པའི་ལྟ་བ་ལ་མངོན་པར་ཞེན་པའི་ཉི་མའི་ཤིང་རྟ་ལ་སོགས་པ་གདུལ་བྱ་རྣམས་ངེས་པའི་དོན་ལ་གཞུག་པ་ལ་ལྡེམ་པོར་
དགོངས་པས་དྲང་བའི་དོན་ཁོ་ན་སྟེ། ཕག་ལ་སོགས་པ་འདོད་པའི་རྗེས་སུ་འཇུག་པས་རི་རབ་ཀྱི་སྟེང་གི་མཚམས་སུ་ཁམས་གསུམ་པའི་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་ལ་སོགས་པ་བརྟེན་པ་བཞིན་ནོ། །འོ་ན་དུས་ཀྱི་འཁོར་ལོ་དང་དེའི་རྗེས་སུ་འབྲང་བའི་གཞུང་རྣམས་

སུ་ཐེག་པ་གསུམ་དང་འགལ་བའི་རྣམ་པར་གཞག་པ་མང་པོ་རྣམས་བྱ་སྟེ། དེའི་གཞུང་བྱེད་པ་གྲགས་པ་དང་པདྨ་དཀར་པོ་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེའི་མིང་ཅན་དེ་རྣམས་བྱང་ཆུབ་སེམས་དཔའ་རྣམས་མ་ཡིན་པ་ཁོ་ནའོ་ཞེས་མང་དུ་ཤེས་
པ་རྣམས་སྨྲའོ། །འདིའི་ཕྱིར་འགལ་བ་ཐམས་ཅད་མ་སྤངས་པས་ན། འགའ་ཞིག་ཏུ་འགལ་བ་སྤོང་བའི་འབད་རྩོལ་གྱིས་ཅི་བྱ་ཞེ་ན། དུས་ཀྱི་འཁོར་ལོར་བསྟན་པ་རྒྱུད་གཞན་དང་མི་འགལ་བའི་དོན་གྱི་ཆ་འགའ་ཞིག་གི་ནི་ཁོ་བོས་རང་གཞུང་གི་ཕྱོགས་རྣམས་སུ་
རྗེས་སུ་འབྲང་ཞིང་། གདུལ་བྱ་འགའ་ཞིག་གི་བསམ་པའི་རྗེས་སུ་འཇུག་པས་འགལ་བའང་ཁ་ཅིག་སྤངས་སོ། །དེ་ལས་གཞན་ལ་ནི་འགལ་བ་མ་སྤངས་ན་ཡང་འདི་རྣམས་ལ་ཉེས་པ་ཅི་ཡང་མེད་དོ་ཞེས་པ་ཤིན་ཏུ་རྒྱས་པར་བརྗོད་པས་ཆོག་གོ། །ཤི་བའི་
ལུས་ལ་ངེས་འབྱུང་འགྱུར། །ཞེས་པ་འདི་ལ་མན་ངག་གིས་ཉིན་མཚན་སོ་སོར་ཐུན་ཚོད་ཕྱེད་པ་སོ་སོ་ལ་བཞི་རྣམས་སོ་ཞེས་པས་ཐུན་ཚོད་ཕྱེད་པ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཁམས་བཞིའི་དཀྱིལ་འཁོར་རྣམས་ཏེ། དགུ་བཅུ་རྩ་དྲུག་གོ། །ཁམས་ཀྱི་དཀྱིལ་འཁོར་
གཅིག་ལ་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་ཀྱི་དབུགས་རྣམས་སོ། །དེ་ལ་དབུགས་ཕྱེད་དང་བཅས་པའི་བདུན་རྣམས་ནི་ཁྱབ་བྱེད་ཀྱི་སྟེ། མི་ཕྱེད་མ་ལ་སོགས་པ་རྩ་སུམ་ཅུ་རྩ་གཅིག་རྣམས་སུ་དབུགས་སུམ་ཅུ་རྩ་གཅིག་གི་རྗེས་སུ་བདུད་འདྲལ་མ་
ཞེས་བྱ་བ་དུས་ཀྱི་རྩར་དབུགས་རེ་རེ་རྒྱུ་བའི་ཕྱིར་དང་ལྷག་མ་གཅིག་གི་ཕྱེད་རྒྱུ་བའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྣམས་ལ་ཁྱབ་བྱེད་ཀྱི་དབུགས་བདུན་བརྒྱ་ཉི་ཤུ་སྟེ་ཆུ་ཚོད་གཉིས་ཞེས་བྱའོ། །ལོ་བརྒྱའི་ཉིན་མཚན་རྣམས་ཆུ་ཚོད་གཉིས་ཀྱིས་
བསྒྱུར་བ་རྣམས་ལ། ཆུ་ཚོད་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མའི་སྐྱེ་གནས་ལས་ཕྱིར་འབྱུང་བ་ནས་བརྩམས་ནས་ཉིན་མཚན་སོ་སོ་ལ་ལུས་ཀྱི་ཆུ་ཚོད་གཉིས་དག་ཚེ་ཟད་པའི་ཕྱིར་ལོ་བརྒྱ་རྣམས་ཀྱིས་ཆུ་ཚོད་སྟོང་ཕྲག་བདུན་ཅུ་

རྩ་གཉིས་རྣམས་ལ་ཚེ་ཐམས་ཅད་ཟད་དེ། འདིའི་ཕྱིར་འཆི་བའི་སྐད་ཅིག་ལ་ཁྱབ་བྱེད་ཀྱི་རླུང་། ཤི་བའི་ལུས་ལས་ངེས་འབྱུང་འགྱུར། །ཞེས་བརྗོད་པར་བྱའོ། །ངག་གི་བ་ཞེས་པ། ཇི་སྲིད་འཇིག་རྟེན་བརྡར་བཏགས་དང་། །དེ་བཞིན་བརྟགས་པ་སྣ་ཚོགས་
རྣམས། །བྱང་ཆུབ་སེམས་ལས་འབྱུང་བའོ། །རྣམ་རྟོག་རླུང་ལས་རྟག་ཏུའོ། །ཞེས་དགོངས་པ་ལུང་སྟོན་པའི་རྒྱུད་དུ་གསུངས་པའི་ཕྱིར་ན། ངག་རྣམས་ཀྱི་རྒྱུ་ནི་རླུང་དང་རྣམ་པར་རྟོག་པ་དག་གོ། །རྣམ་པར་རྟོག་པའི་ནི་སྔར་གྱི་ཤེས་པ་དང་རླུང་ངོ་། །དེའི་ཕྱིར་
དེ་རྣམས་ཀྱི་ཡང་དངོས་སུ་དང་བརྒྱུད་པས་རླུང་རྒྱུ་ཡིན་ནོ་ཞེས་པ་ངག་གི་བའི་སྒོའོ། །རླུང་དང་སེམས་འདི་དག་ཀྱང་སྒྲོ་བཏགས་པ་ཉིད་ཀྱིས་ཏེ། དོན་དམ་པ་པ་ཉིད་ཀྱི་ནི། དེའི་རང་བཞིན་གྱིས་ངོ་བོས་རྒྱུ་ཡང་མ་ཡིན་གྱིས། འོན་ཀྱང་སྟོང་པ་ཉིད་ཀྱི་རང་བཞིན་
གྱིས་སོ། །གང་མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོར་གསུངས་པ། དེ་ཅི་ལུས་ཀྱི་ནང་གི་ཁོང་ནས་སེམས་ཅན་རྣམས་ཐམས་ཅད་ཀྱི་སྒྲ་དབྱངས་རྣམས་འབྱུང་ངམ། འོན་ཏེ་སེམས་ལས་ཡིན། སྨྲས་པ་ལུས་ལས་མ་ཡིན། སེམས་ལས་མ་ཡིན་ནོ། །འོ་ན་ཅི་ལས་ཡིན།
སྨྲས་པ། ནམ་མཁའ་ལས་འབྱུང་ངོ་། །ནམ་མཁའི་རང་བཞིན་ཅན་ནི་སྒྲ་རྣམས་ཏེ། རྣམ་པར་རིག་མ་ཐག་ཏུ་འགག་གོ། །འགག་པ་རྣམས་ཀྱང་ནམ་མཁའི་རང་བཞིན་ཁོ་ན་ལ་ཡང་དག་པར་གནས་སོ་ཞེས་སོ། །རྡོ་རྗེ་བཟླས་པ་ཉིད་ཀྱི་ཕྱིར་ན་འབད་པས་
ངག་རྣམས་མི་བརྗོད་པར་བྱ་བ་ཉིད་ཀྱིས་འདི་ཡིད་ཁོ་ནའི་ཡིན་པ་ནི་ཡིད་ཀྱི་སྒོ་སྟེ་རྣམ་པ་གཉིས་སོ། །ཅི་ལྟར་ཞེ་ན། ཟླ་བ་ནི་ལ་ལ་ནཱ་སྟེ། རླུང་ལ་ཞོན་པའི་ཁུ་བ་འབབ་པའི་ཕྱིར་རོ། །ཉི་མ་ནི་ར་ས་ནཱ་སྟེ་རླུང་ལ་ཞོན་པའི་ཁྲག་འབབ་པའི་ཕྱིར་རོ། །དེ་དག་གི་རབ་དབྱེ་
ལས་ཏེ་རབ་ཏུ་གྱུར་པའི་ཁྱད་པར་ལས་ནི་ཉེ་བར་མ་བཏགས་པ་ལས་སྒོ་ལ་འཇུག་པ་དང་འབྱུང་བའོ། །ཉེ་བར་བརྟགས་པ་ལས་ནི་ལ་ལ་ནཱ་དང་ར་ས་ནཱ་དག་སེམས་རྒྱུ་བའི་སྟེ་རླུང་གི་སྒོ་ཉིད་ཀྱིས་ན་སེམས་ཀྱི་ཡང་ཞེས་པའོ། །གཞན་ཡང་ལ་ལ་ནཱ་སྤྲོ་བར་བྱེད་པ་པོ་

ནི། ཕལ་ཆེར་ཁུ་བ་འོག་ཏུ་འབབ་པའི་ཕྱིར་འོག་གི་སྒོ་སྟེ། དེས་རྣམ་པར་ཤེས་པ་ཁུ་བ་འོག་ཏུ་ལྟེ་བ་ཇི་སྲིད་པར་འཇུག་གོ། །ར་ས་ནཱ་ནི་སྡུད་པ་མོ་ཕལ་ཆེར་གྱེན་དུ་ཁྲག་འབབ་པའི་ཕྱིར་སྟེང་གི་སྒོའོ། །འོན་ཀྱང་འདིར་གཙོ་བོའི་སྒོ་གཉིས་ཀྱི་རྣམ་པར་ཤེས་
པ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་ཁམས་ལ་སོགས་པ་རྣམས་ཀྱང་ངོ་། །ཁམས་རྣམས་ནི་ས་ལ་སོགས་པ་རྣམས་ཏེ། སྤྱན་མ་ལ་སོགས་པའི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་སོགས་དེ་བཞིན་གཤེགས་པ་ལྔ་པོ་འོད་ཟེར་ལྔའི་རང་བཞིན་རྣམས་རབ་ཏུ་འཇུག་ཅིང་ངེས་
པར་འབྱུང་ངོ་། །འོན་ཀྱང་སྟེང་གི་སྒོར་རྣམ་ཤེས་ལ་སོགས་པ་རྣམས་གཡོ་བ་སྟེ་འཇིག་པའི་ངང་ཅན་ཉིད་ཀྱི་ཕྱིར་མི་བརྟན་པའོ། །གཡོ་ཞིང་མི་གནས་ཞེས་འདོན་པ་ལ་ནི་འཇིག་པའི་ངང་ཅན་ཉིད་ཀྱིས་ནི་མི་གནས་པ་རྣམས་སོ་ཞེས་པའི་དོན་ཏོ། །གང་གི་
ཕྱིར་དེ་རྣམས་ཀྱི་འོག་ཏུ་ལྟེ་བའི་ཆུ་སྐྱེས་ལ་རྣམ་པར་གནས་ཤིང་སྟེང་དུ་འགྲོ་བ་ན་ནི་གཤེགས་སུ་གསོལ་བ་སྟེ། དེ་ལས་འཇིག་པ་ཁོ་ནའོ། །དེ་ལྟར་ཨ་བ་དྷཱུ་ཏཱི་རུ་ཡང་རླུང་འབབ་པའི་དབང་ལས་སྤྲོས་པ་དང་སྡུད་པར་བྱེད་པ་འཇུག་པ་དང་འབྱུང་བ་དག་རིག་པར་བྱ་
སྟེ། གོ་སླ་བའི་ཕྱིར་མ་གསུངས་པའོ། །ལྟེ་བའི་འོག་ཏུ་ཡང་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱི་རྣམས་སུ་གོ་སྐབས་ཇི་ལྟ་བར་འཇུག་པ་དང་འབྱུང་བ་དག་ཤེས་པར་བྱ་སྟེ། ལྟེ་བའི་སྟེང་དང་འོག་ཏུ་དེ་རྣམས་དབྱེར་མེད་པའི་ཕྱིར་རོ། །གང་གསུངས་པ། ཟླ་བའི་
ལམ་གྱིས་བཤང་བའི་རྩ། །ཉི་མས་གཅི་བ་འབབ་པ་སྟེ། སྐྱེ་འཆི་མཉམ་པ་ཆགས་པ་ལ། །སྒྲ་གཅན་གྱིས་ནི་ཁུ་བ་འབབ། །ལྟེ་བའི་ཆུ་སྐྱེས་སྙིང་མགྲིན་དང་། །དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པ་ཡིས་ནི་རབ་ཏུ་
འབབ། །འབྱུང་བྱེད་དེ་ནི་འཇུག་པ་ནི། །སྤྲོ་བས་འཇུག་སྟེ་ས་ལའོ། །པད་ལྟེ་ནས་ནི་པད་ལྟེའི་དབུས། །ཨ་ཝ་དྷཱུ་ཏཱིས་འགྲོ་དང་འོང་། །ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་རྣམས་འབབ་པ་ནི། །འབྱུང་དང་དེ་ནི་འཇུག་པ་དག །སྡུད་དང་

