Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
ེས་པའི་དོན་ཏོ། །རྡོ་རྗེའི་ཚིག་འདི་ཡང་བླ་མའི་བསྟན་པས་དབྱེ་བར་བྱ་སྟེ། གཟུང་བྱ་གཟུང་བར་འོས་པ་ལ་རྣམ་ཤེས་ཡེ་ཤེས་དག་ ནི་ལས་ལ་སྟེ། ཀུན་རྫོབ་དང་དོན་དམ་པ་དག་གོ། །གང་གི་ཕྱིར་བདེན་པ་གཉིས་ཀྱི་བདག་ཉིད་རྟོགས་པ་ཅན་གྱི་ལམ་ལས་སམ། ཡང་དག་པ་ཇི་ལྟ་བ་བཞིན་གྱི་བསྟན་བཅོས་ཀྱི་དོན་རྟོགས་པ་དང་ལྡན་པ་ལས་བསྟན་པ་ལྷུར་ལེན་པ་དེ་ཡིན་གྱི། ལམ་དང་བསྟན་བཅོས་ ལས་ཕྱི་རོལ་པ་རིང་བ་ལས་ཏེ་ཕྱིན་ཅི་ལོག་གི་དོན་སྟོན་པ་ལས་ནི་མ་ཡིན་ནོ། །དེ་ལྟར་ན་འདི་ལས་བསྒྲུབ་པར་བྱ་བ་ལ་སྒྲུབ་པ་སྙིང་པོར་བྱེད་པས་འབྱུང་བར་བྱ་དགོས་སོ་ཞེས་དགོངས་པ་དང་ལྡན་པས་གསུངས་པ། རྙེད་པར་སླ་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་དང་ པོར་སྦྱོར་བར་འདོད་པ་བླ་མ་ཡོངས་སུ་མཉེས་པའི་ཐབས་ཀྱི་བསྙེན་བཀུར་གྱིས་རྣལ་འབྱོར་གྱི་རབ་ཏུ་སྦྱོར་བ་ལྷུར་ལེན་པའི་སློབ་མ་ལ། བླ་མ་མཁས་པས་ཇི་ལྟར་འོས་པར་བདེན་པ་གཉིས་དང་རིམ་པ་གཉིས་རྟོགས་པར་བྱ་བའི་ཆེད་དུ་མཁས་པས་བསྟན་པར་བྱའོ། །མཉམ་ པར་གཞག་པ་སྟེ། མཉམ་པར་ཏེ་སྲིད་པ་དང་། ཞི་བ་དག་རོ་གཅིག་པའི་རང་གི་ངོ་བོ་ལ་གཞག་པ་སྟེ་དེའི་རང་བཞིན་བདེན་པ་གཉིས་གཉིས་སུ་མེད་པ་ཤེས་རབ་དང་སྙིང་རྗེ་ཡོངས་སུ་འབྲེལ་པའི་ཡིད་ཅན་ནོ། །མི་གཡོ་བ་ནི་ཐེ་ཚོམ་གྱིས་མི་བསྐྱོད་པའི་ཕྱིར་རོ། །ཉེར་འཚེ་ མེད་པ་ནི་འདོད་ཆགས་ལ་སོགས་པའི་ཉེ་བར་འཚེ་བ་བསལ་བའི་ཕྱིར་རོ། །ཅི་ཞིག་ལས་ཤེ་ན། ཡིད་ཁོ་ན་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དངོས་པོ་འབྱུང་བས་ཏེ་རྒྱུ་ཡིས་སོ། །འབྱུང་བས་ན་དངོས་པོ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་སོ། །དག་པ་ རྣམས་ཀྱང་དེ་རྣམས་ཀྱི་འབྱུང་བ་སྟེ་འབྱུང་བྱེད་ཀྱི་སྐྱེད་པར་བྱེད་པ་ཉིད་དོ། །གང་གི་ཕྱིར་ཡིད་ཉོན་མོངས་པ་དང་ལས་ཀྱི་བདག་ཉིད་ནི་རྒྱུ་ཉིད་ཀྱི་ཕྱིར་སྔོན་དུ་འགྲོ་བའི་ཆོས་རྣམས་འཁོར་བ་ཅན་གྱི་ཕུང་པོ་རྣམས་སོ། །འདི་ཁོ་ནས་དག་པ་ནི་ཡིད་ཀྱིས་དག་པ་སྟེ། ཡིད་དག་པ་ རྣམས་ཀྱིས་དེ་རྣམས་དག་པ་སྐྱེད་པའི་ཕྱིར་རོ། །དག་པ་ནི་སྒྲིབ་པ་ཐམས་ཅད་འགོག་པའོ། །ཡིད་ཁོ་ནས་མགྱོགས་པ་རྣམས་ནི་ཤུགས་དང་ལྡན་པ་རྣམས་ཏེ། ཐབས་ཀྱི་ཁྱད་པར་གྱི་ཤུགས་དང་ལྡན་པའི་ཡིད་ཀྱི་སྦྱོར་བ་ཁོ་ན་ལས་ཚུལ་གཞན་པས་མྱུར་བར་དག་པ་ཐོབ་པས་ ན་མགྱོགས་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་བདེན་པ་བཞིའི་བདག་ཉིད་ཅན་ནི་ཡིད་ཁོ་ན་སྟེ་གཙོ་བོ་ཉིད་ལས་སོ་ཞེས་གསུངས་ཤིང་། རང་གི་དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ངོ་བོ་ཡང་ངོ་། །དེ་གསུངས་པ། ཡིད་ཀྱིས་ ཤེས་པ་ཡིད་ཀྱིའོ། །རྒྱལ་པོ་ནི་རྒྱལ་པོའིའོ། །དང་བས་ཏེ། ཕྲག་དོག་ལ་སོགས་པའི་དྲི་མའི་རྙོག་པ་བཀྲུས་པ་ཉིད་ཀྱིས་ན་རབ་ཏུ་དང་བ་ཉིད་ཀྱིས་སོ། །གཞན་གྱི་དོན་ནི་ཆོས་གསུང་བ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ རྣམ་པར་རྟོག་པ་མེད་པ་ཉིད་ན་ཡང་སྔོན་གྱི་སྨོན་ལམ་གྱི་དབང་ཉིད་ཀྱིས་སྐྱེ་དགུ་སྨིན་པར་བྱེད་པའི་ཕྱིར་འདིའི་རྒྱལ་པོ་ཉིད་དེ། འདི་དེ་བཞིན་གཤེགས་པའི་བདག་ཉིད་ཀྱིའོ། །བྱང་ཆུབ་སེམས་དཔའི་ངོ་བོའི་ཡང་རྣམ་པར་རྟོག་པ་ཅན་ཉིད་ན་ཡང་ངོ་། ། སོ་སོ་སྐྱེ་བོའི་བདག་ཉིད་ཀྱི་ནི་ཇི་ལྟར་རིགས་པ་ཁོ་ན་སྟེ། རྣམ་པ་གཞན་དུ་ཡང་ངག་དང་ལུས་ཀྱི་ལས་དག་གོ། །གང་གི་ཕྱིར་ཡང་དེ་ལྟར་ཐམས་ཅད་དུ་ཡིད་གཙོ་བོ་ཡིན་པ་དེའི་ཕྱིར་ཡིད་ཀྱི་རང་བཞིན་གྱི་འབད་རྩོལ་རྣམས་ཀྱིས་ཐོས་པ་དང་བསམ་པའི་རང་བཞིན་ གྱི་ཡིད་ལས་བྱུང་བ་སྒོམ་པའི་བློ་ལྡན་དུ་གྱུར་པ་ནི་གལ་ཏེ་དེ་ལ་མཉམ་པར་གཞག་པའི་ཡིད་ལྷག་པར་རྟོགས་པར་འདོད་ན་དེའི་ཚེ་བཟླས་བྱ་གོམས་པར་བྱ་སྟེ་སྒོམ་པའི་རང་བཞིན་གྱི་ཡིད་ཀྱིས་སོ། །ཅི་ཞེ་ན་སེམས་པ་སྟེ་རྟས་པར་བྱེད་པ་དང་། བདེ་མཆོག་སྟེ་ཤམ་བདེ་བ་ འདམ་པར་བྱེད་པ་ནི་གཡེང་བ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ་ཞེས་པ་བདེ་མཆོག་ཐིག་ལེའོ། །འོན་ཀྱང་རྒྱུ་སྒོམ་པའི་དབང་དང་འབྲས་བུ་མཉམ་པར་གཞག་པའི་ཡིད་ཀྱི་དང་ཡང་དག་པའི་ས་བོན་ཐིག་ལེ་བསྒོམ་པར་བྱ་བའི་ཡིན་གྱི། རང་བཞིན་མེད་པ་ ཉིད་ཀྱི་རང་གི་ངོ་བོར་ངེས་མི་དཔྱོད་པ་ལས་ནི་མིན་ཞིང་། ཀུན་རྫོབ་པའི་འབྲས་བུ་དང་རྒྱུའི་དངོས་པོ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་རྣམས་སུ་སྟེ་དོན་དམ་པ་པ་རྣམས་སུ་ལྟ་བ་སྒྲོ་བཏགས་པ་ལས་འདིའི་གོམས་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ། །བཟློག་ པ་ཁོ་ན་ལས་དེ་ཁོ་ན་ཉིད་འདི་རྣམས་སོ་ཞེས་དབུ་མའི་སྙེ་མར་ངེས་པར་དཔྱད་ཟིན་ཏོ། །ཐིག་ལེའི་རྣལ་འབྱོར་གཞན་དང་ཕྲ་མོའི་རྣལ་འབྱོར་གསལ་བར་བྱ་བའི་ཆེད་དུ་ཡང་དག་པའི་ས་བོན་ཉིད་རྟོགས་པར་བྱེད་དེ། གཟུགས་ཞེས་པ་ལ་སོགས་པའོ། །གཟུགས་ ལ་སོགས་པ་རྣམས་སྲིད་པ་འཁོར་བ་སྟེ་དེའི་ལོངས་སྤྱོད་ནི་གཙོ་བོར་ན་རེག་བྱའི་བདེ་བའི་རོ་མྱོང་བའོ། །དེའི་དམིགས་པ་ས་བོན་ལྔ་པོ་ནི་འདིའི་ཆ་ཤས་ལྔ་རྣམས་སོ་ཞེས་པ་ལྔ་པ་སྟེ་ས་བོན་རྣམས་ཀྱི་ཚོགས་པའོ། །དེ་རྣམས་ཀྱང་རྒྱུ་དང་རྐྱེན་རྣམས་ལས་ འབྱུང་བའི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་ཏེ་ལྔའོ། །ནམ་མཁའ་ནི་འདིར་བདེ་བའོ། །དེ་རྣམས་ཁོ་ན་ས་བོན་རྣམས་ཏེ། མའི་མངལ་དུ་མིང་དང་གཟུགས་ཀྱི་གནས་སྐབས་རྣམས་སྐྱེ་མཆེད་དྲུག་ལ་སོགས་པའི་དང་། ལང་ཚོ་ལ་སོགས་ པར་བུ་རྒྱུད་ཀྱི་དང་། འཆི་བ་ན་བར་དོའི་འོ། །དམིགས་པ་རྣམས་ཀྱང་སྟེ། ས་བོན་ལྔ་པོ་ལ་དམིགས་ནས་རང་གི་བདེ་བ་རོ་མྱང་བ་སྐྱེ་བའི་ཕྱིར་རོ། །འཆི་བ་ན་ནི་དེ་སྡིག་པ་ཅན་གྱིས་ངེས་པར་མི་བྱེད་དོ་ཞེས་གསུང་ངོ་། །དང་པོའི་ནམ་མཁའི་དམིགས་པ་ནི་འབྱུང་བ་ བཞི་རྣམས་ཏེ། གནས་སྐབས་གསུམ་དུ་ཡང་ངོ་ཞེས་གོ་སླ་བ་ཉིད་ཀྱིས་མ་གསུངས་སོ། །ཀུན་གྱི་ཀུན་གྱིས་ནི། ས་བོན་ལྔ་པོ་རྣམས་ཀུན་གྱི་ཡང་ཀུན་གྱིས་ཏེ། ཆུང་ངུ་ལ་སོགས་པའི་དབྱེ་བས་སོ། །རྩ་ནི་ཨ་ཝ་དྷཱུ་ཏཱིའོ། །མགོ་བོ་ནི་གཙོ་བོའི་གནས་ཏེ། གཞན་དུ་ མི་གནས་པ་ནི་མ་ཡིན་ནོ། །འབབ་པ་ནི་མངལ་གྱི་གནས་སོ། །སེམས་ཅན་འགའ་ཞིག་འགྱུར་ཏེ། གང་སྲིད་པ་བར་དོའི་གནས་སྐབས་སུ་བུད་མེད་ཀྱིའམ་སྐྱེས་པའི་འདོད་ཆགས་ཀྱིས་ཇི་ལྟར་རིགས་པར་བདག་ཉིད་ཀྱི་དགའ་བའི་བྱ་བ་ལྷག་པར་མོས་ནས་ཉོན་ མོངས་པ་དང་ལས་ཀྱིས་འཕེན་པ་ལས་དེ་སྤངས་ཤིང་། ཕ་དང་མ་སྙོམས་པར་ཞུགས་པ་དག་གི་འཛག་པ་འདྲེས་པའི་ཟླ་བ་དག་ཁོ་ན་བསིལ་བའི་འོད་ཅན་ཉིད་ཀྱི་ཕྱིར་སེམས་སྒྲ་གཅན་སྐྱེ་གནས་ཀྱི་སྒོ་ནས་རབ་ཏུ་ཞུགས་ཏེ་ཀུན་ནས་སྦྱོར་གྱི། ཉི་མ་འདྲེས་པ་ནི་མ་ཡིན་ཏེ། འོད་ཟེར་ཚ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཕྱི་རོལ་གྱི་གནམ་སྟོང་གི་མཐར་རི་བོང་ཅན་ཉི་མ་ལ་ཞུགས་པའི་ཕྱིར་ཉི་མ་གཟས་ཟིན་ནོ་ཞེས་ཐ་སྙད་བྱེད་པ་དེ་ལྟར་ནང་ངོ་། །ཁ་ཅིག་ནི་མཆུའི་སྦྲང་རྩི་འཇིབ་པ་ལ་སོགས་པའི་ཚུལ་གྱིས་ཁ་ནས་ཞུགས་ནས་འཛག་ བཞིན་པའི་ཟླ་བ་ལ་འཁྱུད་དེ་ཕྱི་ནས་ཟླ་བ་དང་ཉི་མ་གཞན་དང་འདྲེའོ། །དེ་སྐད་དུ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་གསུངས་པ། སྔོན་ལས་རླུང་གི་རྣམ་ཤེས་ནི། །གང་ཚེ་གློ་བུར་དུ་འཁྱམ་ཞིང་། །ཕ་ཡི་ཁ་དང་ཉེ་གནས་པ། །དེ་ཚེ་འདོད་ཆགས་དབང་དུ་ འགྱུར། །གང་ཚེ་མི་མོ་ཟླ་མཚན་ལྡན། །མེ་དང་ཉི་མ་འབྱུང་གྱུར་ནས། །དེ་ཚེ་ཤིན་ཏུ་ཆགས་པས་ནོན། །རོལ་རྩེད་འདོད་པ་ལྷུར་ལེན་འགྱུར། །བོ་ལཱ་ཀཀྐོལ་དུ་ཕྱོགས་ན། །ཕ་ཡི་ཁ་རུ་རླུང་འཇུག་ཅིང་། །དེ་ཚེ་ས་བོན་ཡང་དག་འབྱུང་། །ས་བོན་ ལས་ནི་སེམས་ཅན་འབྱུང་། །ཞེས་སོ། །རླུང་ནི་རྣམ་པར་ཤེས་པ་དང་བཅས་པའོ། །འགའ་ཞིག་ནི་སྐྲ་ནས་འཛིན་པ་དང་འོ་བྱེད་པ་ལ་སོགས་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཏེ་སྔར་བཞིན་དུ་འདྲེ་བར་བྱེད་དོ། ཁའི་སྒོ་དང་གསེར་གྱི་སྒོར་ཡང་སྐྱེས་པ་ལས་ ཆགས་པས་ཕ་ཡིར་ཏེ། བུད་མེད་ལ་མ་ཡིར་རོ། །ཕ་ཁོ་ན་ཡིར་ཏེ་མ་ཡིར་ནི་མ་ཡིན་ནོ་ཞེས་ཁ་ཅིག་གོ། །ཐམས་ཅད་དུ་མཐར་སྐྱེ་གནས་ཁོ་ནར་འཇུག་གོ། །དེ་ཉིད་ཀྱི་ཕྱིར་འདི་ལ་དགོངས་ནས་ལྷ་འགའ་ཞིག་ལ་གསེར་གྱི་སྒོ་ནས་དྲི་ཟའི་སེམས་ཅན་འཇུག་པ་དང་། འགའ་ཞིག་ལ་ཁ་ནས་དང་། འགའ་ཞིག་ལ་རྣམ་པ་གཞན་དུའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་རྣམས་སུ་རྟོགས་པར་མཛད་དོ། །ལང་ཚོ་ལ་སོགས་པར་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་རྣམས་སུ་གནས་པ་རྣམས་གནས་སྐབས་ཇི་ལྟ་བར་འབབ་པོ། །ཁྱད་ པར་དུ་ནི་རྟག་ཏུ་སྟེ་རྒྱུན་མི་འཆད་པར་རོ། །རྩ་བ་ནི་རྩ་རྣམས་ཀྱི་སྟེ་ལྟེ་བའི་འཁོར་ལོའི་མདུད་པའི་ངོ་བོ་རྣམས་བཙིར་བ་ལས་ཏེ་འཕྲུལ་པ་ལས་ཇི་ལྟར་མོས་པ་བཞིན་དུ་གཏུམ་མོ་གསུམ་ལས་གང་ཡང་རུང་བའི་རྣལ་འབྱོར་གྱིས་དེ་རྣམས་སུ་རླུང་འཕྲུལ་པར་བྱེད་པ་ ལས་སོ། །ཡེ་ཤེས་རྣམ་ཤེས་ས་བོན་ལས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་སྙིང་རྗེའི་རང་བཞིན་གྱི་ས་བོན་གྱི་རང་བཞིན་གྱིས་སོ། །ཐིག་ལེ་ཡང་ཁུ་བའི་བདག་ཉིད་མགོ་བོ་ལ་གནས་པ་དང་ནཱ་ད་ཡང་རྡུལ་གྱི་ངོ་བོ་ལྟེ་བར་གནས་པ་སྟེ། ཡང་དག་ལྡན་ནི་ནཱ་ད་སྟེང་དུ་རབ་ ཏུ་སོང་བ་ལས་ཐིག་ལེ་དང་འདུས་པའི་ཕྱིར་མགོ་བོར་འབབ་བོ། །དེའི་རྗེས་སུ་དེ་གཉིས་འདྲེས་པ་འབབ་བཞིན་པ་ནི་འཁོར་བའི་ལོངས་སྤྱོད་འདོད་པའི་ཁོ་ནའི་འབབ་སྟེ། ནོར་བུ་ལས་ཕྱི་རོལ་འཐོབ་ཀྱིས་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་ པ་ལ་སྤྲོ་བ་དང་ལྡན་པའི་ནི་མ་ཡིན་ཏེ། དེའི་ལྟེ་བར་ཐིག་ལེའི་རྣལ་འབྱོར་གོམས་པ་ལས་དང་ནོར་བུ་ཡང་ཕྲ་མོའི་རྣལ་འབྱོར་གོམས་པ་ལས་རིམ་པས་དེ་མི་འགྱུར་བར་གྱུར་ཅིང་འཇིག་རྟེན་ལས་འདས་པའི་བདེ་བ་ཆེན་པོའི་རང་བཞིན་ཉེ་བར་སྐྱེའོ། །དེ་ཉིད་གསུངས་པ། ཡིད་ཀྱིས་ཞེས་པ་ལ་སོགས་པས་སོ། །ཡིད་ཀྱིས་བཟླས་པ་ནི་བསྒོམ་པའོ། །སྔགས་ཀྱི་ཡི་གེ་སྨྲ་བ་དང་བྲལ་བའོ། །བརྟན་པ་ནི་གནས་པ་མི་འགྱུར་བའོ། །རང་བཞིན་རྟག་པ་ཉིད་ཀྱིས་ན་རྟག་པ་ནི་ཆོས་ཀྱི་སྐུ་སྟེ། གོ་འཕང་ལོངས་སྤྱོད་རྫོགས་པ་ལ་སོགས་ པ་གང་གི་རྟེན་ཡིན་པ་དེའི་གནས་ནི་གཞི་སྟེ། འདི་ལ་བརྟེན་ནས་བདེ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐེར་ཟུག་པ་ནི་རང་བཞིན་གྱི་རྟག་པ་ཉིད་ཀྱིས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོས་སོ། །ཀུན་རྫོབ་པའི་ངོ་བོས་ཀྱང་རྟག་པ་ཡང་སྟེ། སྐད་ཅིག་རྒྱུན་མི་འཆད་པའི་ཕྱིར་རོ། །ཕྲ་ བ་ཡང་སྟེ་བདེན་པ་གཉིས་ཀྱི་ངོ་བོ་ཉིད་ཀྱི་བློ་ཕྲ་མོས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ཡང་སྟེ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཏེ། ས་བཅུ་གཅིག་པ་ལའོ་ཞེས་ཁྱད་པར་གསལ་བར་བྱེད་པ་ནིའོ། །སྔ་མའི་གནས་སྐབས་སུ། ཡེ་ཤེས་རྣམ་ཤེས་དག་ཐིམ་ པར་གྱིས་ཏེ། དེའི་བདག་ཉིད་ཀྱིས་ཞེས་སྦྱོར་རོ། །དེའི་ཚེ་ནི་ཡེ་ཤེས་ཀྱི་རང་བཞིན་གྱིས་རྣམ་པར་ཤེས་པ་རྫོགས་པའི་བྱང་ཆུབ་ཀྱི་སྟེ་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རྟོགས་པའི་རིམ་པ་དེ་རྟོགས་པའི་ མཚན་མ་རྣམས་ཀྱང་རང་ཉིད་ཀྱིས་ཡོངས་སུ་གཅད་པར་བྱ་ཞིང་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བསྟན་པར་བྱའོ། །སེམས་བསྐྱེད་པ་གཞན་དེ་རྣམས་ཀྱང་གེགས་བརྟེན་པ་ཉེ་བར་གྱུར་པ་མེད་ན་བརྒྱུད་ནས་སམ་དངོས་སུ་གོང་མའི་རྟོགས་པ་བསྐྱེད་པར་རུང་བ་ རྣམས་སུ་གསལ་བར་བྱེད་དེ། དེ་ལ་འདུན་པའི་གནས་སྐབས་སུ་མར་མེའི་ལྟ་བུ་འབར་ཞིང་སེར་བའི་སྣང་བ་ཡོངས་སུ་ཐམས་ཅད་ཀྱིས་མཐོང་ངོ་། །བསམ་པའི་གནས་སྐབས་སུ་གཅིག་ནས་གཅིག་ཏུ་རབ་ཏུ་རྒྱུ་བ་འབྱུང་ཞིང་འཇིགས་པའི་སེར་པོ་ཉིད་དང་ལྡན་ པའི་ཕྱིར་མེ་ཁྱེར་གྱི་རྣམ་པའི་རྡུལ་རྣམས་སོ། །ལྷག་པའི་བསམ་པའི་གནས་སྐབས་སུ་རྡུལ་དཀར་པོའི་འཁོར་ལོ་ཕྱོགས་རྣམས་སུ་རབ་ཏུ་འཕྲོའོ། །དེ་བཞིན་ཞེས་པ་ཇི་ལྟར་ལྷག་པའི་བསམ་པའི་གནས་སྐབས་སུ་རྡུལ་དཀར་པོའི་འཁོར་ལོ་ཡིན་པ་དེ་ ལྟར་དྲོད་ལ་སྟེ། ཁྱད་པར་ནི་འདིར་ཉོན་མོངས་ཕྱུང་བ་སྟེ། ཉོན་མོངས་པ་རྣམས་ཆེར་སོན་པ་འཇོམས་པ་སྟེ། ཕྲ་མོ་ཉིད་ཅེས་པའི་དོན་ཏོ། །དེ་ལྟར་སེམས་བསྐྱེད་པ་གཉིས་སུ་མཚན་མ་གསུམ་པའོ། །རྩེ་མོ་ལ་འདོད་པའི་ཁམས་པར་གྱུར་པའི་ལྷའི་ལོངས་སྤྱོད་བྱ་འདོད་པའི་ ལྷ་མོ་ལ་སོགས་པ་རྣམས་ཀྱང་རང་གི་ངང་གིས་འདུས་པ་རྣམས་སོ། །བཟོད་པ་ལ་གཟུགས་ཀྱི་མཐོ་རིས་ཤིན་ཏུ་དང་བའི་ལུས་ལ་སོགས་པ་དང་བསམ་གཏན་གྱི་བདེ་བ་ལ་སོགས་པ་ཡང་ལྷ་རྣམས་ཀྱི་བཞིན་ཏེ་གཟུགས་ཁམས་པར་གྱུར་པ་རྣམས་ཀྱི་ལྟ་བུར་རོ། །མཐོང་བ་ནི་ མཐོང་བར་བྱེད་པའོ། །ཆོས་མཆོག་ལ་གཟུགས་མེད་ལོངས་སྤྱོད་དེ། འཁོར་འགའ་ཞིག་ཏུ་གཞན་གྱི་དོན་ལ་དགོངས་པས་ནམ་མཁའ་མཐའ་ཡས་ལ་སོགས་པ་ལ་སྙོམས་པར་འཇུག་པ་ནི་དྲུག་པའོ། །མཐོང་བའི་ལམ་དུ་རབ་ཏུ་དགའ་བའི་ས་ལ་ཆོས་ཀྱི་དབྱིངས་ཏེ་དེ་ཁོ་ན་ ཉིད་རྟོགས་པ་ནི་བདུན་པའོ། །བསྒོམ་པའི་ལམ་གྱི་བདག་ཉིད་ཅན་གྱི་དྲི་མ་མེད་པ་ལ་སོགས་པའི་ས་རྣམས་སུ་དེ་ཁོ་ན་ཉིད་མཐོང་བ་ཁོ་ན་བྱ་དཀའ་བའོ་ཞེས་དགོངས་པ་ལས། རང་འདོད་དེ་འབད་པ་ཆུང་ངུས་སངས་རྒྱས་ཉིད་འདིའི་དོན་ཏེ་དགོས་པ་མཆོག་ཡིན་པ་ནི་རང་དགར་ སངས་རྒྱས་ཉིད་དོན་ལ་མ་རྟོགས་པའི་ངོ་བོ་དང་འབྲས་བུ་ཡང་སྟེ། དེ་ཁོ་ན་ཉིད་ཡང་དག་པར་བྱང་ཆུབ་པ་ནི་བརྒྱད་པའོ། །འདི་ཐམས་ཅད་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་གོམས་པའི་འབྲས་བུའོ། །དེ་ཡང་བསྐྱེད་པའི་རིམ་པས་སྔར་རྒྱས་པ་དང་བཅས་པར་བརྗོད་ ཟིན་ལ། རྫོགས་པའི་རིམ་པས་ནི་རྒྱས་པར་འཆད་པར་འགྱུར་རོ། །དེ་ལྟར་ཐབས་ཀྱི་རྒྱུད་ཡན་ལག་དང་བཅས་པ་ལས་དངོས་གྲུབ་གསུངས་ཤིང་། དེ་ཡང་རྣམ་པར་དག་པའི་ངོ་བོ་ཁོ་ནའོ་ཞེས་དེའི་དབང་དུ་བྱས་ནས་འབྲས་བུའི་རྒྱུད་བཤད་པའི་དོན་དུ་གསུངས་པ། ཉོན་ ཅིག་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སྙིང་པོའོ། །རྣམ་པར་དག་པ་ལས་དེ་བཞིན་ཉིད་ཐ་མི་དད་པ་ཉིད་ཀྱི་ཕྱིར་རྣམ་དག་དེ་བཞིན་ཉིད་ཅེས་གསུངས་ཤིང་། རྣམ་པར་དག་ཟིན་པའི་དེ་བཞིན་ཉིད་ནི་རྣམ་པར་དག་པའོ་ཞེས་པའི་དོན་ཡིན་གྱི་དེ་བཞིན་ཉིད་ཙམ་ ནི་རྣམ་པར་དག་པ་མ་ཡིན་ཏེ། དེ་བཞིན་ཉིད་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ན། ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཚེ་རྣམ་པར་དག་པ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐུན་མོང་དུ་བཤད་ནས་ཁྱད་པར་དུ་གསུངས་པ། ཕྱི་ནས་ཞེས་པ་ལ་སོགས་པའོ། །ཡང་ཁྱད་པར་གྱི་ངོ་བོ་གསུངས་ཏེ། ལྷའི་ངོ་བོ་ཉིད་ ཀྱིས་ན་རྣམ་པར་དག་པ་ནི་ལྷ་རྣམས་དང་འབྲེལ་པ་ཅན་ཉིད་ཀྱི་ཕྱིར་ལྷ་རྣམས་ཀྱི་ཞེས་གསུངས་ཏེ་དེ་བཞིན་ཉིད་རྣམ་པར་དག་པར་ནི་ཞེ་སྡང་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་གསལ་བར་འགྱུར་ བའི་ཕྱིར་རོ། །ཅི་ཞིག་རྣམ་པར་དག་པར་བྱ་ཞེ་ན། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །འོ་ན་གང་རྣམ་པར་མ་དག་པ་དེ་དག་པར་བྱེད་མི་ནུས་ཏེ་རྣམ་པར་མ་དག་པའི་རང་བཞིན་ཅན་ཉིད་ཀྱི་ཕྱིར་ལ། གང་དག་པ་དེ་ཡང་དག་པར་བྱ་བ་མ་ཡིན་ཏེ། དག་པ་ཉིད་ཁོ་ནའི་ཕྱིར་ རོ་ཞེས་པས་རྣམ་པར་དག་པ་ལ་འབད་པ་དོན་མེད་པའོ་ཞེ་ན། གསུངས་པ། རང་བཞིན་གྱིས་ཞེས་པ་ལ་སོགས་པའོ། །ཤེས་བྱ་ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པའི་སྒྲིབ་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་སྟེ། གང་སོ་སོར་ རིམ་གྱིས་སྤངས་པ་ལས་རིམ་གྱིས་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་འཐོབ་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་ཏེ་ཉོན་མོངས་པའི་སྒྲིབ་པའོ། །ཅིའི་ཞེ་ན་ཐར་པ་ཐོབ་པའི་སྟེ། དེ་ལ་ཉོན་མོངས་པས་གེགས་བྱེད་པར་འགྱུར་ཏེ། ཁྱིམ་དུ་ འཇུག་པ་ལ་སྒོ་གླེགས་བཞིན་ནོ། །ཅི་ལྟར་དེས་གེགས་ཡིན་ཞེ་ན། །དེ་ཡོད་ན་དེ་མི་སྐྱེ་བའི་ཕྱིར་རོ། །དེ་རྣམས་ཀྱིས་བསྒྲིབས་ཏེ་དྲི་མ་ཅན་དུ་ཞེས་པ་ནི་གློ་བུར་བའི་དྲི་མ་བསལ་བ་ལས་གསེར་བཞིན་དུ་རྫབ་ཀྱི་དྲི་མས་གོས་པ་རྣམས་སྦྱང་བྱའོ། །རྣམ་པར་དག་པ་དེ་ཁོ་ན་རྒྱས་ པར་སྟོན་པ་རང་ཞེས་པ་ལ་སོགས་པའོ། །སྟོང་པ་ཉིད་དང་རོ་གཅིག་པ་ཀུན་རྫོབ་པའི་རང་རིག་པ་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་དག་པ་སྟེ། དག་པ་གཞན་གྱིས་མིན་ཞེས་པ་འདི་འདྲ་བའི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་མེད་པར་དག་པ་གཞན་གྱིས་རྣམ་ པར་གྲོལ་བ་མིན་ནོ། །འོ་ན་ཡུལ་རྣམས་རྣམ་པར་དག་པར་མི་འགྱུར་ཏེ་རང་རིག་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། གསུངས་པ། ཡུལ་རྣམས་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་དག་པ་ཉིད་ཀྱི་ཕྱིར། །རང་གིས་རིག་བྱ་བདེ་བ་མཆོག །འདི་རྣམས་ཀྱི་བདེ་བ་ཆེན་པོ་རང་རིག་པར་ བྱ་བ་ཁོ་ནའོ་ཞེས་པའི་དོན་ཏོ། །དེ་ཉིད་སྒྲུབ་པར་བྱེད་པ་གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །རྣམ་དག་རང་བཞིན་ཕྱིར་ཞེས་པ། །གང་ཕྱིར་འདི་རྣམས་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པར་ཞེས་པ་རྣལ་འབྱོར་པ་ལའོ། །སོ་སོར་ སྣང་གི་རང་དབང་ཅན་དུ་ཡོད་པ་རྣམས་ནི་མ་ཡིན་ཏེ། རྣལ་འབྱོར་པའི་ཤེས་པ་འདི་ཁོ་ན་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །གལ་ཏེ་འདི་ལྟ་བུ་དེ་ལྟར་འགྱུར་མོད། དེ་ལྟ་ན་ཡང་ཇི་ལྟར་རྣམ་པར་དག་པའི་རང་བཞིན་རྣམས་ཡིན་ཞེ་ན། གསུངས་པ། གང་ཕྱིར་སྣ་ཚོགས་ སངས་རྒྱས་དངོས། །ཞེས་པ་རྣམ་པར་དག་པའི་རྣལ་འབྱོར་པ་སངས་རྒྱས་ཁོ་ན་སྣ་ཚོགས་པའི་ངོ་བོར་རྣམ་པར་གནས་པའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། རྣལ་འབྱོར་པའི་ཤེས་པ་ལས་ངེས་པར་སྐྱེས་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་སོ་སོར་སྣང་བ་ རྣམས་དེའི་རང་བཞིན་ཁོ་ནར་བརྗོད་ཀྱི། དེ་ལས་གཞན་པ་ཉིད་ནི་མ་ཡིན་ནོ། །དེས་ན་རྣལ་འབྱོར་པའི་རང་རིག་པ་དེ་ལྟར་རྣམ་པར་དག་པ་ན་ཡུལ་རྣམས་ཀྱང་རང་རིག་བྱའི་བདག་ཉིད་ཀྱི་དག་པར་འགྲུབ་བོ། །འགྲོ་བ་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པར་བྱས་པ་ན་རྣམ་ པར་མ་དག་པ་མ་མཐོང་བས་ཀྱེ་ཞེས་པ་ལ་སོགས་པས་ཞུ་བའོ། །གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་ནི་མི་ཤེས་པའི་སྒྲིབ་པའི་གཙོ་བོར་བསྟན་ཟིན་ཏེ། དེ་མེད་ན་ཉོན་མོངས་པའི་སྒྲིབ་པ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་གཟུང་བ་དང་འཛིན་པའི་ངོ་བོས་ གཟུགས་ལ་སོགས་པ་རྣམས་རྣམ་པར་མ་དག་པ་རྣམས་སོ་ཞེས་བརྗོད་པར་བྱའོ། །དེ་རྣམས་ཀྱང་ཅིའི་སླད་དུ་ཞེས་པ་ལ་སོགས་པའོ། །འོ་ན་ཉོན་མོངས་པ་རྣམས་རྣམ་པར་དག་པར་འདོད་པ་མ་ཡིན་ནམ་ཞེ་ན། བདེན་ནོ། །འོ་ན་ཇི་ལྟར་སྒྲིབ་པ་ཡིན་ཞེ་ན། གཟུང་བ་ དང་འཛིན་པའི་དངོས་པོ་ཁོ་ན་ལས་སོ། །འོ་ན་དེ་སྒྲིབ་པར་འགྱུར་མོད་ཅེ་ན། མ་ཡིན་ཏེ་དེ་རྣམས་ཀྱང་དེའི་ལྷན་ཅིག་འགྱུར་བ་ཉིད་ཀྱིས་སྒྲིབ་པར་བྱེད་པའི་ཕྱིར་རོ། །གང་ཕྱིར་བྱམས་པ་ལ་སོགས་པ་སྒྲིབ་པར་བྱ་བ་རྣམས་ཀྱང་སྒྲིབ་པའི་ཆེད་དུ་འགྱུར་བ་ནི་མ་ཡིན་ཞིང་། འདོད་ཆགས་ལ་སོགས་པ་རྣམས་ནི་འགྱུར་བ་ཁོ་ནའོ། །གང་རྣལ་འབྱོར་པའི་འདོད་ཆགས་ལ་སོགས་པ་རྣམས་ཐབས་ཉིད་དུ་སྒྲུབ་པ་དེ་ནི་ཡོངས་སུ་ཤེས་པའི་ཁྱད་པར་ལས་ཆ་ཤས་ཀྱིས་མ་བསྒྲིབས་པའི་ཕྱིར་རམ་ཐབས་ཀྱི་ཁྱད་པར་གྱི་ཕྱིར་ཏེ། རྣམ་པ་གཞན་དུ་མ་ནི་འདི་ རྣམས་སྒྲིབ་པ་ཁོ་ནའོ། །འོ་ན་གཏི་མུག་རྣམ་པར་དག་པར་མི་འགྱུར་ཏེ། རྩ་བའི་སྒྲིབ་པའི་ངོ་བོའི་ཕྱིར་ལ། གཏི་མུག་རྣམ་པར་དག་པར་རྣམ་པར་སྣང་མཛད་དུ་ཡང་འདོད་དོ་ཞེ་ན། བདེན་ཏེ་གཏི་མུག་གི་ངོ་བོའི་ཡིད་རྣམ་པར་དག་པས་སོ་ཞེས་པ་ཁོ་ནའོ། །དེའི་ངོ་བོ་ ཉིད་མེད་པའི་ཕྱིར་རོ། །དེ་ལྟ་ན་དེའི་ངོ་བོ་ཉིད་རྣམ་པར་དག་པས་འགྱུར་བ་མ་ཡིན་ནོ་ཞེ་ན་བདེན་ཏེ། ཡང་དག་པ་མ་ཡིན་པ་གློ་བུར་བའི་དྲི་མ་དེའི་རྣམ་པར་དག་པ་ཅི་ཞེས་བྱ་སྟེ། རི་བོང་གི་རྭའི་བཞིན་ནོ། །དེ་ལྟར་ཐམས་ཅད་རྣམ་པར་དག་པ་ན་ཡོངས་སུ་དག་པས་དཀྱིལ་ འཁོར་གྱི་འཁོར་ལོའི་ངོ་བོ་འགྲུབ་པར་འགྱུར་རོ། །གལ་ཏེ་གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རྣམ་པར་དག་པས་ན་དེའི་ཚེ་གཟུགས་ལ་སོགས་པ་རྣམས་བསྟེན་པར་བྱ་བ་མ་ཡིན་ནོ་ཞེ་ན། གསུངས་པ། བསྟེན་བྱ་ཞེས་པ་བསྟེན་པར་འོས་པ་རྣམས་ཏེ། འདོད་པའི་ ཡོན་ཏན་ལྔ་རྣམས་མེད་པར་སྟོང་པ་ཉིད་ནི་རོ་བྲོ་བ་མེད་པ་ཁོ་ནར་འགྱུར་རོ་ཞེས་དགོངས་པའོ། །འོ་ན་དེ་ལྟར་སྟོང་པ་ཉིད་དུ་འགྱུར་ན་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་དངོས་པོའི་དུག་གིས་སུན་ཕྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ། དག་པས་དུག་མེད་བྱས་ནས་ནི། ། ཞེས་པའོ། །རྣམ་པར་དག་པ་དེ་ཁོ་ན་ཤིན་ཏུ་མ་ཡིན་པ་ནི་བསྐྱེད་པའི་རིམ་པ་ལ་ལྟོས་པས་རབ་ཏུ་གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཉི་མ་ནི་རིན་ཆེན་འབྱུང་ལྡན་ནོ། །པདྨ་གར་དབང་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་རྒྱལ་པོ་ནི་ དོན་ཡོད་གྲུབ་པའོ། །རྡོ་རྗེ་སེམས་དཔའ་ནི་འདིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཀུན་གྱི་ངོ་བོ་ཞེས་པ། གཟུགས་ལ་སོགས་པའི་རང་གི་ངོ་བོ་ཐམས་ཅད་འདིའི་ཡིན་པ་ཞེས་པས་གཟུགས་ལ་སོགས་པའི་རང་བཞིན་ཉིད་ཁོ་ན་ ཧེ་རུ་ཀ་སྟེ་མི་བསྐྱོད་པ་ཞེས་པའི་དོན་ཏོ། །གཏི་མུག་རྡོ་རྗེ་ནི་གཏི་མུག་འཇིག་པར་བྱེད་པའི་ཕྱིར་སའི་སྙིང་པོ་སྟེ་རྣམ་པར་སྣང་མཛད་ཀྱི་རྒྱུ་མཐུན་པའོ། །ཞེ་སྡང་རྡོ་རྗེ་ནི་ཞེ་སྡང་ལ་ཞེ་སྡང་བའི་ཕྱིར་ཕྱག་ན་རྡོ་རྗེ་སྟེ་མི་བསྐྱོད་པའི་རྒྱུ་མཐུན་པའོ། །ཕྲག་དོག་རྡོ་རྗེ་ནི་ཕྲག་ དོག་རྣམ་པར་འཇིག་པའི་ཕྱིར་ནམ་མཁའི་སྙིང་པོ་སྟེ་རིན་ཆེན་དབང་པོའི་རྒྱུ་མཐུན་པའོ། །འདོད་ཆགས་རྡོ་རྗེ་ནི་འདོད་ཆགས་པ་ཐམས་ཅད་འཇིག་པའི་ཕྱིར་འཇིག་རྟེན་དབང་པོའི་སྟེ་སྣང་བ་མཐའ་ཡས་ཀྱི་རྒྱུ་མཐུན་པའོ། །ཁ་ནི་གཙོ་བོ་ལྕེའོ་འདིས་རེག་པར་བྱེད་དོ་ཞེས་ པས་རེག་བྱེད་ནི་ལུས་སོ། །སེར་སྣ་རྡོ་རྗེ་ནི་སེར་སྣ་འཇིག་པའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། དོན་ཡོད་གྲུབ་པའི་རྒྱུ་མཐུན་པའོ། །སྐྱེ་མཆེད་ཁམས་ཀུན་ནི་ཡིད་དེ་སྐྱེ་མཆེད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཧེ་རུ་ཀ་ནི་ཀུན་དུ་བཟང་པོ་ སྟེ་མི་བསྐྱོད་པའི་རྒྱུ་མཐུན་ནོ། །རྡོ་རྗེ་སེམས་དཔའི་རྒྱུ་མཐུན་དུ་ཡང་འདི་གཞན་དུ་བཤད་དོ་ཞེས་པ་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་བྱང་ཆུབ་སེམས་དཔའ་རྣམས་ཏེ། མངོན་པར་ཤེས་པ་འགྲུབ་པའི་རྒྱུ་རྣམས་སོ། །ཞི་བས་ནད་ལ་སོགས་པ་ལྟུང་པར་བྱེད་ པའི་ཕྱིར་ལྟུང་བྱེད་མ་ནི་སྤྱན་མའོ། །གསོད་བྱེད་མ་ནི་མཱ་མ་ཀཱིའོ། །འགུགས་བྱེད་མ་ནི་གོས་དཀར་མོའོ། །དབང་དུ་བྱེད་པའི་དོན་དུ་རྣམ་པ་སྣ་ཚོགས་པའི་གཟུགས་རྣམས་ཀྱིས་གར་བྱེད་པའི་ཕྱིར་གར་གྱི་དབང་ཕྱུག་མ་ནི་སྒྲོལ་མའོ། །ཡང་དག་པར་འཛིན་པ་དང་། ལྟ་བར་བྱེད་པ་དང་མི་དགེ་བ་བསྲེགས་པ་དང་བསོད་ནམས་དང་ཡེ་ཤེས་ཉེ་བར་འཕེལ་བར་བྱེད་པ་ཉིད་ཀྱིས་ས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་སྤྱན་མ་ལ་སོགས་པ་བཞི་རྣམས་མངོན་པར་བརྗོད་དོ། །ཅི་སྟེ་ས་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་ཅེས་གང་བརྗོད་ པ་དེ་ཅི་ལྟར་ཞེ་ན། དེ་བཞིན་ཉིད་ཀྱི་ལུས་ཀྱིས་སོ་ཞེས་སྨྲའོ། །ལོངས་སྤྱོད་རྫོགས་པའི་སྐུས་བསྡུས་པའི་ཕྱི་དང་ནང་གི་གང་ས་ལ་སོགས་པ་དེ་རྣམས་ཀྱང་དེ་ཁོ་ན་ཉིད་ཁོ་ན་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ནང་གི་པདྨ་གསལ་ བར་བྱེད་པའི་ཕྱིར་པདྨ་འབར་བ་མ་རྡོ་རྗེ་སྙེམས་མ་ནི་ནམ་མཁའི་ཁམས་ཏེ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ། །ནམ་མཁའི་རྡོ་རྗེ་དབྱིངས་དམ་ཚིག །དེ་ནི་ རྡོ་རྗེ་འཛིན་པར་བཤད། །ཅེས་སོ། །རྡོ་རྗེ་སྙེམས་མ་ཡང་རྡོ་རྗེ་འཛིན་པ་ལས་ཐ་མི་དད་པའི་ཕྱིར་རྡོ་རྗེ་འཛིན་པར་བཤད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་ན་སྤྲོས་པའི་འཁྲུག་པ་མེད་པའི་ཕྱིར་མ་དཀྲུགས་ལས་ཞེས་ གསུངས་སོ། །དེ་ལྟར་ན་ནང་གི་སྐྱེ་མཆེད་ཉིད་ཀྱིས་ན་མིག་ལ་སོགས་པ་རྣམས་ལས་གཙོ་བོ་ཉིད་ཀྱི་ཕྱིར་འབྱུང་བ་རྣམས་ཀྱི་རྣམ་པར་དག་པ་གསུངས་སོ། །འབྱུང་བ་ལ་བརྟེན་པ་ཉིད་ཀྱིས་ན་གཙོ་བོ་མ་ཡིན་པ་ཉིད་ཀྱིས་འབྱུང་བ་ལས་གྱུར་པ་གཟུགས་ལ་སོགས་པ་ཕྱིའི་སྐྱེ་ མཆེད་རྣམ་པར་དག་པའི་རང་བཞིན་བྱང་ཆུབ་སེམས་མ་རྣམས་ཏེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ། །གཟུགས་ཀྱི་རྡོ་རྗེ་མ་སོགས་དྲུག །རྡོ་རྗེ་བདག་པོ་ཅན་ཞེས་བཤད། །ཐུགས་གསུང་སྐུ་ཡི་ རྡོ་རྗེ་ཡིས། །བདག་ཉིད་ཆེ་རྣམས་ཡང་དག་འབྱུང་། །ཞེས་སོ། །རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་རྣམས་འདི་རྣམས་ཀྱི་བདག་པོ་རྣམས་ཏེ་ལོངས་སྤྱོད་པ་པོ་ཉིད་ཀྱིས་སོ་ཞེས་དེ་ལྟར་གསུངས་སོ། །རྣམ་པར་དག་པའི་གཟུགས་ལ་སོགས་པའི་རང་བཞིན་ཉིད་ཀྱིས་འདི་རྣམས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱད་བྱ་བླ་ན་མེད་པའི་ངོ་བོ་ཉིད་ཁོ་ནར་བསྟན་ཏོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོར་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གསུངས་སོ། །དེ་ལས་གཞན་པ་དཔག་ཏུ་ མེད་པ་རྣམས་ཀྱང་འདི་ལྟ་བུ་ལ་སོགས་པ་རྣམས་རྣམ་པར་ཤེས་པར་བྱ་སྟེ། དེ་རྣམས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་ལས་ཐ་མི་དད་པ་རྣམས་སོ་ཞེས་པས་འདི་རྣམས་མི་བསྐྱོད་པ་ལ་སོགས་པའི་སྒོ་ཅན་དུ་འགྲུབ་པའོ། །འོ་ན་ཅི་ལྟར་མཐའ་ཡས་པ་ཡིན་ཞེ་ན། དཔག་ཏུ་མེད་པའི་དབྱེ་བ་ཅན་གྱི་ཕུང་པོ་ལ་སོགས་པ་ཐ་དད་པར་ཞེན་པའི་སེམས་ཅན་དཔག་ཏུ་མེད་པའི་བསམ་པའི་དབང་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད་དཔག་ཏུ་མེད་པའི་ཚུལ་ཅན་རྣམས་སུ་འདི་རྣམས་འཆར་བའི་ཕྱིར་རོ། །དེ་ལྟར་ནི་རྟེན་གྱི་དཀྱིལ་འཁོར་ནི་ དེ་ཁོ་ན་ཉིད་ལས་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་བྱང་ཆུབ་བོ། །བྱང་ཆུབ་དེ་ལ་གང་རྣམ་པ་ཀུན་ཡོངས་སུ་དག་པའི་སེམས་དེ་ནི་ངེས་པའི་དོན་དུ་ན་བརྟེན་པའི་དཀྱིལ་འཁོར་རོ། །དེ་ལྟར་ནི་འདི་ནི་ཐུན་མོང་དུ་ལྷའི་དེ་ཁོ་ན་ཉིད་དོ། །འདིར་ནི་ལྷ་ཐམས་ཅད་ཤེས་རབ་དང་ཐབས་ ཀྱི་བདག་ཉིད་ཅན་རྣམས་སོ། །དེ་ལ་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ནི་ཟབ་མོ་ཉིད་དོ། །དེ་འང་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །ཐབས་ཀྱི་དེ་ཁོ་ན་ཉིད་ན་རྒྱ་ཆེ་བ་སྟེ། དེ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་དབང་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་མི་རྟོག་པ་ལ་ དབང་བ་ཉིད་དེ་ཡང་སེམས་ཁོ་ནའི་དག་པའོ། །དེའི་ཕྱིར་སེམས་ཁོ་ན་ལྷ་ཐམས་ཅད་ཀྱི་བདག་ཉིད་དུ་དང་སྔ་མ་ཡང་རྒྱས་པ་དང་བཅས་པར་བཤད་ཟིན་ཏོ། །དེ་ལྟར་ཡང་ལྷའི་སྒོ་ནས་དང་དེ་ཁོ་ན་ཉིད་ཀྱི་སྒོ་ནས་སེམས་རབ་ཏུ་རྒྱས་པར་བྱེད་པ་ན་འབྲས་བུར་གྱུར་པ་ཕ་རོལ་ཏུ་ཕྱིན་པ་ ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ཙམ་བསྒོམས་ན་འཇིག་རྟེན་པའི་ཏིང་ངེ་འཛིན་ཙམ་འཐོབ་སྟེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་བཞིན་ནོ། །ཅི་སྟེ་སྟོང་པ་ཉིད་ཙམ་བསྒོམ་པ་དེའི་ཚེ་ཡང་ཉན་ཐོས་བཞིན་ དུ་མྱ་ངན་ལས་འདས་པ་ཙམ་གྱི་འདུ་ཤེས་ཅན་ཉིད་དུ་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྦྱོང་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ལྷའི་བདག་ཉིད་འབའ་ཞིག་ཁོ་ནར་བསྒོམས་ན་དེ་ལྟ་ན་ཡང་ཡོངས་སུ་སྦྱང་བ་དམན་པ་ཉིད་ཀྱི་ཕྱིར་དེ་ཙམ་གྱིས་སངས་རྒྱས་ཉིད་མ་ཡིན་ གྱི་དགེ་བར་ནི་འགྱུར་རོ། །ཅི་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་གྱི་ལྷ་མ་ཡིན་པ་དེ་ལྟ་ན་ཡང་ཡུན་རིང་པོས་སངས་རྒྱས་ཉིད་འཐོབ་ཀྱི་མྱུར་དུ་མ་ཡིན་ལ། གསུམ་ཀ་བསྒོམ་པ་ན་ནི་ཤིན་ཏུ་དགའ་བར་བྱ་བ་ཉིད་ཀྱི་ཕྱིར་དང་བྱིན་རླབས་ཀྱི་ཁྱད་པར་གྱི་ཕྱིར་ཤིན་ཏུ་མྱུར་བར་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཐ་མལ་ང་རྒྱལ་གཞོམ་དོན་དུ། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་དང་། སླར་ཡང་འོན་ཀྱང་མི་གཙང་བའི་ལུས་སྦྱང་བའི་སླད་དུ་སངས་རྒྱས་ཀྱི་སྐུ་བསྒོམ་པར་ བགྱིའོ་ཞེས་སོ། །ཐུན་མོང་མ་ཡིན་པ་ཤིན་ཏུ་བ་མ་ཡིན་པའི་རྣམ་པར་དག་པ་ནི་བསྐྱེད་པའི་རིམ་པ་ལ་གདུལ་བྱའི་ཁྱད་པར་ལ་དགོངས་ནས་རྣམ་པ་མང་པོ་གསུངས་ཏེ་དེ་འདིར་མ་སྤྲོས་སོ། །རྣམ་པར་དག་པའི་སྙིང་པོ་མདོར་བསྡུས་པའི་རྗེས་སུ་འབྲང་བའི་ཤེས་རབ་ཆེན་པོ་ལ་དེ་ རབ་ཏུ་སྤྲོས་པས་ཅི་བྱ། ཤེས་རབ་ཆེན་པོའི་དབང་དུ་བྱས་པ་ཁོ་ནར་རྒྱུད་ཀྱི་རྒྱལ་པོ་འདི་བསྟན་ཏོ། །དེ་རབ་ཏུ་སྤྲོས་པ་འདོད་པ་རྣམས་རྗེས་སུ་གཟུང་བའི་ཆེད་དུ་རྣམ་པར་དག་པ་རྒྱས་པ་དང་བཅས་པར་བདག་གིས་བརྗོད་དོ། །དེ་ལ་ཕྱོགས་བཅུར་རྒྱུ་བའི་བགེགས་ཀྱི་ཚོགས་ མི་འཇུག་པ་ལ་སོགས་པའི་དོན་དུ་དབྱེ་བར་བྱར་མེད་པའི་ཆོས་ཉིད་རྣམ་པར་དག་པས་རྡོ་རྗེ་ར་བ་ལ་སོགས་པའོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་དང་ཟད་པ་དང་མི་སྐྱེ་བ་དང་ཆོས་དང་རྗེས་སུ་ཤེས་པ་དང་ཀུན་རྫོབ་དང་ཡོངས་སུ་འདྲེས་པ་ཤེས་པ་ཞེས་ པ་ཤེས་པ་བཅུ་རྣམ་པར་དག་པས་འཁོར་ལོའི་རྩིབས་བཅུ་པའོ། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་རྣམ་པར་བྱང་བ་ཉིད་ཀྱི་ཕུང་པོ་ལྔ་ཞེས་པ་བཅུ་རྣམ་པར་དག་པས་ཁྲོ་བོ་བཅུ་རྣམས་སོ། །མེ་ལོང་ལྟ་བུ་ལ་སོགས་པ་བཅུ་རྣམ་པར་དག་པས་འཁོར་ལོའི་ལྟེ་བ་ ལ་གནས་པའི་མགོན་པོའོ། །གཞན་གྱི་སེམས་ཤེས་པ་དང་སྒྲ་ཇི་བཞིན་ཤེས་པ་དག་ལ་ཡང་ངོ་ཞེས་ཁ་ཅིག་གོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་རྣམ་པར་དག་པས་མཐའ་ཡས་པའི་ཕྱོགས་ཀྱི་འཁོར་ལོར་འཇུག་པའི་འོད་ཟེར་སྣ་ཚོགས་དང་ཆོས་ འབྱུང་བའི་ཕྱག་རྒྱའོ། །སྐུ་གསུང་ཐུགས་རྣམ་པར་དག་པས་དེའི་ཟུར་གསུམ་སྟེ། དབུས་སུ་སྐྱོན་གྱིས་མ་གོས་པའི་ཆོས་ཉིད་རྣམ་པར་དག་པས་འདབ་མ་སྣ་ཚོགས་པའི་པདྨའོ། །སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ན་དབྱེར་མེད་པའི་ཡེ་ཤེས་ལྔ་རྣམ་པར་དག་པས་སྣ་ཚོགས་ རྡོ་རྗེའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་འབྱེད་པ་རྣམ་པར་དག་པས་རྭ་བཅུ་གཉིས་སོ། །འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོ་བ་ཉི་ཤུ་འཇོམས་པ་རྣམ་པར་དག་པས་རྭ་ཉི་ཤུ་པ་ཡང་ངོ་། །དེའི་ལྟེ་བ་ལ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཟླ་བའི་ དཀྱིལ་འཁོར་རོ། །དེར་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་རྣམ་པར་དག་པས་ཡེ་ཤེས་ལྔ་རྣམ་པར་དག་པའི་ཁ་དོག་ལྔ་པའི་རིན་པོ་ཆེའི་ཁང་པ་བརྩེགས་པ་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་རང་བཞིན་ནོ། །དེ་ཡང་དེ་བཞིན་གཤེགས་པ་དང་སོ་སོ་སྐྱེ་བོ་དག་དེ་ཁོ་ན་ ཉིད་དུ་ན་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱིས་མི་མཉམ་པ་མེད་པ་གསལ་བར་བྱེད་པ་རྣམ་པར་དག་པས་དང་འཕགས་པའི་བདེན་པ་བཞི་རྣམ་པར་དག་པས་གྲུ་བཞི་པའོ། །ཚངས་པའི་གནས་བཞི་རྣམ་པར་དག་པས་ཟུར་བཞིའོ། །དྲན་པ་ཉེ་བར་གཞག་པ་ བཞི་རྣམ་པར་དག་པས་ཤར་གྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་ནུབ་ཀྱི་སྒོའོ། །དད་པ་ལ་སོགས་པ་དབང་པོ་ལྔ་རྣམ་པར་དག་པས་བྱང་གི་སྒོའོ། །བསྡུ་བའི་དངོས་པོ་བཞི་རྣམ་པར་དག་ པས་སམ་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་མི་བྱེད་པ་རྣམ་པར་དག་པས་ཀྱང་སྒོ་བཞིའོ། །སྒོ་ཉིད་ནི་བྱང་ཆུབ་ཀྱི་ཐབས་ཉིད་ཀྱི་ཕྱིར་རོ། །དད་པ་ལ་སོགས་པ་སྟོབས་ལྔ་རྣམ་པར་དག་པས་ཚོན་ལྔའི་རྩིག་པ་རྣམས་སོ། །རྫུ་འཕྲུལ་ གྱི་རྐང་པ་བཞི་རྣམ་པར་དག་པས་སྒོ་ཁྱུད་རྣམས་སོ་ཞེས་ཀླུའི་བློའི་ཞབས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པས་སྒོའི་ཀ་བ་བརྒྱད་རྣམས་སོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བསྟན་པའི་ཕྱིར་ཡན་ལག་རྣམས་ནི་ཀ་བ་རྣམ་པར་ དག་པ་རྣམས་སོ། །དེ་སྐད་དུ་ཡང་ཀླུའི་བློའི་ཞབས་ཀྱིས་རྣམ་པར་ཐར་པ་བརྒྱད་པོ་ཀ་བར་འགྱུར་ཞེས་གསུངས་ནས། འཕགས་ལམ་ཡན་ལག་བརྒྱད་པོ་ཉིད། །ཀ་བ་བརྒྱད་པོ་ཞེས་པར་བཤད། །ཅེས་གསུངས་སོ། །བདེ་མཆོག་གི་དཀྱིལ་འཁོར་དུ་ནི། །སངས་ རྒྱས་ཀུན་གྱི་སྙིང་པོ་ཆེས། །རྟག་ཏུ་ཀ་བར་གྱུར་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་པར་བཤད། །ཅེས་སོ། །དེའི་སྟེང་དུ་སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་དག་པས་གདུང་བཞི་སྟེ། གཞན་གྱི་དོན་གྱི་ཁུར་ཁུར་བར་ནུས་ པ་ཉིད་ཀྱི་ཕྱིར་རོ། །དཔའ་བར་འགྲོ་བ་དང་ནམ་མཁའི་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་དང་། སེང་གེ་རྣམ་པར་རྩེན་པ་སྟེ་ཏིང་ངེ་འཛིན་བཞི་རྣམ་པར་དག་པས་སྟེགས་བུ་བཞིའོ། །དེ་རྣམས་སུ་གནས་པ་རྣམས་ནི་བཟོད་པ་དང་ཆོས་དང་དོན་དང་སྔགས་ཀྱི་གཟུགས་ རྣམ་པར་དག་པས་མཆོད་པའི་ཡོ་བྱད་སྣ་ཚོགས་པས་ཕྱག་གི་ཡལ་ག་བྲེལ་བའི་ལྷ་མོ་རྣམས་སོ། །འགྲོ་བའི་རེ་བ་སྣ་ཚོགས་རྫོགས་པར་བྱེད་པ་རྣམ་པར་དག་པས། རིན་པོ་ཆེ་མ་ལུས་པས་རྣམ་པར་སྤྲས་པའི་རྒྱན་རྣམ་པར་བཀྲ་བ་རྣམས་སོ། །གདུལ་བྱའི་དབང་ གིས་ཕྱུང་བ་མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་དུ་བསྟན་པ་དང་ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་དང་གླེང་གཞི་དང་རྟོགས་པ་བརྗོད་པ་དང་དེ་ལྟ་བུ་བྱུང་བ་དང་སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་གཏན་ལ་ཕབ་པ་བསྟན་པ་ཞེས་བྱ་ བ་ཡན་ལག་བཅུ་གཉིས་ཐམས་ཅད་དུ་འགྲོ་བ་དམ་པའི་ཆོས་ཀྱི་སྒྲ་རྣམ་པར་དག་པས་རླུང་གིས་བསྐྱོད་པའི་བ་དན་དང་དྲིལ་བུའི་སྒྲ་རྣམས་སོ། །ཇི་ལྟར་རིགས་པར་འགྲོ་བའི་འཁོར་བའི་གདུང་བ་ཞི་བ་དག་པས་གདུགས་རྣམས་སོ། །རྣམ་པར་རྟོག་པ་མ་ ལུས་པ་ནུབ་པར་འགྲོ་ན་ཡང་བསོད་ནམས་ཇི་ལྟ་བར་སྣ་ཚོགས་པའི་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་དག་པས་བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་རྣམས་སོ། །ཉོན་མོངས་པའི་རྩ་བ་བཏོན་པས་འཇིག་རྟེན་ ལས་འདས་པའི་བསྒོམ་པའི་ལམ་རྣམ་པར་དག་པས་དྲ་བ་རྣམས་སོ། །ཉོན་མོངས་པ་གནོན་པའི་ཕྱིར་འཇིག་རྟེན་པའི་བསྒོམ་པའི་ལམ་རྣམ་པར་དག་པས་དྲ་བ་ཕྱེད་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཟླ་བ་རྣམས་སོ། །ཤེས་རབ་ཡེ་ཤེས་རྣམ་པར་ དག་པས་ཉི་མ་རྣམས་སོ། །དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་རྣམ་པར་དག་པས་རྔ་ཡབ་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཕུན་སུམ་ཚོགས་པ་རྣམ་པར་དག་པས་མེ་ཏོག་གི་ཕྲེང་བ་རྣམས་སོ། །མེ་ལོང་ཡེ་ཤེས་རྣམ་པར་དག་པས་མེ་ལོང་ངོ་། ། དེ་སྐད་དུ་ཡང་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་པ། གང་ཞིག་དོ་ཤལ་ཡང་དག་བཤད། །ཉོན་མོངས་ཐམས་ཅད་གཅོད་པའོ། །ཉོན་མོངས་འཕྲོག་པ་དྲ་བ་སྟེ། །ཡང་དག་གཅོད་དང་སྤོང་ལས་སོ། །རྣམ་པར་གནོན་དང་སྤོང་བ་ནི། །ཚོགས་གཉིས་ཀྱི་ནི་ སྦྱོར་བ་ལས། །ཉོན་མོངས་རྣམས་ཀྱི་ཕྱེད་འཕྲོག་པ། །དྲ་བ་ཕྱེད་པ་ཞེས་པར་བཤད། །རང་བཞིན་འོད་གསལ་དག་པ་ཡི། །བྱང་ཆུབ་སེམས་ནི་བླ་ན་མེད། །སེམས་ཅན་ཀུན་དོན་འབྱུང་བ་ནི། །ཟླ་བའི་དཀྱིལ་འཁོར་བརྗོད་པར་བྱ། །ཤེས་རབ་ཡེ་ཤེས་རང་བཞིན་ དག། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས། །ཐར་པའི་སྣང་བ་གཟི་བརྗིད་ཆེ། །ཉི་མའི་དཀྱིལ་འཁོར་དུ་བརྗོད་བྱ། །སྒྲིབ་པ་གཉིས་ལས་རྣམ་གྲོལ་ཞིང་། །ཏིང་འཛིན་ཡེ་ཤེས་ཀྱིས་བྱས་པ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཅེས་ནི་ཡང་དག་བཤད། །བྱང་ཆུབ་ཡན་ལག་བདུན་ཕྲེང་བ། ། དེ་བཞིན་མེ་ཏོག་ཐག་པ་བཀོད། །ཅེས་སོ། །རགས་པ་དང་ཕྲ་བ་དང་བར་མའི་བློ་ཅན་གྱི་གདུལ་བྱ་རྣམས་ལ་ཇི་ལྟར་འོས་པས་ཆོས་སྟོན་པ་ལ་འབབ་པ་རྣམ་པར་དག་པས་རྩེ་མོ་དུད་པའི་བ་ཀུ་ལའི་ཕྲེང་བའོ། །འཇིག་རྟེན་ལས་འདས་པ་མཆོག་ཏུ་དཀར་བའི་ཆོས་ བཙུགས་པ་རྣམ་པར་དག་པས་མདའ་ཡབ་རྣམས་སོ། །བསམ་གཏན་བཞི་རྣམ་པར་དག་པས་རྟ་བབས་བཞི་རྣམས་སོ། །གདུལ་བྱ་རྣམས་ལ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མི་མཐུན་ཕྱོགས་གཅོད་པ་རྣམ་པར་དག་པས་ཆོས་ཀྱི་འཁོར་ལོའོ། །དེའི་ རྩིབས་རྣམས་ཕྱོགས་གཅིག་ལ་བརྒྱད་རྣམས་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཀུན་རྫོབ་དང་དོན་དམ་པ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དག་པས་སོ། །ཕྱོགས་གཞན་ལ་བཅུ་གཉིས་རྣམས་ ནི། །སྡུག་བསྔལ་ཤེས་པར་བྱ་བ་དང་ཤེས་པ་དང་སླར་ཤེས་པར་བྱར་མེད་པ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་སྤངས་པ་དང་། སླར་སྤང་བར་བྱར་མེད་པ་དང་། འགོག་པ་མངོན་དུ་བྱ་བ་དང་བྱས་ཟིན་པ་དང་སླར་མངོན་དུ་བྱར་མེད་པ་དང་། ལམ་བསྒོམ་ པར་བྱ་བ་དང་བསྒོམས་ཟིན་པ་དང་སླར་སྒོམ་དུ་མེད་པ་ཞེས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པ་བཅུ་གཉིས་ཡོངས་སུ་དག་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དག་པས་ཀྱང་ངོ་། །སེང་གེ་བཞིན་དུ་ཚུགས་པ་མེད་པ་ཉིད་ན་ཡང་ཚད་མ་ཡོངས་ སུ་དག་པའི་ཆོས་བསྟན་པའི་དང་བསྡུ་བའི་དངོས་པོ་རྣམས་ཀྱིས་རབ་ཏུ་དང་བ་ལས་མགྲིན་པ་གྱེན་དུ་བཏེག་ཅིང་ཆོས་དང་དད་པའི་རྗེས་སུ་འབྲང་བའི་མུ་སྟེགས་ངན་པའི་རི་དགས་དང་རི་དགས་མོས་ཚོལ་བར་རུང་བ་ཆོས་ཀྱི་འཁོར་ལོའོ་ཞེས་མངོན་པར་དགོངས་པ་རྣམ་ པར་དག་པས་མགྲིན་པ་གྱེན་དུ་བཏེག་པའི་རི་དགས་དང་རི་དགས་མོའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པས་བླ་རེ་དང་གོས་དང་ཕྲེང་བ་ལ་སོགས་པ་རྣམས་སོ། །ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པས་འོད་ཟེར་འབར་བའོ། །དུར་ཁྲོད་ བརྒྱད་རྣམས་ནི་རྣམ་པ་ཐམས་ཅད་པའི་སེམས་རང་བཞིན་མེད་པ་ཉིད་རྣམ་པར་དག་པ་སྟེ། མིག་ལ་སོགས་པ་ལྔ་དང་ཀུན་གཞི་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པར་ཤེས་པ་གནས་གྱུར་པ་རྣམ་པར་དག་པས་ཀྱང་ངོ་། །རྩིག་པའི་ནང་གི་དཀྱིལ་འཁོར་ དུ་ཟུར་ཐིག་གཉིས་ཀྱི་བར་གྱི་དཀར་པོའི་ས་གཞི་དང་སྟེང་གི་གཡོགས་ནི་རྣམ་པར་སྣང་མཛད་རྣམ་པར་དག་པའོ། །སེར་པོ་ནི་རིན་ཆེན་འབྱུང་ལྡན་དག་པས་སོ། །དམར་པོ་སྣང་བ་མཐའ་ཡས་དག་པས་སོ། །ལྗང་གུ་དོན་ཡོད་གྲུབ་པ་དག་ པས་སོ། །ནག་པོ་མི་བསྐྱོད་པ་དག་པས་སོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་འཁོར་ལོ་ལ་སོགས་པའི་ཀ་བ་བརྒྱད་རྣམས་སོ། །རྣམ་པར་ཐར་པ་རྣམས་ནི་འདི་རྣམས་ཀྱིས་གནས་པའི་ཕྱིར་འཕགས་པའི་གནས་པ་རྣམས་ཏེ། དེའི་ཕྱིར་གནས་པའི་ བདེ་བ་རྣམས་ཀྱིས་ཉེ་བར་སྟོན་པའི་ཕྱིར་འདི་རྣམས་ཀ་བ་རྣམ་པར་དག་པ་རྣམས་སོ། །རྣམ་པར་ཐར་པ་བརྒྱད་གང་ཡིན། །དེ་རྣམས་རྟ་བབས་ཀ་བར་བཤད། །ཅེས་པ་གཙུག་ལག་གོ། །ཡང་དག་སྤོང་བ་བཞི་པོ་ནི། །རྟ་བབས་ཀ་བར་ཡང་དག་འབྱུང་། །ཞེས་ བདེ་མཆོག་གི་དཀྱིལ་འཁོར་དུ་བཤད་དོ། །ཕྱོགས་ཐམས་ཅད་དུ་དུས་གསུམ་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའི་ཆོས་གསུངས་པ་གང་དེ་རྣམ་པར་དག་པས་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་ཕྲེང་བའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ལ་ འགྲོ་བ་མཐའ་དག་ཐ་མི་དད་པར་བརྗོད་ཅིང་དེར་སོན་པའི་སྐྱོན་གྱིས་མ་གོས་པ་རྣམ་པར་དག་པས་གདན་གྱི་མཚོ་སྐྱེས་རྣམས་སོ། །ཞི་བ་ལ་སོགས་པའི་ལས་ཐམས་ཅད་རྣམ་པར་དག་པས་འདབ་མ་སྣ་ཚོགས་རྣམས་ཏེ། ཞི་བ་ལ་སོགས་པའི་ལས་ཐམས་ཅད་ རྣམ་པར་དག་པས་དཀར་པོ་ལ་སོགས་པའི་ཁ་དོག་རྣམས་སོ། །སེམས་ཅན་མཐའ་དག་གི་རྒྱུད་དུ་གཏོགས་པའི་མ་རིག་པའི་མུན་པ་སེལ་ཞིང་། མི་དགེ་བའི་འདམ་སྐམ་པར་བྱེད་ལ་བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་རྣམ་པར་ དག་པས་གདན་གྱི་ཉི་མའི་དཀྱིལ་འཁོར་རྣམས་སོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཞི་ཞིང་དགེ་བའི་རྩ་བའི་མྱུ་གུ་ཉེ་བར་རྟས་པར་བྱེད་པའི་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་གདན་གྱི་ཟླ་བའི་དཀྱིལ་འཁོར་རྣམས་སོ། །ཇི་ལྟར་རིགས་ པར་ཆགས་པ་ཆེན་པོའི་ཚུལ་སྟོན་པའི་བདག་པོ་ཉིད་རྣམ་པར་དག་པས་ཁྲག་གིས་གང་བའི་ཐོད་པའི་གདན་རྣམས་སོ། །ཁ་ཅིག་ཏུ་གདན་འཇིགས་བྱེད་ལ་སོགས་པ་དང་ཁ་ཅིག་ཏུ་ཚངས་པ་ལ་སོགས་པ་དང་ཁ་ཅིག་ཏུ་འདོད་ལྷ་ལ་སོགས་པ་དང་ཁ་ཅིག་ཏུ་རོ་ནི་རང་བཞིན་ མེད་པ་དང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་སྐྱོན་རྩད་ནས་འདོན་པ་རྣམ་པར་དག་པས་སོ། །ང་རྒྱལ་རྩད་ནས་བཏོན་པ་དང་མུ་སྟེགས་ངན་པའི་རི་དགས་ཟིལ་གྱིས་གནོན་པ་དང་ཟིལ་གྱིས་མི་ནོན་པའི་དེ་ཁོ་ན་ཉིད་རྟོགས་པ་རྣམ་པར་དག་པས་སེང་གེའི་གདན་ནོ། །གཏི་ མུག་རྩ་བ་ནས་མེད་པ་རྣམ་པར་དག་པས་གླང་པོ་ཆེའོ། །འདོད་ཆགས་ཞི་བ་རྣམ་པར་དག་པས་རིན་པོ་ཆེའོ། །ཞེ་སྡང་འཇོམས་པ་རྣམ་པར་དག་པས་སྤྲུལ་ལོ། །ཚེ་ལ་དབང་བ་ཉིད་ལ་སོགས་པས་འཆི་བ་དང་ནད་རྣམས་ཞི་བར་བྱེད་པ་རྣམ་པར་དག་པས་མ་ཧེའོ། །གཉིས་ སུ་མེད་པའི་དེ་ཁོ་ན་ཉིད་ལ་དབང་བ་ཉིད་རྣམ་པར་དག་པས་རྡོ་རྗེའོ། །ཉེ་བར་སྤྱོད་པས་གསུམ་སྤོང་བ་ལས་ཐུགས་དང་གསུང་དང་སྐུ་རྣམ་པར་དག་པས་རིམ་པ་བཞིན་དུ་ནག་པོ་དང་དམར་པོ་དང་དཀར་པོའི་འཁོར་ལོའི་གདན་རྣམས་སོ། །དེ་རྣམས་ཀྱི་རྩིབས་རྣམས་ ནི་ཉོན་མོངས་པ་སྤོང་བ་རྣམ་པར་དག་པས་སོ། །དེ་ལས་གཞན་པའི་གློ་བུར་བའི་དྲི་མ་སྤོང་བ་རྣམ་པར་དག་པས་འཁོར་ལོའི་མུ་ཁྱུད་ལ་གནས་པའི་རྡོ་རྗེ་དང་ཆུ་སྐྱེས་དང་འཁོར་ལོའི་ཕྲེང་བ་རྣམས་སོ། །ཐུགས་རྗེས་བརླན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་ཀྱི་བདུད་རྩིས་ཡོངས་སུ་གང་བ་དག་པས་བུམ་པ་གང་བ་བརྒྱད་དོ། །ཕྱིན་ཅི་མ་ལོག་པ་ལས་གཟུགས་ལ་སོགས་པ་རྣམ་པར་དག་པས་བླ་ན་མེད་ཅིང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཏེ། གར་དང་གླུ་ལ་སོགས་པ་བདེ་བ་ཆེན་པོ་འཕེལ་བ་བསྐྱེད་པ་རྣམས་ སོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཕུན་སུམ་ཚོགས་པ་རྣམ་པར་དག་པས་ཉེ་བར་སྤྱོད་པ་ལྔ་དཔག་ཏུ་མེད་པ་རྣམས་སོ། །ཁ་ཅིག་ཏུ་གསུངས་པ་ནི་ཆོས་ཀྱི་སྒྲོན་མ་རྣམ་པར་དག་པས་མར་མེའོ། །གྲགས་པ་རྣམ་པར་དག་པས་དྲི་བཟང་དང་། ཆོས་ཀྱི་ ཟས་རྣམ་པར་དག་པས་ལྷ་བཤོས་སོ་ཞེས་ཏེ། རྟེན་དཀྱིལ་འཁོར་གྱི་རྣམ་པར་དག་པའོ།། །།དེ་ལ་བརྟེན་པའི་ལྷའི་རྣམ་པར་དག་པ་ཡང་རྒྱུད་རྣམས་སུ་རྣམ་པ་མང་པོར་བསྟན་ཏེ། དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་དང་ཤིན་ཏུ་རྣམ་པར་དག་པའི་ ཆོས་ཀྱི་དབྱིངས་རྣམ་པར་དག་པ་མི་བསྐྱོད་པའོ། །གཟུགས་ཀྱི་ཕུང་པོ་དང་གཏི་མུག་དང་མེ་ལོང་ཡེ་ཤེས་རྣམ་པར་དག་པ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་དང་ང་རྒྱལ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ ཀྱི་ཕུང་པོ་དང་འདོད་ཆགས་དང་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་འོད་དཔག་མེད་དོ། །འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་དང་བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པ་དོན་ཡོད་གྲུབ་པའོ། །སའི་ཁམས་དང་ལས་ཀྱི་ཕྱག་རྒྱ་དང་སྤྲུལ་པའི་འཁོར་ལོ་དང་རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ས་རིང་དུ་སོང་བ་རྣམ་པར་དག་པ་སྤྱན་མའོ། །ཆུའི་ཁམས་དང་ཆོས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་འཁོར་ལོ་དང་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང་བྱམས་པ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ དང་ས་མི་གཡོ་བ་རྣམ་པར་དག་པ་མཱ་མ་ཀཱིའོ། །མེའི་ཁམས་དང་ཕྱག་རྒྱ་ཆེན་པོ་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་དགའ་བ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ས་ལེགས་པའི་བློ་གྲོས་རྣམ་པར་དག་པས་གོས་དཀར་མོའོ། ། རླུང་གི་ཁམས་དང་དམ་ཚིག་གི་ཕྱག་རྒྱ་དང་བདེ་བ་ཆེན་པོའི་འཁོར་ལོ་དང་། བཏང་སྙོམས་དང་མངོན་པར་འདུ་མི་བྱེད་པ་རྣམ་པར་ཐར་པའི་སྒོ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ས་ཆོས་ཀྱི་སྤྲིན་རྣམ་པར་དག་པས་སྒྲོལ་མའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ དགའ་བའི་ས་རྣམ་པར་དག་པས་གཟུགས་རྡོ་རྗེ་མའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ས་དྲི་མ་མེད་པ་རྣམ་པར་དག་པའི་རང་བཞིན་སྒྲ་རྡོ་རྗེ་མའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ས་འོད་བྱེད་པ་རྣམ་པར་དག་པས་དྲི་རྡོ་རྗེ་མའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་ས་འོད་འཕྲོ་བ་རྣམ་པར་དག་པས་རོ་རྡོ་རྗེ་མའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ས་སྦྱང་དཀའ་བ་རྣམ་པར་དག་པས་རེག་རྡོ་རྗེ་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ས་མངོན་དུ་གྱུར་པ་རྣམ་པར་དག་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ མའོ། །སྟོབས་བཅུ་རྣམ་པར་དག་པ་ཡང་ལྷ་མོ་བཅུ་པོ་རྣམས་སོ། །མ་དད་པ་དང་འཆི་བདག་གི་བདུད་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་ཕྱིར་དད་པ་ལ་སོགས་པ་རྣམ་པར་དག་པས་གཤིན་རྗེ་མཐར་བྱེད་དོ། །ལེ་ལོ་དང་ལྷའི་བུའི་བདུད་དང་ཉོན་མོངས་པའི་སྒྲིབ་པ་ བཟློག་པས་བརྩོན་འགྲུས་ལ་སོགས་པ་རྣམ་པར་དག་པ་ཤེས་རབ་མཐར་བྱེད་དོ། །བརྗེད་ངས་པ་དང་ཕུང་པོའི་བདུད་དང་སྐྱེ་བའི་སྒྲིབ་པ་སྤོང་བའི་ཕྱིར་དྲན་པ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་པདྨ་མཐར་བྱེད་དོ། །རྣམ་པར་གཡེང་བ་དང་ཉོན་མོངས་ པའི་བདུད་དང་ལས་ཀྱི་སྒྲིབ་པ་དང་བྲལ་བའི་ཕྱིར་ཏིང་ངེ་འཛིན་ལ་སོགས་པ་རྣམ་པར་དག་པ་ནི་བགེགས་མཐར་བྱེད་དོ། །མི་འཇིགས་པ་བཞི་རྣམ་པར་དག་པས་ཀྱང་སྒོ་སྐྱོང་བཞི་པོ་རྣམས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་དང་ནམ་མཁའི་ཁམས་ དང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རྡོ་རྗེ་སེམས་དཔའོ་ཞེས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུའོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་དུ་ཡང་དེ་བཞིན་ཏེ། ཁྱད་པར་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་མེད་དོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ ལུས་དང་ཡིད་དང་རྩ་དང་ཚིགས་དག་པས་རིམ་པ་ཇི་ལྟ་བར་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་འཇམ་དཔལ་དང་བྱམས་པ་དང་ཀུན་དུ་བཟང་པོ་རྣམས་སོ། །གཡས་དང་ ཅིག་ཤོས་ཀྱི་ལག་པ་དང་ཁ་དང་རྡོ་རྗེ་དང་གཡས་དང་ཅིག་ཤོས་ཀྱི་རྩིབ་ལོགས་དང་གཡས་པ་དང་ཅིག་ཤོས་ཀྱི་པུས་མོ་དང་སྤྱི་གཙུག་དང་རྐང་པའི་མཐའ་གཉིས་རྣམ་པར་དག་པས་རིམ་པ་ཇི་ལྟ་བར་གཤིན་རྗེ་མཐར་བྱེད་དང་གཞན་གྱིས་མི་ཐུབ་པ་དང་རྟ་མགྲིན་དང་ བགེགས་མཐར་བྱེད་དང་མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་དབྱུག་པོ་སྔོན་པོ་དང་སྟོབས་པོ་ཆེ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོའོ། །སྟོབས་བཅུ་རྣམ་པར་དག་པ་ཡང་འདི་རྣམས་ཏེ་རབ་ཏུ་དགའ་བ་ལ་ སོགས་པ་ས་བཅུ་རྣམ་པར་དག་པ་ཡང་ངོ་། །ས་ཀུན་དུ་འོད་རྣམ་པར་དག་པ་རྡོ་རྗེ་སེམས་དཔའོ། །རྒྱུད་འདིར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་པར་དག་པས་རི་རབ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་དེ་ལ་བརྟེན་པའི་ཕྱིར་རོ། ། སྲུང་བའི་འཁོར་ལོར་སྔར་བཞིན་ཏེ། ཤེས་རབ་དང་སྟོབས་དང་ས་བཅུ་རྣམ་པར་དག་པ་ཁྲོ་བོ་རྣམས་སོ། །དབུས་ཀྱི་རིམ་པའི་ལྷ་དགུ་སྔར་བཞིན་རྣམ་པར་དག་པའོ། །སྒོ་སྐྱོང་བཞིན་དུ་སྒོ་སྐྱོང་མ་རྣམས་སོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་ དག་པར་རིག་པ་བཞི་རྣམ་པར་དག་པས་རྡོ་རྗེ་དྲག་མོ་ལ་སོགས་པ་བཞི་རྣམས་སོ། །སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་སྟེ། བསྡུ་པའི་དངོས་པོ་བཞི་རྣམ་པར་དག་པས་རྡོ་རྗེ་གནོད་སྦྱིན་མོ་ལ་སོགས་པ་བཞི་རྣམས་སོ། །ས་བཅུ་དང་རྫུ་འཕྲུལ་དང་ ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཟག་པ་ཟད་པ་སྟེ་མངོན་པར་ཤེས་པ་དྲུག་རྣམ་པར་དག་པས་བཞད་མ་ལ་སོགས་པ་ལྷ་མོ་བཅུ་དྲུག་རྣམས་སོ། །ཚེ་དང་སེམས་དང་ཡོ་བྱད་དང་ལས་དང་སྐྱེ་བ་དང་མོས་པ་རྣམས་ དང་། སྨོན་ལམ་དང་རྫུ་འཕྲུལ་དང་ཆོས་རྣམས་དང་ཡེ་ཤེས་ལ་དབང་བཞེས་པ་དབང་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཀྱང་འདི་རྣམས་སོ། །ཕྱོགས་གཞན་ལ་བྱམས་པ་ལ་སོགས་པ་སྔ་མ་བཞིན་དུ་རྣམ་པར་དག་པའོ། །རིག་པའི་རྒྱལ་པོའི་དཀྱིལ་ འཁོར་དུ་ནི། དམ་ཚིག་དང་སྐུ་དང་གསུང་དང་ཐུགས་ཀྱི་འཕར་མ་ལ་གནས་པའི་ལྷ་རྣམས་རིམ་པ་ཇི་ལྟ་བར་དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་རྣམ་པར་དག་པ་རྣམས་སོ། །བདེ་བ་ཆེན་པོའི་འཕར་མ་ལ་གནས་ པ་བཞི་པོ་རྣམས་རིན་ཆེན་དབང་པོ་རྣམ་པར་དག་པ་རྣམས་སོ། །བཅོམ་ལྡན་འདས་ནི་མི་བསྐྱོད་པ་རྣམ་པར་དག་པས་ཏེ། རྡོ་རྗེ་ཕག་མོ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་དག་པས་སོ། །གཉིས་ཀ་དག་པས་བཅོམ་ལྡན་འདས་ཏེ། རྡོ་རྗེ་ཕག་མོ་ནི་རྣམ་པར་སྣང་ མཛད་རྣམ་པར་དག་པའོ་ཞེས་ཀྱང་རྣམ་པར་གཞག་གོ། །རྣམ་པར་གཞག་པ་གཞན་ཡང་མཁའ་འགྲོ་མ་དང་ལཱ་མ་དང་དུ་མ་སྐྱེས་མ་དང་གཟུགས་ཅན་མ་དང་། གཤིན་རྗེ་འཇོམས་མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་སྲེག་མ་དང་གཤིན་རྗེ་ཕོ་ཉ་མ་དང་། རབ་ཏུ་གཏུམ་མོ་དང་གཏུམ་པའི་མིག་ཅན་མ་དང་འོད་ལྡན་མ་དང་སྣ་ཆེན་མ་དང་དཔའ་བོའི་བློ་ཅན་མ་དང་མིའུ་ཐུང་མ་དང་ལངྐའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་དང་། ས་སྲུང་མ་དང་འཇིགས་བྱེད་ཆེན་མོ་དང་རླུང་ཤུགས་མ་དང་ཆང་འཐུང་མ་དང་། ལྷ་མོ་སྔོ་ བསངས་མ་དང་ཤིན་ཏུ་བཟང་མོ་དང་འཁོར་ལོའི་གོ་ཆ་མ་དང་ཆང་འཚོང་མ་དང་། མཁའ་འགྲོ་གདོང་མ་དང་འཁོར་ལོའི་ཤུགས་ཅན་མ་དང་དུམ་སྐྱེས་མ་དང་རྟ་རྣ་མ་དང་ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མ་དང་འཁོར་ལོས་སྒྱུར་མ་དང་བརྩོན་འགྲུས་ཆེན་མོ་དང་། ཁྭ་ གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་དང་དཔལ་ཧེ་རུ་ཀ་རྡོ་རྗེ་རྣམས་རིམ་པ་ཇི་ལྟ་བར་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་རྣམས་སོ། །དེ་བཞིན་ཉིད་དག་པས་རྡོ་རྗེ་ཕག་ མོའོ། །རང་རང་གི་ཤེས་རབ་མ་སྙིང་རྗེ་ཆེན་པོ་དང་རོ་གཅིག་པ་རྣམས་ཀྱི་དག་པ་གང་ཡིན་པ་དེ་འདྲ་བ་ཁོ་ན་ནི་དེ་འདྲ་བའི་རང་བཞིན་ཅན་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ཀྱི་དག་པའོ། །བདག་གིས་བྱས་པའི་དཔལ་བདེ་མཆོག་གི་མངོན་པར་རྟོགས་པར་བཤད་པའི་ རིམ་པས། མགོ་བོ་དང་སྤྱི་གཙུག་ལ་སོགས་པའི་རྩ་དང་སོ་དང་སེན་མོ་ལ་སོགས་པ་རྣམ་པར་དག་པས་ཀྱང་ལྷ་མོ་སུམ་ཅུ་རྩ་བདུན་རྣམས་དང་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་སོ། །རྣམ་པར་གཞག་པ་གཞན་ཡང་ཐུགས་རྗེ་ཆེན་པོ་དང་མངོན་པར་ཤེས་པ་དྲུག་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པས་རིམ་པ་བཞིན་དུ་བདེ་མཆོག་ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་ལྔ་རྣམས་ཏེ། ཤེས་རབ་ཀྱི་ཡེ་ཤེས་དང་། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་ བཞི་རྣམས་དང་། སྨོན་ལམ་མཁྱེན་པ་དང་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པ་སྟེ་དགུ་རྣམས་དང་། ས་དང་ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་ དང་། རྣམ་པར་ཤེས་པ་སྟེ། འདི་རྣམས་ཀྱིས་ཀུན་ནས་རྒྱས་པར་བྱེད་པའི་ཕྱིར་ཟད་པར་རྣམས་སུ་བརྗོད་ཅིང་ཡང་དང་ཡང་དུ་མི་སྣང་བར་གྱུར་ནས་ཀྱང་མཐོང་བར་བྱ་བ་ལ་སོགས་པའི་ཟད་པར་བཅུ་རྣམས་དང་། ཉོན་མོངས་པའི་བག་ཆགས་རྣམས་ཐམས་ ཅད་ཀྱི་རྟེན་དང་ཤིན་ཏུ་བྲལ་ཞིང་བདག་གི་དངོས་པོ་ཡང་། ཇི་ལྟར་བཞེད་པར་ལེན་པ་དང་གནས་པ་དང་འཆི་འཕོ་བ་རྣམས་ལ་དབང་སྒྱུར་བ་རྣམ་པ་ཐམས་ཅད་དུ་གནས་ཡོངས་སུ་དག་པ་དང་། དམིགས་པ་རྣམས་ཐམས་ཅད་སྤྲུལ་པ་དང་ཡོངས་སུ་སྒྱུར་བ་དང་ ཡང་དག་པར་མཁྱེན་པ་རྣམས་ལ་དབང་སྒྱུར་བ་དམིགས་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་དང་། སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་སེམས་ལ་ཡང་རྣམ་པ་ཐམས་ཅད་པའི་དགེ་བའི་རྩ་བ་ཉེ་བར་སོག་པ་སེམས་རྣམ་པ་ཐམས་ཅད་དུ་ཡོངས་ སུ་དག་པ་དང་། མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་ཤེས་བྱ་ཐམས་ཅད་ཤེས་པ་ལ་དབང་སྒྱུར་བ་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ཡོངས་སུ་དག་པ། ཞེས་པ་དག་པ་བཞི་རྣམས་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཟག་ པ་ཟད་པ་དང་བར་ཆད་ཀྱི་ཆོས་རྣམས་དང་ངེས་པར་འབྱུང་བའི་ཆོས་རྣམས་ལ། སེང་གེ་བཞིན་དུ་དོགས་པ་མེད་པ་ཉིད་ཀྱིས་རིགས་པར་གསུངས་པ་ཉིད་མི་འཇིགས་པ་རྣམ་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་རྣམས་ཞེས་པ་སུམ་ཅུ་རྩ་བདུན་རྣམ་པར་དག་ པས། རིམ་པ་ཇི་ལྟ་བར་རྡོ་རྗེ་ཕག་མོ་ལ་སོགས་པ་གཤིན་རྗེ་འཇོམས་མའི་མཐར་ཐུག་པའི་ལྷ་མོ་རྣམས་སོ། །ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་ནི། གཽ་རཱི་ལ་སོགས་པ་བཞི་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་བཞིན་དུ་རྣམ་པར་དག་གོ། །གཟུགས་ལ་སོགས་ པ་ཡུལ་དག་པས་ཀྱང་འདི་རྣམས་སོ། །པུཀྐ་སཱི་ལ་སོགས་པ་བཞི་རྣམས་སྤྱན་མ་ལ་སོགས་པ་དང་འདྲ་བར་རྣམ་པར་དག་པའོ། །ཤ་དང་ཁྲག་དང་ཁུ་བ་དང་རྐང་དང་ཚིལ་བུ་དག་རྣམ་པར་དག་པས་ཀྱང་འདི་རྣམས་སོ། །མི་བསྐྱོད་པ་བཞིན་དུ་ཧེ་རུ་ཀ་སྟེ། རེག་ བྱ་དག་པ་ཡང་ངོ་། །ཆོས་ཐམས་ཅད་བདག་མེད་པ་ཉིད་དང་ཆོས་ཀྱི་དབྱིངས་ཀྱི་ཡུལ་དག་པས་བདག་མེད་མའོ། །སྒོ་སྐྱོང་མ་རྣམས་ནི་སྒོ་སྐྱོང་བཞིན་རྣམ་པར་དག་པའོ། །གླིང་བུ་མ་ལ་སོགས་པ་བཞི་རྣམས་བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པའོ། །བདག་ མེད་མའི་དཀྱིལ་འཁོར་དུ་རྡོ་རྗེ་མ་དང་གཽ་རཱི་དང་། ཆུ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་བདག་མེད་མ་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་སོ། །ཕྱིའི་འཕར་མ་ལ་གཽ་རཱི་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ཡུལ་དག་པ་སྟེ། རེག་བྱ་དག་ པ་རྣམས་ཀྱང་ངོ་། །སྔ་མ་བཞིན་དུ་བདག་མེད་མའོ། །ས་སྤྱོད་མ་དང་མཁའ་སྤྱོད་མ་དག་སྲིད་པ་དང་མྱ་ངན་ལས་འདས་པ་དག་གོ་ཞེས་པ་ཁྱད་པར་རོ། །བཅོམ་ལྡན་འདས་སངས་རྒྱས་ཐོད་པ་དང་རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་གཤེད་དང་རྡོ་རྗེ་བདུད་རྩི་ དང་སྒྱུ་འཕྲུལ་ཆེན་མོ་ལ་སོགས་པ་རྣམས་ཀྱི་དང་། དེ་དང་དེའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཡང་བཤད་པའི་རྗེས་སུ་འབྲངས་པ་ལས་དང་རྒྱུད་ཇི་ལྟ་བར་ཡང་བརྟག་པར་བྱ་བའི་དག་པ་རྣམས་ཤེས་རབ་ཅན་རྣམས་ཀྱིས་རྣམ་པར་ཤེས་པར་བྱའོ། །ཐམས་ ཅད་དུ་ཡང་ལྷ་རྣམས་ཀྱི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རྣམ་པར་དག་པས་སྐུའི་མཆོད་སྡོང་གཅིག་དང་ཞལ་གཅིག་གོ། །ལམ་ཡོན་པོ་མིན་པ་རྣམ་པར་དག་པས་སྐུ་དྲང་བའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་པས་སྐུ་གསུམ་འཁྱོག་ པའོ། །ཆོས་ཉིད་ཀྱི་སྐུ་ལས་འབྱུང་བའི་སྐུ་གཞན་གསུམ་དག་པས་མགྲིན་པ་གསུམ་མོ། །རོ་གཅིག་པའི་ཡང་སྐུ་བཞི་གདུལ་བྱའི་ངོར་ཕྱེ་ནས་བསྟན་པ་དག་པས་མགྲིན་པ་བཞི་རྣམས་སོ། །དེ་བཞིན་གཤེགས་པ་ལྔ་དག་པས་མགྲིན་པ་ལྔ་ རྣམས་སོ། །དེ་བཞིན་གཤེགས་པ་དྲུག་དག་པས་མགྲིན་པ་དྲུག་རྣམས་སོ། །སོ་སོར་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་བདེ་བ་ཆེན་པོ་དག་པས་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའོ། །གང་གསུངས་པ། ལྷ་མོ་བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། ། ཞེས་སོ། །དོན་དམ་པའི་ཤེས་རབ་དང་ཐབས་དག་དབྱེར་མེད་པ་དག་པས་ཕྱེད་མི་མོའི་དབང་ཕྱུག་མ་ཉིད་དང་སྐུ་ཕྱེད་གཟུགས་གཞན་པ་ཉིད་དོ། །སྟོང་པ་ཉིད་རྟོགས་པ་དག་པས་རྣ་བ་ཕུག་པའོ། །སྲིད་པ་མའི་བདག་པོ་ལ་སོགས་པ་རྣམས་ཀྱིས་མ་ཕུག་ པའི་དེ་ཁོ་ན་ཉིད་རྟོགས་པ་དག་པས་རྣ་བ་མ་ཕུག་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྣམ་པར་དག་པས་ཞབས་གཉིས་དང་ཕྱག་གཉིས་སོ། །བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པས་ཞབས་བཞི་རྣམས་སོ། །དགའ་བ་བཞི་རྣམ་པར་དག་པས་ ཕྱག་བཞི་རྣམས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཞབས་དང་ཕྱག་དྲུག་རྣམས་སོ། །རྣམ་པར་ཐར་པ་བརྒྱད་དག་པས་ཞལ་བརྒྱད་རྣམས་སོ། །སྟོབས་བཅུ་དག་པས་བཅུའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པོ་ འགོག་པ་དག་པས་བཅུ་གཉིས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་བཅུ་བཞིའོ། །སྟོང་པ་ཉིད་བཅུ་དྲུག་དག་པས་བཅུ་དྲུག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅོ་བརྒྱད་དག་པས་བཅོ་བརྒྱད་དོ། །དེ་རྣམས་དང་སྒྲིབ་པ་གཉིས་ཏེ་ཉི་ཤུ་དག་པས་ཉི་ཤུའོ། །དེ་རྣམས་དང་མི་འཇིགས་པ་རྣམས་ཞེས་པ་ཉི་ཤུ་རྩ་གཉིས་དག་པས་ཉི་ཤུ་རྩ་གཉིས་སོ། །དེ་རྣམས་དང་དབང་པོ་དྲུག་རྣམས་ཞེས་པ་ཉི་ཤུ་རྩ་བཞི་དག་པས་ཉི་ཤུ་ རྩ་བཞིའོ། །དེ་རྣམས་དང་ཡུལ་དྲུག་དང་སེམས་དང་སེམས་ལས་བྱུང་བ་ཞེས་པ་ཉི་ཤུ་རྩ་དྲུག་དག་པས་ཉི་ཤུ་རྩ་དྲུག་གོ། །དེ་རྣམས་དང་སྟོབས་བཅུ་རྣམས་ཞེས་པ་ཉི་ཤུ་རྩ་བརྒྱད་དག་པས་ཉི་ཤུ་རྩ་བརྒྱད་དོ། །དེ་རྣམས་དང་སྐྱེ་མཆེད་བཅུ་གཉིས་རྣམས་ཞེས་ པ་སུམ་ཅུ་རྣམ་པར་དག་པས་སུམ་ཅུའོ། །དེ་རྣམས་དང་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་ཞེས་པ་སུམ་ཅུ་རྩ་གཉིས་དག་པས་སུམ་ཅུ་རྩ་གཉིས་སོ། །ཁམས་བཅོ་བརྒྱད་དང་བདེན་པ་གཉིས་དང་སྟོབས་དང་མི་འཇིགས་པ་རྣམ་པར་དག་པས་ སུམ་ཅུ་རྩ་བཞིའོ། །གདུག་པ་དང་བདུད་ཐམས་ཅད་རྣམ་པར་འཇོམས་པ་དང་། འཇིག་པར་བྱེད་པ་རྣམ་པར་དག་པས་གཡས་བརྐྱང་དང་གཡས་བརྐྱང་གི་ཟླ་བོ་དང་ས་ག་དང་ཟླུམ་པོ་དང་མཉམ་པའི་ཞབས་སྟབས་ལ་སོགས་པ་རྣམས་དང་། རྡོ་རྗེའི་གདན་ལ་སོགས་ པ་རྣམས་སོ། །འགྲོ་བ་སྟོང་པ་ཉིད་དུ་ཀུན་ནས་མྱོང་བ་ཉིད་གསལ་བར་བྱེད་པ་དག་པས་གཡས་བརྐྱང་གི་ཞབས་ཉིད་དོ་ཞེས་ཁ་ཅིག་གོ། །འཇིག་རྟེན་གསུམ་དམིགས་པ་མེད་པ་ཉིད་དུ་མཚོན་པ་དག་པས་སྐྱིལ་ཀྲུང་ཕྱེད་པ་ཉིད་དོ། །ཐམས་ཅད་དུ་སྒྲོ་བཏགས་པ་ དང་བྲལ་བའི་སྙིང་རྗེ་ཆེན་པོའི་ཆགས་པ་དག་པས་ཞབས་ཀྱི་མཐེ་བོང་གི་རྩེ་མོ་ཅུང་ཟད་གདན་ལ་རེག་པའོ། །བདེན་པ་གཉིས་དག་པས་སྤྱན་གཉིས་སོ། །རྣམ་པ་ཐམས་ཅད་པའི་དུས་གསུམ་གཟིགས་པ་དག་པས་སྤྱན་གསུམ་རྣམས་སོ། །སྐུ་གསུང་ ཐུགས་རྣམ་པར་དག་པས་ཞལ་གསུམ་རྣམས་སོ། །རྣམ་པར་ཐར་པ་བཞི་དག་པས་བཞི་རྣམས་སོ། །སྐུ་ལྔ་དག་པས་ལྔའོ། །མངོན་པར་ཤེས་པ་དྲུག་དག་པས་དྲུག་རྣམས་སོ། །དེ་རྣམས་དང་གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་བདུན་དག་པས་བདུན་རྣམས་ སོ། །རྣམ་པར་ཐར་པ་བརྒྱད་དག་པས་བརྒྱད་རྣམས་སོ། །འདིར་རྣམ་པར་ཐར་པ་བརྒྱད་དང་སྟོབས་དང་མ་འདྲེས་པ་ལ་སོགས་པ་རྣམས་ཐུབ་པའི་དགོངས་པའི་རྒྱན་དུ་རྣམ་པར་ཕྱེ་བས་མ་ཕྱེ་སྟེ་བཏགས་པ་ལ་འཐག་པས་ཅི་ཞིག་ཅེས་པའོ། །མེ་ལོང་ལྟ་ བུ་ལ་སོགས་པ་ཡེ་ཤེས་ལྔ་དང་དགའ་བ་བཞི་དག་པས་དགུའོ། །རབ་ཏུ་ཞི་བ་ཉིད་ཀྱི་ཕྱིར་སྒྲིབ་པ་གཉིས་དག་པས་ཞལ་ཞི་བའོ། །བདེ་བ་ཆེན་པོའི་དགའ་སྟོན་དག་པས་འཛུམ་པ་དང་བཅས་པའོ། །བདུད་བཞི་འཇོམས་པའི་དགོངས་པ་ དག་པས་གད་རྒྱངས་དང་བཅས་པར་བཞད་པའོ། །ལོག་པར་ལྟ་བ་སྤངས་པ་ལས་རྣམ་པར་འགྱུར་བའོ། །བདུད་བཞི་འཇོམས་པ་ལས་མཆེ་བ་གཙིགས་ཤིང་འཇིགས་པའོ། །ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་ལས་ཐམས་ཅད་དག་པས་དཀར་པོ་ དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུའི་ཁ་དོག་རྣམས་ཏེ། ལྟ་སྟངས་ཀྱི་བྱེ་བྲག་རྣམས་ཀྱང་ངོ་། །བྱམས་པ་རྣམ་པར་དག་པས་ཀྱང་ཡན་ལག་ནག་པོ་ཉིད་དོ། །སྙིང་རྗེས་ཀྱང་དམར་པོ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དག་པས་པགས་ པའོ། །རྟོགས་པ་བསགས་པ་བླ་ན་མེད་ཅིང་དཔག་ཏུ་མེད་པའི་ཆོས་ཀྱི་ཕུང་པོ་དག་པས་རལ་བའི་ཐོར་གཙུག་གྱེན་དུ་བརྫེས་པ་ཉིད་དོ། །གདུག་པ་འདུལ་བ་དག་པས་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཆོས་ཀྱི་ཕུང་པོ་ བརྒྱད་ཁྲི་བཞི་སྟོང་རྣམ་པར་སྤྲོ་བ་དག་པས་སྐྲའི་ཚོགས་གྲོལ་བའོ། །བདེན་པ་གཉིས་རྒྱས་པ་སྟོན་པ་དག་པས་དབུ་སྐྲའི་ཕོན་པོ་གཉིས་བྱས་པའོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་དག་པས་སྒེག་པ་དང་བཅས་པར་དབུ་སྐྲ་བཅིངས་པའོ། །འགྲོ་བ་ ཐམས་ཅད་སྟོང་པ་ཉིད་ཀྱིས་གསལ་བ་ཞེས་མཚོན་པ་དག་པས་རལ་པ་གཅིག་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་པས་ཟུར་ཕུད་གསུམ་རྣམས་སོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དག་པས་ཟུར་ཕུད་ལྔ་པའོ། ། ཡེ་ཤེས་སྣ་ཚོགས་པ་རྣམས་ཀྱིས་འགྲོ་བའི་དོན་བྱེད་པ་ཉིད་དག་པས་དབུ་སྐྲ་སྣ་ཚོགས་རྡོ་རྗེས་མནན་པའོ། །ཡིད་བཞིན་གྱི་རིན་པོ་ཆེ་བཞིན་དུ་རྣམ་པར་མི་རྟོག་པ་ཉིད་ན་ཡང་བསོད་ནམས་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དག་ པས་རལ་བའི་ཐོར་གཙུག་གི་སྟེང་ན་ཡིད་བཞིན་གྱི་ནོར་བུའོ། །གཙུག་ཏོར་ཇི་སྲིད་པར་མི་འགྱུར་བའི་བྱང་ཆུབ་སེམས་ཀྱི་ཆ་ཡིས་ཁྱབ་པ་རྣམ་པར་དག་པས་ཟླ་བའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དག་པས་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །རིགས་ ལྔའི་རྣམ་པར་རྟོག་པ་དག་པས་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་རྣམས་སོ། །མི་བསྐྱོད་པ་དང་འོད་དཔག་མེད་དང་རིན་ཆེན་དབང་པོ་དང་རྟག་པ་དང་དོན་ཡོད་དག་པས་འཁོར་ལོ་ཅན་དང་རྣ་རྒྱན་དང་མགུལ་རྒྱན་དང་གདུ་བུ་དང་སྐེ་རགས་རྣམས་སོ། །རྡོ་རྗེ་སེམས་ དཔའ་དག་པས་ཐལ་བ་སྟེ། ཡན་ལག་ཐམས་ཅད་ལ་བྱུགས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཉིད་གསལ་བར་བྱེད་པའོ། །ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་རྣམ་པར་དག་པས་ཚངས་པའི་སྐུད་པའོ། །ཨཱ་ལི་དང་ཀཱ་ ལིའི་ཡི་གེ་ལྔ་བཅུ་དག་པས་མི་མགོ་ལྔ་བཅུའི་ཕྲེང་བའོ། །ཡེ་ཤེས་ལྔ་པོ་རོ་མཉམ་པར་གྱུར་པ་དག་པས་རྡོ་རྗེ་རྩེ་ལྔ་པའོ། །དེ་དང་སྤྱན་མ་ལ་སོགས་པ་བཞི་དག་པ་དང་ལྷན་ཅིག་པས་རྩེ་མོ་དགུ་པའོ། །སྐུ་གསུང་ཐུགས་དག་པས་རྩེ་མོ་གསུམ་པའོ། ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དག་པས་རྩེ་གཅིག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པས་རྡོ་རྗེའི་དྲིལ་བུའོ། །རྒྱས་པར་རྡོ་རྗེ་དང་དྲིལ་བུ་དག་གི་དག་པ་ནི་འཆད་པར་འགྱུར་རོ། །གཏི་མུག་དག་པས་གླང་པོ་ཆེའི་པགས་པ་བརྒྱངས་པ་དང་ ཚངས་པའི་པགས་པའོ། །འདོད་ཆགས་དག་པས་དབང་ཕྱུག་ཆེན་པོའི་པགས་པའོ། །ཞེ་སྡང་དག་པས་ཁྱབ་འཇུག་གི་པགས་པའོ། །བགེགས་ཉེ་བར་བཅོམ་པ་དག་པས་ཚོགས་ཀྱི་བདག་པོའི་པགས་པའོ། །འཇིག་རྟེན་ལས་འདས་པའི་ ཕུལ་དུ་དབྱུང་དུ་མེད་པའི་ཕུན་སུམ་ཚོགས་པའི་བདག་པོ་ཉིད་རྣམ་པར་དག་པས་དབང་པོའི་པགས་པའོ། །ཐམས་ཅད་ལ་དབང་སྒྱུར་བ་ཉིད་དག་པས་འདོད་ལྷའི་པགས་པའོ། །སྒྲིབ་པ་ཐམས་ཅད་དག་པས་རྒྱལ་བའི་པགས་པའོ། །ཆོས་ཀྱི་ཕུང་ པོ་བརྒྱད་ཁྲི་བཞི་སྟོང་དག་པ་དང་མཆོག་ཏུ་དགའ་བ་དག་པས་ཅང་ཏེའུ་སྟེ། དེའི་སྒྲས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ལུས་ངག་སེམས་ཀྱི་སྐྱོན་གཅོད་པ་དག་པས་དགྲ་སྟའོ། །དངོས་པོ་དང་དངོས་པོ་མེད་ པའི་རྣམ་པར་རྟོག་པ་གཅོད་པའི་ཤེས་རབ་དག་པས་གྲི་གུག་གོ། །སྲིད་པ་གསུམ་གྱི་ཉོན་མོངས་པ་འཇོམས་པ་དག་པས་རྩེ་གསུམ་པའོ། །བྱང་ཆུབ་ཀྱི་སེམས་དག་པས་ཁ་ཊྭཱཾ་གའོ། །བདེ་བ་ཆེན་པོ་དང་སྙིང་རྗེའི་རོ་དག་པ་དང་བདུད་བཞི་དག་པས་ ཁྲག་གིས་གང་བའི་ཐོད་པའོ། །ཡང་དག་པའི་ཡེ་ཤེས་ཀྱིས་འཆིང་བ་དག་པ་དང་དམ་ཚིག་ཐམས་ཅད་ཀྱིས་འཆིང་བ་དག་པས་རྡོ་རྗེ་ཞགས་པའོ། །སྤྲོས་པ་མེད་པའི་ཐར་པ་དག་པས་ཚངས་པའི་མགོ་བོའོ། །གཞན་ལ་རག་མ་ལས་པའི་ཐར་པ་དག་ པས་དབང་ཕྱུག་གི་མགོ་བོའོ། །ཡུལ་དང་དུས་དང་ལུས་གཞན་རྣམས་ལ་ཚངས་པ་གཅིག་སྒྲོ་བཏགས་པ་ལས་ལོག་པའི་ཐར་པ་དག་པས་ཁྱབ་འཇུག་གི་མགོ་བོའོ། །བདུད་བཞི་གཞན་དུ་འགྱུར་བ་དག་པས་བདུད་བཞིའི་མགོ་བོའོ། །འདོད་ཆགས་ ལ་སོགས་པ་དག་པས་སྟག་གི་པགས་པའོ། །སེར་སྣ་དག་པས་ཉ་རོ་ཧི་ཏའོ། །གཏི་མུག་དག་པས་ཕག་པའོ། །ཕྲག་དོག་དག་པས་རུས་སྦལ་ལོ། །ཞེ་སྡང་དག་པས་སྦྲུལ་ལོ། །འདོད་ཆགས་དག་པས་རྣལ་འབྱོར་གྱི་སྣོད་དོ། །བྱང་ཆུབ་ཀྱི་སེམས་ དག་པས་དགེ་སློང་ངོ་། །དྲན་པ་ཉམས་པ་དག་པས་གསིལ་བྱེད་དོ། །བགེགས་ཐམས་ཅད་འབྱེད་པར་བྱེད་པ་དག་པས་ཐོང་གཤོལ་ལོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་དབྱེ་བ་ལ་སྡིག་པ་དག་པས་སྡིགས་མཛུབ་བོ། །གློ་དང་དབུགས་ མི་བདེ་བ་དང་སྨྱོ་བ་དང་ཟད་བྱེད་དང་མཛེ་དང་བིརྫི་ཀ་དང་། ལུས་འཕྲོག་དང་སྐྲན་དག་པས། གླང་པོ་དང་རྟ་དང་བོང་བུ་དང་བ་ལང་དང་རྔ་མོ་དང་། མི་དང་ཤ་ར་བྷ་དང་བྱི་ལ་རྣམས་ཏེ། སེམས་ཅན་རྣམས་ཀྱི་གློ་ལ་སོགས་པ་བསལ་ནས་སོ། །དབང་ ཕྱུག་གི་དངོས་གྲུབ་ཐམས་ཅད་དག་པས་ས་དང་ཆུ་དང་རླུང་དང་མེ་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ནོར་སྦྱིན་རྣམས་སོ། །གདུག་པའི་ལོག་འདྲེན་ཐམས་ཅད་གཅོད་པ་དག་པས་རལ་གྲིའོ། །གདུག་པ་དང་ལོག་འདྲེན་ཐམས་ཅད་བརྡུང་བ་དག་པས་ གཏུན་ཤིང་ངོ་། །ཡི་དགས་ལ་སོགས་པ་ཐམས་ཅད་བསྐུལ་བ་དག་པས་བ་དན་ནོ། །མི་མཐུན་ཕྱོགས་ཐམས་ཅད་བརྡུང་བ་དག་པས་དབྱུག་པའོ། །མངོན་པར་འདོད་པའི་དོན་འགུགས་པ་དག་པས་ལྕགས་ཀྱུའོ། །བདུད་ཐམས་ཅད་བརྡུང་བ་དག་ པས་རྡོ་རྗེ་ཐོ་བའོ། །བདུད་ཀྱི་འཁོར་ཐམས་ཅད་ཟིལ་གྱིས་གནོན་པ་དག་པས་མདའོ། །གདུག་པ་ཅན་ཐམས་ཅད་བསྡིགས་པ་དག་པས་གཞུའོ། །བདུད་ཀྱི་རྗེས་སུ་སྤྱོད་པ་ཐམས་ཅད་གསོད་པ་དག་པས་ཤཀྟིའོ། །འགྲོ་བའི་མིག་སྐལ་བ་བཟང་བའི་ མཚན་ཉིད་ལ་སོགས་པ་ཕུན་སུམ་ཚོགས་པ་དག་པས་ཨུཏྤལའོ། །འགྲོ་བའི་ཡིད་འཕྲོག་པ་ལྷན་ཅིག་སྐྱེས་པའི་ལུས་ཀྱི་དྲི་བཟང་པོ་དག་པས་ནཱ་ག་གེ་སར་གྱི་མེ་ཏོག་གོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་དག་པས་གླིང་བུ་ལ་སོགས་པའི་རོལ་ཆ་ རྣམས་སོ། །དེ་ལྟར་རྡོ་རྗེ་ར་བ་ལ་སོགས་པའི་རྣམ་པར་དག་པ་འདི་རྣམས་དཔལ་མཆོག་དང་པོ་དང་རྡོ་རྗེ་རྩེ་མོ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སུ་གསལ་བར་མཛད་པ་དག་གིས་ཕྱེ་བའོ། །དེ་ལས་གཞན་གཞལ་ཡས་ཁང་གི་དབྱེ་བ་ རྣམས་དང་ལྷའི་བྱེ་བྲག་རྣམས་དང་དེའི་གདན་དང་དབྱིབས་དང་སྐུ་མདོག་དང་ཞལ་དང་རྒྱན་དང་མཚན་མ་དང་ཞབས་དང་ཕྱག་དང་མཚོན་ཆའི་ཁྱད་པར་རྣམས་ཀྱི་རྣམ་པར་དག་པ་དཔག་ཏུ་མེད་པ་རྣམས་ཡོད་མོད། དེ་རྣམས་ལ་འགའ་ཞིག་བརྗོད་ཟིན་པའི་རྗེས་ སུ་འབྲང་བས་བརྟག་པར་བྱ་སྟེ། རྣམ་པར་དབྱེ་བར་ནུས་ན་ཡང་གཞུང་མངས་པས་འཇིགས་པས་ངལ་བསོའོ། །དེ་ལྟར་ཤིན་ཏུ་བའི་ཡང་ཁྱད་པར་གྱི་རྣམ་པར་དག་པ་རྒྱས་པར་བསྟན་པ་རྟོགས་པར་བྱའོ། །དེ་དང་འདི་ཁོ་ན་ངེས་པར་རིམ་པ་གཉིས་ག་ལ་ ཡང་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་དག་ལ་ལྷག་པར་མོས་པར་བྱའོ། །ཕུང་པོ་ལ་སོགས་པ་རྣམས་ལྷའི་ངོ་བོར་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་མོས་པར་བྱའོ། །མཉམ་པར་གཞག་པའི་རྣལ་འབྱོར་ལ་ ལྷ་རྣམས་ཁོ་ན་དེ་རྣམས་རྣམ་པར་དག་པའི་ངོ་བོར་མོས་པར་བྱའོ། །དེ་ལྟར་རྟག་ཏུ་ལྷག་པར་མོས་པའི་དངོས་གྲུབ་ནི་དེ་ཁོ་ན་ཉིད་གཅིག་ཏུ་མཐར་ཐུག་པའི་རྣལ་འབྱོར་པ་ལ་འགྱུར་གྱི། ལྷའི་རྣམ་པ་ཙམ་དུ་རྟོག་པ་པོ་ལ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་ཤེས་པས་དམན་པ་ལ་ནི་ནམ་ ཡང་དངོས་གྲུབ་སྲིད་པ་མ་ཡིན་པས་སོ། །དེ་ཁོ་ན་ཉིད་ཀྱང་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པའོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་སྡུད་ཏེ་དེ་ལྟར་ཤེས་པ་ལ་སོགས་པའོ། །ཉོན་མོངས་ལ་སོགས་པས་ཡུལ་ཉེ་བ་ལ་སོགས་པ་ཐོབ་ནས་སོ། །གང་ལུས་དེ་བསྐྱེད་པའི་ཆ་དེ་བསྐྱེད་པའི་རིམ་པ་དང་ཉེ་བར་ བླང་བྱ་ཉིད་ཀྱིས་ན་རྫོགས་པའི་རིམ་པ་ལ་ཡང་བརྟེན་ནས་ལྷའི་བདག་ཉིད་དུ་གྱུར་པ་ནི་སྲིད་པ་ཡོངས་སུ་ཤེས་པ་ཁོ་ན་མྱ་ངན་འདས་ཡིན་ཞེས་པའི་རིག་པ་ལས། སྲིད་པའི་མྱ་ངན་ལས་འདས་པ་ནི་སྲིད་པ་མྱ་ངན་ལས་འདས་པ་དེ། །ཤེས་རབ་དང་། སྙིང་རྗེ་དག་གིས་ འཁོར་བ་དང་། ཞི་བ་དག་ལ་མི་གནས་པ་འཐོབ་པོ། །སྐྱེ་བ་དང་འཇིག་པ་ལ་བརྟེན་ནས་ཞེས་འདོན་པ་ལ་ནི། སྐྱེ་བ་དང་འཆི་བ་ལ་བརྟེན་ནས་ལུས་གང་ཡིན་པའོ་ཞེས་སྦྲེལ་བར་བྱའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ། མན་ངག་གི་སྙེ་ མར་སྙེ་མ་བཅོ་བརྒྱད་པའོ།། །།རིམ་པ་གཉིས་ལ་མངོན་དུ་ཕྱོགས་པར་གྱུར་ན་ཡང་སྤྱོད་པ་མེད་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཡིན་ཞེས་སྤྱོད་པ་མདོར་བསྟན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལུས་དང་ངག་དང་ཡིད་རྣམས་ཀྱི་བྱ་བ་ ཁྱད་པར་ཅན་ནི་སྤྱོད་པའོ། །ལུས་དང་ངག་དག་ཀྱང་སེམས་རྣམ་པར་དག་པ་ཁོ་ནས་དག་པ་ཉིད་ཀྱི་ཕྱིར་སེམས་ཀྱི་སྤྱོད་པ་ནི་སྤྱོད་པ་གཞན་ལས་མཆོག་ཉིད་ཀྱིས་ན་ཡང་དག་པའོ། །གང་གི་ཕྱིར་རྣམ་པར་རྟོག་པའི་བར་དུ་གཅོད་པ་མ་ལུས་པ་འདུལ་བར་ནུས་པ་ཀུན་ རྫོབ་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོས་ཡང་དག་པ་དོན་དམ་པ་ལ་གསལ་བར་གྱུར་པ་སྟེ། ཇི་སྐད་དུ་གསུངས་པ། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་ དབུ་མའི་ལམ་ཡིན་ནོ། །ཞེས་སོ། །དེ་ཉིད་སྤྱོད་པ་ནི་དེ་ཁོ་ན་ཉིད་བསྒོམ་པའི་ཁྱད་པར་ཅན་གྱི་གོ་འཕང་འདིའོ། །བླ་ན་མེད་པ་ནི་ཉན་ཐོས་ཀྱི་ཐེག་པ་དང་གོང་མ་དང་བཅས་པའི་ཐེག་པ་ཆེན་པོ་བྱ་བའི་རྒྱུད་ལ་སོགས་པའི་སྤྱོད་པ་རྣམས་ལས་མཆོག་ཉིད་ཀྱི་ཕྱིར་རོ། །ཕན་ པ་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དེའི་དོན་དུ་སྟེ། རྣམ་པར་གཡེང་བ་རྣམས་བསལ་ནས་གང་བརྟན་པར་གྱུར་པའི་སེམས་རྒྱུད་དོ། །དེ་ཉིད་དུ་སྟེ་ཡང་དག་པ་ཇི་ལྟ་བའི་ཕྱིར་རོ། །ཡན་ལག་མེད་ནི་འདོད་པ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། རྡོ་རྗེ་སྟོང་པ་ཉིད་འདིའི་ཡིན་པའམ། མ་རིག་པ་ལ་ སོགས་པ་ཡན་ལག་བཅུ་གཉིས་དང་བྲལ་བའི་ཕྱིར་ཡན་ལག་མེད་པའི་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་སྟེ་དེས་གསུངས་པའོ་ཞེས་སྦྲེལ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །མཆོག་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །གྲུ་ནི་ གཟིངས་སོ། །དགེ་བ་ནི་ཐར་པ་སྟེ་འཁོར་བའི་ཕ་རོལ་ལོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ཡིན་པ་ཉིད་ཀྱི་ཕྱིར་ན་སྤྱོད་པ་གཞན་ལ་ལྟོས་ནས་མྱུར་དུ་དངོས་གྲུབ་བྱེད་པ་སྟེ། སྐྱེ་བ་འདི་ཁོ་ན་ལ་རང་གི་ངོ་བོ་ཡོངས་སུ་སྒྱུར་བའི་ཕྱིར་རོ། །སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་ དང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་རྣམས་ནི་རིམ་པ་ཇི་ལྟ་བར་བུད་ཤིང་དང་ཏཱ་ལའི་འདབ་མ་དང་རས་བལ་སྲེག་པའི་དུས་བཞིན་དུ་ཡུན་རིང་བ་དང་ཡུན་མི་རིང་བ་དང་མྱུར་བར་འགྲུབ་པའི་རྒྱུ་ཉིད་དུ་སྤྱོད་བསྡུས་སུ་གསུངས་སོ། །བཟང་པོ་ནི་ཕུལ་དུ་དབྱུང་དུ་མེད་པའི་བདེ་བ་དང་ལྡན་ པའི་ཕྱིར་རོ། །ཡིད་འོང་བ་ནི་ཐབས་སླ་བ་ཉིད་ཀྱི་ཕྱིར་རོ། །ཡོན་ཏན་ཀུན་གྱི་གནས་ནི་མངོན་པར་ཤེས་པ་ལ་སོགས་པ་རྣམས་བསྐྱེད་པའི་ཕྱིར་རོ། །སེམས་ཀྱི་རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེའི་ངོ་བོ་ཆགས་པ་དང་བྲལ་བ་ལས་ཡང་དག་པར་རབ་ཏུ་བྱུང་བ་རང་དང་གཞན་གྱི་དོན་ཕུན་སུམ་ ཚོགས་པ་བསྐྱེད་པའོ། །ལྡོག་པའི་སྒོ་ནས་གསུངས་པ། འདི་མེད་ཅེས་པ་ལ་སོགས་པའོ། །རྗེས་སུ་འགྲོ་བའི་སྒོ་ནས་གསུངས་པ། འདི་ཞེས་པ་ལ་སོགས་པའོ། །སྡིག་འཇོམས་ཞེས་པ། ཇི་ལྟར་མར་མེའི་སྙེ་མ་ཕྲ་མོས་ཀྱང་ཕུག་གི་མུན་པ་ཡུན་རིང་དུ་བསགས་པ་ཡང་སྐད་ཅིག་གིས་འཇོམས་པ་དེ་ལྟར་རྣལ་ འབྱོར་འདིས་ཀྱང་ཡུན་རིང་པོར་བསགས་པའི་ཉེས་པའི་ཚོགས་ཆེ