Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 12 / 20 (50.000 ký tự/trang)
ན་པོ་ཡང་ངོ་། །བྱང་ཆུབ་ཀྱི་སེམས་ལ་འཇུག་པ་ན་ནི་ཁ་ན་མ་ཐོ་བ་ཐམས་ཅད་རྣམ་པར་དག་པ་ལ་ཐེ་ཚོམ་མེད་དོ། །ཇི་སྐད་དུ་དེ་བཞིན་གཤེགས་པའི་གསང་བའི་མཛོད་ཀྱི་མདོར་གསུངས་པ་འོད་སྲུངས་གང་ ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་སྲོག་དང་ཕྲལ་བ་འདི་ནི་སྲོག་གཅོད་པ་རྣམས་ཀྱི་ཆེ་བའོ། །འདི་ལྟ་སྟེ་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པར་ལེན་པ་རྣམས་ཀྱི་ཆེ་བའོ། །མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་བགྲོད་པ་འདི་ནི་ འདོད་པས་ལོག་པར་གཡེམ་པ་རྣམས་ཀྱི་ཆེ་བའོ་ནས། ཇི་སྲིད་དུ་འོད་སྲུངས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་རྣམས་ཐམས་ཅད་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་རྣམས་ཏེ། འོད་སྲུངས་དེ་གལ་ཏེ་སེམས་ཅན་གཅིག་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོའི་ལས་ཀྱི་ལམ་བཅུ་པོ་འདི་རྣམས་དང་ ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པའི་ཆོས་སྟོན་པ་རྒྱུ་དང་རྐྱེན་དང་ལྡན་པ་ལ་འཇུག་ཅིང་ནས་ཇི་སྲིད་དུ། འདི་ལྟར་མ་བྱས་པ་མངོན་པར་འདུས་མ་བྱས་པ་སྒྱུ་མའི་ཆོས་ཉིད་ལ་འཇུག་གོ་ནས། ཇི་སྲིད་དུ་སེམས་ཅན་དེ་ངན་འགྲོར་འགྲོ་བར་ང་མི་སྨྲའོ་དང་ཇི་སྲིད་དུ་གང་ འདི་ལྟར་ལྷག་པར་མོས་པར་འགྱུར་བ། དེ་ལ་ནི་ནམ་ཡང་ལྟུང་བའམ་ལྟུང་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པར་བྱེད་པ་ནི་གནས་མེད་ཅིང་གོ་སྐབས་མེད་དེ། འདི་ནི་གནས་ཡོད་པ་མ་ཡིན་ནོ་ཞེས་པའི་བར་དུའོ། །དེའི་ཕྱིར་ཤེས་ རབ་དང་ཐབས་ལས་བྱུང་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་བསྒོམ་པ་ཁོ་ན་སྡིག་པ་ཐམས་ཅད་དག་པར་བྱེད་པ་ཤིན་ཏུ་ལེགས་པ་ཐམས་ཅད་བྱེད་པའོ། །ཇི་སྐད་དུ་འཕགས་པས་གསུངས་པ། གང་རྣམས་རྣམ་པར་དབེན་པ་ཞེས། །གཡོ་བའི་ཡིད་ཀྱང་མི་ གཡོ་བ། །དེ་རྣམས་ཉོན་མོངས་སྦྲུལ་དཀྲིགས་པའི། །སྲིད་པའི་རྒྱ་མཚོ་འཇིགས་པ་བརྒལ། །ཞེས་སོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ལ་ཡང་། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་ སྒྲོལ་དེ་ལ། །མི་ཤེས་སེམས་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་སོ། །གོ་འཕང་ནི་བྱང་ཆུབ་སྟེ། གཞན་གྱི་དོན་གྱི་ཕུན་སུམ་ཚོགས་པ་རྣམས་ཀྱི་ཐབས་བླ་ན་མེད་པ་ཉིད་ཀྱི་ཕྱིར་རོ། །ཨ་ཝ་དྷཱུ་ཏཱི་ཡིས་ཏེ་ཀུན་དུ་རྟོག་པ་མཐའ་དག་ངེས་པར་སྤོང་བས་སྤྱོད་པའོ། ། དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟར་ཞེས་པ་ལ་སོགས་པ་སྟེ། སྡིག་པ་ལ་འགོང་བའི་ཕྱིར་བཟང་བའོ། །རིགས་ཀྱི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་ལམ་དུ་བྱེད་པའི་ཕྱིར་བསམ་མི་ཁྱབ་བོ། །རང་དང་གཞན་གྱི་ཕུན་སུམ་ཚོགས་པའི་ རྟེན་ཉིད་ཀྱི་ཕྱིར་གནས་སོ། །ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཤིན་ཏུ་གསང་བའོ། །དམ་ཚིག་ནི་རྒྱས་པར་སྟོན་པར་འགྱུར་རོ། །འོ་ན་རྣམ་པ་འདི་ལྟ་བུའི་རྒྱུན་མི་འཆད་པར་འབྱུང་བའི་རྣལ་འབྱོར་སྒྲུབ་པར་དཀའོ་ཞེས་དོགས་པར་བྱས་ནས་ སྤྱོད་པའི་རིམ་པ་མདོར་སྟོན་ཏེ། དང་པོ་ཞེས་པ་ལ་སོགས་པའོ། །འདྲ་བ་འབྱུང་བ་ནི་རྒྱུ་མཐུན་པའོ། །ཐོས་པ་དང་བསམ་པ་ལ་སོགས་པ་རྣམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ནི་སྒོམ་པ་སྟེ། དེའི་རང་གི་ངོ་བོ་ལ་རྒྱུན་མི་འཆད་པ་ཉིད་དུ་གནས་པར་འགྱུར་རོ། །དེ་ལྟར་ཡང་ ཡུལ་དང་དུས་ཀྱི་བྱེ་བྲག་ལ་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་གནས་སྐབས་དག་ཏུ་གོམས་པའི་བྱེ་བྲག་ལས་རྣལ་འབྱོར་རྒྱུན་མི་འཆད་པར་འབྱུང་བའི་དོན་དུ། བརྟག་པ་གཉིས་པར་གསུངས་པ། དང་པོ་གོམས་པར་བྱེད་དུས་ཀྱི། ། གནས་ནི་བཟང་པོ་རྣམ་བརྟགས་པ། །གང་དུ་གནས་པའི་སྔགས་པ་སེམས། །གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བའོ། །རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ནི་གྲུབ་པའོ་ཞེས་སེམས་ཀྱིས། །བསྒོམ་བྱ་ཞེས་སོ། །དེ་ལས་གནས་སྐབས་གཉིས་ ཀ་ལ་ཡང་བར་མ་ཆད་པར་བསྒོམ་པ་བརྟན་པ་ཉིད་ཀྱི་ཕྱིར་རོ། །སྒོམ་པ་ཞུམ་པས་ནི་ངེས་པའི་གནས་ལ་སོགས་པ་བསྡུས་པ་ལས། རང་གི་འདུན་པ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་རིམ་པས་བྱིས་པ་བཞིན་དུ་གནས་པར་བྱའོ། །དེ་ ལ་ཡང་རྣལ་འབྱོར་རབ་ཏུ་གྱུར་པ་ལ་འདོད་པར་བྱ་བའི་གཟུགས་སུ་འདུལ་བར་རུང་བའི་སྐྱེ་བོ་ལ་འགྱུར་རོ། །བླ་ན་མེད་པའི་སྤྱོད་པ་ཉིད་མདོར་བསྟན་པ་རྒྱས་པར་འཆད་པ། དངོས་གྲུབ་ཅེས་པ་ལ་སོགས་པའོ། །ཇི་སྐད་གསུངས་པ་ནི་བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པ་ རྣམས་སུའོ། །དེ་རྣམས་སུ་ནི་སོ་སོར་ངེས་པའི་སྤྱོད་པས་སོ་སོར་ངེས་པའི་བསྒྲུབ་པར་བྱ་བ་རེ་རེ་འགྲུབ་བོ་ཞེས་གསུངས་སོ། །འདི་ནི་མཉམ་མེད་ལས་ཏེ་ཕྱག་རྒྱ་ཆེན་པོ་ལས་འགྲུབ་པ་ཁོ་ནའི་སྤྱོད་པའོ། །ཀུན་དུ་བཟང་པོ་ནི་དངོས་གྲུབ་རྣམ་པ་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར་རོ། །གང་ ཅུང་ཟད་ཚངས་པ་ལ་སོགས་པ་བ་ལང་རྫིའི་བར་གྱི་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ཡེ་ཤེས་སམ་ཏིང་ངེ་འཛིན་གཞན་ལ་ཕན་པའི་ཐབས་སུ་གྱུར་པ་དེ་ཐམས་ཅད་དེ་ཉིད་དུ་སྟེ། དེ་ནི་ཐབས་ཀུན་གྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། དཔལ་འདུས་པར་ གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཀྱི་བཅོམ་ལྡན་འདས་ཅི་ལ་གནས་ལགས། བཀའ་སྩལ་པ། སྐུ་གསུམ་གྱི་གསང་བ་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་གསུང་དང་ཐུགས་ལ་ གནས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅི་ལ་གནས། ཅི་ལ་ཡང་མ་ཡིན་ནོ་ཞེས་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ་ཞེས་པ་དགོངས་པའོ། །གཞན་དུ་ཡང་གསུངས་པ། འདི་དེ་རྣལ་འབྱོར་མཆོག་དེའི་ཕྱིར། །དེ་བཞིན་གཤེགས་རྣམས་ཀྱིས་ཕྱག་ འོས། །དེ་ལས་རབ་བྱུང་སྦྱོར་བ་ནི། །མཐའ་ཡས་པ་རྣམས་རབ་ཏུ་གྲགས། །དེ་ཕྱིར་ལྷ་ཡི་ཏིང་འཛིན་རྣམས། །མཐའ་ཡས་པ་རྣམས་ཡང་དག་འབྱུང་། །ཕྱག་རྒྱ་དཀྱིལ་འཁོར་གསང་སྔགས་རྣམས། །རྣལ་འབྱོར་དེ་ལས་རྣམ་དག་ཉིད། །ཞི་བ་རྒྱས་པ་ ཉིད་ཀྱི་ལས། །སྔགས་ལས་སྐྱེས་པ་གཞན་གང་ཡང་། །ཆུ་བོ་གངྒཱིའི་བྱེ་མའི་གྲངས། །ཇི་སྙེད་དངོས་གྲུབ་ཕྲ་མོ་དང་། །ཕྱག་རྒྱའི་དངོས་གྲུབ་གཞན་ཉིད་རྣམས། །ཇི་སྙེད་ས་ལ་རྣམ་གྲགས་པ། །རྣལ་འབྱོར་འདི་ལ་སྐྱེས་པ་རུ། །ཐུགས་ཀྱི་རྡོ་རྗེས་གསུངས་པ་ཡིན། ། ཞེས་སོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་འདི་ཁོ་ན་དོན་དམ་པའི་སྔགས་ཀྱི་སྤྱོད་པ་སྟེ། དེ་སྐད་དུ་ཡང་འདུས་པ་ཕྱི་མར། གང་གང་དབང་པོ་ཡུལ་རྣམས་ཀྱིས། །བརྟེན་ནས་བསྐྱེད་པར་བྱ་བའི་ཡིད། །ཡིད་དེ་མ་ན་ན་ ཞེས་བཤད། །ཏྲ་ཡིག་སྐྱོབ་པའི་དོན་ལས་ཏེ། །འཇིག་རྟེན་སྤྱོད་ལས་ངེས་གྲོལ་བའི། །དམ་ཚིག་སྡོམ་པ་གང་གསུངས་པ། །སྐྱོབ་པ་རྡོ་རྗེ་ཐམས་ཅད་ཀྱི། །སྔགས་ཀྱི་སྤྱོད་པ་ཞེས་པར་གསུངས། །ཞེས་སོ། །དབང་པོ་ལ་སོགས་པ་བྱེད་པར་གྱུར་པ་རྣམས་ཀྱི་གང་ ཡིད་དེ་ནི་ཡིད་ཀྱི་ངོ་བོ་སྟེ་མ་ན་ཞེས་བཤད་དོ། །མ་ན་ཤེས་པ་ལའོ་ཞེས་པའི་བྱིངས་བཀླགས་པ་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་མ་ནའོ། །དེའི་སྒྲིབ་པ་གཉིས་སྤངས་པས་ཀུན་དུ་བཟང་པོ་ཉིད་ཐོབ་པ་ནི། སྐྱོབ་པའི་དོན་ལས་ཏེ་ཡོངས་སུ་མི་སྟོང་པའི་དོན་གྱིས་ཏྲའོ། །སྟོང་པ་ཉིད་ དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཁོ་ན་སྔགས་སོ་ཞེས་པའི་དོན་ཏེ་དེའི་སྤྱོད་པའོ། །འཇིག་རྟེན་ཡང་རྣམ་པ་གཉིས་ཏེ་བྱིས་པ་དང་འཕགས་པའོ། །དེ་ལ་བྱིས་པའི་སྤྱོད་པ་ལས་ངེས་པར་གྲོལ་བ་ནི་དམ་ཚིག་རྣམས་སོ། །འཕགས་པའི་ལས་གྲོལ་བ་ནི་འདོད་པ་རྣམས་སོ། ། དེ་རྣམས་སྐྱོང་བ་ནི་ཀུན་དུ་སྤྱོད་པའོ། །རྡོ་རྗེ་ཐམས་ཅད་ཀྱིས་ནི་རྣལ་འབྱོར་གྱི་ངོ་བོའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །སྔགས་ཀྱི་སྤྱོད་པའི་ཡན་ལག་ཉིད་ཀྱིས་ན་སྔགས་ཀྱི་སྤྱོད་པ་སྟེ། དཔེར་ན་ཨོཾ་ལ་སོགས་པ་ཀུན་རྫོབ་པའི་སྔགས་བཞིན་ནོ། །གཞན་མིན་ཞེས་ པ་སྤྱོད་པ་གཞན་ནི་ཀུན་དུ་བཟང་པོ་མ་ཡིན་ཞིང་། དེའི་ཕྱིར་བླ་ན་མེད་པ་མ་ཡིན་ནོ། །ཡང་ན་མིན་ཞེས་ཀློག་པ་ནི། ཡང་ན་འདི་སྤྱོད་པ་མ་ཡིན་ཏེ། དོན་དམ་པར་སྤྱོད་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་པར་བྱའོ། །གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ང་སྤྱོད་དོ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །དང་པོ་ཞེས་པ་ལ་སོགས་པའི་རྒྱས་པར་སྟོན་པ་གསུངས་པ། ཕྱག་བྱས་ཞེས་པ་ལ་སོགས་པའོ། །སློབ་དཔོན་རྡོ་རྗེ་ཅན་ནི་བླ་མའོ། །གསང་བ་སྦ་བར་ བྱ་བའི་སྤྱོད་པ་ཇི་ལྟར་གཞན་རྣམས་ཀྱིས་མི་ཤེས་པ་ལྟར་དེ་དང་པོར་བསྟེན་པར་བྱ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །གང་འཕགས་པས་གསུངས་པ། དེ་ལྟར་ཤེས་ནས་རྣལ་འབྱོར་པས། །དོགས་མེད་བྱ་བ་ཐམས་ཅད་སྤྱོད། །སྦས་པའི་ བརྟུལ་ཞུགས་བསྒྲུབ་བྱས་ནས། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་སོ། །བྱ་བ་བྱས་པ་ནི་རྣལ་འབྱོར་ཕུལ་དུ་བྱུང་བ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །གང་བརྟག་པ་གཉིས་པར་གསུངས་པ། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །མཉམ་པར་གཞག་པ་དངོས་ གྲུབ་ཐོབ། །ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཇི་སྲིད་ཕྱག་རྒྱ་མ་ཐོབ་པར། །ཞེས་སོ། །དངོས་གྲུབ་ནི་འདིར་རྣལ་འབྱོར་ཕུལ་དུ་བྱུང་བ་སེམས་བརྟན་པ་ཉིད་ལ་སོགས་པའི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་བློ་གྲོས་ཆེ་སྟེ། གཞན་གྱི་དོན་ལ་མངོན་པར་དགའ་བའི་བསམ་པ་ ཅན་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ལྷག་པར་མོས་པ་རྣམས་ལ་ཡང་རང་དོན་ལ་རྗེས་སུ་ཆགས་པའི་དྲི་མའི་སྐབས་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དོགས་པ་ཀུན་ལས་ཕྱི་རོལ་ཕྱོགས། །ཞེས་པའོ། །རལ་པ་ཅན་བཞིན་ནི་སེང་གེ་བཞིན་དུ་འཇིགས་ པའི་དོགས་པ་མེད་པའོ། །ཡང་དག་ལྟ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སེམས་བརྟན་པ་ནི་ཡང་དག་པའི་ལྟ་བ་ལ་ཐེ་ཚོམ་མེད་པ་ཉིད་ཀྱི་ཕྱིར་རོ། །གནས་མེད་ནི་གནས་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །རྨི་ལམ་སྒྱུ་མའི་དཔེ་གཉིས་ནི་རང་བཞིན་མེད་པར་རོ་གཅིག་ ཅིང་ཀུན་རྫོབ་ཏུ་སྣ་ཚོགས་སུ་སྣང་བར་མཚུངས་པ་ཉིད་ཀྱིས་དོན་གཅིག་ཀྱང་འགའ་ཞིག་ལ་འགའ་ཞིག་རབ་ཏུ་གྲུབ་པའོ་ཞེས་གསུངས་པའོ། །སྒྲིབ་པ་ཀུན་དང་ལྷན་ཅིག་ཅེས་ཚིག་སྡུད་དོ། །སྒྲིབ་པ་ནི་འདིར་ཆུང་མ་ལ་སོགས་པ་ཀུན་ནས་འཛིན་པའོ། །བརྒྱད་རྣམས་ ནི་རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་གྲགས་པ་མིན་པ་དང་བསྟོད་པ་དང་སྨད་པ་དང་བདེ་བ་དང་སྡུག་བསྔལ་རྣམས་སོ། །རྣམ་མི་རྟོག་ནི་དགྲ་དང་བཤེས་དང་བཏང་སྙོམས་པ་ལ་སོགས་པའི་རྟོག་པ་ལས་གྲོལ་བའོ། །གང་གི་ཕྱིར་གཉིས་མེད་ནི་དགྲ་ལ་སོགས་པ་དང་ བྲལ་བའོ། །ངེས་པ་བྱས་པ་ནི། སངས་རྒྱས་དངོས་གྲུབ་རབ་འགྲུབ་རྣམས། །ཞེས་པ་དང་འབྲེལ་ལོ། །མེད་ཅེས་པ་སེམས་ཅན་རྣམས་སྒྱུ་མ་བཞིན་དུ་ཡོད་པ་དང་མེད་པ་ལ་སོགས་པའི་རྟོག་པའི་སྤྱོད་ཡུལ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ སྤྱོད་པའི་མཚན་ཉིད་བཤད་པར་བྱ་ཞིང་། མྱུར་དུ་དངོས་གྲུབ་བྱེད་པ་ཞེས་པ་རྒྱས་པར་འཆད་དེ། ཤེས་རབ་ཅེས་པ་ལ་སོགས་པའོ། །དམ་ཚིག་བསྲུང་བ་མེད་པར་དངོས་གྲུབ་ཅུང་ཟད་ཀྱང་མེད་དོ་ཞེས་པ་དེ་གསུངས་པ། རྟོག་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། རྟོག་ པ་ཐམས་ཅད་ནི་ཕྱི་རོལ་གྱི་འཇིག་རྟེན་གྱི་རྣམ་པར་རྟོག་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྒྱུ་མ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ནི་གཟུགས་ལ་སོགས་པའོ། །འདི་མི་འདོད་པའི་རྣམ་པར་སྨིན་པ་ཅན་མ་ཡིན་ནོ་ཞེས་གསུངས་པ། ཆོས་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱི་དབྱིངས་ལས་ཏེ་རང་བཞིན་གྱིས་ཡོངས་སུ་དག་པ་ལས་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་བྱུང་བ་རྣམས་ཏེ་གཟུགས་ལ་སོགས་པའི་འདོད་པ་རྣམས་ཀྱང་རང་བཞིན་ཡོངས་སུ་དག་པ་རྣམས་ཏེ། ས་བོན་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་དང་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། ། རང་བཞིན་གྱིས་ཡོངས་སུ་དག་པར་ལྷག་པར་དམིགས་པ་ཁོ་ནས་དམ་ཚིག་བསྟེན་པར་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་འདོད་པ་བཞིན་དུ་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་ཙམ་གྱིས་དངོས་གྲུབ་ཏུ་འགྱུར་བ་ནི་མེད་དོ། །བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། ། དེ་ཉིད་དམན་རྣམས་འགྲུབ་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་འདོད་ཆགས་ལ་སོགས་པ་རྣམས་ལོག་པར་ལྟུང་བའི་ཆོས་སུ་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་ཉན་ཐོས་ཀྱི་ཐེག་པར་དང་གོང་མ་དང་བཅས་པའི་ཐེག་པ་ཆེན་པོར་རོ། །ཐེག་པ་མཆོག་འདི་ ནི་བླ་ན་མེད་པ་སྟེ། འདི་ལ་ཚུལ་གཞན་དང་འགལ་བ་མ་ཡིན་ནོ། །དེར་ནི་དེ་ལྟར་མ་རྟོགས་པའི་ཕྱིར་དེ་ལྟར་གསུངས་ཤིང་། འདིར་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བའི་སེམས་ཀྱི་སྤྱོད་པ་དེའི་རང་བཞིན་རྣམས་ཐམས་ཅད་དེ་ལྟར་ རྟོགས་པ་ལས་སངས་རྒྱས་ཉིད་ཀྱི་ཆེད་དུ་ཉེ་བར་སྟོན་ཏེ་ཇི་སྐད་དུ་དཔལ་འདུས་པར་གསུངས་པ། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཇི་ལྟར་འདོད་པར་བསྟེན་པ་ཡིས། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །རང་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྡུག་བསྔལ་ ངེས་རྣམས་ཀྱིས། །བསྟེན་པས་འགྲུབ་པར་མི་འགྱུར་ཏེ། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །བསྟེན་པས་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །དཀའ་ཐུབ་ནི་སྨྱུང་བར་གནས་པ་ལ་སོགས་པ་རྣམས་སོ། །སྡུག་བསྔལ་ངེས་པ་ནི་ནས་ཙམ་གྱི་ཟས་ཟ་བ་ལ་ སོགས་པ་རྣམས་སོ། །དེ་རྣམས་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་ན། ཏིང་ངེ་འཛིན་གྱི་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། སྡུག་བསྔལ་ལས་ནི་སེམས་གཡེངས་བྱེད། །གཡེངས་པས་བྱང་ཆུབ་གཞན་དུ་འགྱུར། །ཞེས་པའི་རིགས་པ་ལས་དང་། འདོད་པ་ཀུན་ལ་བསྟེན་པ་ དེ། །ལུས་སོགས་བདེ་བར་གནས་པ་ཡིས། །བྱང་ཆུབ་འཐོབ་ཅིང་བདེ་གྱུར་པའི། །སེམས་ནི་མཉམ་པར་འཇོག་པར་བྱེད། །ཅེས་པའི་རིགས་པ་ལས་སོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀའ་བའི་སྤྱོད་པ་སྤྱད་ཅེས་བརྗོད་པར་བྱ་བ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་པ་ཁོ་ནར་གྱུར་པ་རྣམས་འདོད་པ་ཐམས་ཅད་ཉེ་བར་སྤྱོད་པས་སངས་རྒྱས་ཉིད་ལྷག་པར་རྟོགས་ཀྱི། དཀའ་བ་སྤྱོད་པས་ནི་མ་ཡིན་ཞིང་དེ་སྤྱད་ནས་ཀྱང་མཐར་ཐུག་པ་ན་སྔགས་ཀྱི་སྤྱད་པ་སྤྱོད་པ་ཁོ་ན་ལས་དེ་ རྣམས་ཀྱང་འགྲུབ་པའི་ཕྱིར་རོ། །གང་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔར་གྱུར་པའི་བཅོམ་ལྡན་འདས་ཀྱིས་དཀའ་བའི་སྤྱོད་པ་སྤྱད་པ་དེ་ནི་གདུལ་བྱ་གཞུག་པའི་དོན་དུ་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཁོ་ནའོ། །དེ་ལྟ་ན་ཡང་དེ་ལ་གུས་པ་བཟློག་པའི་དོན་དུ་མཐར་ བདེ་བའི་སྤྱོད་པ་ཁོ་ན་སྟེ། དེ་ལྟར་འོ་མ་གྱ་ནོམ་པའི་ཟས་ཉེ་བར་ལོངས་སྤྱད་པ་ལས་ཀྱང་རྫོགས་པར་བྱང་ཆུབ་པ་བསྟན་ཏོ་ཞེས་པ་རྒྱ་ཆེ་བས་མཆོག་གོ། །ཁམས་གསུམ་པ་ཞེས་པ་ཁམས་གསུམ་རྣམས་ནི་དམན་པ་དང་བར་མ་དང་མཆོག་རྣམས་ཡིན་ལ་དེ་ཀུན་བསྡུས་པ་ སྟེ་རང་གི་དོན་ལ་ཨ་ཎའོ། །རྣམ་པ་གསུམ་ཉིད་ནི་མཆོག་ལ་མངོན་པར་ཞེན་པ་བསལ་བའི་དོན་དུ་གསུངས་སོ། །གང་འདུས་པར་གསུངས་པ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པའི་བདག་ཉིད་མཆོད་པར་བྱ། །ཇི་སྲིད་དུ། རེག་ལ་རྣམ་ གསུམ་ཤེས་བྱས་ནས། །རང་གི་རིགས་ལ་དབུལ་བར་བྱ། །ཞེས་པའི་བར་དུའོ། །མཆོད་པའི་བདག་ཉིད་ནི་རང་གི་སེམས་ལས་ཐ་མི་དད་པའོ་ཞེས་གཟུགས་ལ་ལྟ་བའོ། །རང་གི་རིགས་ལས་ཞེས་པ་ཉེ་བར་མཚོན་པ་སྟེ། ལྷ་རྣམས་ཐམས་ཅད་ལའོ། །སྤྲུལ་ པ་ནི་ངེས་པར་དཔྱད་ནས་གཞལ་བ་སྟེ། ཡོངས་སུ་དཔྱད་ཅིང་ངེས་པར་བྱས་ཞེས་པའི་དོན་ཏོ། །དབང་ཕྱུག་གིས་བཞིན་དུ་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་འགྲོ་བའི་བྱེད་པ་པོ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ཡང་ན་བྱང་ཆུབ་སེམས་ཀྱི་བདག་ཉིད་ སྒྲུབ་པར་བྱེད་པ་པོའི་རང་གི་ངོ་བོ་རྡོ་རྗེ་སེམས་དཔའ་སྟེ། དེས་སྤྲུལ་པ་སྟེ་ངེས་པའོ། །རྡོ་རྗེ་སེམས་དཔའི་ངོ་བོའི་རྣལ་འབྱོར་པས་ནི་རང་བཞིན་མེད་པ་ཉིད་ཀྱིས་ཕན་ཚུན་དབྱེར་མེད་པའི་ཕྱིར་རྡོ་རྗེ་སེམས་དཔའི་ངོ་བོར་གཟུགས་ལ་སོགས་པ་རྣམས་རྣམ་པར་ཤེས་ ནས་དེ་ལྟ་ཁོ་ནར་དགའ་བ་ཉམས་སུ་མྱོང་ངོ་། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གང་གསུངས་པ། འདི་ལ་སྐྱེ་བ་ཅི་ཡང་མེད། །འགའ་ཞིག་གིས་ནི་འཆི་བ་འང་མེད། །སེམས་ཀྱི་ཚུལ་གྱིས་རྣམ་པར་གནས། །འཁོར་བ་ཁོ་ནར་ཤེས་པར་བྱ། །ཞེས་སོ། །འཕགས་ པའི་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། ཀུན་རྫོབ་བདེན་པ་གང་གསུངས་པ། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །རང་བྱིན་བརླབ་པར་དེ་བརྗོད་དོ། །ལུས་དང་ལོངས་སྤྱོད་རབ་གནས་དང་། །ས་དང་ཕ་རོལ་ཕྱིན་ལ་སོགས། ། སངས་རྒྱས་རྫུ་འཕྲུལ་རྣམ་འཕྲུལ་སོགས། །ཐམས་ཅད་སྒྱུ་མའི་གཡོ་བ་ཡིན། །ཞེས་སོ། །མི་འདུད་ཅེས་པ། ཐ་དད་དུ་མངོན་པར་ཞེན་པས་ཏིང་ངེ་འཛིན་འཇིག་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདུས་པར། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། དེ་བཞིན་རང་རྒྱལ་ཉན་ཐོས་རྣམས། །ལུས་དང་ངག་སེམས་སྦྱོར་རྣམས་ཀྱིས། །ཕྱག་འཚལ་བསམ་པ་ཐོབ་པའོ། །ཞེས་སོ། །འདིའི་ཕྱག་འཚལ་བ་ནི་འཕགས་པ་ཤཱཀྱ་བཤེས་གཉེན་གྱིས་དགོངས་པ་བླ་ན་མེད་པར་གསུངས་པ། ཇི་ལྟར་ཆུ་ལ་ཆུ་གཞག་དང་། ། ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །མཐོང་བ་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །རང་གི་བ་ནི་རང་ལས་ཐ་མི་དད་པ་སྟེ་ཕྱག་འོས་པའི་ངོ་བོའོ། །རྡོ་རྗེ་སེམས་དཔའི་བསམ་གཏན་ཁོ་ན་འདིའི་དེ་ལ་ཕྱག་གོ། །ཕྱག་རྒྱ་ཆེན་པོ་གྲུབ་ པ་རྣམས་ཕྱག་འོས་པ་ཁོ་ན་ཡིན་གྱི། ཉན་ཐོས་ལ་སོགས་པ་རྣམས་མ་ཡིན་ནོ། །ལུགས་མ་ནི་གསེར་ལ་སོགས་པ་བླུགས་པའི་སྐུ་གཟུགས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །དེ་གསུངས་པ། ཐམས་ཅད་དངོས་པོའི་ རང་བཞིན་བདག །རང་གི་སྣང་བའི་ལམ་འོངས་པའི། །གཟུགས་ལ་སོགས་པ་ཡུལ་ཀུན་གྱིས། །རང་ཉིད་བདག་ཉིད་རབ་མཆོད་བྱ། །སླར་ཡང་། ཐམས་ཅད་དངོས་པོའི་རང་བཞིན་བདག །དེ་ལས་གཟུགས་སོགས་ཐམས་ཅད་ཀྱིས། །རྣལ་འབྱོར་པ་ཡིས་བདག་ ཉིད་མཆོད། །རང་བཞིན་མེད་པའི་དབང་ལས་སོ། །ཞེས་སོ། །འཕགས་པས་ཀྱང་། རྡོ་རྗེ་སེམས་དཔའ་རང་དེའི་ཕྱིར། །རང་ཉིད་མཆོད་པ་རབ་འཇུག་བྱ། །ཞེས་སོ། །དཀྱིལ་འཁོར་ཞེས་པ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་འགྲུབ་པར་བྱེད་པ་ཁོ་ན་ འདིའི་དཀྱིལ་འཁོར་ལ་སོགས་པའི་ལས་ཏེ། གཞན་གྱི་དོགས་པ་ཅི་ཡང་མེད་དོ། །གཞན་ནི་ཞི་བ་ལ་སོགས་པ་རྣམས་སོ། །ཆོས་ཀྱི་བདུད་རྩི་ནི་བྱང་ཆུབ་སེམས་སོ། །དེ་ལྟར་དཀྱིལ་འཁོར་ལ་སོགས་པའི་རྟོག་པ་རྣམས་དང་དམ་ཚིག་རྣམས་ལ་ཕྱི་རོལ་འཇིག་ རྟེན་པའི་རྣམ་པར་རྟོག་པ་རྣམས་བྲལ་བ་ལས་འབྲས་བུ་གསུངས་པ། མི་རྟོག་ཅེས་པ་ལ་སོགས་པའོ། །དོགས་པ་སྤངས་པ་ནི་བྱང་ཆུབ་ཀྱི་སེམས་དམ་ཚིག་བསྟེན་པའི་གྲོགས་ཅན་ཁོ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུའོ་ཞེས་ངེས་པ་དང་ལྡན་པའོ། །ཐུགས་ཀྱི་རྡོ་རྗེའི་ གསུང་ནི་རྡོ་རྗེ་འཛིན་པའི་གསུང་སྟེ། རྣམ་པ་གཞན་དུ་མི་འགྱུར་བ། །ཐུབ་པའི་གསུང་ནི་ཡང་དག་པའོ། །ལྡོག་པས་རྒུད་པ་གསུངས་པ། དམྱལ་བ་ཞེས་པ་ལ་སོགས་པའོ། །རྣམ་རྟོག་ལས་ཏེ་བྱང་ཆུབ་སེམས་དང་དམ་ཚིག་ལ་ཕྱིན་ཅི་ལོག་དང་ཐེ་ཚོམ་གྱི་བདག་ཉིད་ལས་ སོ། །ཇི་སྲིད་དུ་དངོས་གྲུབ་སྒྲུབ་པར་བྱེད་པ་ལྟ་ཞོག་གི། །བཅོམ་ལྡན་འདས་ཀྱི་གསུང་ལ་བརྙས་པ་ནི་དམྱལ་བར་ལྟུང་ངོ་། །རྟོག་པ་ལས་གྲོལ་བ་ནི་ཇི་སྐད་བཤད་པའི་སྒྲུབ་པ་ལས་སངས་རྒྱས་ཉིད་སྒྲིབ་པ་གཉིས་དང་བྲལ་བ་ཐོབ་པོ། །དེ་ལྟར་བསྒྲུབ་པ་ལ་སྤྲོ་བར་བྱས་ ནས་ངེས་པར་སྦྱོར་ཏེ། དེ་ཕྱིར་ཞེས་པ་ལ་སོགས་པའོ། །སྔགས་ནི་བྱང་ཆུབ་སེམས་ཇི་སྐད་བསྟན་པའོ། །དངོས་པོ་ཀུན་ལའང་སྟེ། དམ་ཚིག་རྣམས་འབའ་ཞིག་པར་མ་ཟད་པའོ། །དངོས་ཀུན་ལས་འདས་ཞེས་ཀློག་པ་ལ་ནི་སེམས་ཅན་མཆོག་གི་དངོས་པོ་རྣམས་ ཀུན་ལས་འདས་པའི་དམ་ཚིག་རྣམས་ལ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལ་གོམས་པ་ཁོ་ན་གུས་པ་དང་བཅས་པར་བྱ་སྟེ། དེ་ཁོ་ནས་ཐམས་ཅད་ལ་ཆགས་པ་སེལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བལྟ་ཞེས་པ་ལ་སོགས་པའོ། །གཞན་ ཡང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྫས་རྣམས་ཆོས་ཀྱི་སྐུའི་བདག་ཉིད་རང་གི་ལུས་ཀྱི་ནང་དུ་འདུས་པའི་ཕྱིར་དེའི་གཞི་ཡང་འཐད་དོ། །དེ་གསུངས་པ། ཆོས་རྣམས་ཐམས་ཅད་སྟོང་ཉིད་ དུ། །རོ་གཅིག་རྫོགས་སངས་རྒྱས་ཀྱིས་བསྟན། །དེ་ཡི་རོ་མྱོང་ངོ་བོ་ཉིད། །རང་ཉིད་ཁོ་ན་དེ་ཚེ་གནས། །ཞེས་སོ། །དམ་ཚིག་གསུངས་པ། ཁྱི་ཞེས་པ་ལ་སོགས་པ་སྟེ། འགོང་བར་བྱ་བ་མ་ཡིན་པ་ཉིད་ཀྱིས་ན་དམ་ཚིག་སྟེ། བདུད་རྩི་ལྔ་རྣམས་དང་སྒྲོན་མ་ ལྔ་རྣམས་སོ། །དེའི་ཞར་ལ་བྱུང་བའི་ཕྱིར་དེ་ལས་གཞན་རྣམས་ཀྱང་ངོ་། །བལྟ་ཆེད་ཅེས་པ་དེ་དང་དེ་ལ་འདོད་པ་བསལ་བའི་དོན་དུའོ། །ཇི་སྲིད་དུ་ཉེ་བར་ལོངས་མི་སྤྱོད་པ་དེ་ལ་མངོན་པར་འདོད་ཀྱི། ལོངས་སྤྱོད་པ་ན་ཕལ་ཆེར་རྣམས་མ་ཡིན་ནོ། ། སྲོག་ཆགས་ཅན་ནི་ཤི་བ་རྣམས་ཁོ་ན་སྟེ། འཚོ་བ་རྣམས་ཀྱིས་ཤིག་ཤིག་བཞིན་པ་གང་འདྲ་བ་དེ་ཕྱིས་རང་ཉིད་ཤི་བ་རྣམས་དང་ལྷན་ཅིག་ཅེས་པའི་དོན་ཏོ། །སྐྱུག་བྲོ་བ་ཡོངས་སུ་སྤང་བའི་དོན་དུ་འདི་ལྟར་སྐྱུག་བྲོའི་ཡན་ལག་གཞན་ཡང་གསུངས་པའོ། །རྡོ་རྗེའི་ཆུ་ནི་ལྕི་ བའོ། །རྡོ་རྗེའི་ཆུ་ནི་ཆང་སྟེ། རྡོ་རྗེ་སྟེ་རྣལ་འབྱོར་བ་རྣམས་ཀྱི་བཏུང་བྱ་ཉིད་ཀྱི་ཕྱིར་རོ། །ཤ་ཡི་གཟུགས་སུ་རྣམ་བཏགས་པ། །ཞེས་པ་ཤས་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར། བདུད་རྩི་ལྔ་དང་སྒྲོན་མ་ལྔའི་བདག་ཉིད་དུ་མོས་པར་བྱས་ནས་གཞན་བཟའ་བར་བྱའོ། །འོ་ན་ འཇིག་རྟེན་དུ་སྤངས་པའི་དམ་ཚིག་ལ་སོགས་པ་རྣམས་ཅི་ལྟར་འདིར་བསྒྲུབ་པར་བྱ་བ་ཡིན་ཞེ་ན། སེམས་ཀྱི་ཁྱད་པར་ལས་སོ་ཞེས་གསུངས་པ། གང་རྣམས་ཞེས་པ་ལ་སོགས་པའོ། །དེ་ཉིད་དབང་པོ་ནི་དེ་ཁོ་ན་ཉིད་ལ་ངེས་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདི་ལ་ཕྱི་ རོལ་འཇིག་རྟེན་པའི་ལོག་པའི་རྟོག་པས་ཅི་བྱ། བགྲོད་མིན་ནི་མ་ལ་སོགས་པ་རྣམས་སོ། །བྱ་མིན་ནི་ཡན་ལག་གཡོ་བ་ལ་སོགས་པ་རྣམས་སོ། །བཏུང་བྱ་མིན་ནི་ལྕི་བ་དང་ཆང་ལ་སོགས་པའོ། །གཅིག་གི་རྣམ་པའི་ངོ་བོར་ཞེས་པ་ཇི་ལྟར་རྣལ་འབྱོར་པ་རང་ཉིད་ཁ་དོག་དང་ དབྱིབས་སྣ་ཚོགས་པའི་བདག་ཉིད་ཅན་སྟོང་པ་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་རྡོ་རྗེ་ཡིན་པ་དེ་ལྟར་འགྲོ་བ་ཡང་ངོ་ཞེས་པའི་དོན་ཏོ། །དེ་ལྟར་སྒོམ་པ་ལ་མངོན་པར་དགའ་བ་རབ་ཏུ་རྒྱས་པར་སྟོན་པར་མི་བྱ་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་བཤད་པའི་བྱང་ཆུབ་སེམས་ བསྒོམ་པ་ཁོ་ན་ལས་མངོན་པར་འདོད་པ་འགྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། ཀཽ་ཤི་ཀ་རིག་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཐོབ་བོ། །དེས་ན་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། རིག་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི། གང་མ་ཐོབ་པའམ་མ་ཤེས་པའམ་མངོན་སུམ་དུ་མ་བྱས་པ་ཅི་ཡང་མེད་དོ་ཞེས་སོ། །སྔགས་ཀྱང་བཟླས་པ་མིན་ཞེས་པ་རྩོལ་བ་མེད་པ་ཁོ་ནར་རྡོ་རྗེ་བཟླས་པ་རྟག་ཏུ་འཇུག་པའི་ཕྱིར་སྔགས་བཟླས་པ་གཞན་ གྱིས་ཅི་བྱ། སྒོམ་པ་ལ་མངོན་པར་མི་དགའ་བ་རྣམས་ལ་ནི་རྣམ་པར་གཡེང་བ་གཞན་འཇུག་པ་ན་འདི་ཐམས་ཅད་བསྔགས་པ་སྟེ་མངོན་པར་མ་ཞེན་པ་ལས་སོ། །རྒྱུད་སློབ་དཔོན་མེད་པ་ཅན་དུ་མ་གྱུར་ཅིག་ཅེས་འགལ་བར་བརྗོད་པས་སྡོམ་པ་གསུངས་པ། སྨྲ་བར་བྱ་ཞེས་ པ་ལ་སོགས་པའོ། །གདུག་ལ་སྟེ་ཐོག་མ་མེད་པའི་མ་རིག་པས་སྒྲོ་བཏགས་པའི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རང་བཞིན་ལའོ། །གང་ཕྱིར་བྱམས་པ་མིན་པ་དེའི་ཕྱིར་སངས་རྒྱས་དང་སེམས་ཅན་རྣམས་གསད་པར་བྱའོ། །འདི་གསུམ་གྱིས་ནི་མ་བྱིན་པར་ ལེན་པ་ཉེ་བར་མཚོན་པའོ། །དེ་སྐད་དུ་ཡང་བརྟག་པ་གཉིས་པར་གསུངས་པ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང་། །ཕ་རོལ་བུད་མེད་བསྟེན་པར་བྱ། །ཞེས་སོ། །འདི་ལྟར་ནི་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཆེན་པོའི་མཐར་ཐུག་པའི་སེམས་ཅན་གྱི་ཁྱམས་སྟོང་པ་ཉིད་ཀྱིས་རང་བཞིན་མེད་པར་བྱེད་པའི་ཕྱིར་སྲོག་ཆགས་ཐམས་ཅད་གསོད་པ་ལ་དགོངས་ནས་གསོད་པ་གསུངས་སོ། །བདག་ཉིད་མི་དམིགས་པ་ན་གཞན་མེད་པའི་ ཕྱིར་གཞན་གྱི་ནོར་ཡང་ཉེ་བར་མི་དམིགས་སོ་ཞེས་དགོངས་ནས་གཞན་གྱི་ནོར་འཕྲོག་པའོ། །ཕ་རོལ་ཏེ་མཆོག་ཏུ་གྱུར་པའི་བུད་མེད་ནི་བཅོམ་ལྡན་མ་ཤེས་རབ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་མོ་མིང་གཞན་ཕྱག་རྒྱ་ཆེན་མོ་སྟེ། དེ་དང་ལྷན་ཅིག་རོ་གཅིག་ཏུ་ འགྱུར་བ་ལ་དགོངས་ནས་ཕ་རོལ་བུད་མེད་བསྟེན་པའོ། །དངོས་པོ་ཐམས་ཅད་མི་དམིགས་པ་ན་དེ་རྗོད་པར་བྱེད་པ་རྣམས་ཀྱང་བརྫུན་པའི་དོན་ཅན་ནོ་ཞེས་དགོངས་ནས་ཐམས་ཅད་རྫུན་དུ་སྨྲ་བར་བྱའོ། །ཇི་སྐད་དུ། ཐེག་པ་གསུམ་ཀ་ལ་གསུངས་ པ། །མ་དང་ཕ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ནས། །མི་ནི་དག་པའོ་ཞེས་པར་བརྗོད། །ཅེས་སོ། །མ་ནི་སྲེད་པའོ། །ཕ་ནི་ལས་ཀྱི་སྲིད་པའོ། །རྒྱལ་པོ་ནི་ཟག་པ་དང་བཅས་པའི་སེམས་སོ། །གཙང་ སྦྲ་ཅན་དག་ནི་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཡུལ་འཁོར་ནི་དབང་པོའི་ཚོགས་ཏེ། འཁོར་ནི་ཡུལ་རྣམས་སོ་ཞེས་པ་སྟེ་དེ་ལྟར་གཞན་དུ་ཡང་སྟོན་པའི་དགོངས་པའི་དོན་སྟོན་པར་དགོངས་པ་ཇི་ལྟར་རིགས་པར་རྟོགས་ པར་བྱའོ། །གང་རྣམས་ཇི་སྐད་བཤད་པའི་དམ་པའི་ཆོས་ཀྱི་དོན་མི་ཤེས་པ་རྣམས་དམ་ཚིག་དང་སྡོམ་པ་ལ་སོགས་པའི་སྒྲ་དམིགས་ནས་དགེ་བ་ལྷག་པ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་བདག་ཅག་རྣལ་འབྱོར་པ་རྣམས་ལ་རྗེས་ སུ་གནང་ངོ་ཞེས་གསངས་མཐོན་པོར་སྒྲོ་འདོགས་ཤིང་འདོད་ཆགས་ལ་སོགས་པས་སེམས་རྒྱུད་དབང་དུ་བྱས་པ་ཉིད་ཀྱིས་མི་དགེ་བ་ཡང་བྱེད་པ་དེ་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་སླུ་བའི་ཕྱིར་ཏེ་མཆོག་ཏུ་དམ་ཚིག་ཉམས་པའོ་ཞེས་པས་མནར་མེད་པ་ཁོ་ནར་ ངེས་པར་གནས་པའོ། །གང་ཡང་མཚམས་མེད་པ་ལྔ་ལ་སོགས་པ་བྱེད་པ་རྣམས་སྐལ་བ་དང་ལྡན་པ་ཉིད་དུ་གསུངས་པ་དེ་ནི་དེ་རྣམས་དེ་ཁོ་ན་ཉིད་ལ་གཞུག་པའི་དོན་དུ་སྟེ། ཇི་སྐད་དུ། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་ པ་དང་། །སེམས་ཅན་མཚམས་མེད་བྱེད་པ་དང་། །གང་ཞིག་སྡིག་པ་ཆེ་བྱས་དང་། །སེམས་ཅན་སྲོག་གཅོད་བྱེད་པ་རྣམས། །དེ་ཡང་བསམ་པས་འགྲུབ་པར་འགྱུར། །ཞེས་སོ། །དེ་རྣམས་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་བགྲོད་བྱ་མིན་པ་ལ་བགྲོད་པ་ལ་ སོགས་པ་ལ་རང་ཉིད་ཞུགས་ཟིན་པ་དང་ཕྱིར་བཅོས་སུ་མེད་པར་འཇུག་པ་རྣམས། ཅི་ཞིག་ལྟར་རྣམ་པ་དེ་ལྟ་བུ་ཐོས་པ་ལས་དེ་རྣམས་འདི་ལ་སྐལ་བ་དང་ལྡན་པའོ་ཞེས་བསམས་ནས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་ ལ་བརྟེན་ཏེ། དེ་གོམས་པ་ལས་སྡིག་པ་མཐའ་དག་སྤངས་ནས་རྡོ་རྗེ་འཛིན་པ་ཉིད་མངོན་དུ་བྱེད་པར་འགྱུར་རོ་ཞེས་པའོ། །དེ་ཡང་ཞེས་པའི་ཡང་གི་སྒྲ་ལས་བསོད་ནམས་བྱེད་པ་རྣམས་ཤིན་ཏུ་ཡང་འགྲུབ་པ་ཁོ་ནའོ་ཞེས་གྲུབ་བོ། །དེ་གསུངས་པ། དགེ་བ་བཅུ་ལ་གོམས་ པ་དང་། །བླ་མ་ལ་གུས་དབང་པོ་ཐུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །རེ་ཞིག་དེ་ནི་ངེས་པར་འགྲུབ། །ཅེས་སོ། །ལས་དང་འབྲས་བུ་ལ་ཡིད་ཆེས་པ་བསྟན་པ་རྣམས་ཁོ་ན་འདི་ལ་དབང་དུ་བྱས་ཀྱི། འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་སྐུར་བ་འདེབས་པ་གཞན་རྣམས་ ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཕྱག་མི་འཚལ་བཞིན་པ་ཡང་བླ་མ་ལ་ཕྱག་འཚལ་བ་ལ་སོགས་པས་བསྙེན་བཀུར་བྱའི་བརྙས་པར་མི་བྱའོ་ཞེས་བསྟོད་པ་གསུངས་པ། རྒྱལ་བ་ཞེས་པ་ལ་སོགས་པའོ། །གང་སོ་སོར་སྣང་བའི་རྡོ་རྗེ་འབྱུང་བར་གསུངས་ པ། མི་ཤེས་རབ་རིབ་ཀྱིས་ལོང་རྣམས། །ཡེ་ཤེས་སྤྱན་གྱིས་རྣམ་སྦྱོང་བ། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་འདུན་བླ་མ་ཕ། །ཆོས་ཀྱི་སྦྱིན་བདག་གཙོ་བོ་སྟེ། །ཡིད་བཞིན་ནོར་བུ་བླ་ན་མེད། །ཅེས་སོ། །འོ་ན་སེམས་ཀྱི་སྤྱོད་པ་རྣམས་ཐམས་ཅད་ཡོངས་སུ་དག་ པ་ཉིད་ན་བླ་མ་ལ་བརྙས་པ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ལྟར་མ་རྟོགས་པ་ལས་སྐྱོན་ཁོ་ནའོ། །རྣམ་པ་དེ་ལྟ་བུའི་དེ་ཁོ་ན་ཉིད་ཀྱི་རོ་མྱོང་བ་ནི་བླ་མ་ལ་བརྙས་པ་མི་བྱེད་དེ། ཡིད་ཆེས་པ་ལྷན་ཅིག་ལྷག་པ་ཐོབ་པས་ཤིན་ཏུ་རབ་ཏུ་དང་བའི་ཕྱིར་རོ། །མ་རྟོགས་པས་ནི་བརྙས་པར་ བྱེད་དེ། དེ་ལྟར་ན་ནི་སྐྱོན་ཁོ་ནའོ། །འདི་ནི་ལྟུང་བ་གཞན་རྣམས་ཉེ་བར་མཚོན་པ་ཡང་སྟེ། དེ་རྣམས་ཀྱང་དེ་ཁོ་ན་ཉིད་ལ་ཡིད་མ་ཆེས་པ་ལས་བྱུང་བ་ཁོ་ནའོ། །རྒྱལ་བས་མཆོད་པ་ཞེས་པ། རྡོ་རྗེ་འཛིན་པའི་ངོ་བོར་གནས་པའི་སློབ་དཔོན་ནི་རྒྱལ་བ་སྤྲུལ་པའི་སྐུར་གནས་ པ་རྣམས་ཀྱིས་བསྟོད་པ་ལ་སོགས་པ་མཛད་དེ། རྡོ་རྗེ་འཛིན་པའི་དངོས་པོར་གནས་པ་རྣམས་ཀྱིས་མ་ཡིན་ནོ། །སློབ་དཔོན་ནི་བླ་མའོ། །ཡེ་ཤེས་དམ་ཚིག་ཅེས་པ། ཡེ་ཤེས་ཏེ་བྱང་ཆུབ་སེམས་ཡང་དག་པར་རྟོགས་སོ་ཞེས་བྱས་ནས་སོ། །དེ་ནི་དེ་ཁོ་ ན་ཉིད་མངོན་དུ་བྱེད་པའི་གནས་སྐབས་སུ་དང་ལྷག་པར་མོས་པའི་གནས་སྐབས་མིང་གཞན་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་ཡང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་དུ་བསྟན་ཏོ། །ཇི་སྐད་དུ། དཔལ་འདུས་པར་གསུངས་པ། ཀྱེ་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་འདུས་པར་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཅི་ལྟར་ བལྟ་བར་བགྱི། བཀའ་སྩལ་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཁོ་ནར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་སློབ་དཔོན་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཇི་སྲིད་དུ་མདོར་བསྡུས་པས་ངེད་ཀྱིས་བཤད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ རྣམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་བཞུགས་པ་དེ་རྣམས་ཐམས་ཅད་དུས་གསུམ་དུ་བྱས་ནས་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སངས་རྒྱས་ཀྱི་ཞིང་དེ་དང་དེར་འགྲོ་བར་བྱ་བར་ སེམས་ཤིང་། གསུང་རྡོ་རྗེ་ཡང་འདི་སྐད་དུ་འབྱིན་ཏེ། བདག་ཅག་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཕའོ་མའོ་བྱས་ནས། ཇི་སྲིད་དུ་བདག་ཅག་རྣམས་ཀྱི་སྟོན་པའོ་ཞེས་པའི་བར་དུའོ། །འདི་ལྟ་སྟེ་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ ཕྱོགས་བཅུ་ན་བཞུགས་པ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ནི་སློབ་དཔོན་གྱི་བ་སྤུའི་བུ་གའི་རྩེ་མོ་ལས་ཀྱང་ཁྱད་པར་འཕགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ་ནས་ཇི་སྲིད་དུ་ཐམས་ཅད་མཁྱེན་པའི་འབྱུང་གནས་ཀྱི་བར་དུའོ་ཞེས་སོ། །མ་གཟིགས་ཞེས་པ་བ་སྤུའི་ཁུང་བུ་གཅིག་ལ་མཐར་ཐུག་པ་མེད་པའི་སངས་རྒྱས་སྤྲོ་བས་འདིའི་བསོད་ནམས་མང་བ་ཉིད་ཀྱི་ཕྱིར་རོ། །འདི་ཐམས་ ཅད་ནི་སློབ་མ་ལ་སློབ་པ་ལ་དགོངས་པས་གསུངས་པའོ། །རང་གི་དམ་ཚིག་སངས་རྒྱས་རྣམས་ཞེས་པས་རང་གི་བཞིན་དུ་འདའ་བར་མི་བྱ་བའི་ཀུན་དུ་སྤྱོད་པ་ཤེས་པ་རྣམས་སོ། །གང་དེ་ལྟར་བླ་མ་དམ་པ་ལ་བསྙེན་བཀུར་མི་བྱེད་ཅིང་ཕྱིར་སྨོད་པར་བྱེད་པ་དེ་ རྣམས་ནི་ངེས་པར་མནར་མེད་པ་ཁོ་ནར་ལྟུང་ངོ་ཞེས་འགེགས་པ་ནི། མི་བྱ་ཞེས་པ་ལ་སོགས་པས་སོ། །བྱིན་པ་ནི་བླ་མ་རྣམས་ཀྱིས་སོ། །བླ་མ་རྣམས་ལ་བཞིན་དུ་གཞན་ལ་ཡང་ཕྱག་བྱ་བར་དོགས་པ་དེའི་ངོར་གསུངས་པ། མིན་ཞེས་པ་ལ་སོགས་པའོ། ། དེ་ལྟར་དམ་ཚིག་དང་སྡོམ་པ་ལ་སོགས་པ་གསུངས་ནས་སྤྱོད་པ་ཁོ་ན་ལ་ཤིན་ཏུ་སྤྲོ་བ་སྐྱེད་པ་གསུངས་པ། མིན་ཞེས་པ་ལ་སོགས་པའོ། །ལོངས་སྤྱོད་ནི་ལོངས་སྤྱད་བྱ་སྟེ་བུད་མེད་མཆོག་ལ་སོགས་པའོ། །རྒྱལ་སྲིད་ནི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དེ་རྡོ་རྗེ་འཛིན་པ་ཉིད་ དོ། །རབ་ཏུ་བཤད་པ་ནི་མཆོག་ཏུ་སྒྲོགས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཅུ་དགུ་པའོ།། །།སྤྱོད་པ་བསྒྲགས་ནས་དེ་ལ་གོམས་པ་རབ་ཏུ་གྱུར་པ་ཐོབ་པའི་རྣལ་འབྱོར་པའི་མཚན་ཉིད་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་རྣལ་འབྱོར་པ་ནི་ཕུལ་དུ་བྱུང་བ་དང་བཅས་པར་བྱང་ཆུབ་སེམས་རྡོ་རྗེའི་རྣལ་འབྱོར་དང་བཅས་པའོ། །བཞི་མདོ་ལ་སོགས་པ་ནི་བསྒོམ་པའི་གནས་སོ། །རྒྱུན་མི་འཆད་པར་རྣལ་འབྱོར་གཙོར་བྱེད་པ་ལ་སྤྱོད་པ་ནི་དབེན་པ་རྣམས་ཁོ་ནར་སྦྱར་ བར་བྱའོ་ཞེས་པ་དགོངས་པའོ། །ཤིང་གཅིག་ནི་གང་གི་གྲིབ་མ་ཤིང་གཞན་གྱིས་མི་གནོན་ཞིང་གང་གཞན་གྱིས་མི་གནོན་པའོ། །ཚངས་པ་མོ་དང་ཁྱབ་འཇུག་མ་དང་། དྲག་མོ་དང་དབང་མོ་དང་ལུས་ངན་མོ་དང་ཕག་མོ་དང་རྒན་བྱད་མ་ཞེས་པ་མ་མོ་བདུན་རྣམས་གཞན་མུ་སྟེགས་ཀྱི་ལྷ་ རྣམས་ཏེ། དེ་རྣམས་ཀྱི་ཁྱིམ་ནི་མ་མོའི་ཁྱིམ་མོ། །སྤྱོད་པ་བབ་ཅོལ་ཁོ་ནར་བྱ་བ་མ་ཡིན་པར་གསུངས་པ། ཅུང་ཟད་ཅེས་པ་ལ་སོགས་པའོ། །དྲོད་ནི་རྣལ་འབྱོར་གྱི་མཐུ་སྟེ། གང་ལས་འདི་རྣལ་འབྱོར་ལ་དགའ་བས་རབ་ཏུ་མགུ་བར་འགྱུར་བ་དང་། ཀླགས་ འཚོལ་བ་རྣམས་ཀྱིས་ཀྱང་འདི་ལ་མི་བཟོད་པ་དང་། ཚར་གཅོད་པ་དང་རྗེས་སུ་འཛིན་པར་ནུས་པར་འདི་རྣམས་འགྱུར་བ་དང་གྲང་བ་དང་རླུང་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའོ། །དེའི་ཚེ་ཡང་གལ་ཏེ་འདོད་ན་སྟེ། མི་འདོད་པས་ཀྱང་སྤྱོད་པ་བྱ་བ་ནི་མ་ ཡིན་ནོ། །དེ་ཅིས་མི་འདོད་པས་བྱ་བ་མ་ཡིན་ཞེ་ན་གསུངས་པ། བདག་ཉིད་ཅེས་པ་ལ་སོགས་པའོ། །རང་གི་ནུས་པ་ཡོངས་སུ་བཅད་པ་ལས་སྐྱེ་བ་འདི་ཁོ་ན་ལ་གདོན་མི་ཟ་བར་འབྱུང་བའི་དངོས་གྲུབ་སྒྲུབ་པའི་ཆེད་དུ་གལ་ཏེ་འབད་པ་དེའི་ཚེ་བྱིས་པ་ཉིད་དེ་ཆགས་པ་ ཐམས་ཅད་དང་བྲལ་བ་ལས་ཡོངས་སུ་འཛིན་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །འདི་ནི་དགོངས་པ་སྟེ། འདོད་པས་དུས་ཡོངས་སུ་སྨིན་པར་མཚོན་པར་བྱ་སྟེ། གཞོན་ནུ་མའི་འདོད་པ་ཁྱད་པར་ཅན་གྱི་དབང་ལས་སྐྱེས་པས་མངལ་འཛིན་པའི་དུས་ཡོངས་སུ་སྨིན་པ་ བཞིན་ནོ། །སྤྱོད་པ་འདི་མེད་པ་ནི་དངོས་གྲུབ་མ་ཡིན་ནོ་ཞེས་པའོ། །སེམས་ཅན་རྗེས་སུ་འཛིན་པ་ནི་འདིའི་སྒོམ་པ་ལས་བྱུང་བའི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་སོ། །སྤྲུལ་པའི་སྐུ་ལ་སོགས་པ་འགྲུབ་པའི་ཆེད་དུ་ངལ་མི་བསོ་བར་བསྒོམ་མོ་ཞེས་གསུངས་པ། བ་ སྤུ་ཞེས་པ་ལ་སོགས་པའོ། །བ་སྤུ་རྣམས་ཀྱི་ཁུང་བུ་དང་རྩེ་མོ་དང་སྦུབས་ཏེ། དེ་རྣམས་ལས་སྤྲོས་པའི་ཕྱོགས་རྣམས་སུ་དཀྱིལ་འཁོར་པ་དཔག་ཏུ་མེད་པ་སྣ་ཚོགས་པའི་ཁ་དོག་དང་དབྱིབས་དང་ཕྱག་དང་མཚོན་ཆ་ཅན་རྣམས་བསྒོམ་པར་བྱའོ། །འཇམ་པའི་རྡོ་རྗེ་ སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་འདིའི་ཡིན་པ་ཞེས་པས་རྡོ་རྗེ་འཛིན་པར་གྱུར་པའོ། །དོ་ཤལ་སོགས་རྣམས་ཀྱིས་དེ་འབྲས་བུ་ལ་སོགས་པས་སྤྲས་པ་རྣམ་པ་རྣམས་དང་ལྡན་པའོ། །བགོ་བ་ནི་གོས་ཏེ་སྟག་ལ་སོགས་པའི་པགས་པས་བྱའོ་ཞེས་པ་ལྷག་མའོ། །སྦྱིན་པར་ བྱ་སྟེ་ཤེས་རབ་ཀྱིས་རང་གི་ངང་གིས་སྟེར་བས་རང་ཉིད་ལའོ། །གྲུབ་པ་རྣམས་སུ་ནི་ས་གཞིའི་བཀོད་པ་འགྲུབ་པའི་དུས་སུ་གྲུབ་པ་རྣམས་སུའོ། །རི་ལ་སོགས་པ་རྣམས་སུ་སྟེ་ཡུན་རིང་བ་རྣམས་སུ་ཞེས་པའི་དོན་དུ། གདོད་ནས་གྲུབ་པ་ནི་ཡུན་རིང་པོ་ཅན་དུའོ། །སྐྱེ་ བའི་སྒྲིབ་པས་བསྒྲིབས་པའི་སྐྱེ་བོ་རྣམས་ཀྱི་སྒྲིབ་པ་ཀུན་ལས་གྲོལ་བ་ཉིད་རྒྱས་པར་སྟོན་ཏེ། མཐའ་དག་ཅེས་པ་ལ་སོགས་པའོ། །བསྒོས་པ་ནི་བག་ཆགས་ཏེ། འདི་ཐོག་མ་མེད་པའི་དུས་ཅན་ནི་སྤངས་པ་ལས་དང་ཕྱི་མའི་ས་བོན་མ་བཞག་པ་ལས་རྣམ་སྤངས་པའོ། ། འདི་ཡིས་ཏེ་རྣམ་པར་གྲོལ་བ་ཉིད་རྫོགས་པར་བྱེད་པ་ཉིད་ཀྱི་བདག་ཉིད་གཉིས་སུ་མེད་པས་སོ། །དགོས་པ་ཐམས་ཅད་ཁོ་ན་ཕྱོགས་ཏེ་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར་དང་སྐྱེ་བོ་མ་ལུས་པ་ལ་ཁྱབ་པའི་ཕྱིར་རོ། །དེ་རྣམས་ཇི་སྐད་བཤད་པས་ཟིལ་གྱིས་མནན་པ་ལས་ རྣལ་འབྱོར་པ་དགོས་པ་ཐམས་ཅད་ཀྱི་ཕྱོགས་ལས་རྣམ་པར་རྒྱལ་བའོ། །ཇི་སྐད་བཤད་དེ་སྤྲུལ་པ་མ་ལུས་པའི་འཁོར་ལོས་སྒྱུར་བའི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཁོ་ནར་རང་གི་བག་ཆགས་དང་བཅས་པའི་སྒྲོ་བཏགས་པ་བར་ཆད་རྣམས་ཐམས་ཅད་ཟིལ་གྱིས་མནན་ ནས་ཕྱོགས་བཅུར་སོན་པའི་སྐྱེ་བ་ཅན་རྣམས་ཀྱིའང་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་རྣམས་ཀྱིས་དེ་རྣམས་རྩད་འདོན་དུ་འཇུག་པ་དང་ཕན་པ་རྣམས་ཕུན་སུམ་ཚོགས་པར་བྱེད་དུ་འཇུག་པ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའོ་ཞེས་བརྗོད་པར་བྱའོ་ཞེས་པའོ། ། དེ་ལྟར་ཞེས་པ་དེ་ལྟར་ཕྱོགས་ལས་རྣམ་པར་རྒྱལ་བ་ཕུན་སུམ་ཚོགས་པར་བྱའོ་ཞེས་སོ། །མི་ཤིགས་པ་ནི་ནུས་པ་གཞོམ་དུ་མེད་པའོ། །རིག་པའི་ལྷ་མོ་ཞེས་པ་ཤེས་རབ་ཁོ་ན་རིག་མ་སྟེ་འདིར་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྐུ་རིག་པར་བྱེད་པའི་ཕྱིར་རོ། །ལྷ་ མོ་ཡང་སྟེ་བདེ་བ་མཐའ་དག་གི་གཞི་ཉིད་ཀྱི་ཕྱིར་རོ། །ཕྱག་རྒྱ་ཉེ་བར་ལོངས་སྤྱོད་པ་ན་ནི་འདོད་པ་ཐམས་ཅད་ཡང་དག་པར་ལོངས་སྤྱད་པ་ཡིན་ཏེ། གང་ཕྱིར་དེའི་གཟུགས་ལ་སོགས་པ་ལྟ་བ་ལ་སོགས་པ་ཁོ་ན་གཟུགས་ལ་སོགས་པ་འདོད་པ་རྣམས་ལོངས་སྤྱོད་ པ་མཆོག་ཡིན་པས་སོ། །དེ་སྐད་དུ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། བུད་མེད་བཟང་མོ་མཐོང་བས་བདེ། །གླུ་ནི་ཐོས་པས་བདེ་བ་མཆོག །དྲི་སྣོམ་པ་ནི་བདེ་བ་ཆེ། །སྐྱེ་གནས་རེག་ལས་བདེ་བ་ཆེ། །རོ་འདྲེན་པ་ཡི་སྦྱོར་བ་ ལ། །བདེ་བ་ཅི་ཡིས་ཟློག་པར་བྱེད། །ཅེས་སོ། །རིན་ཆེན་ཞེས་པ་དགའ་བའི་གནས་ཉིད་ཀྱི་ཕྱིར་རོ། །ལྕགས་ཀྱུ་དང་ཞགས་པ་དག་ནི་སྙིང་གའི་འོད་ཟེར་གྱི་རང་བཞིན་དག་གོ། །ཡོ་བྱད་ཀྱང་ཡིན་ལ་ཤེས་རབ་ཡོངས་སུ་ལོངས་སྤྱོད་པའི་ཡུལ་ཡང་སྟེ་ཟ་བ་ལ་ སོགས་པའོ། །གཙོ་བོའི་ཡུལ་ནི་ཤེས་རབ་ཁོ་ནའོ་ཞེས་པ་དགོངས་པའོ། །སྤྱོད་པ་ནི་བདག་ཉིད་གཏོང་བ་སྔོན་མ་ཅན་ནོ་ཞེས་གསུངས་པ། ལུས་ཀྱི་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཐམས་ཅད་མཉེས་པའི་ཆེད་དང་སེམས་ཅན་རྣམས་ཐམས་ཅད་ཀྱི་དོན་གྱི་ ཆེད་དུ་ལུས་བཏང་ནས་ཞེས་པའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སློང་བ་ཅི་རུང་རུང་ལ་ལུས་སྦྱིན་པར་བྱ་བ་མ་ཡིན་ནོ་ཞེས་པ་ལྷག་མའོ། །སེམས་ཅན་རྣམས་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་བཏང་བའི་ལུས་གཅིག་པུའི་ཆ་གང་ཡིན་པ་དེ་རྣམ་པར་སྤྱད་བཞིན་པ་ནི་ཆ་ མེད་པ་ཁོ་ནར་འགྱུར་ཏེ། སེམས་ཅན་རྣམས་མུར་ཐུག་པ་མེད་པའི་ཕྱིར་རོ་ཞེས་པ་དེས་སྐལ་བ་སྐལ་བ་མིན་དཔྱད་པས་སོ། །ཡང་ན་སྐལ་བ་ཞེས་པ་ལ་སོགས་པ་རུང་བ་ཉིད་དང་མི་རུང་བ་ཉིད་རྣམ་པར་དཔྱད་པ་དོར་ནས་ལྟོས་པ་མེད་པར་སྦྱིན་པའི་ཕྱིར་རོ། །བསླབ་ པ་ནི་ཉན་ཐོས་ལ་སོགས་པ་གཞན་རྣམས་ཀྱིས་སློབ་པར་བྱེད་པའོ། །དབང་བསྐུར་ནི་མངོན་པར་དབང་བསྐུར་བའོ། །ངོ་ཚའི་བྱ་བ་ནི་ཡན་ལག་གཡོགས་པ་ལ་སོགས་པ་སྟེ། གལ་ཏེ་དེ་ལྟར་འདིའི་བྱ་བ་རྣམས་དང་རྣམ་པར་རྟོག་པ་རྣམས་བཟློག་པར་བྱ་ན་ཅི་ལྟར་ འདིས་གནས་པར་བྱ་ཞེ་ན་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཐམས་ཅད་དངོས་པོའི་རང་བཞིན་གྱིས་ནི་ཤེས་རབ་མདོར་བསྟན་པའོ། །གཞན་གྱི་ངོར་བྱ་བ་དོར་བ་གསུངས་ཟིན་ཞིང་ད་ནི་བདག་ཉིད་ཀྱི་ངོར་གསུངས་པ། སྦྱིན་སྲེག་ཅེས་པ་ལ་ སོགས་པའོ། །འདིའི་ནང་གི་སྦྱིན་སྲེག་དང་རྣལ་འབྱོར་དག་ཉི་ཤུ་རྩ་གསུམ་པར་བཤད་པར་བྱ་སྟེ། མཆོད་སྦྱིན་དང་མཆོད་པ་དང་ཤེས་རབ་བསྟེན་པ་ཡང་ངོ་། །ལུས་ཀྱི་ལས་ཐམས་ཅད་ནི་དཀའ་ཐུབ་བོ། །ཇི་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོར་གསུངས་པ། གང་ཞིག་ལས་ནི་ཐམས་ཅད་ལ། །ཤེས་རབ་ཀྱིས་ནི་ངེས་སྦྱར་བྱ། །དེ་ཡང་སྟོང་ཉིད་གནས་ལ་སྦྱར། །སྦྱར་ནས་དེ་ནི་བདག་ཉིད་ཆེའི། །རྟོག་པ་མེད་པར་གོམས་པ་ཡིས། །རྟག་ཏུ་ལས་རྣམས་ཐམས་ཅད་ནི། །དོགས་པ་མེད་པར་སྤྱོད་བྱེད་པ། །དེ་ རྣམས་དེ་ཡི་དཀའ་ཐུབ་མཆོག །ཅེས་སོ། །སྔགས་ནི་བྱང་ཆུབ་སེམས་སོ། །བསམ་གཏན་ནི་བྱང་ཆུབ་སེམས་ལ་གོམས་པ་བརྟན་པ་ཉིད་དོ། །དེ་ལྟར་ན་ཡང་དག་དང་ཡིད་ཀྱི་ལས་ཐམས་ཅད་ནི་སྔགས་དང་བསམ་གཏན་ནོ། །དེའི་ཕྱིར་སྦྱིན་སྲེག་ལ་སོགས་ པ་གཞན་རྣམས་ཀྱིས་ཅི་བྱ། དམ་ཚིག་དང་སྡོམ་པར་མངོན་པར་ཞེན་པ་སྤང་བའི་དོན་དུ་གསུངས་པ་ནི། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་པ་སྟེ། གང་ཁོ་ན་བྱེད་པ་དེ་ཁོ་ན་ནི་འདིའི་དམ་ཚིག་གོ། །གང་ཁོ་ན་མི་བྱེད་པ་དེ་ཁོ་ན་ནི་འདིའི་སྡོམ་པའོ། །འཇིགས་ པ་སྤོང་བ་གསུངས་པ་བརྒྱ་བྱིན་ཞེས་པ་ལ་སོགས་པའོ། །དེ་སྐད་དུ་ཡང་འདུས་པ་ཕྱི་མར་གསུངས་པ། ཤེས་རབ་ཐབས་ལས་མཆོག་བྱུང་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལུས། །སྔགས་པས་རྣལ་འབྱོར་ལས་ངེས་ནས། །རྫོགས་པའི་རིམ་པའི་རྣལ་འབྱོར་ ལས། །ཐམས་ཅད་དག་པར་མོས་པ་ཡིས། །སྐྲག་པ་ཐམས་ཅད་དོར་བྱས་པ། །སྔགས་པས་སེང་གེ་བཞིན་དུ་སྤྱད། །དོགས་པ་མེད་པའི་སེམས་ཀྱིས་སོ། །ཞེས་སོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ལས་བྱུང་བར་ཕུང་པོ་ལ་སོགས་པ་ངེས་པ་ བྱས་ནས་འཇིགས་པ་སྤངས་པ་ཉིད་ཀྱིས་ན་དོགས་པ་མེད་པ་ཉིད་ཀྱིས་བརྟན་པ་ཉིད་སྟོན་ཏོ། །ཡང་འདིར་བརྟན་པ་མེད་ན་ཡང་ལུས་ལ་སོགས་པའི་བྱ་བ་རྣམས་ཐམས་ཅད་ཀྱང་ཡོངས་སུ་དག་པ་མ་ཡིན་ནོ་ཞེས་མངོན་པར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བར་མ་ ཆད་པར་གོམས་པ་ལས་བརྟན་པ་ན་འཇིགས་པ་ལ་སོགས་པ་རང་ཉིད་འཕྲལ་དུ་ཉམས་པར་འགྱུར་རོ་ཞེས་ཡིད་ཆེས་པ་ལ་ཤིན་ཏུ་བརྟན་པ་ལས་གོམས་པའི་དོན་དུ། བརྟག་པ་གཉིས་པར་གསུངས་པ། གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། ། མ་རིག་པ་དང་གདུག་སེམས་ཀྱིས། །དངོས་གྲུབ་འདོད་པས་དངོས་གྲུབ་ཆེད། །མཁས་པས་འབད་པས་གནས་མི་བྱ། །བསམ་གཏན་ཉོན་མོངས་འཇིག་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །དངོས་གྲུབ་དོན་དུ་ལྟད་མོས་ཀྱང་། །ཟླ་བ་ཕྱེད་དུ་ཡོངས་བརྟག་བྱ། །བསམ་ པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་དཔའ་ཡིས། །ཉིན་མོ་གཅིག་ཏུ་མ་ཆད་པར། །བསྒོམས་ནས་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཆེད། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །རིག་མ་ལན་ཅིག་གོམས་ བྱས་པས། །འཕྲལ་དུ་ཡིད་ཆེས་བྱེད་པ་ཅན། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་སོགས་འཚེ་བ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཕན་དང་མི་ཕན་འབྲས་འབྱུང་བར། །དེ་ལྟར་རྣམ་པར་སེམས་པ་ རྣམས། །རྣལ་འབྱོར་པ་དེ་སྐད་ཅིག་མ། །གཅིག་ཀྱང་ཅ་ཅོར་ཇི་ལྟར་གནས། །ཞེས་སོ། །ཟླ་བ་ཕྱེད་དུ་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པའི་རྣལ་འབྱོར་དག་གིས་ཏེ། བསམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ལས་མཉམ་པར་གཞག་པའི་རྣལ་འབྱོར་ཁོ་ ནས་མཐར་ཉིན་མོ་གཅིག་ཏུ་ཡང་བརྟག་པར་བྱ་སྟེ། འདིར་ཡིད་ཆེས་པའི་གདམས་ངག་གིས་ཅི་ཞིག །ཡོངས་སུ་རྟོག་བཞིན་པ་འདི་ནི་ཡུན་རིང་པོ་མི་ཐོགས་པར་རང་གི་ནུས་པ་སྟོན་པར་འགྱུར་རོ། །འཇིགས་ཞེས་པ་ལ་སོགས་པ་ཡིད་ཆེས་པའི་རྒྱུའོ། །ཕན་པ་འབྱུང་བ་ནི་ རྣལ་འབྱོར་འདི་ལས་སོ། །མི་ཕན་པ་འབྱུང་བ་ནི་འཇིག་རྟེན་གྱི་སྤྱོད་པ་ལས་སོ། །ཅ་ཅོར་ཏེ་འཇིག་རྟེན་སྤྱོད་པར་རོ། །བཏུང་བ་ལ་ཆགས་པ་བསལ་བའི་དོན་དུ་གསུངས་པ། སྙིང་རྗེ་ཞེས་པ་ལ་སོགས་པའོ། །སྙིང་རྗེ་ནི་སྟོང་པ་ཉིད་དང་རོ་གཅིག་པ་སྟེ་དེའི་འོ། །བཏུང་བ་ ནི་རོ་མྱོང་ན་ཉམས་སུ་མྱོང་བའོ། །དགའ་བ་དང་བཅས་པས་དེའི་རྣལ་འབྱོར་གྱིས་དེའི་རྣལ་འབྱོར་ལས་བྱུང་པའི་དགའ་བ་འཐུང་བ་ནི་རྣལ་འབྱོར་བཏུང་བའོ། །དག་བྱེད་ནི་དག་པ་སྟེ་ཡོངས་སུ་དག་པའི་བདེ་བའོ་ཞེས་པའི་དོན་ཏོ། །གང་ཞིག་ས་བཅུ་བརྙེས་པ་རྣམས་བཞིན་ དུ་རྒྱལ་ཚབ་ཀྱི་ཆེད་དུ་དེའི་བྱ་བ་འགའ་ཞིག་བྱེད་པའི་ཕྱིར་ན་བརྟུལ་ཞུགས་ཀྱི་སྤྱོད་པ་འདོད་པ་དེའི་ངོར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འདིའི་བརྟུལ་ཞུགས་ཇི་སྐད་དུ་རྡོ་རྗེ་མཁའ་འགྲོར་གསུངས་པ། གང་ཚེ་རྣམས་ནི་རྟོག་གྱུར་པས། །ལས་རྣམས་ཐམས་ ཅད་ཐབས་དང་བཅས། །དོགས་པ་མེད་པར་སྤྱོད་བྱེད་པ། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །ཅེས་སོ། །གང་གིས་ཏེ་གང་ཞིག་གིས་སོ། །གྲུབ་པའི་མཐར་ནི་རྣམ་པར་གཞག་པ་དེ་ཁོ་ན་ཉིད་དོ། །བཟང་བ་ནི་མི་རུས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདི་ནི་ཉེ་ བར་མཚོན་པ་སྟེ་འཁོར་ལོ་ཅན་ལ་སོགས་པ་རྣམས་ཀྱང་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བདུད་རྩི་བཅུ་ཕྱེད་ནི་བདུད་རྩི་ལྔའོ། །རྡོ་རྗེའི་རིགས་ནི་ཕྱག་རྒྱའི་མཆོག་གོ། །རྒྱས་པར་འགྱུར་ནི་སྦྱོར་བར་འགྱུར་ཏེ། དེའི་རིགས་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་དང་། གཞན་གྱིས་ དབྲོག་བྱ་མིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དགོངས་པའོ། །རང་འདོད་ལྷའི་རིགས་ནི་ཕྱག་རྒྱ་འབྲིང་པོའོ། །གཞན་གྱི་རིགས་བྱུང་ནི་ཐ་མའོ། །བྱང་ཆུབ་ས་བོན་ནི་བྱང་ཆུབ་སེམས་ཏེ། དེ་གཞག་པ་ནི་རྡོ་རྗེ་ཡང་དག་པར་ལྡན་པའི་པདྨའི་ཟེ་འབྲུའི་ནང་དུ་གནས་པའི་ཕྱིར་རོ། ། དེས་སྦྱངས་བྱས་པ་ནི་དེས་ལེགས་པར་བྱས་པས་དེ་ལ་མཁས་པར་བྱས་པའོ། །རྡོ་རྗེ་ལྡན་པ་ཞེས་པ་རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་ཏེ་དེ་དང་ལྡན་པ་དེ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའི་གླུ་ཞེས་པའི་དོན་ཏོ། །རྡོ་རྗེ་རྐང་པ་ནི་རྐང་པ་དག་གི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་གཡས་བརྐྱང་གི་ སྟབས་ལ་སོགས་པ་བཀོད་པའི་ཁྱད་པར་རྣམས་སོ། །འདིས་ནི་ལག་པ་དང་ལྟ་སྟངས་དང་གར་དང་ཕྱག་རྒྱ་རྣམས་ཀྱི་ཡན་ལག་གཞན་རྣམས་ཀྱང་ཉེ་བར་མཚོན་པ་སྟེ། དེ་རྣམས་ནི་རྡོ་རྗེ་ཕྲེང་བར་རྒྱས་པར་བསྟན་པ་རྣམས་བལྟ་བར་བྱའོ། །འོ་ན་སྤྱོད་པ་སྤྱོད་པར་བྱེད་པ་འདིའི་ ངག་དང་ལུས་ཀྱི་བྱ་བ་ཐམས་ཅད་སྔགས་དང་ཕྱག་རྒྱའི་རྣམ་པ་མ་ཡིན་ནམ། དེས་ན་རྡོ་རྗེའི་གླུ་དང་གར་ཉེ་བར་བསྟན་པས་ཅི་བྱ་ཞེ་ན། བདེན་ཏེ་ཁྱད་པར་གསལ་བར་བྱ་བའི་དོན་དུ་འདི་དག་བསྟན་པའོ། །དེ་བཞིན་དུ་གཞན་དུ་ཡང་ངོ་། །དེ་ཁོ་ན་ཉིད་དང་མི་འགལ་ བ་ཉིད་ལ་ཡང་བྱ་བ་རྣམས་ཐམས་ཅད་ཕུལ་དུ་བྱུང་བའི་ཁྱད་པར་འབྱུང་བར་བྱེད་པར་སྤྱོད་པའི་ཁྱད་པར་སྟོན་པའོ། །གདོན་མི་ཟ་བར་བྱ་བ་ཉིད་གསལ་བའི་དོན་དུ་གལ་ཏེའི་སྒྲའོ། །སྔར་བཤད་པའི་ཕྱག་རྒྱ་རྣམས་ཀྱི་རྣམ་དག་སྟོན་པ་ནི་མི་བསྐྱོད་ཅེས་པ་ལ་སོགས་པའོ། ། སྨན་ནི་གཞི་མཉམ་མོ། །ཆུ་ནི་མི་བསྐྱོད་པའོ། །རྟག་པ་ཉིད་ནི་རྟག་ཏུའོ། །རྒ་བ་ནི་སྐྲ་དཀར་དང་གཉེར་མའོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པ་ནི་གཞན་རྣམས་ཀྱི་ཡང་སྲུང་བར་གྱུར་པར་འགྱུར་ན་བདག་ཉིད་ལྟ་ཅི་སྨོས། ཧཱུྃ་བྱུང་ནི་མི་བསྐྱོད་པའོ། །སྐྲའི་དག་བྱེད་ནི་སྐྲ་ ལས་བྱུང་བའི་མཆོད་ཕྱིར་ཐོགས་པའོ། །ཆགས་པ་ལ་སོགས་པ་རྒྱས་པར་སྟོན་པ་ནི་ཆགས་པ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཆགས་པ་ལ་སོགས་པ་སྤང་བར་བྱ་བ་དེའི་ཕྱིར་བྱ་བ་ཡང་སྟེ། དེ་རྣམས་ཀྱི་གང་ཆགས་པ་ལ་སོགས་པ་ལ་མངོན་པར་ཞེན་ན་བྱ་བ་མ་ཡིན་ ནོ། །སྤྱད་པར་བྱ་སྟེ་སློང་མོ་ལ་སོགས་པའོ། །རིགས་ལྔ་པ་ནི་ཤིན་ཏུ་དམན་པ་སྟེ། རིགས་གཅིག་ཁོ་ནར་སྣ་ཚོགས་པ་བྲམ་ཟེ་ལ་སོགས་པའོ། །རིགས་ལྔ་དང་ནི་ཡང་དག་ལྡན་ནི་བླུན་པོ་རྣམས་ཀྱིས་བརྟགས་པའོ། །གང་ཕྱིར་སྲོག་ཆགས་རྣམས་རིགས་ཐ་དད་ཅན་དབྱིབས་ཐ་དད་ ཅན་དུ་མཚོན་དགོས་ཏེ། དཔེར་ན་བ་ལང་རྣམས་ལས་རྟ་དང་བྱ་རྣམས་ལྟ་བུའོ། །རིགས་མཐུན་པ་ཅན་རྣམས་ནི་རྣམ་པ་མཚུངས་པ་ཁོ་ན་སྟེ། དཔེར་ན་བ་ལང་ལས་བ་ལང་རྣམས་དང་ལག་ལྡན་ལས་ལག་ལྡན་རྣམས་ལྟ་བུའོ། །དེ་ལྟར་བ་ལང་ལ་སོགས་ པ་རྣམས་ལས་རྣམ་པ་ཐ་དད་པ་རྣམས་ནི་དེ་རྣམས་ཁོ་ན་ལས་རིགས་ཐ་དད་ཀྱི་ཕན་ཚུན་ནི་མ་ཡིན་ཏེ། རྣམ་པ་མཚུངས་པའི་ཕྱིར་རོ། །དེ་ལྟར་ཤིན་ཏུ་གསལ་པོར་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་རིགས་གཅིག་ཉིད་ཡིན་ན། རྣལ་འབྱོར་པའི་ཀུན་རྫོབ་ཏུ་ལྟ་ཅི་སྨོས་ཏེ། ཐོག་ མ་མེད་པ་དང་ལྡན་པའི་ཤིན་ཏུ་འཁོར་བར་ཐམས་ཅད་རིགས་ཐམས་ཅད་ཅན་ཉིད་ཀྱི་ཕྱིར་ཞིང་། དོན་དམ་པར་སླར་སྨྲ་ཅི་དགོས། དེ་ལྟར་ནི་ཐམས་ཅད་དོན་དམ་པར་དེ་བཞིན་ཉིད་ཡིན་ཞིང་། དེ་ཡང་རང་བཞིན་ཁོ་ནས་ཡོངས་སུ་དག་པ་སྟེ། དེ་ཁོ་ན་ལ་ལྷག་པར་མོས་ནས་རིགས་ ལྔར་གནས་པའོ། །དེའི་ཕྱིར་དུ་མའི་རིགས་ཀྱི་ཚུལ་ཅན་དུ་རིགས་གཅིག་བརྟགས་པས་དབྱེ་བ་མི་སྲིད་དོ། །གཉིད་ནི་རྣལ་འབྱོར་གྱི་གེགས་ཆེན་པོ་སྟེ། ལུས་དང་འཚོ་བ་ལ་ལྟོས་པ་ཡང་རྣལ་འབྱོར་གྱི་གེགས་རྣམས་ཀྱི་རྩ་བ་སྟེ། ཐེ་ཚོམ་མེད་པ་ནི་གཉིད་ཀྱི་བདག་ཉིད་སྤོང་བ་ ལ་སོམ་ཉི་མེད་པའོ། །དེ་ལྟར་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི། དབང་པོ་རབ་ཀྱི་སེམས་ཅན་གྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་སམ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས། འཁོར་བ་མུ་མཐའ་མེད་པར་གནས་པའི་སྡུག་བསྔལ་བརྒྱུད་པ་རྗེས་ སུ་དྲན་ནས་འཇིག་རྟེན་ལས་འདས་པའི་བདེ་བ་འདོད་པས་ཆགས་པ་ཐམས་ཅད་སྤང་ཞིང་། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་དང་འཇིག་རྟེན་པའི་བསམ་གཏན་དང་ཡིད་ཀྱི་རྒྱལ་སྲིད་ལ་ཡང་སྟེ། དོན་དམ་པའི་བདེན་པ་ལ་མངོན་པར་དགོངས་ནས། རིགས་ཀྱི་བུ་དེའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་འདོད་པ་དང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ལུས་དང་སྲོག་ལ་ལྟོས་པ་མེད་པར་འབྱུང་བར་བྱའོ། །དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ ཕྲ་མོ་དང་འཇིག་རྟེན་པའི་གྲུབ་པ་ཆེན་པོ་བརྒྱད་ཀྱང་དོན་དུ་གཉེར་བར་མི་བྱ་སྟེ། རྣམ་པར་གཡེང་བའི་ཕྱིར་དང་ཕྱིར་ལྡོག་པའི་ཕྱིར་རོ་ཞེས་ཏིང་ངེ་འཛིན་རྒྱལ་པོར་གསུངས་པའི་ཕྱིར་ན། ལུས་དང་སྲོག་ལ་སོགས་པ་ལ་འདོད་པ་མེད་པར་གོམས་པར་བྱའོ། །དེ་སྐད་དུ་ཡང་ དཔལ་འདུས་པར་གསུངས་པ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་ཏེ། བསྐུལ་བར་བྱ་བ་ནི་ཡིད་ལ་བྱ་བའོ། །གསང་བ་གྲུབ་པར་ཡང་། རྐང་པ་བརྐྱང་བ་སྤངས་ནས་ནི། འཁོར་བའི་སྒྲོམ་ནི་དཀྲོལ་བྱས་ནས། །རྟག་ཏུ་བརྩོན་ པ་ལྡན་ཡིད་ཀྱིས། །རྡོ་རྗེ་སེམས་དཔའ་ཞེས་བྱ་བསྒྲུབ། །འགྱོད་དང་རྨུགས་དང་གཉིད་སོགས་རྣམས། །འབད་པས་ཡོངས་སུ་སྤངས་ནས་སོ། །གཞན་དུ་བསྐལ་པ་བྱེ་བ་རྣམས། །བརྒྱས་ཀྱང་དངོས་གྲུབ་མི་འགྱུར་རོ། །ཞེས་སོ། །དེ་ལྟར་ ཡང་གོམས་པར་བྱེད་པ་འདིའི་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་འབད་པ་མེད་པ་ཁོ་ནར་འགྲུབ་བོ། །ཇི་སྐད་དུ། གསང་བ་གྲུབ་པར་གསུངས་པ། རང་བཞིན་མེད་པའི་གོ་འཕང་གནས། །ཐབས་བཟང་པོ་དང་ལྡན་པ་ཡི། །རྟོག་པས་བསྐུལ་བ་གང་ཅི་རུང་། ། དཔྱད་པ་མེད་པར་འགྲུབ་པར་འགྱུར། །སྒོམ་པའི་རྣལ་འབྱོར་ནུས་པ་ལས། །དངོས་གྲུབ་མཚན་ཉིད་ཅི་ཡང་རུང་། །དེ་ཀུན་སྐད་ཅིག་ཙམ་གྱིས་ནི། །རང་ཉིད་ཉེ་བར་གནས་པར་འགྱུར། །ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། གང་ཚེ་དཔའ་བོ་རྣམས་ མི་རྟོག །འཇིག་རྟེན་པ་ཡི་གནས་བཅོམ་ནས། །བྱ་བ་ཐམས་ཅད་སྤྱོད་བྱེད་པ། །དེ་ཚེ་དེ་སངས་རྒྱས་ཀྱིས་གཟིགས། །བྱིས་པ་བཞིན་དུ་སྤྱོད་ལྡན་པས། །གུད་ནས་ཐེ་ཚོམ་ཆད་པ་ཅན། །གང་ཚེ་རྣལ་འབྱོར་ལྷུན་གྲུབ་པ། །དེ་ཚེ་ཕུན་སུམ་ཚོགས་རྣམས་ འབྱུང་། །སྡིག་པ་མ་ལུས་ལྡན་རྣམས་ཀྱི། །གཏི་མུག་སྒྲིབ་པ་ཆེར་གནས་རྣམས། །སྨྱོན་པའི་བརྟུལ་ཞུགས་སྦྱོར་བ་ཡིས། །ཟླ་བ་དྲུག་གིས་དོན་ཡོད་གྲུབ། །དེ་ལྟར་གྱུར་ནས་ངེས་ཞུགས་པས། །དངོས་པོ་ཆེད་དུ་གཏད་པས་བསྒོམ། །ཇི་སྲིད་སེམས་སྐྱོར་ མ་གྱུར་པར། །བློ་བཟང་མཉམ་པར་གཞག་ཡིད་ཀྱིས། །སྐྱོ་ན་ཕྱི་ནས་ཇི་ལྟ་བུར། །འདོད་པའི་སྤྱོད་པས་རྒྱུ་བར་བྱ། །བྱང་ཆུབ་རྒྱ་ཆེན་སྒོམ་བྱེད་ཅིང་། །ཅུང་ཟད་མིག་མི་འཛུམ་ལྟ་བ། །དེ་ལྟར་ཏིང་འཛིན་ལྡན་པ་ཡི། །རྣམ་པར་མི་རྟོག་སྔགས་པ་ ཡིས། །དུས་ཀྱི་མཚན་ནི་ཡོངས་སྤངས་ཏེ། །བླ་ན་མེད་པའི་གོ་འཕང་འགྲུབ། །ཅེས་སོ། །འཕགས་པས་ཀྱང་གསུངས་པ། ཏིང་འཛིན་འདི་ནི་མ་ཤེས་ནས། །ཀུན་རྫོབ་ལ་ནི་དམིགས་པ་ལས། །སྣ་ཚོགས་ནད་རྣམས་སྐྱེ་བར་འགྱུར། །དེ་རྣམས་སྒྱུ་མའི་ སྨན་གྱིས་རྒྱལ། །སྒྱུ་མ་ལ་གནས་རྣལ་འབྱོར་པ། །ལྷ་རྣམས་རྟག་ཏུ་འདིར་སྲུང་བྱེད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འདི་ལྟར་འདི་ནི་ཀུན་མཁྱེན་འགྱུར། །རྡོ་རྗེ་མཚོན་ཆ་བརྩོན་འགྲུས་ཆེ། །ལང་ཚོ་ནད་མེད་དམ་པའི་སྡེ། །སངས་རྒྱས་རྫུ་འཕྲུལ་ཡོངས་ཐོབ་ ནས། །རང་འདོད་བཞིན་དུ་སྐྱེ་བར་འགྲོ། །མཐོང་བ་ཁོ་ནས་བསྐུལ་བ་ཡི། །སེམས་ཅན་རྣམས་ཀྱང་དབང་དུ་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་དོན་དུ་མ་གཉེར་འཐོབ། །མི་འགྲུབ་པ་ནི་ཅི་ཡང་མེད། །རྡོ་རྗེ་སེམས་དཔས་མཚན་པ་སྟེ། །སངས་ རྒྱས་ཀུན་གྱི་བདེ་བ་ཆེ། །རང་ཉིད་སོ་སོ་རྗེས་སུ་འགྲུབ། །ཅེས་སོ། །གྲུབ་པའི་མཚན་མ་ཡང་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དང་ལུས་ཡང་བ་ཉིད་དང་འཇིག་རྟེན་གསུམ་པོ་མཐའ་དག་ཁྱབ་པར་བྱེད་པ་ཉིད་དང་སངས་རྒྱས་ཀྱི་ཡོན་ཏན་འཐོབ་པ་དང་ཡེ་ཤེས་ཀྱི་སྣང་བ་དང་དེ་ལ་བརྟན་པར་གྱུར་ པ་ཉིད་དང་སྐྱེ་བོ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པ་ཉིད་དང་འདོད་དགུར་སྒྱུར་བ་མཐར་སྐྱེའོ། །དེ་སྐད་དུ་ཡང་གསུངས་པ། ཕྲ་མོའི་གཟུགས་དང་རེག་ཡང་བ། །ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་དང་གཏན་པ་ཉིད། །དབང་ལྡན་འདོད་དགུར་སྒྱུར་ མཐའ་ཅན། །ཞེས་སོ། །གཟུགས་ཕྲ་བ་ཉིད་ལ་སོགས་པ་ཁོ་ན་ཤིན་ཏུ་ཕྲ་བ་དང་ཡང་བ་དང་ཤིན་ཏུ་ཆེ་བ་དང་གར་ཡང་ཕྱིན་པ་དང་གསལ་བར་འོས་པ་དང་། དབང་པོ་ཉིད་དང་དབང་སྒྱུར་བ་ཉིད་དང་གང་དུ་འདོད་པར་གནས་པ་ཞེས་པ། དབང་ཕྱུག་ཉིད་རྣམ་པ་བརྒྱད་ དུ་བརྗོད་པར་བྱའོ། །བྷུ་སུ་ཀུའི་སྤྱོད་པ་ཡང་སྟེ། ཟ་བ་དང་ཉལ་བ་དང་བཤང་སར་འགྲོ་བ་ཙམ་གྱི་བྱ་བ་ལ་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པ་བར་མ་ཆད་པ་ཉིད་ཀྱི་ངོ་བོ་ཅན་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ། ངེས་ཀྱང་སྤྱད་པར་བྱའོ། །བར་མས་ནི་ལས་ཀྱི་ཕྱག་རྒྱས་ལྷ་མོའི་ གཟུགས་ཅན་ལྔ་རྣམས་དང་དམ་ཚིག་གཅིག་གིས་སྤྲོས་པ་མེད་པའི་སྤྱོད་པ་གོམས་པར་བྱེད་དོ། །ཆུང་ངུས་ནི་ཐ་མལ་པའི་ང་རྒྱལ་བསལ་བ་དང་ལྡན་པའི་གཞོན་ནུ་མ་མཛེས་མ་རྣམས་དང་ལྷན་ཅིག་དོགས་པ་མེད་པའི་སེམས་ཀྱིས། ལག་པའི་ཕྱག་རྒྱ་དང་གླུ་དང་ཉེ་བར་སྤྱོད་ པ་དང་ཀུན་སྐྱོང་དང་ཚུལ་གྱི་གར་ལ་སོགས་པའི་རབ་ཏུ་སྦྱོར་བ་རྣམས་ཀྱིས་རྟག་ཏུ་བརྩོན་པའི་ཡིད་ཅན་གྱིས་ཉིན་མཚན་དུ་སྤྲོས་པའི་སྤྱོད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་དེ། དཔེར་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་བཞིན་ནོ། །སྤྱོད་པ་གཉིས་པོ་ འདི་ཡང་འདིར་གསལ་བར་བྱས་ཤིང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་རྒྱས་པར་མཛད་དེ། དབང་པོ་རྣོན་པོའི་སེམས་ཅན་གྱི་དབང་དུ་བྱས་པའི་ཕྱིར་རོ། །དེའི་ཕྱིར་དེ་སྤྱད་ནས་གང་བྱ་བ་དེ་སུམ་ཅུ་རྩ་བདུན་པར་འཆད་པར་འགྱུར་རོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་པའོ།། །།རྫོགས་པའི་རིམ་པ་ཁོ་ན་རྣམ་པ་གཞན་གྱིས་གསལ་བར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་མ་རྡོ་རྗེ་སྙེམས་མས་ཞུས་པ། ཐོས་ཞེས་པ་ལ་སོགས་པའོ། །རང་གི་སྟེ་ཕུང་པོ་ལྔའི་བདག་ཉིད་ཅན་ ལྷག་པའི་ལྷ་ཉིད་དུ་གནས་པ་རྟོགས་པ་ནི་བྱིན་གྱིས་བརླབ་པའི་རིམ་པའོ། །གསང་ཆེན་ཞེས་པ་ལ་སོགས་པའི་མན་ངག་ནི། གསང་ཆེན་མཆོག་ཏུ་དགྱེས་བྱ་ན། །ཐམས་ཅད་བདག་ཉིད་ལ་རྟག་ཞུགས། །ཞེས་པ་རབ་ཏུ་བྱེད་པ་གསུམ་པར་མདོར་བསྟན་པ་ སྟེ། རབ་ཏུ་སྦྱར་བའོ་ཞེས་པ་དགོས་པ་སྟེ་བརྗོད་པར་བྱ་བ་འདིའི་ཅི་ཡིན་པའོ། །རྡོ་རྗེ་སེམས་དཔའ་བརྩེ་བ་ཆེ། །ཞེས་པའི་ཚིག་དག་གིས་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་གྱི་སྐུར་བདག་ཉིད་བརྗོད་ཅིང་། བཅོམ་ལྡན་འདས་ཀྱིས་རང་བྱིན་གྱིས་བརླབ་པའི་ དོན་རྒྱས་པར་མཛད་དོ། །ངེས་པར་དྲང་བར་བྱའོ་ཞེས་པ་ངེས་པ་སྟེ་བརྗོད་བྱའོ། །ཨེ་ཡིག་ནི་དང་པོའི་ངག་ཉེ་བར་མཚོན་པའོ། །རབ་གསུངས་པ་ནི་ཨེ་ཡིག་ས་རུ་ཤེས་བྱ་སྟེ། ལས་ཀྱི་ཕྱག་རྒྱ་ཞེས་པ་ལ་སོགས་པར་དང་། དང་པོའི་ངག་ཏུ་ཡང་ངོ་། །འགྲོ་བ་དང་ རྗེས་སུ་འགྲོ་སྟེ་འོང་བའོ། །སེམས་ནི་སེམས་ཀྱིའོ། །བགྲོད་པ་ནི་འོག་ནས་སྟེང་དུའམ་སྟེང་ནས་འོག་ཏུའོ། །ཅི་ལས་ཞེས་པ་བརྗོད་པར་འདོད་པ་ལ་གནས་པའི་བརྗོད་པར་བྱ་བ་ལས་གང་རྗོད་པར་བྱེད་པའོ། །གསང་ཆེན་དུ་ཞེས་པ་ནི་མཆོག་ཏུ་ཞེས་པ་ལ་སོགས་པ་ ཉེ་བར་མཚོན་པ་སྟེ་ཞེས་ཡི་གེ་བཅུ་དྲུག་གསུངས་པ་གང་དེའི་བརྗོད་པར་བྱ་བ་འདི་ཙམ་སྟེ། འདི་ལྟ་སྟེ། ཁྲག་ལ་སོགས་པའོ། །རེག་པར་བྱ་བས་ན་རེག་བྱ་སྟེ་རླུང་ངོ་། །ཁྲག་བཞིན་དུ་རེག་བྱ་ལ་སོགས་པ་རྣམས་ཀྱང་འཕེལ་བའམ་འགྲིབ་པ་ན་ལུས་དང་སྲོག་དག་ འཛིན་པས་ན་ཁམས་རྣམས་སོ། །ལྡན་པ་ནི་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་ཕན་ཚུན་འབྲེལ་བའོ། །ཤིན་ཏུ་མཛེས་པ་ནི་རང་བཞིན་གྱིས་སྒོམ་པས་ཕན་ཚུན་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་ལས་བྱུང་བ་ནི་སྐྱེ་བ་ལ་སོགས་པ་ཁུ་བ་ལས་བྱུང་བའི་ ཕྱིར་རོ། །གང་གསུངས་པ། ཁུ་བ་ལས་ནི་གོང་བུ་སྐྱེ། །གོང་བུ་ལས་ནི་མི་འབྱུང་ངོ་། །ཞེས་སོ། །ཁུ་བ་ནི་རྡུལ་ཉེ་བར་མཚོན་པའོ། །གང་གསུངས་པ། རྩ་ཞེས་པ་ལ་སོགས་པ་སྟེ། ཨ་ཝ་དྷཱུ་ཏཱི་ལ་ནཱ་ད་ནི་གཏུམ་མོ་རྡུལ་གྱི་རི་མོའོ། །ཆའི་བདག་ཉིད་ནི་ཆ་བཅུ་དྲུག་གི་ རང་བཞིན་ནོ། །རྡུལ་དང་ཁུ་བའི་རྣམ་འགྱུར་གྱི་རང་བཞིན་འདི་ཐམས་ཅད་ཡིན་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཁྲག་དང་རླུང་དང་བད་ཀན་དང་། མཁྲིས་པ་དང་རོ་དང་ཚིལ་བུ་དང་མེ་དང་ཤ་དང་བཤང་བ་དང་ཞག་དང་པགས་པ་དང་རུས་པ་དང་གཅི་བ་དང་གློ་བ་དང་པདྨ་ དང་ཁུ་བ་སྟེ། ཁམས་བཅུ་དྲུག་རྣམས་ཀྱི་དང་པོ་དང་མཐར་རྡུལ་དང་ཁུ་བ་དག་གསུངས་པ་ནི། དེ་དག་གི་རྣམ་འགྱུར་ཐམས་ཅད་ཡིན་ནོ་ཞེས་རྟོགས་པའི་དོན་དུའོ། །འདི་ཐམས་ཅད་ཀྱང་སེམས་ཀྱི་རང་བཞིན་ཡིན་ཞིང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཡང་སྟོང་པ་ ཉིད་དང་རོ་གཅིག་ཅིང་ཟག་པ་མེད་པ་བདེ་བ་ཆེན་པོའི་སེམས་ཀྱི་རང་བཞིན་རྡུལ་དང་ཁུ་བའི་རང་བཞིན་ཏེ། དེ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མ་རྡུལ་གྱི་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་ལ་སོགས་པར་འགྱུར་བ་ནི་རྣམ་པར་གཞག་པ་ཙམ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྡོ་ རྗེ་འཛིན་པ་ཁོ་ན་ཁྲག་ཀྱང་ཡིན་རླུང་ཡང་ཡིན་ལ་ཇི་སྲིད་ཁུ་བའོ་ཞེས་པ་སྟེ་ལས་འཛིན་པ་ལས་སོ། །རྫས་བཅུ་དྲུག་པོ་འདི་རྣམས་ཁོ་ན་མ་བཞིན་དུ་འཕེལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཁྲག་རྣམས་སོ། །འདི་རྣམས་དང་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱི་ལྷ་དབྱེར་མེད་ པར་མོས་པ་ལས་ལུས་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོར་གསུངས་པ། བཅུ་དྲུག་རྣམས་ཉིད་སྒྱུ་མ་ཆེ། །མ་བཞིན་དུ་ནི་ཡོངས་སྒོམ་པ། །དེ་ཡིས་ནང་གི་དཀྱིལ་འཁོར་དུ། །ཐེ་ཚོམ་མེད་པར་འགྱུར་བ་ ཉིད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་རྡུལ་དང་ཁུ་བའི་རང་བཞིན་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་མེར་མེར་པོ་ལ་སོགས་པའི་གནས་སྐབས་ལ་ཁྱབ་པ་ཉིད་ཀྱིས་ན་ཁམས་ཀྱི་གཙོ་བོ་ཉིད་ཀྱིས་ས་བོན་ཉིད་དེ། བར་གྱི་གནས་སྐབས་སུ་ནི་མེ་དང་ཆུ་ལ་སོགས་པ་ ཡོངས་སུ་འགྱུར་བའི་ངོ་བོ་ཉིད་ཀྱིས་མཁྲིས་པ་དང་བད་ཀན་ལ་སོགས་པ་རྣམས་ཕལ་པའི་ཁམས་ཉིད་ཀྱིས་ན་ས་བོན་ཉིད་དོ་ཞེས་བརྗོད་པའི་ཆེད་དུ་གསུངས་པ། ར་ཡིག་ཅེས་པ་ལ་སོགས་པའོ། །ར་ནི་མེ་སྟེ་བརྗོད་པར་བྱ་བ་དང་རྗོད་བྱེད་དག་ཐ་མི་དད་པར་ སྒྲོ་བཏགས་པའི་ཕྱིར་རོ། །ཁྲག་ནི་རྡུལ་ལོ། །འཕྲོ་འདུ་ནི་འདུ་བ་སྟེ་གནས་སྣ་ཚོགས་ན་གནས་པའི་རོ་འདུས་པ་རྣམས་བད་ཀན་ཏེ། དེ་ནི་རྡུལ་དུ་འགྲོ་སྟེ། ཆུ་རྒྱུས་ཀྱི་ལྷན་ཅིག་བྱེད་པ་ཅན་དེ་ལས་སྐྱེས་པའོ། །དེ་ཡང་རྟགས་གཞན་དང་དབྱིབས་གཞན་གྱི་ རྟགས་རྣམས་ཉེ་བར་མཚོན་པ་སྟེ། དེ་རྣམས་ནི་བསྟན་བཅོས་གཞན་ལས་ཤེས་པར་བྱའོ། །འདིར་མཁྲིས་པ་དང་བད་ཀན་ནི་ཕལ་པའི་ཁམས་རྣམས་ཉེ་བར་མཚོན་པའོ། །དེ་སྟེ་ཁུ་བ་ནི་མགོན་པོ་སྟེ། ཐམས་ཅད་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རོ། །ཧ་ཡིག་ ནི་ཧ་ཡིག་གི་བརྗོད་བྱའོ། །ཀུན་དུ་འགྲོ་བ་ནི་ཁམས་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེས་ཁམས་རྣམས་དེ་དང་དེ་ནས་དྲངས་པ་རྣམས་སོ། །རོ་ནི་ཆུའི་ཁམས་སོ། །ས་ནི་རྒྱུས་པ་དང་རུས་པའི་ཚིགས་ཀྱིས་གསལ་བར་བྱས་ཤིང་རྟེན་ཉིད་ ཀྱིས་རྟོགས་པ་ཁོ་ནའོ་ཞེས་པས་མ་གསུངས་སོ། །དེའི་ཕྱིར་འཐད་པ་འདིས་ཐོབ་པ་ས་བོན་རྣམ་ལྔ་ཅན་ནོ། །ཇི་ལྟར་ཞེ་ན་གསུངས་པ། ར་ཡིག་ཅེས་པ་ལ་སོགས་པ་སྟེ། ར་ཡིག་ནི་མེ་སྟེ་གཏུམ་མོ་རྡུལ་གྱི་ངོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པས་ འབར་བ་ནི། རྐན་ལ་སྟེ་བདེ་བ་ཆེན་པོ་ཆུ་སྐྱེས་སུ་སོན་པ་གང་གི་ཚེ་ཁུ་བ་དང་འདུས་པ་དེའི་ཚེ་ས་དང་ཆུ་དང་མེ་དང་རླུང་སྟེ་ཁམས་བཞི་པོ་རྣམས་ཐམས་ཅད་ས་བོན་མཆོག་སྟེ་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་སྟེ་ས་བོན་བཞི་འདིའི་དང་པོ་ཡིན་པ་ཞེས་པ་དེ་ཐོག་མ་ཅན་ས་བོན་ལྔ། མཛེས་པ་སྟེ་ལྷའི་ངོ་བོ་ཉིད་ཀྱི་ཕྱིར་དང་ལྷ་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ལྔ་པ་ཅི་ཞིག་ཅེ་ན་གསུངས་པ། ཧ་ཞེས་པ་ལ་སོགས་པའོ། །ཧ་དང་ཨུའི་བརྗོད་པར་བྱ་བ་ལུས་དང་ངག་དང་ལྡན་པ་མ་ཡིན་བརྗོད་པར་བྱ་བ་སེམས་ཏེ། འདུས་པ་ནི་ཧཱུྃ་ངོ་། །བརྗོད་པར་བྱ་བ་ཞེས་ པ་གཞན་དུ་བསྒྲུབས་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ལྔ་པར་གསུངས་སོ། །དེ་ནི་བར་དོའི་སྲིད་པ་ནས་གསུམ་རྣམས་ལས་གང་ཡང་རུང་བའི་སྒོ་ནས་ཞུགས་ཏེ། འབྱུང་བ་བཞི་ལ་ཐིམ་པ་ལས་མའི་ལྟོ་བའི་ཕྱོགས་སུ་ས་བོན་ལྔ་ཅན་དུ་འགྱུར་རོ། །དེ་ཕྱག་རྒྱ་ཆེན་པོ་ ཐིག་ལེར་གསུངས་པ། རྣམ་ཤེས་ངོ་བོ་ལ་བརྟེན་ནས། །དང་པོར་འབྱུང་བ་བཞི་པོ་ལ། །རང་བཞིན་ངེས་པར་བསྐྲུན་པ་ཡིས། །དེ་ཚེ་རང་གི་གནས་ནས་ཐིམ། །རྣམ་ཤེས་ལས་ནི་རླུང་སྐྱེ་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང་། །འདི་ལས་ཆུ་རྣམས་ཡང་དག་འབྱུང་། །དེ་ལས་ས་ནི་ཡང་དག་ འབྱུང་། །འདི་རྣམས་ལས་ཀྱང་ཕུང་པོ་འབྱུང་། །དེ་ལས་སྐྱེ་མཆེད་རྣམས་ཀྱང་ངོ་། །དེ་ལས་ཤེས་པའི་རང་བཞིན་ཅན། །དྲུག་ཅུ་ལྷག་པའི་བརྒྱ་རིམ་པས། །ཇི་ལྟར་སྐྱེས་པ་དེ་ལྟར་འདིར། །ཐིམ་པར་འགྱུར་རོ་རང་བཞིན་ལས། །ཞེས་སོ། །རང་ བཞིན་ངེས་པར་བསྐྲུན་པ་ནི་བདག་དང་འབྱུང་བ་རྣམས་ཀྱིས་ཏེ། འདི་ཁོ་ན་ལས་རྣམ་ཤེས་ལས་རླུང་ལ་སོགས་པ་རྣམས་ཡོངས་སུ་གྱུར་པ་བརྒྱུད་པས་ནི་སྐྱེ་བའོ། །རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང་ཁྱད་པར་དང་བཅས་པར་གསུངས་ཤིང་། འཕགས་པའི་ལྷའི་ ཞབས་ཀྱིས་རྣམ་པར་ཕྱེ་བ། ས་ལ་སོགས་པ་བཞི་རྣམས་དང་། །དེ་བཞིན་སྟོང་པ་རྣམ་པ་བཞི། །དངོས་པོ་བརྒྱད་དུ་རྣམ་ཤེས་བྱ། །འཇིག་དང་སྐྱེ་བའི་རྒྱུ་རྣམས་སོ། །འོད་གསལ་བ་ལས་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་འབྱུང་ཞིང་། །དེ་ལས་ ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་འབྱུང་། །རླུང་ལས་མེ་ནི་ཡང་དག་འབྱུང་། །མེ་ལས་ཆུ་ནི་ཡང་དག་འབྱུང་། །ཆུ་ལས་ཀྱང་ནི་ས་སྐྱེ་སྟེ། །སེམས་ཅན་རྣམས་ཀྱི་འབྱུང་བ་འདིའོ། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་ པའོ། །མེ་ཡང་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལ་སེམས་འབྱུང་ངོ་། །དེ་ཡང་འོད་གསལ་བ་ལ་འགྲོ། །འདི་ནི་སྲིད་གསུམ་དུ་འགོག་པའོ། །ཐོག་མ་མེད་པའི་དུས་ཅན་གྱི། །སྲིད་ པའི་འཁོར་ལོ་འདི་འཇུག་སྟེ། །ཇི་སྲིད་སྒྱུ་ལྟའི་ཏིང་འཛིན་གྱིས། །བདག་ཉིད་མ་མཐོང་བར་དུའོ། །ཞེས་སོ། །འདིར་འོད་གསལ་བ་ནི་ཐམས་ཅད་སྟོང་པ་སྟེ་འཆི་བའོ། །སྟོང་པ་ཆེན་པོ་ནི་སྣང་བ་ཐོབ་པ་སྟེ་དྲི་ཟའི་སེམས་ཅན་གྱི་ངོ་བོ་ཅན་སེམས་སོ། །ཐབས་ནི་ སྣང་བ་མཆེད་པ་སྟེ། འདོད་པ་ཉེ་བར་ལེན་པའི་སེམས་སོ། །ཤེས་རབ་ནི་སྣང་བ་སྟེ་སྐྱེ་བ་བཟུང་བའི་སེམས་སོ། །དེ་ལས་ལས་ལས་སྐྱེས་པ་རླུང་ལ་སོགས་པ་རྣམས་ཤིན་ཏུ་དང་ཆེས་ཤིན་ཏུ་བྱུང་བ་རྣམས་སུ་འགྱུར་ཏེ། དེ་དང་དེའི་སེམས་ཀྱི་རང་བཞིན་རྣམས་ ཀྱང་ངོ་། །དེ་རྣམས་ཀྱང་དགོངས་པ་བླ་ན་མེད་པར་དཀའ་འགྲེལ་གྱིས་བདག་ཅག་གིས་གསལ་བར་བྱས་པས་འདིར་མ་སྤྲོས་སོ། །ཐིམ་པ་ན་ནི་ས་ལ་སོགས་པའི་རིམ་པ་སྟེ། ལྷོང་བ་ཉིད་དང་རོ་བྲོ་བ་མེད་པ་ཉིད་དང་། མེ་དྲོད་ཞེན་པ་ཉིད་དང་ལུས་ལ་སོགས་པའི་ གཡོ་བ་ཞེན་པ་ནི། སྣང་བ་ལ་སོགས་པ་རླུང་དུ་སོན་པ་ན་རིམ་པས་རང་ཉིད་ཇི་ལྟ་བར་རང་བཞིན་རྣམས་ཞེན་པར་གྱུར་ནས་འགག་གོ། །དེ་ནས་ཐམས་ཅད་སྟོང་པ་འཆི་བ་སྟེ། སླར་ཡང་སྔར་བཞིན་དུ་འཁོར་རོ། །དེ་ལྟར་འདི་ནི་རྐྱེན་ཉིད་ཙམ་གྱིས་སྐྱེ་བ་ཐོག་མ་དང་ དབུས་དང་མཐའ་མེད་པ་འཁོར་ལོའི་རྩིབས་བཞིན་དུ་མཐོ་བ་དང་དམའ་བར་འགྲོ་བ་སྲིད་པའི་འཁོར་ལོའོ། །དེ་ཟློག་པ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །དེའི་ཕྱིར་གསུངས་པ། ཧ་ཡིག་ ཁོ་ནས་ཞེས་པ་ཨཱུ་དང་མ་ཡང་དག་པར་སྦྱར་བ་ལས། ཧཱུྃ་ཡིག་གིས་ཏེ་བྱང་ཆུབ་ཀྱི་སེམས་ཁོ་ནས་ཞེས་པའི་དོན་ཏོ། །ཡང་དག་པར་ལྡན་པ་ཉིད་ནི་དེ་བདག་ཉིད་ཁོ་ནས་སོ། །དེ་ལྟར་ཡང་དཔལ་འདུས་པར་གསུངས་པ། ཁྱེད་རྣམས་སེམས་ལུས་ཀྱི་རྣམ་པས་དང་ ལུས་སེམས་ཀྱི་རྣམ་པས་དང་སེམས་ཚིག་ཏུ་བརྗོད་པས་བསྐྱེད་ཅིག་ཅེས་ཏེ། ཡིད་ཀྱིས་རང་བཞིན་གྱི་ལུས་བསྐྱེད་ཅིག་པའོ། །ཅི་ལྟར་ཞེ་ན། གང་ལོངས་སྤྱོད་རྫོགས་པའི་ལུས་ཀྱི་རྣམ་པར་རྫོགས་པའི་སེམས་ཁོ་ན་དེའོ་ཞེས་པ་སེམས་ལུས་ཀྱི་རྣམ་པ་སྟེ། ཀུན་རྫོབ་ པའི་སེམས་ལས་གཞན་ཅི་ཡང་ཡོད་པ་ནི་མ་ཡིན་པས་སོ། །གང་ཡང་ཚིག་ཏུ་བརྗོད་པ་དེའི་ངོ་བོར་སེམས་ཁོ་ན་བསྐྱེད་ཅིག་པའོ། །དེ་ལྟར་གཟུང་བ་དང་འཛིན་པ་དང་བྲལ་བ་སྟོང་པ་ཉིད་དང་རོ་གཅིག་པ་ཕན་ཚུན་ཐ་མི་དད་པའི་ལུས་དང་ངག་དང་སེམས་ནི་བྱང་ ཆུབ་ཀྱི་སེམས་སུ་བཀའ་སྩལ་ཏོ། །འདི་ཁོ་ན་རང་བྱིན་གྱིས་བརླབ་པའི་རིམ་པའོ་ཞེས་བསྟན་ཏོ། །གང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། རང་བྱིན་བརླབ་པའི་རིམ་ཞེས་བྱ། །ཀུན་རྫོབ་བདེན་པར་བསྟན་པ་སྟེ། །ཞེས་སོ། །སླར་ཡང་། འདི་ལ་སྐྱེ་བ་ཅི་ཡང་ མེད། །སུ་ཡི་འང་འཆི་བ་ཅི་ཡང་མེད། །སེམས་ཀྱི་ངོ་བོའི་རྣམ་གནས་པ། །འཁོར་བ་ཁོ་ནར་ཤེས་པར་བྱ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །སེམས་ཏེ་རང་བཞིན་རྒྱུ་ཉིད་ལས། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །དེ་ཉིད་རླུང་ དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སྐྱེའོ། །དེ་ནི་སྒྱུ་མའི་ལུས་སུ་བརྗོད། །ཅེས་པ་ནས། ཇི་སྲིད་དུ། ཀུན་རྫོགས་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་སྟེ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ ཡང་དེ་ཁོ་ནའོ། །ཞེས་པའི་བར་རོ། །ཀུན་དུ་ཞེས་པ་རྫོགས་པའི་རིམ་པ་ལ་དང་བསྐྱེད་པའི་རིམ་པ་ལའོ། །སངས་རྒྱས་ཐམས་ཅད་དེ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ ཡང་དག་འདུས་པ་གསལ་བར་གྱུར་པར་འགྱུར་རོ། །ནི་སྟེ་གང་ཕྱིར་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་སམ་བདེ་བ་ཁུ་བ་དང་རོ་གཅིག་པ་འདྲེས་པར་འདིར་འབྱུང་ངོ་ཞེས་པ། བདེ་འབྱུང་ནཱ་ད་སྟེ་དེ་ལས་ཏེ་ཁུ་བ་འདུས་པ་ལས་ངེས་ བྱུང་བའོ། །དམ་ཚིག་ནི་སྤྱན་མ་ལ་སོགས་པའི་ལྷ་མོ་ལ་སོགས་པའི་རང་བཞིན་རྣམས་ཏེ། དེ་རྣམས་ཀྱི་སྤྱོད་པ་ནི་རབ་ཏུ་འཇུག་པའོ། །དེའི་སྤྱོད་ཡུལ་ནི་ཡུལ་རྣམས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་རྣམས་སོ། ། ཡང་ན་དམ་ཚིག་ནི་སེམས་དང་སྤྱོད་པ་ནི་ངག་དང་། སྤྱོད་ཡུལ་ནི་ལུས་སོ་ཞེས་པ་དྲང་བའི་དོན་ཏོ། །བདེ་བ་ཆེན་པོ་དང་རོ་གཅིག་པའི་ཆོས་ཀྱི་སྐུ་ནི་དམ་ཚིག་སྟེ། སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའོ། །སྤྱོད་ཡུལ་ནི་དག་པ་དང་མ་དག་པའི་སེམས་ཅན་གྱི་ཕུང་པོ་ལ་སྤྲུལ་པའི་ སྐུའོ་ཞེས་པ་ངེས་པའི་དོན་ཏོ། །བསྐྱེད་པའི་རིམ་པ་ལ་ནི་བདེ་འབྱུང་དང་ནཱ་ད་ནི་རྡོ་རྗེ་སེམས་དཔའི་མངོན་པར་རྟོགས་པར་རྣམ་པར་ཕྱེའོ། །དམ་ཚིག་སྤྱོད་པ་སྤྱོད་ཡུལ་རྣམས་ནི་ཐུགས་དང་གསུང་དང་སྐུའི་བདག་ཉིད་ཏིང་ངེ་འཛིན་དང་ཡེ་ཤེས་དང་དམ་ཚིག་སེམས་དཔའ་རྣམས་ སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་འདི་ནི་རིམ་པ་གཉིས་ཀ་ལ་ཡང་ལྷ་འབྱུང་བའི་རྒྱུ་ཉིད་ཀྱི་ཕྱིར། རྙེད་དཀའ་བ་སྟེ་བསོད་ནམས་དམན་པ་རྣམས་ཀྱིས་སོ། །འཇིག་རྟེན་གསུམ་དུ་སྟེ་མཐོ་རིས་དང་མི་ཡུལ་དང་ས་འོག་རྣམས་སུའམ། འདོད་པ་དང་གཟུགས་དང་ གཟུགས་མེད་པའི་ཁམས་རྣམས་སུའམ། ལུས་དང་ངག་དང་སེམས་རྣམས་སུའོ། །ཐོག་མ་དབུས་མཐར་ཏེ་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་རྣམས་སུ་འམ། སྐྱེ་བ་དང་གནས་པ་དང་འགོག་པ་རྣམས་ལ་རྒྱུན་དུ་གྱུར་བཞིན་པ་གནས་སོ། །དེ་བཞིན་ གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་སྟེ། འདི་ལྟ་སྟེ། དེ་བཞིན་ཉིད་དང་སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས་སོ་ཞེས་གསུངས་པའི་ཕྱིར་ན། སྟོང་པ་ཉིད་དང་རོ་གཅིག་པའི་ཡེ་ཤེས་ཀྱང་སྟོང་པ་ཉིད་ཀྱི་སྒྲའི་ བརྗོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་གནས་ཀྱང་རྙེད་པར་དཀའ་བ་དེའི་ཕྱིར་བསྲུབ་བྱ་ནི་བདུད་རྩིའི་རྒྱ་མཚོ་ཆོས་འབྱུང་སྟེ། སྲུབ་བྱེད་ནི་རྡོ་རྗེའོ། །དེ་དག་ཡང་དག་སྦྱོར་བ་ལས་བདུད་རྩི་བཞིན་དུ་བདེ་བ་ཆེན་པོར་ཇི་ལྟར་འགྱུར་བ་དེ་ལྟར་ཉོན་ཅིག་པའོ། ། སྔགས་ཀྱི་བཟླས་པ་ནི་རྡོ་རྗེ་བཟླས་པའོ། །དཔྱིད་ཀྱི་ཐིག་ལེ་ལ་སོགས་པ་བསམ་གཏན་ནོ། །མཆོད་པ་ལ་སོགས་པ་ཡང་སྟེ། དེ་རྣམས་དང་ལྷན་ཅིག་གོ། །དེ་རྣམས་ཀྱང་ཉོན་ཞེས་པའི་དོན་ཏོ། །རྒྱུད་དུ་ཞེས་པ་རིགས་བརྗོད་པའི་ཕྱིར་སྣ་ཚོགས་པའི་རྒྱུད་ རྣམས་སུ་བཤད་པ་འདིར་ཁྱད་པར་དུ་གསུངས་པའོ། །སྐྱེ་གནས་ཞེས་པ་སྐྱེ་གནས་ཀྱི་འཁོར་ལོའི་དབུས་སུའོ། །གཡོན་དུ་སྐྱེས་པའི་ཁུ་བ་དང་གཡས་སུ་བུད་མེད་ཀྱི་ཁྲག་གོ། །གཡོན་