སྤྲོ་བའི་ངོ་བོ་ཅན། །ཞེས་སོ། །མཉམ་པ་ལ་སྟེ་སྣའི་བུ་ག་དག་གང་ཡང་རུང་བར་འཕོ་བ་ནའོ། །ཆགས་པ་ལ་ནི་ཤེས་རབ་དང་སྦྱོར་བ་ལས་སོ། །སྒྲ་གཅན་ནི་སེམས་སོ། །སྟོང་པ་ནི་བདེ་བའོ། །དེ་ལྟར་གནས་པ་ནི་སེམས་དགུག་པ་འཇུག་པ་དང་གཤེགས་གསོལ་
འབྱུང་བ་སྟེ། དེའི་རང་གི་ངོ་བོའི་འགྲོ་བ་ནི་ཉིན་མོ་དང་མཚན་མོར་རོ། །དེ་ལྟར་ན་ནི་དུས་གསུམ་པ་སྟེ་སྐྱེས་ནས་ཐིམ་པ་དང་སྐྱེ་བཞིན་པ་དང་སྐྱེ་བར་འགྱུར་བའི་སངས་རྒྱས་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པ་འོད་ཟེར་གྱི་བདག་ཉིད་ཅན་རྣམས་དང་། མཁའ་
འགྲོ་མ་སྤྱན་མ་ལ་སོགས་པ་ས་ལ་སོགས་པ་སྦྱོར་བའི་བདག་ཉིད་ཅན་ཡིན་ཞིང་མ་མ་རྣམས་ཀྱང་སྟེ་གནས་སྐབས་ཀྱི་ཁྱད་པར་སྐྱེད་པའི་ཕྱིར་རོ། །དབུགས་རྔུབ་པ་དང་འབྱུང་བའི་རང་བཞིན་གྱིས་འཇུག་པ་ན་སྟེ་རབ་ཏུ་འཇུག་པ་ན་སྤྲོ་བས་རྒྱས་པ་ལ་སོགས་པའི་
ཡོན་ཏན་རྣམས་ཀྱིས་བདེ་བའི་ངོ་བོ་རྣམས་དང་། ལྡོག་པ་ན་སྟེ་ཕྱིར་འབྱུང་བ་ནས་ཁམས་ཟད་པ་ལ་སོགས་པའི་སྐྱོན་རྣམས་ཀྱིས་སྡུག་བསྔལ་གྱི་ངོ་བོ་རྣམས་ཏེ། སེམས་ཅན་རྣམས་ཐམས་ཅད་ཀྱིའོ། །ཅི་འགའ་ཞིག་ཁོ་ནས་འབད་པ་ལས་གྲུབ་པ་ཡིན་ནམ་
ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ལྷན་ཅིག་སྐྱེས་པར་གནས་ཤིང་འགའ་ཞིག་གི་འབད་པ་མེད་པར་ཡང་སྔ་མའི་ལས་ཀྱི་སྤྲུལ་པ་ལས་གྲུབ་པ་སྟེ་རྫོགས་པ་རྣམས་སོ། །འདི་ནི་རྫོགས་པའི་རིམ་པ་ལ་ལྷན་ཅིག་སྐྱེས་པར་གྲུབ་པའི་རྡོ་རྗེ་བཟླས་པ་གསུངས་སོ། །
འདི་ཡང་འདིར་ཁྱད་པར་དང་བཅས་པའི་སྡུད་པའི་དོན་ཏེ། འདིར་ལུས་ལ་རླུང་འབྱུང་བ་ནི་སྟེང་གི་སྒོར་བརྗོད་ཅིང་། འཇུག་པ་ནི་འོག་གི་སྒོ་སྟེ་དེ་ལ་ཞོན་པའི་སེམས་འགྲོ་བ་དང་འོང་བའི་ཐབས་ཉིད་ཀྱི་ཕྱིར་རོ། །སྒོ་གཉིས་ཀ་ཡང་འཁྲུལ་འཁོར་དུ་བྱ་བ་ཉིད་ཀྱི་ཕྱིར་
འཁྲུལ་འཁོར་དངོས་སྟེ། དེ་དང་ལྡན་པའི་ཕྱིར་གཞན་ནི་ཉེ་བར་བརྟགས་པའོ། །དེ་ཡང་རྣམ་པ་གསུམ་སྟེ་ལུས་ལ་སོགས་པའི་དབྱེ་བ་ལས་སོ། །དེ་ལ་སེམས་ཀྱི་སྒོ་ཡང་དག་པར་རྒྱུ་བའི་རླུང་ནི་སྒོ་དངོས་སོ། །རླུང་གི་ནི་ལུས་ཀྱི་བ་སྤུའི་བུ་ག་སྒོ་དགུར་རགས་པ་

རྣམས་ཏེ། དེའི་དབང་ལས་སྒོ་གཉིས་ཀྱི་ངོ་བོའི་རླུང་ཡང་སེམས་ཀྱི་སྒོ་ལུས་ཀྱི་བུ་ག་རྣམ་པ་དགུར་བརྗོད་དོ། །བུ་ག་རྣམས་ཀྱང་སེམས་ཀྱི་ཡང་ངོ་། །དེ་བཞིན་དུ་ལ་ལ་ནཱ་འམ་ར་ས་ནཱ་འམ་ཨ་ཝ་དྷཱུ་ཏཱིར་ཡང་དག་རྒྱུ་བའི་སྒོ་གཉིས་ཀྱི་བདག་ཉིད་ཀྱང་དཀྱིལ་
འཁོར་བཞིའི་ངོ་བོ་ཉིད་ཀྱིས་ན་སེམས་ཀྱི་སྒོ་རྣམ་པ་བཞི་སྟེ། ངག་རྣམས་ཀྱི་ཡང་རྒྱུ་ཉིད་ཀྱི་ཕྱིར་ངག་གི་བའོ། །དེ་ཁོ་ན་དཀྱིལ་འཁོར་གྱི་དབྱེ་བ་དང་ངག་གི་རྒྱུད་ཉིད་དུ་བརྗོད་པར་མི་འདོད་པས་སེམས་ཁོ་ནའི་སྒོ་རྣམ་པ་གཉིས་སོ་ཞེས་པ་ཡིད་ཀྱི་བའོ། །ལ་ལ་ནཱ་དང་ར་ས་
ནཱ་དག་ནི་རིམ་པ་ཇི་ལྟ་བར་ཕལ་ཆེར་ཁུ་བ་དང་རྡུལ་དག་འོག་དང་སྟེང་དུ་འབབ་པའི་ཕྱིར་འོག་དང་སྟེང་གི་ཡིད་ཀྱི་བའི་སྒོ་ཉིད་དུ་བརྗོད་དོ། །ཇི་ལྟར་ལ་ལ་ནཱ་ཁྲག་ཅུང་ཟད་འདྲེས་ཤིང་ཤས་ཆེར་ལུས་དང་སྙིང་སྟོབས་ཞེས་བྱ་བ་དང་ཟླ་བ་འབབ་པའི་ཕྱིར་ལུས་ཀྱི་དང་སྙིང་
སྟོབས་ཀྱི་དང་ཟླ་བའི་དང་ཐབས་ཀྱི་རྩ་ཞེས་ཐ་སྙད་བྱ་སྟེ་ལམ་དུ་ཡང་ངོ་། །ར་ས་ནཱ་ནི་ཅུང་ཟད་ཁུ་བ་དང་ཤས་ཆེར་ངག་ཅེས་བྱ་བ་དང་རྡུལ་དང་ཉི་མ་འབབ་པའི་ཕྱིར་ངག་གི་དང་རྡུལ་གྱི་དང་ཉི་མའི་དང་ཤེས་རབ་ཀྱི་རྩ་ཞེས་པར་ཏེ་ཕལ་ཆེར་རོ། །ཨ་ཝ་དྷཱུ་ཏཱི་ནི་ཤས་ཆེར་
ཁུ་ཁྲག་དང་སེམས་དང་མུན་པ་དང་སྒྲ་གཅན་འབབ་པའི་ཕྱིར་སེམས་ཀྱི་དང་མུན་པའི་དང་སྒྲ་གཅན་གྱི་དང་མ་ནིང་གི་རྩ་ཞེས་པར་རོ། །རེ་རེ་ལ་བཤད་པའི་ཡིད་ཀྱི་བའི་སྒོ་གཉིས་མེད་པ་ནི་མ་ཡིན་ཏེ། རྡོ་རྗེ་བཟླས་པ་རྩ་གསུམ་རྣམས་ལ་ཡང་རྣམ་པ་མང་པོར་བསྟན་པའི་ཕྱིར་
རོ། །ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱི་རྣམས་ཀྱི་རླུང་རྣམས་ཀྱང་རིམ་པ་ཇི་ལྟ་བར་ཟླ་བ་དང་ཉི་མ་དང་སྒྲ་གཅན་རྣམས་སོ་ཞེས་རྣམ་པར་གཞག་པར་བྱའོ། །དེ་ལ་གང་གི་ཚེ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱི་རྣམས་ཀྱི་རླུང་སྣ་བུག་དག་ནས་འབབ་པ་དེའི་ཚེ་སྤྲུལ་པའི་འཁོར་
ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་རྣམས་སུ་སོ་སོར་དབྱུ་གུ་རེ་རེ་སྟེ། དབུགས་ཕྱེད་དང་བཅས་པའི་སུམ་ཅུ་རྩ་བདུན་ལྷག་པའི་བརྒྱ་ཕྲག་གསུམ་རྣམས་སུ་དབྱུ་གུ་རྣམ་པར་གཞག་པས་སོ། །གང་བརྟག་པ་གཉིས་པར་གསུངས་པ། དབྱུ་གུ་དྲུག་ཅུ་རྩ་བཞི་རྣམས་དང་།

ཞེས་སོ། །བདེ་བ་ཆེན་པོའི་འཁོར་ལོར་རྩ་སུམ་ཅུ་རྩ་གཉིས་རྣམས་སུ་སོ་སོར་དབྱུ་གུ་གཉིས་ཀྱི་བདག་ཉིད་ཀྱི་ཆུ་ཚོད་དོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོར་རྩ་འདབ་བཅུ་དྲུག་རྣམས་ལ་སོ་སོར་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཀྱི་ཐུན་ཕྱེད་དོ། །དེ་བརྟག་པ་གཉིས་པར་གསུངས་
པ། འཕོ་བ་བཅུ་དྲུག་རྣམས་དང་ཞེས་སོ། །ལྟེ་བའི་འཁོར་ལོའི་རྩ་བརྒྱད་རྣམས་ལ་བཞིན་དུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་རྣམས་ལ་སོ་སོར་ཐུན་ཚོད་ཕྱེད་པ་གཉིས་ཀྱི་བདག་ཉིད་ཀྱི་ཐུན་ཚོད་དོ། །གཙུག་ཏོར་གྱི་འཁོར་ལོའི་རྩ་བཞི་རྣམས་ལ་བཞིན་དུ་ལྟེ་བའི་ཆུ་སྐྱེས་ཀྱི་རྩ་
བཞི་རྣམས་ལ་སོ་སོར་ཐུན་ཚོད་གཉིས་སོ། །སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་དང་པོ་ལ་རྩ་བཞིའོ། །གཉིས་པ་རྩ་བརྒྱད་དེ། རབ་ཏུ་བྱེད་པ་བཞི་པར་ཇི་སྐད་བཤད་པ་བཞིན་ནོ། །གསུམ་པ་རྩ་བཅུ་དྲུག་པ་སྟེ། དེ་མངོན་པར་བརྗོད་པ་བླ་མའི་རྒྱུད་དུ་གསུངས་པ།
ལྟེ་བའི་དབུས་སུ་པད་མ་ཆེ། །སྐུད་པ་བཅུ་དྲུག་ཐིག་བྱས་པའོ། །ཞེས་སོ། །བཞི་པ་ལ་རྩ་དྲུག་ཅུ་རྩ་བཞི་པའོ། །ཐུན་ཚོད་བརྒྱད་རྣམས་དང་དུས་སྦྱོར་བཅུ་གཉིས་རྣམས་ཉིན་མཚན་ནོ། །དེ་ལ་ལ་ལ་ནཱ་ནས་སམ་ར་ས་ནཱ་ནས་བྱུང་བའི་རླུང་སྣ་བུག་གཅིག་ཏུ། དབུགས་
དྲུག་ཅུ་ལྷག་པའི་བརྒྱ་ཕྲག་གསུམ་རྣམས་ཀྱི་དབྱུ་གུར་རྣམ་པར་གཞག་པས་དབྱུ་གུ་ལྔའི་བདག་ཉིད་ཀྱི་དུས་སྦྱོར་གཅིག་རྒྱུན་མ་ཆད་པར་འབབ་པོ། །དེའི་རྗེས་སུ་སྣ་བུག་གཉིས་པར་ཡང་དེ་བཞིན་ནོ་ཞེས་པ་དུས་སྦྱོར་བཅུ་གཉིས་རྣམས་དབྱུ་གུ་དྲུག་ཅུ་རྣམས་སུ་
འགྱུར་རོ། །དེ་སྐད་དུ་ཡང་གདན་བཞི་པར་གསུངས་པ། སུམ་བརྒྱ་དེ་བཞིན་དྲུག་ཅུ་ནི། །དབྱུ་གུའི་དབུགས་ཏེ་ཆུ་ཚོད་བཞིན། །ཆུ་ཚོད་དྲུག་ཅུའི་གྲངས་ཀྱིས་ནི། །ཉིན་དང་མཚན་མོའི་གཟུང་བར་བྱ། །ཞེས་སོ། །འདིར་ཆུ་ཚོད་དང་ནཱ་ཌི་ནི་དབྱུ་གུ་ཁོ་ནའོ། །ཆུ་ཚོད་
ཀྱི་དབུགས་རྣམས་གཟུང་བར་བྱའོ། །དགོངས་པ་ལུང་སྟོན་པ་ལ་སོགས་པ་རྣམས་སུ་ནི་དུས་སྦྱོར་ཕྱེད་ཁོ་ན་ཐུན་ཚོད་ཕྱེད་དུ་རྣམ་པར་གཞག་གོ། །དེ་ལ་ཐུན་ཚོད་ཕྱེད་ལ་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་བཞི་པོ་སོ་སོར་དབུགས་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་བདག་ཉིད་

ཅན་རྣམས་འབབ་ཅིང་། བཟླས་ནས་ཀྱང་སླར་ཡང་ཐུན་ཚོད་ཕྱེད་ལ་བཞི་རྣམས་བུ་ག་གཅིག་ཏུ་སྟེ། དེའི་རྗེས་སུ་བུ་ག་གཞན་དུའོ་ཞེས་པས། ཐུན་ཚོད་ཕྱེད་པ་ཉི་ཤུ་རྩ་བཞི་རྣམས་ལ་དཀྱིལ་འཁོར་བཞི་རྣམས་ཀྱིས་ཡོངས་སུ་བསྐོར་བ་
ཡོངས་སུ་རྒྱུ་བ་རྣམས་ཉི་ཤུ་རྩ་བཞིར་འགྱུར་རོ་ཞེས་པའི་ཉིན་མཚན་གྱིས་སོ། །ནང་དུ་མ་རིག་པ་ལ་སོགས་པའི་ཡན་ལག་གི་དབྱེ་བས་དུས་སྦྱོར་དང་འཕོ་བ་རྣམས་བཅུ་གཉིས་ཁོ་ན་སྟེ། ཇི་ལྟར་ཕྱི་རོལ་དུ་ཉི་མའི་ལོ་གཅིག་བཞིན་ནོ། །དུས་ཀྱི་འཁོར་ལོར་ནི་འཇུག་
པ་དང་འབྱུང་བའི་རླུང་དབུགས་གཅིག་ཏུ་བགྲང་བར་བྱ་སྟེ། དབུགས་དྲུག་ལ་ཆུ་སྲང་ངོ་། །ཆུ་སྲང་དྲུག་ཅུ་རྣམས་དབྱུ་གུའོ། །དབྱུ་གུ་གཉིས་པ་ལ་ཡིད་ཙམ་མོ། །རྐང་པས་དམན་པའི་དབྱུ་གུ་བཞི་ལ་དབྱུ་གུ་ཐུན་ཕྱེད་དོ། །དབྱུ་གུ་ལྔ་རྣམས་དུས་སྦྱོར་རོ། །ཕྱེད་
དང་བཅས་པའི་དུས་སྦྱོར་ནི་ཐུན་ཚོད་དོ། །ཐུན་ཚོད་གཉིས་ལ་ཐུན་མཚམས་སོ། །ཐུན་མཚམས་བཞི་རྣམས་དང་དུས་སྦྱོར་བཅུ་གཉིས་རྣམས་ཉིན་མཚན་ཏེ། དུས་སྦྱོར་སོ་སོ་ལ་བུ་ག་གཞན་དུ་འཕོ་བ་ལས་དུས་སྦྱོར་དང་འཕོ་བ་རྣམས་བཅུ་གཉིས་སོ། །འཕོ་བ་
སོ་སོའི་འཕོ་བའི་མཚམས་སུ་ཨ་ཝ་དྷཱུ་ཏཱི་ནས་དབུགས་རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་སྣ་བུག་གཉིས་དག་ལས་ཅིག་ཅར་འབབ་སྟེ། ཉིན་མཚན་གྱིས་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་རྣམས་སོ། །ལྷག་མ་རྣམས་ལ་ལ་ནཱ་དང་། ར་ས་ནཱ་དག་ཏུ་སྟེ།
རྐང་པ་དང་བཅས་པའི་དགུ་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུའི་གྲངས་རྣམས་སུ་རྣམ་པར་གཞག་གོ་ཞེས་ཁ་ཅིག་གོ། །གཞན་རྣམས་ནི་དབུགས་བརྒྱ་ཕྲག་ཕྱེད་དང་བཅས་པའི་བཅུ་གསུམ་རྣམས་ཀྱིས་ཐུན་ཚོད་ཕྱེད་དུ་རྣམ་པར་གཞག་པས་ཐུན་ཚོད་ཕྱེད་པ་སོ་སོ་ལ་ལོངས་
སྤྱོད་ཀྱི་འཁོར་ལོའི་རྩ་རྣམས་ལ་བཞིན་དུ་བུ་ག་གཞན་དུ་ཡང་དག་པར་རྒྱུ་བའི་ཕྱིར་འཕོ་བ་བཅུ་དྲུག་རྣམས་ཏེ། སྣ་བུག་དག་ཏུའོ། །འཕོ་བ་བཅུ་གཉིས་སུ་རྣམ་པར་གཞག་པ་ནི། དབུགས་བརྒྱ་ཕྲག་བཅོ་བརྒྱད་བུ་ག་གཅིག་ཏུ་རྒྱུ་བ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་

མཁའི་དཀྱིལ་འཁོར་ལྔ་རྣམས་སོ་སོར་རྒྱུ་བ་བཞིན་དང་། རིམ་པ་ཇི་ལྟ་བར་འོག་དང་གཡོན་དང་གཡས་དང་སྟེང་དང་དབུས་རྣམས་སུ་རྒྱུ་བ་བཞིན་དང་། མགྲིན་པ་དང་། སྤྱི་བོའི་རྩའི་གྲངས་བཟློག་པ་བཞིན་དང་སོ་སོར་དྲུག་ཅུ་ལྷག་པའི་སུམ་བརྒྱའི་དབུགས་ཀྱི་བདག་
ཉིད་ཅན་གྱི་དབྱུ་གུ་དྲུག་ཅུ་རྣམས་ཀྱིས་ཉིན་མཚན་ཉིད་ཀྱིས་ན། ལྟེ་བའི་ཆུ་སྐྱེས་ཀྱི་ཟླུམ་པོ་བཞི་པ་ལ་སྟོང་པའི་རྩ་བཞི་རྣམ་པར་གཞག་པ་བཞིན་དུ་ཉི་མའི་ཤིང་རྟ་ལ་སོགས་པའི་གདུལ་བྱའི་ངོར་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་ནི་མ་ཡིན་ནོ། །ལྟེ་བའི་ཆུ་སྐྱེས་ཀྱི་ཟླུམ་པོ་
གསུམ་པ་ལ་རྩ་བཞི་སྤངས་ནས་རྩ་བཅུ་གཉིས་རྣམས་སུ་དུས་སྦྱོར་དང་འཕོ་བ་བཅུ་གཉིས་རྣམ་པར་གཞག་པ་ན། ཅི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པ་ཡང་ལེགས་པར་གནས་སོ། །འདི་ནི་ཐམས་ཅད་དུ་འདོད་པ་ཡང་མ་ཡིན་ནོ་ཞེས་གསུང་ངོ་། །ཐམས་ཅད་
འདོད་པ་ནི་རྩ་གསུམ་རྣམས་སུ་ཉིན་མཚན་གྱིས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྣམས་སུ་འགྱུར་རོ་ཞེས་པའོ། །དེ་ལྟར་ཡང་རྫོགས་པའི་རིམ་པ་ལ་ལྟོས་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོའི་སྔགས་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་སྔགས་
ཟློས་པ་ཡང་རྫོགས་པར་གྲུབ་པ་ལྷན་ཅིག་སྐྱེས་པ་གནས་ཞེས་པའི་མཐར་ཐུག་པས་གསལ་བར་བྱས་སོ། །དེ་གསུངས་པ། ཁྲི་ཕྲག་གཉིས་དང་སྟོང་ཕྲག་དང་། དེ་བཞིན་ཁོ་ནར་བརྒྱ་ཕྲག་དྲུག། །རྣལ་འབྱོར་དབང་པོ་ཉིན་མཚན་དུ། །བཟླས་བརྗོད་ཀྱིས་ནི་གྲངས་
བྱེད་དོ། །ཞེས་སོ། །དེ་ལྟར་རིག་པ་བཟླས་པའི་སེམས་བརྟན་པ་ན་འདོད་ཆགས་ལ་སོགས་པ་སེམས་ཀྱི་རང་བཞིན་རྣམས་ངེས་སུ་འཇུག་ཅིང་། ལ་ལ་ནཱ་དང་ར་ས་ནཱ་དག་ཡོངས་སུ་དོར་ནས་ཨ་ཝ་དྷཱུ་ཏཱི་རུ་ཞུགས་པའི་རླུང་ནི་ཕྱིར་འབྱུང་བ་མེད་ཅིང་ཉིན་མཚན་གྱི་ཚུལ་མེད་
པ། ཟླ་བ་དང་ཉི་མ་ཟིན་པའི་སྒྲ་གཅན་བཞིན་དུ་རིམ་གྱིས་ཀྱང་འགགས་པ་ནི་ཡོན་ཏན་སྐྱེད་པར་བྱེད་དོ། །གང་གསུངས་པ། ཟླ་བ་ཉི་མའི་རྩ་འགགས་ན། །བཤང་དང་གཅི་བའི་རྩ་དག་འགག །སྒྲ་གཅན་རྩ་ནི་འགགས་པ་ན། །འོག་ཏུ་ཁུ་བ་འབབ་འགག་འགྱུར། །

དབུ་མར་སྲོག་ནི་ཉིན་མཚན་དུ། །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །སྲོག་ནི་ཚེས་ཀྱི་ཉིན་བཅིངས་པ། །འདིས་ནི་མཁའ་ལ་སྤྱོད་ཉིད་སྟེར། །ཟླ་གཅིག་སྙིང་ལ་གནས་གསང་བས། །རྣལ་འབྱོར་པ་ལ་འཆི་མེད་ཉིད། །ཟླ་བ་དྲུག་ཏུ་ལྟེ་བར་
བསྲེགས། །དེས་ནི་ཐམས་ཅད་མཁྱེན་ཉིད་སྟེར། །དཔྲལ་བ་མགྲིན་པའི་འཁོར་ལོ་དང་། །སྙིང་ག་ལྟེ་བར་རིམ་ཇི་བཞིན། །འདི་ནི་བརྒྱལ་དང་འདི་བཞིན་བཅིངས། །བསད་དང་བསྲེགས་པའོ་མི་རྣམས་ཀྱི། །སྲོག་དང་ཐུར་སེལ་འགོག་པ་ཡིས། །འདོད་
ཆགས་བྲལ་བ་ཉིད་དུ་འདོད། །དེ་བཞིན་སངས་རྒྱས་ཉིད་དུ་ནི། །གཉིས་བསྲེགས་པ་ཡིས་སྔགས་མཁན་འགྱུར། །སྲོག་དང་ཐུར་སེལ་ཟད་ཁོ་ནས། །ཡན་ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་འབྲས་བུ་འགོག་པ་ཡིས། །སངས་རྒྱས་མི་འགྱུར་
སུ་ཞིག་ཡིན། །ཞེས་སོ། །རླུང་བཀག་པ་ན་ནི་གཏུམ་མོ་རང་བཞིན་གྱིས་འབར་ཏེ། ཟླ་བ་དེས་གདུངས་པ་ཡང་འཛག་གོ། །དེ་ལས་བདེ་བ་ཆེན་པོའི་རང་བཞིན་རྫོགས་པའི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །བྱང་ཆུབ་སེམས་ཀྱང་མི་གཡོ་ཞིང་། །སྲིད་པ་དང་
མྱ་ངན་ལས་འདས་པ་ལ་མི་གནས་པ་སྤྲུལ་པའི་འཁོར་ལོ་ལ་སོགས་པ་རྣམས་སུ་ཉེ་བར་བསགས་པ་ཕུལ་དུ་བྱུང་བ་མཆོག་དང་རབ་མཆོག་ལ་སོགས་པའི་རིམ་གྱིས་དཔྲལ་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པ་བར་མ་ཆད་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ། རིམ་
གྱིས་འཕེལ་བ་ཉེ་བར་བགྲོད་ཅིང་བདེ་བ་ཆེན་པོའི་འཁོར་ལོའི་རྩ་སུམ་ཅུ་རྩ་གཉིས་སུ་ཁྱབ་པར་བྱེད་དོ། །དེ་ལས་གཞན་རྣམས་ཏེ། ཇི་སྲིད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་བར་རོ་ཞེས་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པ་ས་རྣམས་གསལ་བར་འགྱུར་བའི་
ཕྱིར་ཞེས་རྡོ་རྗེ་འཛིན་པ་ཉིད་དུ་མི་འདོད། །བསྐྱེད་པའི་རིམ་པ་ལ་ནི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་གྱིས་རྡོ་རྗེ་བཟླས་པ་སྔར་བཤད་ཟིན་ཏོ། །འོན་ཀྱང་། །སྒོམ་པ་ཡི་ནི་བར་ཆད་ཅན། །རྣལ་འབྱོར་ཕྱི་རོལ་བཟླས་པ་སྤང་། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེའི་

བདག་ཉིད་ཅི་ལྟར་བཟླས། ཤེ་ན། གང་རྣམས་བཟླས་པ་འདི་མི་ནུས་པའི་སྔགས་པ་བྱིས་པའི་བློ་ཅན་ཏེ། དེ་རྣམས་ཁོ་ན་བགྲང་ཕྲེང་གིས། །རབ་ཏུ་བརྗོད་པ་རབ་བསྟན་ཏེ། །སྔགས་པ་བསོད་ནམས་ཐོབ་བྱེད་དུ། །ཕྱིའི་ངག་མངོན་པར་འདོད་རྣམས་ལའོ། །དེ་ལྟར་རྡོ་རྗེ་
བཟླས་པ་ལ་ཡང་སེམས་ཀྱི་རང་བཞིན་རྣམས་ངེས་པར་བྱས་ཏེ། །ཇི་ལྟར་རིགས་པར་སྤངས་ཤིང་བླངས་ནས་ཤིན་ཏུ་གོམས་པ་ལས་རླུང་འགགས་པ་ན་སྔར་བཞིན་དུ་ཡོན་ཏན་རྣམས་སུ་འགྱུར་རོ་ཞེས་པའོ། །ཉེ་བར་སྡུད་པ། འདི་སྐད་ཅེས་པ་ལ་སོགས་པའོ། །བདེ་བ་ཆེན་པོའི་
ཁྱད་པར་གྱིས་ནི་འདི་ལྟར་གོམས་པའི་ཕྱིར་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པ་འགྲུབ་པོ་ཞེས་གསལ་བར་བྱེད་དོ། །བསམ་གཏན་ལ་སོགས་པ་རྒྱས་པར་བསྟན་པའི་ཆེད་དུ་གསོལ་བ་འདེབས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཁྱོད་ཀྱི་ནི་ཉིད་ཀྱིའོ། །ཅི་
ལྟར་ཏེ་བྱ་བའི་ཁྱད་པར་ཅི་ལ་བརྟེན་ནས་མི་ཕྱེད་མ་ལ་སོགས་པའི་རྩ་རྣམས་འབྱུང་། །དེ་རྣམས་ཀྱི་རྩ་དེ་རྣམས་ཀྱིའོ། །དེ་རྣམས་ལ་པུལླི་ར་ལ་སོགས་པའི་གནས་ཇི་སྐད་བཅུ་བདུན་པར་གསུངས་པ་དང་། དེ་བཞིན་འཁོར་ལོ་དགོད་པ་དང་གཞན་ས་ལ་སོགས་པའི་
རྣམ་པ་ཇི་ལྟར་ལགས། །གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་གསལ་བར་མི་བྱ་བའི་ཕྱིར་ཕྱིའི་གནས་ལ་སོགས་པའོ། །ཤིན་ཏུ་གསང་བ་ནི་དེ་ལྷའི་དཀྱིལ་འཁོར་འཁོར་ལོར་རོ། །མཆོག་ནི་ཆེས་གསང་བ་སྟེ་ལུས་ལའོ། །ཅི་ཞེ་ན། རྩའི་ངོ་བོ་མཁའ་འགྲོ་མ་
རྣམས་དང་གནས་ལ་སོགས་པ་རྣམས་དང་ས་བཅུ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཏེ། དེ་རྣམས་ཀྱི་ཁོ་ན་ཉིད་ཉི་ཤུ་རྩ་བཞིར་བཅུ་བདུན་པར་གསུངས་པར་གྱུར་པ་སྟེ། །འདིར་ནི་རབ་ཏུ་རྣམ་པར་ཕྱེ་ནས་བཤད་པར་བྱའོ། །དང་པོར་རྟེན་ཉིད་ཀྱི་ཕྱིར་མགོ་ཞེས་པ་ལ་
སོགས་པས་དྲི་བ་བཞི་པའི་ལན་གྱིས་སོ། །རྒྱབ་ཀྱི་སྟོད་ནི་རྒྱབ་ཀྱི་དབུས་ལས་སྟེང་གི་སྒལ་ཚིགས་ཀྱི་སྟེང་གི་ཆ་སྟེ། མགོ་བོའི་རྒྱབ་ཅེས་པའི་དོན་ཏོ། །སྨིན་མ་མིག་དག་དབུས་གནས་པ། །ཞེས་པ་སྨིན་མ་དག་གི་དང་མིག་དག་གི་དབུས་ན་གནས་པའི་ཆའོ། །

མིག་དག་གི་ཞེས་པ་མིག་གཉིས་ནི་དེ་ཝཱི་ཀོ་ཊའོ། །ཐུགས་ཀྱི་འཁོར་ལོར་ཞེས་པ་མགོ་བོ་ལ་སོགས་པ་རྣམས་དང་མ་ལ་ཡ་ལ་སོགས་པ་ནང་དང་ཕྱིའི་ཡུལ་རྣམས་སེམས་ཀྱི་རང་གི་ངོ་བོར་ཐ་སྙད་བྱས་སོ། །ནམ་མཁའ་ནི་སྟོང་པ་ཉིད་དང་རོ་གཅིག་པ་སེམས་ཏེ་
རབ་ཏུ་གྲགས་པའི་ནམ་མཁའ་ཡང་ངོ་། །གཞན་གྱི་དོན་དུ་དེ་ལ་སྤྱོད་པའི་ངང་ཚུལ་ཅན་མཐོ་རིས་སུ་སོན་པའི་རྡོ་རྗེ་ལྷ་མོ་རྣམས་ཀྱིའོ། །ཆུ་སོ་ནི་ས་བོན་གྱི་སྦུབས་གཉིས་སོ། །ཡུལ་རྣམས་ཐམས་ཅད་ནི་ཀཱ་མ་རཱུ་པ་ལ་སོགས་པ་རྣམས་ཏེ། མཆན་ཁུང་ལ་སོགས་པ་རྣམས་ཀྱང་ངོ་། །
ས་ནི་ས་གཞི་སྟེ་ངག་གི་ཐ་སྙད་ཀྱི་རྟེན་ཉིད་ཀྱི་ཕྱིར་རོ། །དེ་ལ་སྤྱོད་པ་མི་ཡུལ་མ་རྣམས་ཀྱིའོ། །རྟགས་ནི་རྡོ་རྗེའོ། །སོར་མོ་ཞེས་པ་རྐང་པ་ལ་སོགས་པའི་སོར་མོ་རྣམས་སོ། །མཐེ་བོང་ནི་རྐང་པ་ལ་སོགས་པའི་མཐེ་བོང་གཉིས་སོ། །མཁའ་འགྲོ་མ་རྣམས་ཀྱིས་ནི་སྐུའི་འཁོར་ལོ་ལ་
རྣམ་པར་གནས་པ་རྣམས་ཀྱིས་ཏེ་ས་འོག་ལ་སྤྱོད་མ་རྣམས་ཀྱིས་བརྗོད་ཅིང་བདག་ཉིད་བདེ་བར་བྱ་སྟེ། ཁྱབ་ཅེས་པའི་བར་རོ། །ཡུལ་རྣམས་ཞེས་པ་མ་ལ་ཡ་ལ་སོགས་པ་འཛམ་བུ་གླིང་དང་འབྲེལ་བ་རྣམས་ཏེ། འདི་ནི་ལས་ཀྱིས་ཡིན་གྱི་གླིང་ཅིག་ཤོས་རྣམས་ནི་མ་ཡིན་
ནོ། །གསེར་གླིང་ནི་འཛམ་བུའི་གླིང་གི་ནང་དུ་གཏོགས་སོ། །ལས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་དངོས་གྲུབ་རྣམས་སོ་ཞེས་པས་རྣལ་འབྱོར་མ་རྣམས་ཕལ་ཆེར་གཞན་དུ་རྒྱུ་བ་མ་ཡིན་ནོ། །རང་གི་ལུས་སྐྱེས་ཞེས་པ། གང་གི་ཕྱིར་སེམས་ཅན་སོ་སོ་ལ་རང་གི་ལུས་འཛམ་བུ་
གླིང་ཡིན་པ་དེའི་ཕྱིར་གསུངས་པ། རང་ཉིད་ཅེས་པའོ། །རང་དང་འདྲ་བའི་ཕྱི་རོལ་ནི་རང་ཉིད་ཕྱི་རོལ་ཏེ་འཛམ་བུ་གླིང་ངོ་། །ནང་ཡང་སྟེ་ལུས་ཀྱི་བདག་ཉིད་དེ། དེ་ལ་གནས་པ་སྟེ། རང་གི་སེམས་ཀྱི་སྣང་བ་ཙམ་སྒྱུ་མའི་རང་བཞིན་འགྲོ་བའོ་ཞེས་དགོངས་པའོ། །འདི་ཉིད་
ཀྱི་ཕྱིར་འདི་རྣམས་སུ་སྟེ་རང་བཞིན་གྱི་འཁོར་ལོ་གསུམ་དུ་རྣམ་པར་གཞག་པ་རྣམས་སུ་རྡོ་རྗེ་ལྷ་མོ་རྣམས་བཞུགས་པའོ། །རྩའི་གཟུགས་ཀྱིས་ཞེས་གསུངས་པ་ནི་དྲི་བ་ལྔ་པའི་ལན་ཏེ། རྩའི་ངོ་བོ་རྣམས་ཀྱང་ལྷ་མོ་སྟེ་ཕྱག་ལ་སོགས་པ་རྣམས་དང་ལྡན་པ་ལྷ་མོའི་གཟུགས་

རྣམས་ཀྱང་རྩའོ་ཞེས་ཁྱད་པར་མེད་པ་རྟོག་པར་བྱེད་པ་ལྷུར་ལེན་པའོ། །ས་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ནི། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ལ་སོགས་པ་བཅུ་བདུན་པར་གསུངས་པའི་རྗེས་སུ་འབྲང་བས་མ་ལ་ཡ་ལ་སོགས་པ་རྣམས་ལ་རྣམ་པར་གཞག་པ་གོ་སླའོ་ཞེས་པས་
འདིར་རྒྱས་པར་མ་བསྟན་ཏོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་གཅིག་པའོ།། །།དང་པོའི་བརྟེན་པ་དྲི་བ་གཉིས་ཀྱི་ལན་མདོར་བསྟན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །
གང་ཡང་རུང་བའི་ཞེས་པ་སེམས་ཅན་སོ་སོའི་ལུས་དེ་བཞིན་གཤེགས་པའི་རང་བཞིན་ཏེ། དེ་ལ་གཅིག་གི་ལུས་གང་འདྲ་བར་རྣམ་པར་འཇོག་པ་དེ་འདྲ་བར་གཞན་གྱི་ཡང་ངོ་ཞེས་པའི་དོན་ཏོ། །དེའི་ནི་པདྨའོ། །རྩ་ནི་ཨ་ཝ་དྷཱུ་ཏཱིའོ། །ཏིལ་མར་མར་མེའི་རང་བཞིན་ཅན། །ཏིལ་
མར་དང་ལྡན་པའི་མེ་སྒྲོན་མ་སྟེ། དེ་དང་འདྲ་བར་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། གཏུམ་མོ་འབར་བའི་དུས་ནའོ། །ཅུང་ཟད་དབྱེ་བའི་ཁ་ཅན་ཉིད་ཀྱིས་ན་ཆུ་ཤིང་གི་མེ་ཏོག་ལྟ་བུའོ། །ཁ་ནི་འདིའི་པདྨའི་མདུད་པའི་ནང་དུ་སོན་པའི་ཆ་ལ་ལྟོས་པས་རྣམ་པར་གཞག་པའོ། །
དེའི་ནི་ཁའི་འོ། །དཔའ་བོ་ནི་མི་མཐུན་པའི་རྟོག་པ་འཇོམས་པའི་ཕྱིར་ཧེ་རུ་ཀ་སྟེ། ལྷ་ཉིད་སྔགས་ཀྱི་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྟེར་བར་མཛད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་ཤིགས་པ་སྟེ། མངོན་པར་འདོད་པ་སྒྲུབ་པར་བྱེད་པའི་ཆེད་
དུ་གཞོམ་དུ་མེད་པའི་ནུས་པ་ཅན་ནོ། །ས་བོན་ནི་གཏུམ་མོའི་བདེ་བ་འབྱུང་བའི་འོ། །ཁུ་བ་འཛག་པ་ནི་བསིལ་བའི་འོད་ཅན་ཏེ། དེ་དང་མཉམ་པར་བདུད་རྩིའི་འོད་འཛག་པ་ཉིད་ཀྱིས་དང་དགའ་བར་བྱེད་པ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་ན་བདེ་བའི་དགའ་སྟོན་
འབར་བར་བྱེད་པའི་ཕྱིར་དཔྱིད་དོ། །རྟག་ཏུ་གོམས་བཞིན་པ་ནི་བདེ་བ་ཕུན་སུམ་ཚོགས་པའི་རྒྱུད་ཉིད་ཀྱི་ཕྱིར་དགའ་བྱེད་པའོ། །རྒོད་མ་ཁའི་མེ་ཡི་གཟུགས། །ཞེས་པ་ནི། ཇི་ལྟར་རྒོད་མ་ཁའི་མེ་རྒྱ་མཚོ་མ་ལུས་པའི་ཆུ་ལ་སོགས་པ་ཁམ་དུ་བྱེད་པ་དེ་ལྟར་འདི་ཕུང་

པོ་ལ་སོགས་པའི་བུད་ཤིང་མ་ལུས་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་མ་བདག་མེད་མ་ཁོ་ན་བདག་མེད་ཉིད་དེ་རང་བཞིན་མེད་པ་སྤྲོས་པ་མཐའ་དག་ལས་ལྡོག་པའི་ངོ་བོའོ། །དེ་ལྟར་གྱུར་པ་ནི་ཏི་ལ་ཀ་སྟེ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ནོ། །
ཏི་ལ་དགའ་བར་བྱེད་པ་ལའོ། །ཏི་ལ་ཏི་སྟེ་དགའ་བར་བྱེད་དེ། དབང་ཕྱུག་མཆོག་ཉིད་ལྡན་པའི་ཕྱིར་རོ་ཞེས་བྱས་ནས་སོ། །ཨེ་ཡིག་ཨ་ཡིག་ཏུ་འགྱུར་བ་ནི་གཙུག་ལག་ཉིད་ཀྱི་ཕྱིར་རོ། །ལས་ནི་བསྒོམ་པ་ལས་བྱུང་བའི་སེམས་ཀྱི་བྱ་བ་སྟེ། དེས་བསྐུལ་བ་ལྟེ་བའི་འོག་གི་
རླུང་ངོ་། །དེས་བསྐྱོད་པ་ནི་རབ་ཏུ་རྒྱས་པར་བྱས་པའོ། །ཚིམ་པ་ནི་དགའ་བ་བསྐྱེད་པའི་ཕྱིར་རོ། །སྙོམས་པར་ཞུགས་པ་ནི་འཁྱུད་པས་སོ། །བ་སན་ཏ་ཡང་ཡིན་ལ་དེ་ཁོ་ན་ཉིད་ཏི་ལ་ཀ་ཡང་ཡིན་པས་དཔྱིད་ཀྱི་ཐིག་ལེའོ། །གང་གི་ཕྱིར་རྣལ་འབྱོར་མའི་སྟེ་ཏི་ལ་ཀའི་རང་གི་
ངོ་བོ་བདག་ཉིད་ལ་དབྱེར་མེད་པར་བཟུང་ནས་གནས་ཏེ། རྒྱུ་བ་ཡང་དག་རྒྱུའི་རླུང་དང་མི་རྒྱུ་བ་གནས་པ་སྟེ་དེ་ལའོ། །དེ་ཉིད་ཀྱི་ཕྱིར་རླུང་། སྒོ་རྣམས་གསུམ་གྱིས་འབྱུང་བས་ན། འབྱུང་བ་ནི་འཇུག་པ་ཉེ་བར་མཚོན་པ་སྟེ། འགྲོའོ་འོང་ངོ་རྣམ་པར་གནས་སོ། །དེ་ལྟར་མདོར་
བསྟན་ནས་ཀྱང་། དཔྱིད་ཀྱི་ཐིག་ལེ། ལྟེ་བར་ཞེས་པ་ལ་སོགས་པས་རྒྱས་པར་སྟོན་ཏོ། །ཨ་ཡིག་གཟུགས་ཀྱིས་ཞེས་པ་ཨ་ཡིག་ཏི་ལ་ཀཱའོ། །དེ་ནི་ཐུང་ངུ་སྟེ་ཕྱི་མོ་གཅིག་པའོ། །ཐིག་ལེ་ཞེས་པ་ནི་ཕྲ་མོའོ། །འདིར་ཕྱི་མོ་གཅིག་པ་ལ་སོགས་པས་ནང་གི་བརྗོད་པའི་
དུས་གསལ་བར་བྱས་ཀྱི། བརྗོད་པའི་དུས་ནི་མ་ཡིན་གྱི། དེ་གཏུམ་མོ་སྒོམ་པ་ལ་མེད་པའི་ཕྱིར་རོ། །ཨཱཿཧཱུྃ་ཨོཾ་ཧཾ། བྲིས་པ་ནི་བསྐྱེད་པའི་རིམ་པ་སྒོམ་པའི་ཡང་སྟེ་འདིར་རྫོགས་པའི་རིམ་པ་ལ་འཇུག་པའི་ཐབས་ཉིད་རྟོགས་པའི་དགོངས་པས་རྫོགས་པའི་རིམ་པའི་
སྐབས་སུ་རྒྱས་པར་བཤད་དོ། །རྫོགས་པའི་རིམ་པ་ལ་ཨ་ཡིག་ནི་ཕྲ་མོ་ཐུང་ངུ་རྡུལ་གྱི་རི་མོ་དྲང་བའི་ངོ་བོ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་ཉམས་སུ་མྱོང་བའི་བདག་ཉིད་དོ། །དེ་སྐད་དུ་ཡང་གསུངས་པ། ག་བུར་ཉིད་ནི་བདག་མེད་

མ། །བདེ་བ་བདག་མེད་ཚུལ་ཅན་ནོ། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ལ་གནས་པའོ། །དང་པོའི་དབྱངས་ཀྱི་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །ཞེས་སོ། །དེ་ཡི་
བདེ་བ་འདོད་མར་བཤད། །ཅེས་པས་ག་བུར་ལས་ཐ་མི་དད་པ་བདེ་བའོ། །དེའི་སྟེ་ག་བུར་གྱི་ཤེས་རབ་བདག་མེད་མ་ནི་ལྟེ་བར་གནས་པའི་ཤེས་རབ་བདག་མེད་མ་སྟེ། བསྐྱེད་པའི་རིམ་པ་ཁོ་ན་ལ་ནི་བདག་མེད་མ་ཕྱག་ལ་སོགས་པ་དང་ལྡན་པ་དང་། ཡི་གེའི་གཟུགས་ཀྱང་ངོ་། །
དོན་དམ་པར་ནི་རིམ་པ་གཉིས་ཀ་ལ་ཡང་། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །མྱང་དང་དྲི་དང་རོ་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་མའོ། །དེ་བཞིན་དུ་ཧཱུྃ་ཡིག་དང་ཨོཾ་ཡིག་དག་སེམས་དང་ངག་དག་རྫོགས་པའི་རིམ་པ་ལའོ། །ཧཾ་ཡིག་
ནི་ཧཾ་གི་དབྱིབས་ཅན་གྱི་རྩ་དང་འབྲེལ་བའི་བྱང་ཆུབ་སེམས་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཡི་གེ་སྒོམ་པ་ནི་ཞར་ལ་བྱུང་བ་ཉིད་དུ་རྫོགས་པའི་རིམ་པའི་རྣམ་པར་གཞག་པས་གསལ་བར་བྱེད་དོ། །ས་སོགས་ཞེས་པ་ལ་སོགས་པས། མ་ཟགས་པ་བདེ་བ་ལས་ཐ་མི་དད་པའི་ཁུ་བའི་
རྣམ་པ་བཅོམ་ལྡན་འདས། ངག་དང་སེམས་དང་རྡུལ་རྣམས་དང་ཐ་མི་དད་པས་ནི་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་རིམ་པ་ཇི་ལྟ་བར་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་སུ་ཁྱད་པར་ཅན་ཉིད་ལས་རོལ་པར་བྱེད་དོ་ཞེས་འབྲེལ་ལོ། །མ་འཕོས་པའི་བྱང་ཆུབ་ཀྱི་སེམས་
ནི་ལྟེ་བ་ལ་སོགས་པ་རྣམས་སུ་རིམ་པ་ཇི་ལྟ་བར་ས་ལ་སོགས་པ་འཕེལ་བའི་ཕྱིར་ཉེ་བར་རྒྱས་པར་བྱ་བའོ་ཞེས་བདག་གིས་དྲུག་པ་དང་ཉི་ཤུ་རྩ་གཅིག་པར་བཤད་ཟིན་ཏོ། །དེ་ལྟ་ཁོ་ནར་འཕེལ་བ་ལ་དགོངས་ནས་བཞི་པར། ཨེ་ཡིག་ས་རུ་ཤེས་པར་བྱ། །ཞེས་པ་ལ་སོགས་པ་སྤྲུལ་པ་
ལ་སོགས་པ་རྣམས་སུ་གསུངས་སོ། །ཐུན་མཚམས་བཞི་ཞེས་པ་ལ། མཚན་མོ་དང་ཉིན་མོའི་བདག་ཉིད་ཟླ་བ་དང་ཉི་མ་དག་གཏུམ་མོ་འབར་བས་འདུས་པ་དག་གིས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཉིད་ཀྱིས་དང་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་དབྱེ་བ་མི་དམིགས་

པ་ནི་མཚམས་ཏེ། ཡང་དག་པའི་བསམ་གཏན་ནི་མཚམས་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཞེས་པའི་དོན་གྱི་མཐར་ཐུག་པས་སོ། །དེའི་འཆར་བ་ནི་ནོར་བུ་ནས་བརྩམས་ནས་ལྟེ་བར་ཇི་སྲིད་པར་ཏེ། མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་
བཞིན་པ་ནི་སྟེང་དུ་ཉེ་བར་འགྲོ། བདེ་ཞིང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བ་འགུགས་པར་བྱེད། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོའི་རིམ་པས་སྤྲུལ་པ་ལ་སོགས་པའི་པདྨ་རྣམས་སུའོ། །དེ་ལྟར་ཡང་འདི་རྣམས་སུ་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་
སྐྱེས་བུ་བྱེད་པ་དང་། དྲི་མ་མེད་པ་ཉིད་རྣམས་ཀྱི་བཅོམ་ལྡན་འདས་ཡང་དག་པར་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། པདྨ་བཞི་རུ་ཡང་དག་འབྱུང་། །ཞེས་སོ། །དེ་སྐད་དུ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེར་གསུངས་པ། མཚན་མོ་ཤེས་རབ་ཅེས་པར་བཤད། །མཚན་
མོའི་ཆ་ནི་ཟླ་བར་འགྱུར། །ཉིན་མོ་ཐབས་སུ་བཤད་པ་སྟེ། །ཐབས་ནི་ཉི་མ་ཡིན་པར་འགྱུར། །དེ་ཡང་གཉིས་མེད་ཚུལ་དུ་བརྗོད། །ཟླ་བའི་སྐྱེ་བ་ཉི་མ་ལས། །འོད་གསལ་ཉིད་ཕྱིར་ཉི་མར་འགྱུར། །རྟོག་པ་དམ་པའི་དོན་དུ་སྟེ། །མཆོག་ཏུ་བདེ་བ་ཆ་མེད་པ། །
མི་སྣང་སྟོང་པའི་ལུས་ཅན་ཏེ། །འོད་གསལ་གོ་འཕོང་ཞི་བ་སྟེ། །ཁ་ཅིག་ཏུ་ནི་ཡང་དག་བཞུགས། །དེ་ནས་གཞན་པ་མཚམས་བཤད་དེ། །མུན་དང་མུན་མིན་གཉིས་ཀ་སྤངས། །འདུས་པ་གཉིས་ཀྱི་དབུས་ན་གནས། །ཞེན་པ་གོས་པ་རྣམ་སྤངས་པ། །རྡོ་རྗེ་པདྨའི་བདུད་
རྩི་བྱུང་། །ཟླ་བ་ཉི་མ་ཡང་དག་ལྡན། །གང་ཞིག་མཐའ་ཉིད་ཡང་དག་འདྲེན། །དེ་ནི་མཚམས་ཏེ་སྲིད་པ་སྦྱོང་། །མཆོག་གི་རྣམ་པའི་ངོ་བོར་བཤད། །ཕྲ་བའི་མིག་གི་མཐོང་མཚན་ཉིད། །སེམས་ཅན་ཀུན་གྱི་མཚམས་རྣམས་ནི། །རྡོ་རྗེ་འཛིན་པའི་བཙུན་མོའོ། །འཆར་བ་
མཆོག་ཏུ་གྲགས་པ་སྟེ། །ཁྱད་དགའ་དང་པོ་རྣམ་པར་སྤངས། །མདུད་པའི་རྩེར་གནས་མཆོག་ཏུ་ཞི། །ཙ་ན་ཀ་ཡི་འབྲུའི་ངོ་བོ། །དེ་ནས་འཆར་བ་གཟིངས་བདག་པོ། །གང་ཕྱིར་སྟེང་གི་གོ་འཕང་གནས། །ལ་ལར་ཐིག་ལེའི་ངོ་བོ་སྟེ། །རྣམ་པ་བཞི་པོ་ཡང་དག་གནས། །ཁ་

ཅིག་ཏུ་ཡང་ཐོག་མ་སྤངས། །ལ་ལར་དེ་ཡང་ཐོབ་བྱ་མིན། །གང་ཕྱིར་རང་རིག་བྱ་བདག་ཉིད། །དེ་ཕྱིར་བརྗོད་པར་བྱ་བ་མིན། །ཞེས་སོ། །འདིར་དེ་ཡང་ནི་ཟླ་བ་དང་ཉི་མ་འདྲེས་པ་དག་གོ། །སྐྱེ་བ་ནི་འཕེལ་བ་མཆོག་དང་ཆོས་ཀྱིའོ། །རྟོག་པ་ནི་ཀུན་རྫོབ་པ་འདི་ཐམས་ཅད་དོ། །དེ་ནས་
མི་དམིགས་པ་ཁོ་ན་གཞན་པ་འཇིག་རྟེན་པ་མ་ཡིན་པ་གང་ལས་མུན་པ་ལ་སོགས་པ་གསུམ་ལས་ལྡོག་པའི་ངོ་བོ་ཡིན་པ་སྟེ། སྣང་བ་མཚན་མོའི་ཆའོ་གསལ་བར་ཉི་མའི་འོད་ཅན་ཉིན་མོ་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་བཞིན་རང་ཉིད་རྣམས་ཀྱིས་ལན་ཅིག་མིན་
པར་སྦྱོར་བ་འདིའོ། །མཚན་མིན་མཚམས་ཀྱང་མ་ཡིན་ཉིན་མོར་ཡང་ནི་མི་འགྱུར་གང་ཞིག་རང་བཞིན་དང་བྲལ་བ། །དེ་འདིའི་བྱང་ཆུབ་སྐད་ཅིག་རྒྱལ་བ་མཆོག་གིས་གསུངས་པ་རྣལ་འབྱོར་པ་ཉིད་རྟོགས་བྱར་འགྱུར། །ཞེས་པ་འདིས་གསལ་བར་བྱས་པའོ། །གཉིས་འདུས་
པ་ནི་གཏུམ་མོ་རྣམ་པ་གསུམ་ལས་གང་ཡང་རུང་བས་ལ་ལ་ནཱ་དང་ར་ས་ནཱའི་རླུང་དག་ཨ་ཝ་དྷཱུ་ཏཱིར་ཏེ། རྡུལ་དང་ཁུ་བ་དག་ཀྱང་ངོ་། །དེའི་དབུས་ན་གནས་པ་ནི་དེ་ལ་ཁྱབ་པའི་ཕྱིར་རོ། །ཞེན་པ་ནི་ཆགས་པའོ། །བཙུན་མོ་ནི་གང་ལས་དེའི་བདེ་བ་འདོད་མར་བཤད་པ་དང་གང་ལས་
སྟོང་པ་ཉིད་དོ། །མཆོག་ནི་ཕུལ་དུ་བྱུང་བ་ལྷན་ཅིག་སྐྱེས་པའི་བདེ་བའོ། །ཁྱད་དགའ་དང་པོ་དག་སྟེ་དགའ་བ་དང་མཆོག་དགའ་དག་སྟེ། དེ་རྣམས་དང་རྣམ་པར་བྲལ་བའོ། །ནོར་བུའི་རྩ་བའི་མདུད་པའི་རྩེ་མོར་གནས་པའོ། །ལ་ལར་ནི་ཀུན་རྫོབ་ཏུའོ། །ཁ་ཅིག་ཏུ་ནི་
རྣམ་པར་མི་རྟོག་པའི་བདེ་བ་ཉམས་སུ་མྱོང་བ་ནའོ། །ལ་ལར་ནི་དོན་དམ་པར་ཏེ། དེ་ཡང་ནི་ཟླ་བ་ཡང་བདེ་བ་ཉམས་སུ་མྱོང་བ་དང་བཅས་པ་ཡང་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཐོབ་བྱ་མིན་ནོ། །ཇི་ལྟར་བདེ་བ་ཆེན་པོའི་འཁོར་ལོར་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་ཆུང་ངུ་ལ་
སོགས་པའི་དབྱེ་བ་རྣམས་ཀྱིས་དགའ་བའི་རང་བཞིན་དུ་ལུགས་དང་མཐུན་པས་འགྱུར་བ་དེ་ལྟར་ལུགས་དང་མི་མཐུན་པས་ཀྱང་སྟེ། གཉི་ག་ལྟར་ཡང་སྦྱོར་བ་བཞིའི་བདག་ཉིད་དོ། །དེ་གསུངས་པ་བཞི་ཞེས་པ་ལ་སོགས་པའོ། །དེ་ལ་ལུགས་དང་མཐུན་པས་ནི་བདེ་བ་

ཆེན་པོའི་འཁོར་ལོ་ནས་བཟུང་ནས་མགྲིན་པའི་པདྨར་བདེ་བ་ཆུང་ངུ་ནི་དགའ་བའོ། །དེའི་འོག་ནས་བཟུང་ནས་སྙིང་ག་པདྨར་བདེ་བ་བར་མ་ནི་མཆོག་དགའོ། །དེའི་འོག་ནས་བརྩམས་ནས་ལྟེ་བའི་ཆུ་སྐྱེས་སུ་བདེ་བ་ཆེན་པོ་ནི་ཁྱད་དགའི་དགའ་བའོ། །
དེའི་འོག་གསང་བའི་མཚོ་སྐྱེས་ནས་བཟུང་ནས་རྡོ་རྗེ་ནོར་བུ་ཆེན་པོའི་ཆེན་པོའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འཇིག་རྟེན་པའོ། །དགའ་བ་ལ་སོགས་པ་རྣམས་སོ་སོར་ཆུང་ངུ་དང་བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོའི་དབྱེ་བ་ཁོ་ནས་བཅུ་དྲུག་གོ་ཞེས་པ་ཆ་
བཅུ་དྲུག་གང་བའོ། །ཉི་མའི་སྦྱོར་བ་ལ་ལྟོས་པས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་རྣམས་ཀྱིས་ཆ་བཅུ་གཉིས་སོ། །ལུགས་ལས་བཟློག་པས་ཀྱང་ལྷན་ཅིག་སྐྱེས་པ་མ་འཕོས་པ་དེ་ཁོ་ན་འཇིག་རྟེན་ལས་འདས་པ་རྣམ་པ་བཞིར་རྣམ་པར་གཞག་སྟེ། ནོར་བུ་
ནས་བཟུང་ནས་ལྷན་ཅིག་སྐྱེས་པ་ཆུང་ངུའོ། །ལྟེ་བ་ནས་བརྩམས་ནས་བར་མའོ། །སྙིང་ག་ནས་བཟུང་ནས་ཆེན་པོའོ། །མགྲིན་པ་ནས་བརྩམས་ནས་ཆེན་པོའི་ཆེན་པོའོ། །ཆུང་ངུ་ལ་སོགས་པ་རྣམས་ལ་སླར་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བ་བཅུ་དྲུག་རྣམས་སོ་
ཞེས་པ་ཆ་བཅུ་དྲུག་རྫོགས་པའོ། །ཉི་མའི་སྦྱོར་བ་ལ་ལྟོས་པས་སྔ་མ་བཞིན་དུ་རྣམ་པ་བཅུ་གཉིས་སོ། །ཇི་སྐད་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེར་གསུངས་པ། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་དེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །
འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང་། །ཉི་མའི་བཅུ་གཉིས་རྣམས་སུ་བཤད། །ཅེས་སོ། །དེ་ལྟར་དགའ་བ་ལ་སོགས་པ་བཞིན་དང་ལྷན་ཅིག་སྐྱེས་པ་ཆུང་ངུ་ལ་སོགས་པ་བཞིན་དུ་སྦྱོར་བ་བཞི་རྣམས་ནི་བཅུ་དྲུག་རྣམས་ཏེ། ལུགས་དང་མཐུན་
པ་དང་ལུགས་ལས་བཟློག་པ་ལ་ཡང་ངོ་། །སྦྱོར་བ་ནི་ཟླ་བ་དང་ཉི་མ་དག་གི་དང་བདེ་བ་རྡུལ་དང་ཟླ་བ་དང་བཅས་པ་དག་དང་འཆར་བ་དང་ནུབ་པ་དག་གིའོ། །དེ་སྐད་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེར་གསུངས་པ། སོར་མོ་བཅུ་གཉིས་མཐར་ཐུག་པར། །སྐུད་པ་མདུད་མེད་མཚན་

ཉིད་ཅན། །བདེ་ཆེན་ཆུ་སྐྱེས་ལྟེ་བ་ནས། །ཇི་སྲིད་མགྲིན་པའི་ཐོད་པའི་བར། །དེ་ལས་ཕ་རོལ་འདུད་པར་ལྡན། །རླུང་གི་མཐར་ཐུག་པ་ཡང་ངོ་། །མགྲིན་པའི་རྒྱབ་ནས་མཐའ་ཇི་སྲིད། །དེ་སྲིད་སྦྱོར་བ་བཞི་ཡིན་ནོ། །མཐའ་ཡི་གནས་ནས་སྙིང་གའི་ཕྱོགས། །དེ་སྲིད་
གཉིས་པར་རབ་བརྗོད་དོ། །སྙིང་གའི་ཕྱོགས་ནས་ལྟེ་རྩ་བ། །དེ་སྲིད་གསུམ་པར་རབ་བརྗོད་པའོ། །ལྟེ་བའི་གནས་ནས་རིན་ཆེན་མགྲིན། །དེ་སྲིད་དུ་ནི་བཞི་པར་བཤད། །དེ་ལྟར་སྦྱོར་བ་རྣམ་པ་བཞི། །ཆ་དང་དགའ་བ་གཉིས་དགའ་ལྡན། །ཆ་རྣམས་ཇི་ལྟར་རིགས་པ་
རུ། །ཡོད་པ་དེ་ལྟར་ལྷ་མོ་ཉོན། །བཅུ་དྲུག་དེ་བཞིན་ཉི་མ་ཡི། །གཉིས་ཀ་གང་དུ་ཡང་དག་འདུས། །དེར་སྐྱེའི་གོ་འཕང་ཆ་མེད་པ། །ལྷན་སྐྱེས་བདག་ཉིད་ཤེས་པར་བྱ། །འབྱུང་པོ་ཐམས་ཅད་ཚིམ་བྱེད་པ། །ཐབས་དང་ཤེས་རབ་རང་བཞིན་ནོ། །བཅུ་དྲུག་ཅིས་བྱ་
ཤེས་རབ་འགྱུར། །ཉི་མ་ཐབས་སུ་བཤད་པ་ཡིན། །རིན་ཆེན་མགྲིན་པ་ཐོབ་ཙམ་ན། །གསལ་བར་ཟླ་བ་གང་བར་འགྱུར། །དེ་ཉིད་གཉིས་ཀའི་ཤེས་བྱ་སྟེ། །ཆ་ནི་དགའ་བས་རྒྱན་བྱས་པའོ། །བཅོ་ལྔ་རྣམས་ཀྱི་སྐྱེ་བ་ནི། །བཅུ་དྲུག་པ་སྟེ་རྟོག་མི་བྱེད། །འཆར་དང་
ནུབ་པ་སྤངས་པའི་ཕྱིར། །དེ་ལ་སྦྱོར་བ་མེད་པའོ། །ཞེས་སོ། །འདིར། ཇི་སྲིད་གསེར་བུ་གནས་མགྲིན་པ། །དེ་སྲིད་བརྒྱད་ཕྱེད་ཐིག་ལེ་རྣམས། །ཞེས་པའི་གསུང་ལས། མགྲིན་པའི་རྒྱབ་ནས་ནི་སྟེང་ཞེས་པ་ལྷག་མའོ། །མཐའི་གནས་ནས་ནི་མགྲིན་པའི་འོ། །བཅུ་
དྲུག་གི་ནི་ཟླ་བའི་ཆ་བཅུ་དྲུག་གིའོ། །གང་དུ་ནི་རིན་ཆེན་གྱི་དབུས་སུའོ། །ཚིམ་བྱེད་པ་ནི་དགའ་བར་བྱེད་པའོ། །གཉིས་ཀའི་ནི་ཉི་མ་དང་ཟླ་བ་དག་གིའོ། །དེ་ཉིད་ནི་ཆ་གང་བ་སྟེ། ནོར་བུ་དགའ་བ་རྣམས་ཀྱིས་ཡང་ངོ་། །སྐྱེ་བ་དང་འཇིག་པ་ཡང་སྟེ་བཅོ་ལྔ་རྣམས་ཀྱི་ནི་ཆ་
རྣམས་ཀྱིའོ། །བཅུ་དྲུག་པ་ནི་ཆ་སྟེ་ཀུན་རྫོབ་པའོ། །རྟོག་མི་བྱེད་ནི་རྣམ་པར་མི་རྟོག་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཐམས་ཅད་ལ་སྐྱེ་བ་དང་འཇིག་པ་སྲིད་ན་ཡང་འདི་འཆར་བ་དང་ནུབ་པ་མེད་ཅིང་རྣལ་འབྱོར་ཞེས་བརྗོད་དེ། དེའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་དོན་

དམ་པ་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུ་ཁོ་ན་ལ་མངོན་པར་དགོངས་ནས་བརྟག་པ་གཉིས་པར་གསུངས་པ། གང་ཕྱིར་བཅུ་དྲུག་པ་ཆ་མེད། །ཅེས་སོ། །ཀུན་རྫོབ་ཏུ་ནི་འཆར་བ་དང་ནུབ་པ་ལྡན་ཞིང་། ལྷན་ཅིག་སྐྱེས་པ་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བས་ཡོད་
པ་ཁོ་ན་སྟེ། ཇི་ལྟར་ནི། གཙུག་ཏོར་ལས་ནི་འཆར་བའོ་དེའི། །གང་བ་རྡོ་རྗེ་ནོར་བུར་འགྱུར། །འདི་ཡི་བདེ་བ་ཆེ་རང་བཞིན། །གང་བའི་སྒྲ་ཡིས་བརྗོད་པར་བྱ། །དེ་ལྟར། གང་བར་མི་གཡོ་བ་འདི་ནི། ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད། །ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་
དབུགས། །འགྱུར་མེད་སྐད་ཅིག་ཟོས་རྣམས་ཀྱིས། །བདེན་དོན་རྣམ་པ་བཅུ་གཉིས་པ། །རྣམ་པ་བཅུ་དྲུག་འགྱུར་བ་མེད། །ས་རྣམས་ཀྱིས་ནི་རྣམ་བཅུ་གཉིས། །གང་བ་གཉིས་སུ་མེད་པ་མཆོག །ཆ་རྣམས་ཀྱིས་ནི་རྫོགས་པའི་སེམས། །རྣམ་པ་བཅུ་དྲུག་མི་
འགྱུར་བའོ། །དེ་སྐད་དུ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེར། །གང་ཕྱིར་པདྨ་རྣམས་ཀྱི་དངོས། །ཁ་སྦྱོར་རྣམ་པའི་སྦྱོར་བ་ལས། །དེ་ཕྱིར་ཀུན་དགའ་བའི་སེམས་ཀྱིས། །འགྲོ་དང་འོང་བ་ཅི་ལྟར་ལགས། །བཀའ་སྩལ་པ། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །གང་
ཚེ་བདེ་བ་ཡང་དག་འབྱུང་། །དེ་ཚེ་ཨ་ཝ་དྷཱུ་ཏཱིའི་ལམ། །འཇིག་རྟེན་པ་མིན་གནས་སུ་འགྲོ། །གང་ཚེ་སྲོག་རླུང་རྣལ་འབྱོར་པས། །དེར་མི་འདོར་བ་དེ་ཡི་ཚེ། །འོག་ཏུ་ཁ་ཕྱོགས་པདྨ་རྣམས། །འགྲོའོ་གྱེན་དུ་ཕྱོགས་པར་ཡང་། །དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་
པས་འབབ་པར་འགྱུར། །པདྨའི་ལྟེ་བའི་དབུས་གནས་པ། །གང་ཚེ་ཕྱི་ནས་བརྟན་འགྱུར་བ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེ་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་
དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །འདི་ལྟར་སྐད་ཅིག་གིས་སྒོམ་ནའོ། །ཞེས་གསུངས་སོ། །གནས་ནི་ནོར་བུའོ། །འགྱུར་བ་ནི་འཇིག་རྟེན་པ་སྟེ། ལྷན་ཅིག་སྐྱེས་པའི་གནས་ཉིད་ན་ཡང་། འཇིག་རྟེན་པ་མིན་ནི་

བདེ་བ་མི་འགྱུར་བའི་ཕྱིར་རོ། །ཡིད་ནི་ཁུ་བའོ། །མི་མཐུན་པས་ནི་ལུགས་ལས་བཟློག་པས་སོ། །བརྟན་ནི་སྤྱི་བོར་རོ། །གོམས་པའི་སྟོབས་སུ་ནི་མཆོག་ཏུ་ཞེས་པ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་
ཀྱི་དཔལ་ལྡན་རྡོ་རྗེ་སེམས་དཔའི་གཟུགས་ཏེ། དེས་འགྲོ་བ་དང་འོང་བའི་བྱ་བ་དག་བྱེད་ཅིང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རོལ་ཏོ། ཇི་ལྟར་བདེ་བར་ནི། ཆུང་ངུ་ལ་སོགས་པའི་དབྱེ་བ་ཐ་དད་པར་འགྱུར་རོ། །འདིར་ནི་སྟེ་ལུས་ལ་དང་རྩ་རྣམས་ལའོ། །དེ་ནི་མངལ་གྱི་
གནས་སྐབས་སུ་དང་པོར་སྙིང་གི་རྩ་ལྔ་རྣམས་སྐྱེས་པ་གསུམ་རྣམས་སོ་ཞེས་པ་བརྒྱད་རྣམས་སོ། །དེ་ལ་འདབ་མ་རྣམས་ཀྱི་བཞི་ཡིས་འབྱུང་བའི་རྩ་རྣམས་རྣམ་པར་གཞག་གོ། །ཕྱོགས་རྣམས་སུ་བཞི་རྣམས་ནི་འབྱུང་བ་བཞི་རྣམས་དང་དེའི་རང་བཞིན་རྣམས་འབབ་
པོ་ཞེས་བྱས་ནས་སོ། །མཚམས་སུ་བཞི་རྣམས་ནི་སོ་སོར་བཤང་བ་དང་གཅི་བ་དང་བད་ཀན་དང་ཁྲག་དང་ཁུ་བ་རྣམས་འབབ་པ་འབྱུང་བའི་རྩ་རྣམས་ཀྱི་ལྷན་ཅིག་བྱེད་པ། གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་འབབ་པའི་ཕྱིར་མཆོད་པའི་རང་བཞིན་ཏེ། དེའི་རང་
བཞིན་ཡང་དངོས་པོར་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐ་དད་པ་མེད་པའི་ཕྱིར་རོ། །འདི་ལྟར་ཨ་ཝ་དྷཱུ་ཏཱིའི་དང་ལྷན་ཅིག་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་གསུམ་དང་དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ། །རྩ་སུམ་ཅུ་རྩ་གཉིས་མགོ་བོར་སྐྱེས་པ་རྣམས་རབ་ཏུ་
བྱེད་པ་གཉིས་པར་མདོར་བསྟན་པ་རྣམས་སོ། །དེ་རྣམས་ཀྱི་གསུམ་ནི་རྡུལ་དང་སྙིང་སྟོབས་དང་མུན་པའི་ངོ་བོ་ར་ས་ནཱ་དང་ལ་ལ་ནཱ་དང་ཨ་ཝ་དྷཱུ་ཏཱི་རྣམས་གཙོ་མོ་སྟེ། ཁྱད་པར་གྱི་ལས་ཀྱིས་ལྷག་པའི་ཕྱིར་རོ། །དེ་ལྟར་ནི་བདེ་བ་ཆེན་པོའི་འཁོར་ལོར་སྐྱེས་པ་སུམ་ཅུ་རྩ་
གཉིས་རྣམས་ཀྱིས་ཐུན་མོང་གི་ལས་ནི་བྱང་ཆུབ་ཀྱི་སེམས་འབབ་པའོ། །ཁྱད་པར་གྱི་ལས་ནི་སོ་སོ་སྟེ། དེ་གསུངས་པ། པུལླིར་ཞེས་པ་ལ་སོགས་པའོ། །རྒྱུས་པ་གནས་ཞེས་པ་རྒྱུས་པ་འབབ་པ་དང་ཞག་འབབ་པ་སྟེ་ཐུང་ངུ་མའོ། །རུས་སྦལ་སྐྱེས་མ་ནི་རུས་པ་འབབ་པའོ། །

སྙིང་ག་ནས་ནི་སྙིང་འབབ་པའོ། །གློ་བ་བཅས་ཞེས་པ་གློ་བ་འབབ་པའོ། །རྒྱུ་མ་འབབ་པ་ནི་མཚན་མོ་མའོ། །ལྟོ་བ་གནས་ཞེས་པ་ལྟོ་བ་འབབ་པའོ། །སྐྲ་མཚམས་འབབ་པ་ནི་དགའ་བའི་གདོང་མའོ། །གཟུགས་བཟང་མའི་རྩ་ནི་བད་ཀན་དང་རེག་བྱ་
འབབ་པའོ། །དེ་ཉིད་ཀྱི་ཕྱིར་འཇིགས་པ་མེད་པའི་གཞུང་འགྲེལ་དུ་བཤད་པ། རེག་ལ་རྣལ་འབྱོར་མ་ཞེས་པ་ནི་གཟུགས་ཅན་མའོ། །དེ་ལྟ་ཁོ་ནར་རྒྱུད་གཞན་དུ་གསུངས་སོ། །དམར་པོ་ཞེས་པ་ཁྲག་འབབ་ཅིང་བད་ཀན་ཡང་སྟེ་རྒྱུད་གཞན་དུ་གསུངས་པའི་ཕྱིར་རོ། །སྡུ་གུ་
མ་ནི་ཚིལ་དང་སྨྱོན་ཆུ་འབབ་པའོ། །འདི་ནི་འདིར་བསྡུས་པའི་དོན་ཏེ། མགོ་བོ་མ་ལ་ཡར་མི་ཕྱེད་མ་ནི་སེན་མོ་དང་སོ་རྣམས་འབེབས་སོ། །སྤྱི་གཙུག་ཛཱ་ལནྡྷ་ར་རུ་ཕྲ་མོས་སྐྲ་དང་བ་སྤུ་རྣམས་སོ། །རྣ་བ་གཡས་པ་ཨོ་ཌི་ཡཱ་ན་རུ་རྩེན་མས་ལྤགས་པ་དང་དྲི་མ་རྣམས་སོ། །རྒྱབ་
སྟོད་ཨརྦུ་ད་རུ་གཡོན་པ་མ་ཤའོ། །རྣ་བ་གཡོན་པ་གོ་དཱ་བ་རཱི་རུ་ཐུང་ངུ་མ་ནི་ཞག་དང་རྒྱུས་པའོ། །སྨིན་མ་གཉིས་ཀྱི་དབུས་རཱ་མེ་ཤྭ་ར་རུས་སྦལ་སྐྱེས་མ་ནི་རུས་པ་རྣམས་སོ། །མིག་གཉིས་དེ་ཝཱི་ཀོ་ཊ་རུ་སྒོམ་པ་མོ་ནི་མཁལ་མའོ། །དཔུང་པ་གཉིས་ཀྱི་རྩ་བ་མཱ་ལ་བ་རུ་དབང་བསྐུར་
མ་ནི་སྙིང་སྟེ་བད་ཀན་ཡང་ངོ་། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་སྐྱོན་མ་ནི་མིག་དག་གོ། །ནུ་མ་གཉིས་ཨོ་ཏྲེ་རུ་འཇུག་མ་མཁྲིས་པའོ། །ལྟེ་བ་ཏྲི་ཤ་ཀུ་ནི་རུ་མ་མ་མ་ནི་གློ་བའོ། །སྣ་ཀོ་ཤ་ལ་རུ་མཚན་མོ་མ་ནི་རྒྱུ་མའོ། །ཁ་ཀ་ལིངྒ་རུ་བསིལ་སྟེར་མ་ནི་རྩིབ་ལོགས་ཀྱི་རྒྱུད་
རྣམས་སོ། །མགྲིན་པ་ལམྤ་ཀ་རུ་དྲོད་མ་ནི་ལྟོ་བའོ། །སྙིང་ག་ཀཱཉྩི་རུ་རབ་འབར་མ་ནི་བཤང་བའོ། །ཕོ་མཚན་ཧི་མ་ལ་ཡ་རུ་དགའ་གདོང་མ་ནི་སྐྲ་མཚམས་སོ། །རྟགས་ཡི་དགས་ཀྱི་གནས་སུ་གཟུགས་ཅན་མ་རེག་བྱ་དང་བད་ཀན་ནོ། །བཤང་ལམ་གྲི་ཧ་དེ་ཝ་རུ་སྤྱི་མ་
རྣག་གོ། །བརླ་གཉིས་སཽ་རཱཥྚ་རུ་རྒྱུ་སྦྱིན་མ་ཁྲག་དང་བད་ཀན་དག་གོ། །བྱིན་པ་གཉིས་གསེར་གླིང་དུ་སྦྱོར་བྲལ་མ་རྡུལ་ལོ། །སོར་མོ་བཅུ་དྲུག་ནཱ་ག་ར་རུ་སྡུག་གུ་མ་མྱོས་བྱེད་དང་ཚིལ་བུའོ། །རྐང་པའི་བོལ་གཉིས་སིནྡྷཱུ་རུ་གྲུབ་པ་མ་མྱ་ངན་དང་མཆི་མ་དག་གོ། །མཐེ་

བོང་བཞི་མ་རུ་རུ་མཚེད་མ་མཆིལ་མའོ། །པུས་མོ་གཉིས་ཀུ་ལ་ཏ་རུ་ཡིད་བཟང་མ་སྣབས་དང་ཁ་ཆུའོ། །སུམ་བསྐོར་མ་ནི་གཟུགས་སོ། །འདོད་པ་མ་ནི་སྒྲའོ། །ཁྱིམ་མ་ནི་དྲིའོ། །གཏུམ་མོ་ནི་རོའོ། །བདུད་འདྲལ་མ་ནི་ཆོས་སོ། །ཨ་ཝ་དྷཱུ་ཏཱི་ནི་བྱང་ཆུབ་ཀྱི་སེམས་མུན་པའི་
ངོ་བོ་འབེབས་སོ། །ལ་ལ་ནཱ་ལྟེ་བའི་རྩ་བར་འཕྱང་བ་ནི་སྙིང་སྟོབས་འབེབས་ཤིང་། ཟོས་པ་དང་འཐུངས་པ་ཕོ་བའི་མེས་ཞུ་བ་རྣམས་ལས་རོ་ཡང་སྟེ་དེ་ལས་རོ་བཅུད་རྩ་གཞན་དང་གཞན་དུ་འཕོས་པས་ལུས་ཁྱད་པར་བྱེད་དོ། །ར་ས་ནཱ་རོ་ལས་ཁྲག་འབེབས་ཏེ། དེ་ལས་དེ་
ཡང་དེ་ལྟ་ཁོ་ནར་ལུས་ཁྱབ་པར་བྱེད་དོ། །རྩ་འདི་གཉིས་ལ་ཉེ་བར་བརྟེན་པའི་རོ་དང་ཁྲག་ལ་བརྟེན་པས་གཞན་རྣམས་ཀྱི་ལས་གསུངས་སོ། །རྒྱུད་འདི་ལས་མ་གསུངས་པའི་རྩ་རྣམས་ཀྱི་ལས་ནི་རྒྱུད་གཞན་གྱི་རྗེས་སུ་འབྲང་བས་བརྗོད་པར་ཤེས་པར་བྱའོ། །ཨ་ཝ་དྷཱུ་
ཏཱི་མིང་གཞན་ནི་ཨ་ཝ་དྷཱུ་ཏཱི་ཁོ་ན་དུང་ཅན་མ་སྟེ་ཁུ་བ་དང་ཁྲག་འབབ་པའི་ཕྱིར་རོ། །རྡུལ་འབབ་ཕྱིར་ན་གཏུམ་མོ་སྟེ། ཁུ་བ་འབབ་ཕྱིར་མཁའ་འགྲོ་སྡོང་། །སྟེང་དུ་བུད་མེད་ཟླ་མཚན་ལ། །གཡུང་མོ་སྐྱེས་པའི་ཀུན་འདར་མ། །ཞེས་པ་ལ་སོགས་པ་གདུལ་བྱའི་འདོད་པ་
སྣ་ཚོགས་པ་ཉིད་ལས་སོ། །འདིར་མ་ལ་ཡ་ལ་སོགས་པའི་གནས་བརྒྱད་རྣམས་ནི་ཐུགས་ཀྱི་འཁོར་ལོའོ། །ཀཱ་མ་རུ་པ་ལ་སོགས་པ་བརྒྱད་རྣམས་གསུང་གི་འཁོར་ལོའོ། །ཡི་དགས་གནས་པ་ལ་སོགས་པ་བརྒྱད་རྣམས་སྐུའི་འཁོར་ལོའོ། །འཁོར་ལོ་འདི་
རྣམས་སུ་གང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་དྲག་མོ་ལ་སོགས་པའི་ལྷ་མོ་རྣམས་དང་། གང་ཡང་རིག་པའི་རྒྱལ་པོའི་དཀྱིལ་འཁོར་དུ་རབ་གཏུམ་མོ་ལ་སོགས་པ་རྣམས་དང་། གང་ཡང་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དང་བདག་མེད་མའི་དཀྱིལ་འཁོར་དུ་གཽ་རཱི་ལ་
སོགས་པ་རྣམས་དང་། གང་ཡང་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་དུ་སེང་གེ་མ་ལ་སོགས་པ་རྣམས་དང་། གང་ཡང་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་སྡོམ་པ་མོ་དང་ཀཱི་ལི་ཀཱི་ལ་ལ་སོགས་པ་རྣམས་དང་། གང་ཡང་རྡོ་རྗེ་

བདུད་རྩིར་ཟླ་བའི་རི་མོ་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཐམས་ཅད་ནི་རྩ་ཉི་ཤུ་རྩ་བཞིའི་རང་བཞིན་དུ་གནས་མ་རྣམས་སོ། །གང་སྤྱན་མ་ལ་སོགས་པ་རྣམས་དང་མཁའ་འགྲོ་མ་ལ་སོགས་པ་དང་རྡོ་རྗེ་མ་ལ་སོགས་པ་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་
པ་རྣམས་ཏེ། དེ་རྣམས་ནི་སུམ་སྐོར་མ་ལ་སོགས་པ་རྩ་བཞིའི་རང་བཞིན་ནོ། །རྐྱང་མ་དང་རོ་མ་དང་ཀུན་འདར་མ་རྣམས་ནི་རྡོ་རྗེ་སྙེམས་མ་དང་རྡོ་རྗེ་ཕག་མོ་དང་བདག་མེད་མ་དང་ཡེ་ཤེས་མཁའ་འགྲོ་མའི་རང་བཞིན་རྣམས་སོ། །ཡང་ན་འདིས་ཅི་སྟེ། གདུལ་བྱའི་བསམ་
པའི་དབང་ལས་ལྷ་མོའི་ཁྱད་པར་རྣམ་པར་གཞན་པ་ལས་གང་ཅི་ཡང་རུང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སུ་རྡོ་རྗེ་ལྷ་མོ་གསུངས་པ་དཔག་ཏུ་མེད་པ་དེ་རྣམས་ཐམས་ཅད་ཀྱང་སོ་སོར་འཁོར་དང་བཅས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་རྣམས་སུ་ཤེས་པར་བྱའོ། །
སུམ་ཅུ་རྩ་གཉིས་པ་བདུད་འདྲལ་མ་ནི་ཨ་ཝ་དྷཱུ་ཏཱི་དང་འདྲེས་པ་ཁོ་ན་སྟེ། ལྕེའི་རྩེ་མོ་ཇི་སྲིད་པར་ལྟེ་བ་ནས་ལངས་པ་དུས་ཀྱི་རྩ་རྣལ་འབྱོར་མ་རྣམས་ཀྱིས་འགོག་པའི་མཚན་ཉིད་ཅན་གྱི་ཆོས་འབབས་སོ། །དེ་ནི་རྣལ་འབྱོར་མ་རྣམས་ཀྱི་འབབ་བོ། །དེ་ནི་རྣལ་འབྱོར་མ་སྡུད་པས་
འཇུག་སྟེ། དེ་ནི་མ་རིག་པའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་རོ། །འོ་ན་སྔར། བྱང་ཆུབ་སེམས་རྣམས་སུམ་ཅུ་གཉིས། གང་ཚེ་འདིར་ནི་གང་བར་འགྲོ། །ཞེས་དང་། བརྟག་པ་གཉིས་པར་ཡང་། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའོ་ཞེས་པ་ཇི་ལྟར་ཞེ་ན། འགལ་བ་ཅན་
ཉིད་ཀྱིས་དུས་ཀྱི་རྩ་ལ་འབབ་པའི་ཕྱིར་སྐྱོན་མེད་དོ། །རྣལ་འབྱོར་མའི་ངོ་བོར་རྩ་སྟོན་པའི་སྐབས་སུ་དེ་སྟོན་པ་ནི་ཡོངས་སུ་སྤོང་བའི་དོན་ཅན་ནོ། །དེའི་དབང་ནས་འཇིག་རྟེན་འདི་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེས་ཀྱང་དེའི་དཀྱིལ་འཁོར་མི་མཐོང་ངོ་། །དེའི་དབང་ཁོ་ན་ལས་འཆི་བ་
ཡང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། འབད་པས་ཀུན་གྱི་ལྷག་མ་སྤང་། །ཞེས་སོ། །འགོག་པའི་ཆོས་འབབ་པ་ལ་སོགས་པ་འདི་ནི་སྒྲིབ་པ་དང་བཅས་པའི་གནས་སྐབས་ཁོ་ན་སྟེ། སྒྲིབ་པ་མེད་པའི་སྐབས་སུ་ནི་སུམ་ཅུ་རྩ་གཉིས་པ་བདུད་འདྲལ་མ་ཡང་བྱང་ཆུབ་

སེམས་ཀྱིས་གང་བའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་ནི་ཀུན་གྱི་ཐབས་སོ། །འདི་ཡང་དོན་དམ་པར་ས་བོན་ལ་སོགས་པ་ལས་བསྐྱེད་པ་མེད་པ་ཁོ་ནར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་
སེམས་ཀྱི་ངོ་བོ་ནི་རྫོགས་པའི་དཀྱིལ་འཁོར་དུ་གསུངས་པའོ་ཞེས་སོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་གཉིས་པའོ།། །།ཤེས་རབ་མཆོག་གི་རྫོགས་པའི་རིམ་པའི་དཀྱིལ་འཁོར་ལ་སོགས་པ་རྒྱས་པར་
བསྟན་པའི་ཆེད་དུ་འདྲི་བ། ཐོས་ལགས་ཞེས་པ་ལ་སོགས་པ་སྟེ། ཐོས་པ་ནི་རབ་ཏུ་བྱེད་པ་གཉིས་པར་མདོར་བསྟན་པའོ། །རྩ་རྣམས་ཀྱི་ངོ་བོ་སྟེ་རང་གི་ངོ་བོའི་ལྷ་རྣམས་ཀྱིས་ཡང་དག་གཟུང་བ་ནི་ལྷའི་རང་བཞིན་དུ་མོས་པས་དྲི་མ་མེད་པ་ཉིད་ཀྱིས་ན་ངེས་པའི་དོན་དུ་རྒྱས་པར་
བྱས་པའོ། །དེའི་ཕྱིར་འཁོར་དང་བཅས་པའི་རྩའི་རང་བཞིན་ནི། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བ་སྟེ། ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་བདེ་བ་ཆེན་པོའི་རིམ་པའི་གནས་ཉིད་ཀྱི་ཕྱིར་རོ། །ཇི་སྐད་གསུངས་པ་ནི་བརྗོད་པའི་རིམ་པ་ལས་མ་འདས་པ་སྟེ། ཉི་ཤུ་
རྩ་གཅིག་པར་ནི། ལུས་དང་ངག་གི་སྒོ་དག་དང་། སེམས་ཀྱི་སྒོ་ཡང་མཆོག་ཉིད་ཀྱིས་ན་རྣམ་པ་གཉིས་སུ་བྱས་པ་ཞེས་སྒོ་བཞི་རྣམས་གསུངས་སོ། །ཡན་ལག་བརྒྱད་རྣམས་ནི་མགོ་དང་ལག་པ་དང་རྐང་པ་དང་ལྟེ་བ་དང་སྙིང་ག་དང་ཁ་རྣམས་སོ། །ལྟེ་བ་ལ་སོགས་པ་
གཅིག་སྟེ་རྩིབ་ལོགས་གཉིས་ཀྱང་ངོ་ཞེས་གཞན་རྣམས་སོ། །དངོས་པོ་ཀུན་གྱིས་ནི་ཆུ་དང་ཞེང་དུའོ་ཞེས་པ་དྲང་བའི་དོན་ཏོ། །སྟོང་པ་ཉིད་ཀྱིས་ཞེས་པ་ངེས་པའི་དོན་ཏོ། །འཁོར་ལོ་གསུམ་བདག་ནི་ཇི་ལྟར་ཉི་ཤུ་རྩ་གཅིག་པར་བཤད་པའོ། །འཁོར་ལོ་གསུམ་
གཅིག་ཅེས་འདོན་པ་ལ། །གཅིག་ནི་དཀྱིལ་འཁོར་རོ། །རི་བོ་ལ་སོགས་པ་རྣམས་དང་བྷཻ་རམ་བྷ་ལ་སོགས་པ་རྣམས་ཀྱི་རིམ་པ་ལས་མ་འདས་པ་ཞེས་པ་མདོར་བསྟན་པའོ། །བླ་མ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། ད