Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 6
Văn bản gốc(Tây Tạng)
Trang 14 / 21 (50.000 ký tự/trang)
བྱང་ཆུབ་མཚན་ཉིད་བཞུགས། །ཏ། དེ་རུ་ཆོས་ནི་རྟག་ཏུ་རིགས། །དེ་མངོན་ཚིག་ཉིད་མཚོན་པར་བྱ། །ས། དངོས་པོ་ཐམས་ཅད་བརྟགས་ནས་ནི། །རྦཱ། བག་ ཆགས་བཟང་པོ་སྔོན་འགྲོ་བ། །ལཾ། །སྣང་བ་ཙམ་ལ་དམིགས་པ་ནི། །ཀ ། བྱང་ཆུབ་སྔོན་འགྲོའི་རྒྱུ་ཕྱིར་རོ། །ར། རོ་བཞིན་ཆེས་རྣམས་ཐམས་ཅད་ལ། །སཾ། ཡང་དག་ཡེ་ཤེས་རྟོགས་བྱེད་པའོ། །པཱུ། རྫོགས་པའི་ཟླ་བ་བཞིན་དུ་བལྟ། །རྞ། གཞན་ལས་མ་ཡིན་འོད་གསལ་འབྱུང་། །དེ་ལྟར་མངལ་ ན་བརྟེན་པ་ཡི། །རོལ་མོ་བདག་གི་དོན་སྤངས་ཉིད། །བདེ་གཤེགས་རྣམས་ཀྱི་བྱང་ཆུབ་རིམ། །བག་ཆགས་དེ་ཉིད་བྱིས་རྣམས་ལ། །འཁོར་བར་སྡུག་བསྔལ་བྱེད་པའོ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །མི་འདོད་སེམས་ཅན་བྱ་བ་རྣམས། །མཁའ་དང་མཉམ་པ་ཉིད་ ནི་འབྱུང་། །སངས་རྒྱས་དེ་རྣམས་རྟག་ཏུ་བཞུགས། །མི་སྨྲ་དབང་པོ་རྣམས་ནི་ཐུལ། །དེ་བཞིན་བཤང་དང་ཞེས་བྱ་བ་ལ་སོགས་པའི་སངས་རྒྱས་སྒྱུ་མའི་སྐྱེས་བུ་ལྟ་བུ་དེ་རྣམས་ལ་བཤང་བ་དང་གཅི་བ་དང་ཁུ་བ་དང་ཁྲག་འབབ་པར་མི་འགྱུར་རོ། །དེས་ན་གང་བའི་ཐོད་པ་ཕྱག་ན་ བསྣམས། །ཞེས་པ་ནི་ཁམས་བཞི་པོ་ཨ་བ་དྷཱུ་ཏཱིའི་ནང་དུ་འབབ་སྟེ། སྔོན་གོམས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མདའ་གཞུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུ་ཞེས་པ་ནི་སྲོག་གི་རྩ་ར་ས་ནཱའོ། །དེའི་རྒྱུད་ནི་ཐུར་སེལ་གྱི་རྩ་ལ་ལ་ནཱའོ། །དེ་དག་རྣམ་པར་འཛིན་པའི་ཕྱིར་ ཨ་བ་དྷཱུ་ཏཱི་མདས་ཐིག་ལེ་འབེན་ལ་བསྣུན་ནོ། །དེའི་ཚེ་རྡོ་རྗེ་དྲིལ་བུ་ཞེས་པ་ནི་མི་ཤིགས་པའི་སྒྲ་ཙམ་རང་རིག་པ་དབྱེར་མེད་པའི་ཡེ་ཤེས་ཐོབ་པ་ཐམས་ཅད་དུ་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཡང་དང་པོ་རྡོ་རྗེ་འབར་བ་ཞེས་པ་ནི་དྲང་དོན་དུ་ཕྱག་གཡས་ན་རྡོ་རྗེ་བསྣམས་པའོ། ། ངེས་པའི་དོན་དུ་དང་པོ་གོམས་པའི་དུས་སུ་གཏུམ་མོའི་རྣལ་འབྱོར་པའི་ཕྱིར་ཞེས་དགོངས་སོ། །འདིར་གསུངས་པ། གཞུ་ནི་གཡས་ཀྱི་སྲོག་ཡིན་ཏེ། །དེ་བཞིན་ར་ས་ནཱ་ཡི་རྒྱུད། །ཐུར་སེལ་ལ་ལ་ནཱ་འགོག་ཉིད། །དེ་དག་གཉིས་ནི་འཛིན་པ་འབེན། །ཨ་བ་དྷཱུ་ཏཱིའི་མདའ་ ཉིད་དོ། །ཐིག་ལེ་རྫོགས་པ་རྣ་ལྟག་མཐའ། །འབེན་དང་འབེན་ནི་མེད་པར་གཞིག །དྲིལ་བུའི་སྒྲ་ནི་དེས་བཤད་དེ། །རྒྱུད་བཏང་བ་ནི་སྒྲ་ཙམ་འདི། །དེས་ན་མི་ཤིགས་སུས་ནི་འདི། །སངས་རྒྱས་མཆོག་ཏུ་མི་འགྱུར་བའོ། །གོམས་པའི་སྦྱོར་བ་ཞེས་པས་ནི། །དེ་ནས་ཁམས་ ནི་བཞིར་རྒྱུའོ། །དེ་བཞིན་རྣལ་འབྱོར་འདི་ཡང་བསྟན། །ལྟེ་བའི་དབུས་ཀྱི་མེ་ཐབ་ཏུ། །རྡོ་རྗེ་མེ་ནི་མངོན་ལྡང་སྟེ། །རྐན་གྱི་བུ་ག་རུ་ནི་འགྲོ། །དེ་རུ་ཁམས་རྣམས་བསྲེགས་ནས་ནི། །གཞན་ཡང་ཐལ་བ་ལྟ་བུར་གནས། །དེ་རྣམས་འཚོ་བར་འབྱུང་བ་ནི། །རོ་ནི་ནམ་མཁའི་མིང་ཅན་ཏེ། ། དེ་ཡང་ཡེ་ཤེས་བདུད་རྩིར་བརྗོད། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལྟེ་བའི་རྩ་བ་རུ་ནི་ལང་། །ཕྱག་རྒྱ་བཟང་མོའི་ཕྱིར་རྒྱལ་ཉིད། །ཆུ་ཤིང་སྙིང་པོ་ཞེས་བྱ་བ། །ཕྱག་རྒྱ་མེད་ཅིང་ཁམས་ཀྱང་མེད། །སེམས་ཀྱི་སྦྱོར་བ་འདི་དག་ནི། །མིག་འཕྲུལ་ ལྟ་བུའི་བྱ་བའོ། །དེ་བཞིན་གཤེགས་སངས་རྒྱས་དཔའ་བོས། །བྱང་ཆུབ་སེམས་ནི་ས་བོན་བསྒྲུབས། །དེ་བཞིན་དུ་མདུང་རྩེ་གསུམ་ཞེས་པ་ནི་མི་ཤེས་པ་གསུམ་ཟད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་འཁྱུད་ཅེས་པ་ནི་ཁྲག་དང་ཁུ་བའི་རང་བཞིན་ཕྱག་གཉིས་པོ་དེ་ལ་བརྟེན་པ་ དེ་ཡང་ཁྲག་ནི་སྙིང་རྗེ་ཆེན་པོའོ། །དེ་བཞིན་དུ་ཁུ་བ་ནི་ཆགས་པ་ཆེན་པོའོ། །རང་བཞིན་གཉིས་མེད་ཅིང་གཉིས་མེད་པའི་དངོས་པོ་འཛིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དཔལ་ལྡན་ཞེས་པ་ནི་དཔལ་གྱི་སྒྲ་ནི་མི་བཟད་པའི་དངོས་པོ་སྟེ། ནམ་ཡང་འཇིགས་པར་མི་འགྱུར་རོ། །ལྡན་ཞེས་ པ་ནི་དེ་ལྟ་བུ་དང་ལྡན་ཞེས་པའི་དོན་ཏོ། །རལ་པ་ཞེས་པ་ལ་སོགས་པ་ནི་བེམས་པོའི་འཇིག་རྟེན་འཁོར་ལོ་ཅན་དུ་བྱ་བ་དང་། སེམས་ཅན་གྱ་གྱུ་ཅན་བཅིང་བའི་ཕྱིར་རལ་བའི་ཐོར་ཚུགས་ཅན་ཏེ། གང་གི་ཕྱིར་དང་པོའི་སེམས་ཅན་སངས་རྒྱས་པར་བྱ་བའི་ཕྱིར་ཅོད་པན་གྱིས་བརྒྱན་པའོ། ། དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀྱི་འོད་ཟེར་གྱིས་སེམས་ཅན་གྱི་དོན་བྱ་བའི་ཕྱིར། །མངལ་དུ་གནས་ནས་ཀྱང་སྔོན་གྱི་བག་ཆགས་ཀྱི་དབང་གིས་བེམས་པོ་མ་ཡིན་པའི་ཁམས་འདི་གསལ་བར་སྤྲོ་བའོ། །ཅིའི་ཕྱིར་ཞེ་ན། གང་དུ་བྱང་ཆུབ་སེམས་དཔའ་རྣམས་འོད་གསལ་ བའི་ཏིང་ངེ་འཛིན་ལ་ཉལ་བ་བཞིན་གནས་མོད། འོན་ཀྱང་རྨི་ལམ་བཞིན་སད་པའི་གནས་སྐབས་མི་འདོར་རོ། །དེ་ལྟར་ཡང་གསུངས་པ། འོད་གསལ་ལ་གནས་སངས་རྒྱས་རྣམས། །ཤིན་ཏུ་གཉིད་ལོག་ཏིང་འཛིན་གྱིས། །འོན་ཀྱང་སད་པའི་གནས་སྐབས་ནི། །འདིར་ནི་རྨི་ ལམ་བཞིན་མི་འདོར། །ཇི་ལྟར་སེམས་དང་སེམས་བྱུང་རྣམས། །རྣམ་པར་བརྟགས་ན་མི་དམིགས་ཏེ། །དེ་ལྟར་དེར་ནི་ཡིད་ཆེས་ཏེ། །མུན་པ་ལ་ནི་མར་མེ་བཞིན། །དེ་ལ་སོགས་པ་མཐའ་ཡས་ཉིད། །སངས་རྒྱས་རྣམས་ཀྱི་རྒྱུ་རུ་ནི། །རྒྱུ་དང་འབྲས་བུ་ཕྱིར་མི་འགྲོལ། ། ཐམས་ཅད་རྒྱུ་ཉིད་གཞན་དུ་མིན། །དེ་ཉིད་ཀྱིས་ན་བྷ་ག་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི་བདག་ཉིད་བསྒོམ་པར་བྱ། །ཞེས་པ་ནི་གནས་དེར་མགོ་དང་ལག་པ་དང་རྐང་པ་དང་སོར་མོ་ལ་སོགས་པ་རྣམས་གསལ་བར་སྐྱེའོ། །དེའི་ཕྱིར། བྷ་གའི་དབུས་སུ་སྒྲུབ་པ་པོ། །ཞེས་ པ་ནི་འདིར་སྒྲུབ་པ་པོ་རང་གི་སེམས་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ལས་གྲོལ་བའོ། །དེ་ཡང་མངལ་དུ་སེམས་བསྐྱེད་པའི་དུས་སུ་ཨ་བ་དྷཱུ་ཏཱིའི་དབུས་སུ་བློ་ཆུང་བ་ནི་བྷ་གའི་དབུས་སུ་ཞེས་པའི་མིང་དུ་འགྱུར་རོ། །ཅིའི་ཕྱིར་བྷ་ག་ཞེ་ན། གྲུ་གསུམ་ཉིད་ཀྱིས་ཏེ་གང་གི་ཕྱིར་ལུས་དང་ངག་ དང་སེམས་ནང་དུ་འདུས་པ་དེའི་ཕྱིར་བྷ་ག་ཞེས་བྱའོ། །དེའི་དབུས་སུ་ཞེས་པ་ནི། རང་རིག་པའི་བདེ་བ་ཉིད་ཀྱིས་བསྒྲུབ་པོ་ཞེས་པ་དང་འབྲེལ་ཏོ། །གང་གི་ཕྱིར་བསྒྲུབ་བྱ་དང་སྒྲུབ་པ་པོ་དང་སྒྲུབ་ཐབས་རྣམས་བསྒྲུབ་བྱའི་རིགས་གཅིག་ཏུ་ཐལ་བར་ཡིད་ཆེས་པ་དེ་ལ་དེ་སྐད་ཅེས་བྱའོ། ། ད་ནི་དྲང་བའི་དོན་གྱི་ཕྱིར་དཀྱིལ་འཁོར་པ་རྣམས་ཀྱི་ཆོ་ག་གསུངས་ཏེ། བྷ་ག་ཞེས་བྱ་བ་ལ་སོགས་པ་ལ། བྷ་གའི་དབུས་སུ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ཁང་པ་བརྩེགས་མའི་དབུས་སུ་ལྷའི་གཟུགས་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །སྒྲུབ་པ་པོ་ཞེས་པ་ནི་བཅོམ་ལྡན་འདས་ ཀྱིས་རྡོ་རྗེ་སྙིང་པོ་ལ་བོས་པ་སྟེ། གང་གི་ཕྱིར་རྡོ་རྗེ་སྙིང་པོ་ནི་རྣམ་པར་ཤེས་པའི་མཚན་ཉིད་དེ་རང་གི་སེམས་ཉིད་སྒྲུབ་པ་པོ་ཞེས་དགོངས་སོ། །ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཕྱིར་གནས་འདིར་ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ལྷ་མོའི་འཁོར་ལོའོ། །བསྒོམ་པར་ བྱ་ཞེས་པ་ནི་གསལ་བ་ཉིད་དུ་རང་བྱིན་གྱིས་བརླབས་པ་ལས་ཉེ་བར་མཚོན་པར་བྱའོ། །ལྷ་དང་ལྷན་ཅིག་མཚུངས་པ་ཞེས་པ་ནི་རྣལ་འབྱོར་མ་དང་རང་སྣང་གི་ཐབས་དེ་རྣམས་དང་ལྷན་ཅིག་གནས་པའི་ངང་ཚུལ་དེའོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡང་རང་སྣང་བའི་ ཤེས་རབ་དང་ལྡན་པ་དེའི་གཟུགས་ཀྱི་རང་བཞིན་ཞེས་དགོངས་སོ། །དེ་བཞིན་དུ་འདབ་མ་ཞེས་བྱ་བ་ལ་སོགས་པ་ལ། འདབ་མ་བརྒྱད་ལ་རྣལ་འབྱོར་མ་བརྒྱད་བྲི་ཞེས་པ་ནི་དམིགས་པར་བྱའོ། །དེ་བཞིན་དུ་དབྱུག་ཏོ་ཞེས་པ་ནི་རྩེ་མོ་ན་ཐོ་བའི་རྣམ་པའི་རྡོ་རྗེ་ཅུང་ཟད་འོག་ཕྱོགས་དབྱུག་པའི་ རྣམ་པ་ཆང་གཟུངས་དང་ལྡན་པའོ། །དེ་བཞིན་དུ་བ་དན་གསུམ་ཞེས་པ་ནི་མཐེ་བོས་མཐེའུ་ཆུང་མནན་ཏེ་སོར་མོ་ལྷག་མ་རྣམས་མདུང་གི་རྣམ་པ་ལྟ་བུ་ཉིད་དོ། །གཞན་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་རྣལ་འབྱོར་མ་བརྒྱད་པོ་འདི་རྣམས་ཀྱི་མིང་དམ་པ་ཇི་ལྟར་རབ་ཏུ་ བྱེད་པ་གསུམ་པའི་མཐར་འཁྲུགས་སུ་གསུངས་པ། འདིར་ཡང་རྡོ་རྗེ་དྲག་མོ་ལ་སོགས་པ་བརྒྱད་བརྗོད་དེ། དེ་ལ་ཤར་གྱི་འདབ་མར་རྡོ་རྗེ་དྲག་མོའོ། །ལྷོར་རྡོ་རྗེ་ལུས་སོ། །ནུབ་ཏུ་རྡོ་རྗེ་ཆགས་མའོ། །བྱང་དུ་རྡོ་རྗེ་ཞི་བ་མོའོ། །དེ་བཞིན་དུ་མེའི་མཚམས་སུ་རྡོ་རྗེ་གནོད་སྦྱིན་མའོ། ། བདེན་བྲལ་དུ་རྡོ་རྗེ་མཁའ་འགྲོ་མའོ། །རླུང་དུ་སྒྲ་རྡོ་རྗེ་མའོ། །དབང་ལྡན་དུ་ས་རྡོ་རྗེ་མའོ། །དེ་ལྟར་ལྷ་མོ་རྣམས་ཀྱི་ཐོད་པ་ཞེས་བྱ་བ་ལ་སོགས་པ་གདན་དང་ཁ་དོག་དང་ཞལ་དང་ཕྱག་དང་མཚན་མ་རྣམས་ནི་གོ་སླའོ། །དེ་བཞིན་དུ་རོལ་མོ་སྣ་ཚོགས་ཞེས་པ་ནི་བྱེད་པ་སུམ་ཅུ་ རྩ་དྲུག་ཏུ་བརྗོད་པ་ཀླུ་དཀྱུགས་སྣ་ཚོགས་པས་མཛེས་པའི་རོལ་མོའོ། །དེ་ཡང་སྦུབས་དང་རྒྱུ་དང་སིལ་སྙན་དང་རྔ་སྦུབས་སོ། །དེ་བཞིན་དུ་གསང་བའི་དཀྱིལ་འཁོར་དུ་ཞེས་པ་ནི་སྙིང་གི་དཀྱིལ་འཁོར་དུ་མི་ཤིགས་པ་ཞེས་པ་དུས་ཀྱི་ཕོ་ཉ་སུམ་ཅུ་རྩ་དྲུག་པདྨའི་སྣ་ལམ་ལྟ་བུའི་རྩའི་སྒྲའི་དབང་ གིས་གྲོང་ལ་སོགས་པའི་ཀླུ་དཀྱུགས་སོ། །དེ་ཡང་རོལ་མོ་དེ་རྣམས་ཀྱང་འཆད་བཞིན་པའི་ཐུན་མཚམས་བཞིའི་རྩ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སྒོ་སྐྱོང་ལྷ་མོ་ཞེས་བྱ་བ་ལ་སོགས་པའི་སྒོ་བཞི་རྣམས་སུ་རེ་རེ་ཡང་དག་པར་བྲི་ཞེས་པ་ནི་བསམ་པར་བྱའོ། ། དེ་ལྟར་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་དཀྱིལ་འཁོར་འདི་རྣམས་ཀྱི་རིམ་པ་བཞིན་ངེས་པའི་དོན་གསུངས་ཏེ། དེར་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཞེས་པ་ནི་རྣལ་འབྱོར་གྱི་ཕྱག་རྒྱའོ། །དེ་གང་ཞེ་ན་འདིར་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྒྱས་བཏབ་པས་ན་ ཕྱག་རྒྱའོ། །དེ་ཡང་གཟུགས་ཀྱི་ཕུང་པོ་ནི་རྡོ་རྗེ་དྲག་མོའོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ལུས་མའོ། །དེ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ནི་རྡོ་རྗེ་ཆགས་མའོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་ཞི་བ་མའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་སའི་ཁམས་ནི་རྡོ་རྗེ་གནོད་སྦྱིན་ མའོ། །ཆུའི་ཁམས་ནི་རྡོ་རྗེ་མཁའ་འགྲོ་མའོ། །དེ་བཞིན་དུ་མེའི་ཁམས་ནི་སྒྲ་རྡོ་རྗེ་མའོ། །རླུང་གི་ཁམས་ནི་ས་རྡོ་རྗེ་མའོ། །དེ་བཞིན་དུ་ནམ་མཁའི་ཁམས་ནི་རང་འོད་ཀྱི་ཤེས་རབ་མའོ། །དེ་བཞིན་དུ་སྒོ་སྲུང་བཞི་ནི་ལས་ཀྱི་དབང་པོ་ལྔ་བསྐྱེད་པའོ། །དེ་ལྟར་བཅོམ་ལྡན་འདས་ས་བཅུ་གཉིས་ ཀྱི་བདག་ཉིད་དོ། །སྙིང་པོར་བཅོམ་ལྡན་འདས་རང་ཉིད་རྡོ་རྗེ་འཛིན་ཆེན་པོའི་ས་སྟེ། སྔོན་དུ་གསུངས་པའི་རྩའི་རང་བཞིན་གྱི་འཁོར་ལོར་བཤད་པའི་རྩ་བཅུ་གཉིས་ཀྱི་ནང་དུ་འདུས་པའི་རྡོ་རྗེ་ལྟ་བུའི་སྲོག་གིས་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པའི་ཕྱིར་རོ། །དེས་ན་སྔོན་གྱི་རྒྱུན་གྱིས་འདིར་ ཡང་མངལ་དུ་དེའི་རང་བཞིན་དུ་འགྱུར་རོ། །དེ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པའོ། །ལྷ་དང་ལྷན་ཅིག་མཚུངས་པ་ནི། །ཞེས་པ་ནི་སེམས་ཀྱང་རྣམ་པ་བརྒྱད་དེ། དེ་ཡང་རྩ་བརྒྱད་རྣམས་ལས་ཁམས་ཀྱི་དབྱེ་བས་འབྱུང་བའོ། །དེས་ན་མཚུངས་པར་ལྡན་པ་དེ་ལ་དེ་སྐད་ ཅེས་བྱའོ། །འདབ་ལ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྙིང་གི་འཁོར་ལོའི་རྩ་བརྒྱད་ནི་འདབ་མ་བརྒྱད་དོ། །དེ་རྣམས་ཀྱི་དབུས་སུ་ཐོད་པའི་གདན་ཞེས་པ་ནི་ཁོང་སྟོང་ཉིད་ཀྱིས་ན་ཆོས་ཀྱི་དབྱིངས་ཀྱི་ཐོད་པའོ། །དེའི་དབུས་སུ་གནས་པ་ནི་ཐོད་པ་བརྒྱད་ལས་རྣལ་འབྱོར་མའི་རྣལ་འབྱོར་འབྱུང་ བའོ། །དེ་ཡང་སྣ་ཚོགས་གཟུགས་ཅན་ཞེས་པ་ནི་ཞལ་གཅིག་ཉིད་ཀྱི་དུས་སྣ་ཚོགས་ལ་གྲངས་མེད་པའི་ཁ་དོག་དཀར་པོ་དང་སེར་པོ་ལ་སོགས་པའོ། །དེས་ན་སྣ་ཚོགས་པའོ། །དེ་ཉིད་ཀྱིས་ན་ཡིད་དགའ་མ། །ཞེས་པ་ནི་གང་དང་གང་དུ་རྩ་རྣམས་ལ་རླུང་རྒྱུ་བར་འགྱུར་བ་དེ་དང་དེ་རུ་ཡིད་འགྲོ་ ཞེས་པའོ། །དེའི་ཕྱིར་གཟུགས་འཛིན་པའོ། །དེ་ལྟར་བརྒྱད་བརྒྱད་ལ་སོགས་པ་གྲངས་མེད་པར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། སེམས་འདི་སྣ་ཚོགས་གཟུགས་ཅན་ཏེ། །གཟུགས་ནི་དུ་མས་མཚན་པ་ཉིད། །དུ་མ་འདུས་པར་འགྱུར་བ་ནི། །རྩ་ནི་བརྒྱད་པ་མཆོག་སྟེར་ བའོ། །དེ་ཡང་ཞེ་སྡང་སེམས་སོགས་རྣམས། །སངས་རྒྱས་རྣམས་ནི་རྟགས་བཞེས་པ། །ཞེ་སྡང་ལ་སོགས་དངོས་པོ་ཡིས། །འདོད་པ་ཡང་ནི་ཆེན་པོར་བརྗོད། །དེ་ལས་ཡིད་ནི་ཁྱད་ཅན་འབྱུང་། །རྡོ་རྗེ་དྲག་མོ་སོགས་ལྷ་མོ། །མངལ་བརྗོད་བྱིས་པ་སྔོན་འགྲོ་བ། །རྩ་བརྒྱད་ ལ་ནི་བརྒྱད་རྣམས་སོ། །ས་རྣམས་ཀྱི་ནི་འབྲས་བུ་འབྱུང་། །དེ་ཚེ་ཕ་རོལ་ཕྱིན་པ་ཤེས། །དགོངས་པའི་སྐད་ཀྱིས་གསུངས་པ་ཡིན། །ལྷག་མ་རྣམས་ནི་གང་བསྐྱེད་པ། །དེ་བཞིན་ས་ནི་རྣམ་པ་བཞི། །སྒོ་སྲུང་རྣམ་པ་བཞི་པོ་ནི། །དྲན་པ་ཉེ་བར་གཞག་བཞི་འགྲོ། ། བཅོམ་ལྡན་བདེ་བ་ཆེན་པོ་ཉིད། །རྡོ་རྗེ་འཛིན་གྱི་ས་ཡི་མིང་། །རང་གི་ལུས་ལ་འོད་འཕྲོ་བ། །དུས་ཀྱི་ཁ་དོག་ཀུན་དུ་བསྒྲུབས། །ཐོད་པ་ཡི་ནི་མིང་གི་རྩ། །ནམ་མཁའི་ཁམས་ཀྱི་མཚན་ཉིད་ཕྱིར། །འདབ་མ་རྣམས་ནི་གང་སྐྱེད་པ། །སྲོག་ལ་སོགས་པའི་རླུང་གིས་ཏེ། །རྩ་རྣམས་ལྷ་མོའི་ མིང་དུ་ནི། །སེམས་ཀྱི་རྒྱུད་དེ་དེ་བདག་ཉིད། །རྟག་ཏུ་འདིར་ནི་ངེས་པར་ཡང་། །རྣལ་འབྱོར་མ་ནི་མཆོག་དེ་ཉིད། །རང་བཞིན་མེད་པའི་དངོས་པོ་ཡིས། །འདིར་ནི་དུས་སུ་བསྟན་པ་མེད། །ཚེ་འགགས་འཇིག་རྟེན་འབྱུང་བའི་ཕྱིར། །འདིར་ནི་འཇིག་རྟེན་ཡང་དུས་སོ། །དེ་ཕྱིར་འདིར་ བརྟག་དུས་ནི་མེད། །སངས་རྒྱས་མི་རྟག་ཆོས་ཉིད་དོ། །དེ་རྣམས་ཀྱི་ནི་རྟོག་པ་ཡོད། །སྟོང་པ་དེ་ཡི་མིང་ཅན་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་རེ་རེའི་ཞལ་གཅིག་ཅེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དང་མྱ་ངན་ལས་འདས་ པ་ལ་མངོན་པར་ཕྱོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་བདག་ཉིད་དོ། །དེའི་ཕྱིར་ཕྱག་བཞི་ཞེས་པ་ནི་བརྒྱད་པོ་དེ་རྣམས་ཀྱི་ནང་དུ་རེ་རེ་ལ་ཡང་བཞི་བཞི་ནང་དུ་འདུས་པ་འཁོར་ལོ་བཞི་པོ་གནས་པའོ། །དེའི་ཕྱིར་དེ་རྣམས་ཐམས་ཅད་ཕྱག་བཞི་པའོ། ། དེས་ན་རྣལ་འབྱོར་མ་རེ་རེས་ཀྱང་ལས་བཞི་བཞི་བྱེད་དོ། །མདའ་དང་གཞུ་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་ཞེས་པ་ནི་དང་པོ་གོམས་པའི་དུས་སུ་འོག་དང་སྟེང་གི་སྲོག་གི་རྩ་སྔོན་དུ་གསུངས་པ་འགོག་པའི་ཕྱིར་གཞུ་དང་རྒྱུད་དག་གོ། །དེ་དག་གི་མདའ་ནི་མཚོན་པའོ། །དེས་ན་མཛེས་པ་ ནི་དབང་པོ་ཐམས་ཅད་རྣམས་ཀྱིས་གདུག་པ་རྣམས་སྐྲག་པར་འགྱུར་རོ། །དེས་ན་ཞེ་སྡང་ཆེན་པོ་ལ་སོགས་པ་རྣམས་སྐྱེའོ། །དེའི་ཕྱིར་མཛེས་པའོ། །དེ་བཞིན་དུ་ཐོད་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྩ་ལ་ཁུ་བས་རབ་ཏུ་གང་བ་རྒྱུ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་ལྕགས་ཀྱུ་ཕྱག་ན་བསྣམས་ པ་ཞེས་པ་ནི་ཐུར་སེལ་གྱིས་བྱང་ཆུབ་ཀྱི་སེམས་ལྕགས་ཀྱུ་བཞིན་འགུགས་པ་སྟེ། མི་འཛག་པའི་ཕྱིར་རོ། །དེ་ལྟར་རྩ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཆེས་ཕྲ་བ་དེ་རྣམས་ཀྱི་ནང་ནས་རྩ་བཞིའོ། །དེས་ན་མི་ཕྱེད་མ་ལ་སོགས་པ་བཞི་པོ་དེ་རྣམས་ཀྱི་ལས་གསུངས་སོ། །དེ་བཞིན་དུ་རིམ་པ་བཞིན་ བཞི་བཞི་བརྒྱད་ཀྱི་བར་སུམ་ཅུ་རྩ་གཉིས་འགྱུར་ཞེས་སྦྱར་རོ། །རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ངེས་པའི་ཚིག་རྟོག་པ་དང་པོར་གསུངས་པ་ནི་འདིར་ལས་བྱ་བའི་ཕྱིར་རོ། །དེ་བཞིན་དུ་གཉིས་པའི་ཕྱག་ན་མདུང་ཞེས་པ་ནི་འདིར་གསང་བའི་གནས་སུ་ཨ་བ་དྷཱུ་ཏཱིའི་ལམ་གསུམ་གསུམ་དུ་ འགྲོ་བའོ། །དེའི་འགོག་པའི་ཕྱིར་ཁྲག་གིས་གང་བའི་ཐོད་པ་ཞེས་པ་ལ་ཁྲག་ནི་རྡུལ་གྱི་ཁམས་ཏེ་དེ་ཡང་སྟེང་དུ་རྒྱུ་བའི་ཕྱིར་ཟླ་བ་དང་ཉི་མ་དག་འདྲེས་པར་འགྱུར་བ་ཉ་དང་གནམ་སྟོང་དག་གོ། །རྡོ་རྗེ་ཞེས་པ་ནི་དེ་དག་ལ་སྒྲ་གཅན་གྱིས་ཟོས་པའོ། །དེ་བཞིན་དུ་ཞགས་པ་ཞེས་པ་ནི་ མཇུག་མ་ཕྲ་བ་སྟེ། བཅུ་དྲུག་པའི་ཆ་བཟང་པོ་འདིའོ། །དེ་ཡང་བདག་གིས་ཟོས་པར་གྱུར་བ་སྟེ། ཁམས་དྲུག་ཟ་བ་ཉིད་དོ། །དེ་ལས་ཀྱང་ལོངས་སྤྱོད་འབྱུང་བ་སྟེ་མཚན་མོ་བྱེད་པའི་ཆས་ཉིན་མོ་བྱེད་པའོ། །དེ་ཡང་དེར་ཐིམ་མོ། །དུས་འདི་ནི་གསང་བའི་མཆོག་གོ། །དེ་བཞིན་ དུ་གསུམ་པའི་ཕྱག་ན་རལ་གྲི་ཞེས་པ་ནི་སྙིང་ག་ནས་རལ་གྲི་ལྟ་བུའི་རྩ་དུས་མེའི་རང་བཞིན་ནོ། །དེ་ཡང་དེ་བཞིན་དུ། སྲིད་པ་གསུམ་ནི་འབར་བྱེད་པ། །ལས་ཀྱི་ཚོགས་རྣམས་ཟད་བྱེད་པའོ། །ཞེས་པ་ནི་ལས་ཀྱི་རལ་གྲིའི་ངེས་པའོ། །ཆུ་ཡིས་གང་བའི་ཐོད་པ་ཞེས་པ་ནི་དེ་བཞིན་དུ་ཡང་ ཆོས་ཀྱི་དབྱིངས་ཀྱི་རྩ་ལས་ཆུ་འབབ་པའི་ཕྱིར་རོ། །ཆུ་ཡང་རྣམ་པ་གཉིས་ཏེ་དྲི་ཆུའི་ཆུར་བཏགས་པའོ། །དེ་བཞིན་དུ་གཉིས་པ་ནི་ཁམས་ཐམས་ཅད་ཞུ་བའི་རང་བཞིན་གྱི་ཆུའོ། །རྒྱུ་བ་དེ་ཉིད་འཛིན་པའི་ཐོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྡོ་རྗེ་ཞེས་པ་ནི་མེས་དེ་ཐམས་ཅད་ཟ་བའོ། ། དེ་བཞིན་དུ་དྲིལ་བུ་ཞེས་པ་ནི་ལྟེ་བའི་དབུས་ནས་དེ་ཉིད་ཅན་རྡོ་རྗེ་ཀ་བ་བཞིན་ནོ། །དེ་ཉིད་ཀྱིས་ན་སངས་རྒྱས་རྣམས་ཀྱི་རྡོ་རྗེའི་སྐུའོ། །གང་གི་ཕྱིར་སྤྲུལ་པའི་འཁོར་ལོ་སྐུའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱག་ན་ཁ་ཊྭཱཾ་ག་ཞེས་པ་ནི་སྨིན་མའི་དབུས་ནས་བྱུང་བའི་རྩའི་སྣལ་མ་ དེས་སངས་རྒྱས་རྣམས་ཀྱི་སྙིང་པོར་གནས་ཀྱང་དེ་ལུས་ཀྱི་དངོས་པོ་མི་ལེན་ཏེ་ཚོར་བ་དང་བྲལ་བའི་ཕྱིར་རོ། །དེ་ཡང་སྟོང་པ་ལ་ཁ་ཊྭཱཾ་གའི་མིང་དུ་དགོངས་སོ། །དེ་བཞིན་དུ་ཐོད་པ་ཞེས་པ་ནི་འགྲོ་བ་དང་འོང་བ་མི་འགོག་པའོ། །དེ་ཉིད་ཀྱིས་ན་དབྱུག་ཏོ་ཞེས་པ་ནི་འོག་ཏུ་གཏུན་ གདུངས་ཀྱི་རྣམ་པ་ལུས་ཐམས་ཅད་ཀྱི་རླུང་རྣམས་འོག་ཏུ་མི་འགྲོ་བ་སྟེ་དེས་ན་ཕྲ་བའོ། །དེས་ན་སྟེང་ཐོ་བའི་རྣམ་པ་རྣམ་པར་འཛིན་པ་དེ་ནི་དབྱུག་ཏོའི་མཚན་མའོ། །དེ་བཞིན་དུ་བ་དན་གསུམ་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་དང་བྲལ་བའི་རྩ་ཞེས་སྦྱར་རོ། །དེ་བཞིན་དུ་ཕྱག་ན་དབྱུག་ པ་ཞེས་པ་ལ། དབྱུག་པ་ནི་མཚམས་ཀྱི་སྣལ་མ་རོ་གཅིག་པའི་དངོས་པོའོ། །དེ་བཞིན་དུ་ཐོད་པ་ཞེས་པ་ནི་དབང་པོ་རྣམས་ཀྱི་རྩ་འགོག་པའི་ཕྱིར་རྣམ་པར་ཤེས་པ་རྣམས་འགོག་པར་འགྱུར་རོ། །དེ་བཞིན་དུ་ཨུཏྤལ་ཞེས་པ་ནི་འདབ་མ་བརྒྱད་ཀྱི་མིང་གིས་རྣམ་པར་ཤེས་པ་བརྒྱད་སྟོན་ པ་སྙིང་གི་རྩ་གྲུབ་མ་ལ་སོགས་པ་བརྒྱད་དེ། དེ་ཡང་གྲུབ་མ་དང་། སྨིན་བྱེད་མ་དང་། ཡིད་བཟངས་མ་དང་། སུམ་འཁྲིལ་མ་དང་། འདོད་ཅན་མ་དང་། ཁྱིམ་མ་དང་། གཏུམ་བྱེད་མ་དང་། བདུད་འདྲལ་མའོ། །རྩ་བརྒྱད་པོ་དེ་རྣམས་ནི་རྣམ་པར་ཤེས་པ་རྒྱུ་བ་ཅན་ཏེ། ཨུཏྤལ་ཞེས་ དགོངས་སོ། །དེ་བཞིན་དུ་ཅང་ཏེའུའོ་ཞེས་པ་ནི་ཁའི་རྩ་སྟེ། གང་གི་ཕྱིར་སྨྲ་བ་དང་ལེན་པ་འགོག་པའི་ཕྱིར་རང་ཉིད་སྨྲ་བ་པོ་རང་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་པདྨ་ཞེས་པ་དབང་པོ་བརྒྱད་དེ། དེ་ཡང་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཤེས་ རབ་དང་། བློའོ། །ཡང་ན་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཡིད་དང་། བློ་དང་། ང་རྒྱལ་ལོ། །དེ་ཡང་དེ་རྣམས་ཀྱི་ཡུལ་གྱི་དངོས་པོ་རྒྱུ་དང་འབྲས་བུ་ཉིད་ཀྱིས་དེ་དག་འགོག་པའོ། །དེ་བཞིན་དུ་ཞག་གིས་གང་བའི་ཐོད་པ་ཞེས་པ་ལ་ཞག་ནི་སྟོབས་ ཏེ་དགོངས་བཤད་ཀྱིས་སྟོན་པའི་མངོན་ཤེས་དྲུག་གི་མཚན་ཉིད་ནུས་པའོ། །དེའི་ཕྱིར་དེས་གང་བ་ནི་ཨ་བ་དྷཱུ་ཏཱིའོ། །དེ་བཞིན་དུ་མེ་ལོང་ཞེས་པ་ནི་མངོན་ཤེས་ཏེ། དེ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་མེ་ལོང་བཞིན་ཉེ་བར་མཚོན་པའི་ཕྱིར་རོ། །དེ་བཞིན་དུ་དགྲ་སྟ་ཞེས་པ་ནི་ཁམས་ གསུམ་པའི་མ་རིག་པའི་བག་ཆགས་གཅོད་པའི་ཕྱིར་རོ། །ཁམས་གསུམ་པ་ཡང་ལུས་དང་ངག་དང་སེམས་ཏེ། དེ་ཡང་ཨ་བ་དྷཱུ་ཏཱིའི་མིང་ཅན་ཐ་མལ་བའི་རྩའོ། །དེའི་རྒྱུ་བ་ནི་མ་རིག་པ་སྟེ་དེ་གཅོད་པར་བྱེད་པའི་སྒྲ་སྟ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མདུང་ཞེས་པ་ནི་དབྱུག་པ་ལ་རྡོ་རྗེའི་ ཐོ་ལུམ་དང་ལྡན་པའོ། །དེ་ཡང་མི་ཤེས་པའི་རི་བོ་གཅོད་པའི་ཕྱིར་རོ། །དེ་ནི་ལྟོ་བ་འབབ་པའི་རྩ་གང་གི་ཟས་ལ་གཉིས་མེད་པ་དེས་ན་མི་ཤེས་པ་སྐྱེ་ཞིང་ཞེ་སྡང་ལ་སོགས་པ་ཡང་སྐྱེ་སྟེ། དེ་རྣམ་པར་བཅོམ་པས་དེའི་ཕྱིར་སྐྱེས་པར་མི་འགྱུར་རོ། །དེ་བཞིན་དུ་དུང་ཞེས་པ་ནི་དབུ་མའི་རྩའི་ནང་ དུ་ལུས་ཐམས་ཅད་ཀྱི་སྲོག་གང་གནས་པ་དེ་ཡང་རང་བཞིན་མེད་པ་ཉིད་ཀྱིས་རང་ལ་དབང་ཐོབ་པ་དེ་མ་དམིགས་པའི་ཕྱིར་ཤིན་ཏུ་ཆགས་པའི་སྒྲ་འབྱུང་བ་ནི་ཁྱད་པར་རོ། །དེ་ཉིད་ཀྱིས་ན་ཤཾ་ཁ་རིམ་ལས་ཟློག་པ་སྟེ། ཁ་ཞེས་པ་ནི་བྱ་གདོང་དེ་ལ་བརྟེན་པའོ། །ཤཾ་ཤེས་པ་ནི་རང་རིག་པའི་ ཡེ་ཤེས་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། ཁ་ནི་རྐན་ལ་བཞར་བའི་ལྕེ། །བསྐྱོད་པ་བདུད་རྩི་འབྱུང་བའོ། །ཤཾ་ནི་འདི་རུ་གཟག་པ་ཡང་། །སྣ་ལས་འཛགས་ཕྱིར་མི་འཛག་པའོ། །དེ་བཞིན་དུ་འཁོར་ལོ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གསུངས་པའི་མཚན་ ཉིད་དེར་གནས་པ་དེས་ན་ཐམས་ཅད་མཁྱེན་པ་དང་རྣམ་པ་ཀུན་མཁྱེན་པའི་ཕྱིར་ཞེས་པའོ། །དེ་ཉིད་ཀྱིས་ནི་མཚོན་ཆ་ཞེས་པ་ནི་འདིར་མཚོན་ཆའི་སྒྲ་ནི་གང་དང་གང་གིས་བསམ་པ་དང་ལྡན་པ་དེ་དང་དེ་ལ་དེ་ཉིད་བསྟན་ཞེས་དགོངས་སོ། །དེ་བཞིན་དུ་རོ་ཡིས་གང་བའི་ཐོད་པ་ཞེས་པ་ནི་འདི་ཉིད་ ཀྱིས་ཡི་གེའི་དོན་གསུངས་པ། །ཀ ། སྡོང་བུའི་རྩ་བར་གང་སྐྱེས་པ། །པཱ། སྨིན་བྱེད་རྣམ་པ་རྨད་དུ་བྱུང་། །ལ། འོག་ཏུ་བལྟས་པའི་རྩ་ནི་དམིགས། །ར། རོ་བཞིན་དུ་ནི་ཡོངས་སུ་ཐིམ། །ས། དེ་ཡང་པདྨ་སར་པའི་རྩ་བ་བཞིན། །ས། མཚམས་ཀྱི་དུས་སུ་ཁ་དོག་ཅན། །པཱུ། སྲིད་པ་གསུམ་ནི་ ཐམས་ཅད་བཀང་། །རྞ། སྒྲ་ཅན་ཉིད་ལ་ཐིམ་པ་ཅན། །དེ་བཞིན་དུ་དགོད་ཅེས་བྱ་བ་ལ་སོགས་པ་ནི། །ཧ། ངང་པ་ནམ་མཁར་འགྲོ་བར་མཛོད། །ས། རོ་མཉམ་པ་ཡི་ཚུལ་ནི་ཟ། །མ། ལམ་རྣམས་ལ་ནི་བགྲོད་པའི་བྱ། །ནཱ། སྣ་ཚོགས་ངང་པ་ཡིད་རྒྱུའི་ཕྱིར། །ས། རྒྱ་མཚོའི་འགྲམ་ནི་ ཉམས་དགའ་བར། །མཱ། བུམ་པ་ཅན་ནི་དགང་ཡང་ན། །ལི། ཨཱ་ལི་ཀཱ་ལི་གཉིས་ནི་བཟའ། །ཁེ། དེས་ན་སྔོན་པོ་ནམ་མཁར་འགྲོ། །དེ་བཞིན་དུ་ཕྱག་ན་བུམ་པ་ཞེས་པ་ནི་ཇི་ལྟར་བུམ་པ་བཟང་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་གང་བ་དེ་བཞིན་དུ་དེ་ལྟར་ཨ་བ་དྷཱུ་ཏཱིའི་ཆོས་ ཉིད་གྲངས་མེད་པའི་ཡོན་ཏན་གྱིས་བརྒྱན་པ་དེས་ན་ཀུན་རྫོབ་ཀྱི་ཕྱོགས་ལ་དེ་ཆོས་ཀྱི་དབྱིངས་ཞེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཕྱིར་ཐབས་སྣ་ཚོགས་བྱེད་པའོ། །དེ་ཉིད་ཐབས་ཀྱི་རྡོ་རྗེའོ། །དེའི་ཤེས་རབ་དྲིལ་བུ་ཞེས་པ་ནི་དངོས་པོ་ཐམས་ཅད་རྟོགས་པར་བྱེད་ པའོ། །དེས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེ་གཉི་ག་ནི་སྟོང་པ་ཉིད་རྡོ་རྗེར་བརྗོད་དོ། །ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། མིའི་པགས་པས་གཡོགས་ཤིང་ཞེས་པ་ནི་དེ་བཞིན་དུ་སངས་རྒྱས་ཀྱི་ཐོད་པ་དང་དངོས་པོ་ཐམས་ཅད་ཀྱིས་སྟོང་པ་ཁོང་སྟོང་མངལ་ནས་སྐྱེས་པའི་སེམས་ཅན་ རྣམས་ལ་དེ་བསྟན་པས་ཤ་དང་པགས་པའི་མིག་གིས་མཐོང་ངོ་། །དེས་ན་མིའི་པགས་པས་གཡོགས་པ་བཅོམ་ལྡན་འདས་གཟུགས་ཀྱི་སྐུའོ། །དེའི་ཕྱིར། བདེན་པ་མ་ཡིན་བརྫུན་པ་མིན། །དེ་བཞིན་མ་སྐྱེས་མི་འགག་པ། །སྣང་བ་ཙམ་གྱི་མཚན་ཉིད་དེ། །དེ་ཡང་སྒྱུ་མ་གཞན་ དུ་མིན། །དེ་བཞིན་དུ་རྫས་ཀྱིས་བཀང་བ་ཞེས་པ་ནི་ཁྲག་དང་ཁུ་བ་དང་བཤང་བ་དང་གཅི་བ་རྣམས་ཀྱིས་བཀང་བའོ། །དེས་ན་རང་བཞིན་ཡོངས་སུ་ཤེས་པའོ། །དེ་ཡང་སྔོན་ནས་རྣམ་པར་གཟུང་བ་དེས་སངས་རྒྱས་རྣམས་ཀྱི་སྐུའི་གནས་སྐབས་ཀྱི་ཟབ་མོའི་ཆོས་ཀྱང་སྟོན་ཏོ། །དེ་བཞིན་དུ་ འདབ་མ་ཞེས་པ་ནི་དེ་རྣམས་ལའོ། །ལྷ་མོ་བྲི་ཞེས་པ་ནི་རང་སྣང་བའི་མཚན་ཉིད་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ལྟེ་བར་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ལའོ། །བདེ་བ་ཆེན་པོ་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཏེ། དེ་དང་ལྡན་བའི་སྤྲུལ་པའི་སྐུའོ། །རོལ་མོ་ཞེས་པ་ནི་སངས་རྒྱས་གཅིག་ཉིད་ཀྱི་ ཐུགས་ཀྱི་དངོས་པོ་ལས་འབྱུང་པོ་སྣ་ཚོགས་པ་གྲངས་མེད་པ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྲོས་པའོ། །དེ་ཇི་ལྟར་རོལ་མོ་ཡིན་ཞེ་ན། མི་ཤིགས་པའི་བདག་ཉིད་ཀྱི་སངས་རྒྱས་དེ་རྣམས་ཀྱང་ཤེས་རབ་ཀྱི་སྒྲ་ཡིས་སད་པར་བྱས་པའོ། །དེས་ན་རོལ་མོ་ནི་ཉེ་བར་ བཏགས་པར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། སྒྲ་ཡི་དབུས་ལས་ཡང་དག་འབྱུང་། །སངས་རྒྱས་ཐམས་ཅད་དུ་གཤེགས་པ། །ཤེས་རབ་ཀྱིས་ནི་འདི་བསྐུལ་ཏེ། །ཤིན་ཏུ་ཆགས་པའི་སྒྲ་ཡིས་སད། །དེ་ཉིད་ཀྱིས་ནི་གསང་བའི་དཀྱིལ་འཁོར་དུ་ཞེས་དགོངས་སོ། །དེ་ བཞིན་དུ་སྒོ་སྐྱོང་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་རྩོད་པའི་དུས་ལ་སོགས་པ་རྣམས་སུ་འཁྲུངས་པར་འགྱུར་བའོ། །དེ་བཞིན་དུ། བྷ་གའི་ དབུས་སུ་བསྒོམས་ནས་སུ། །ཞེས་པ་ནི་སྔོན་དུ་གསུངས་པ་སྡུད་པའི་ཕྱིར་བྷ་ག་ཞེས་པ་ནི་མའི་སྐྱེ་གནས་ཞེས་པའི་དོན་ཏོ། །དེས་ན་སྔགས་ཀྱི་བཟླས་པ་ཞེས་པ་ནི་བརྗོད་པའོ། །དེ་ཡང་ཧཱུཾ་ལ་སོགས་པའོ། །ངེས་དོན་དུ། ཧཱུཾ་ནི་རྡོ་རྗེ་སེམས་དཔའ་སྟེ། །ཞེས་པ་ནི་སེམས་རང་རིག་པའི་ སྲོག་གི་ཧཱུཾ་གི་མིང་ཅན་ནོ། །དེ་ཡང་། ཨོཾ་ཞེས་བྱ་བའི་དབྱངས་ཀྱིས་ཕྱེ། །ཞེས་པ་ནི་ལུས་དང་སེམས་འདྲེས་པར་འགྱུར་པའོ། །ཨཱཿཞེས་བྱ་བའི་ངག་དང་ལྡན། །ཞེས་པ་ནི་དེས་ན་ལུས་དང་ངག་དང་སེམས་ཀྱི་ཆོས་རྣམས་བསྡུས་པའོ། །དེ་ཉིད་ཀྱིས་ན། དག་པའི་ཤེལ་མ་དང་ མཚུངས། །ཞེས་པ་ནི་ཞི་བ་ལ་སོགས་པའི་མདོག་གོ། །དེ་བཞིན་དུ་ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་གཅིག་ཅེས་པ་ནི་རྡོ་རྗེ་བཟླས་པའི་བསམ་གཏན་གྱིས་འཇུག་པ་ལ་སོགས་པའི་རླུང་གསུམ་གཅིག་ཉིད་དུ་འགྱུར་བའོ། ། དེའི་ཚེ་མི་འཇག་པས་ན་ཡི་གེ་གཅིག་གོ། །འགྱུར་ཞེས་པ་ནི་རྗེས་སུ་འཇུག་པའོ། །དེ་ལྟར་བསྡུས་ནས་ཨོཾ་ཧཱུཾ་ཨཱཿདྷཱི་སྭཱ་ཧཱ་ཞེས་པའོ། །སླར་ཡང་འདབ་མ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་དྲག་མོ་ལ་སོགས་པ་རྣམས་ཀྱི་སྔགས་འདབ་མ་རྣམས་ལ་དགོད་པའོ། །བསྡུས་ ནས་ཨོཾ་ཧཱུཾ་ཨཱཿབཛྲ་བུདྡྷཱའིཿསྭཱ་ཧཱ། དེ་བཞིན་དུ་ཐམས་ཅད་ཀྱི་མིང་བར་དུ་སྤེལ་བ་སྔགས་དང་པོ་དང་ཐ་མར་སྦྱར་རོ། །དེ་ནས་ས་བོན་བཞི་ཞེས་པ་ནི་ཧ་དང་ཨི་དང་ར་དང་ཚེག་དྲག་གོ། །བསྡུས་ན་ཧཱུཾ་ཞེས་སོ། །མཆོད་པ་བཞི་ཞེས་པ་ནི་ཕྱི་དང་ནང་གསང་བ་དང་བླ་ན་མེད་པའོ། །དེ་ཡང་རང་བཞིན་ ཉིད་ཅེས་པ་ནི་དགའ་བ་ལ་སོགས་པ་བཞི་བྱེད་པའོ། །དེས་ན་དང་པོའི་དབྱངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་དེ་དང་པོར་ལྡན་ཞེས་པ་ནི་ཤེས་རབ་མ་རང་གི་པདྨ་སྟེ། ཧྲཱིཿཡོངས་སུ་གྱུར་པ་དེའི་ལྟེ་བར་ཨ་ལས་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པའོ། །དེ་ཡང་དབུས་ སུ་ཧྲཱིཿདང་ལྡན་པའོ། །དེ་བཞིན་དུ་སྒོ་སྐྱོང་ཞེས་བྱ་བ་ནི་མཆོད་པའི་སྔགས་སོ། །བསྡུས་ནས་ས་བོན་བཞི་ཞེས་པ་ནི་ཧཱུཾ་དང་ཨཱཿའོ། །སོགས་པའི་སྒྲ་ནི་ཕྱག་འཚལ་བའོ། །དེ་བཞིན་དུ་དྷྲཱིའོ། །དེ་ལྟར་ཨོཾ་ཧཱུཾ་ཡ་བཛྲ་ཨོཾ་ཀུ་ཤྲཱི་དྷྲཱི་སྭཱ་ཧཱའོ། །ཐམས་ཅད་དུ་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་ སྔགས་རང་གི་མིང་བརྗོད་པའོ། །ཡང་ན་ས་བོན་བཞི་ཞེས་པ་ནི་སྤྱི་བོར་ཨོཾ་མོ། །དེ་བཞིན་དུ་ཁར་ཨཱཿའོ། །སྙིང་གར་ཧཱུཾ་ངོ་། །པུས་མོ་དང་རྐང་པ་ལ་སྭཱ་ཧཱའོ། །དེ་ལྟར་ཐམས་ཅད་དུ་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་རིགས་ལྔའི་སྤྱན་དུ་བྱས་པའོ། །གང་ཡང་དཀྱིལ་འཁོར་པ་དེ་ རྣམས་ཀྱང་མ་ལ་སོགས་པ་རྟོག་པ་དང་པོའི་རབ་ཏུ་བྱེད་པ་དང་པོར་གསུངས་པ། འདི་ལྟ་སྟེ། མ་དང་སྲིང་མོ་ཉིད་དང་ནི། །དེ་བཞིན་བུ་མོ་གཉེན་མོ་དང་། །བྲམ་ཟེ་དང་རྒྱལ་རིགས་མོའོ། །རྗེའུ་མོ་དམངས་མོ་གར་མཁན་མོ། །ཁྲུས་མཁན་མ་དང་གཡུང་མོ་ཉིད། །གཏུམ་མོ་བཅུ་ གཉིས་ཤེས་པར་བྱ། །དེ་རྣམས་ཀྱི་ཆོ་ག་ནི་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །དེ་ནས་སྒྲུབ་པས་ས་ཞེས་བྱ་བ་ལ་སོགས་པ་ནི་བྷ་གར་མཚན་མ་གཞུག་པའོ། །དེ་ཡང་བྷ་ག་དང་མཚན་མ་དེ་དག་ཀྱང་རོ་གཅིག་པ་ཉིད་དོ། །འོན་ཀྱང་རྡོ་རྗེ་ཧཱུཾ་ཡོངས་སུ་གྱུར་པས་བྱ་སྟེ། དེའི་ལྟེ་བར་ཨོཾ་དཀར་པོ་ བྱང་ཆུབ་སེམས་ཀྱི་བུ་གར་རོ། །དེ་བཞིན་དུ་ཨཱཿའོ། །དེའི་དབུས་སུ་ཆགས་པ་ཆེན་པོའི་རང་བཞིན་དྷཱི་ཞེས་པ་ནི་སྟེང་དུ་ཁ་ཕྱོགས་པའོ། །དེ་ལྟར་ཨོཾ་དང་ཧྲཱིཿདག་གི་དབུས་སུ་ཨཱཿཁ་དོག་དམར་པོའོ། །ཨོཾ་ནི་ཁ་འོག་ཏུ་བལྟས་པའོ། །ཚེག་དྲག་གི་མཐར་སྭཱ་ཧཱ་སྦྱར་རོ། །འདིས་ནི་རྣལ་ འབྱོར་མ་རྣམས་མི་འཛག་པ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཟླས་པའི་སྔགས་སུ་རབ་བསྟན་པའི། །བསམ་གཏན་གྱིས་ནི་ཡིག་གཅིག་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་ངེས་སོ། །དེ་བཞིན་དུ་སྒྲུབ་པ་པོས་ཞེས་བྱ་བ་ལ་ཁ་ནས་ཧཱུཾ་དང་ཧྲཱིཿདག་གདོན་པར་བྱའོ། །མན་ ངག་ལས་ཡི་གེ་ཕྱེ་དང་གཉིས་གཉིས་ཧི་ཀ་དང་ཨ་ཧི་ཀ་བཞིན་སྟེང་དུ་ཧཱུཾ་ངོ་། །འོག་ཏུ་ཧྲཱིཿཞེས་པ་གཉིས་ཀ་དག་མགྲིན་ནང་དུ་བརྗོད་པའི་ཕྱིར་སྲོག་དང་ཐུར་སེལ་དག་འགོག་པར་འགྱུར་རོ། །ཁ་ཡིས་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ལམ་ནས་བཟའ་བར་བྱའོ། །དེ་ཡང་དེ་ལས་བླང་བ་སྟེ། །ཁུ་བ་ཞེས་ པ་ནི་གཅིག་ནི་རོའི་རང་བཞིན་ནོ། །གཉིས་པ་ནི་ཡི་གེའི་དོན་ངེས་པར་གསུངས་པའི་ཚིག་གིས་འདིར་ཤཱུ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ནང་དུའོ། །ཀྲཾ་ཞེས་པ་ནི་སྔོན་དུ་གསུངས་པའི་རོའི་མིང་ཅན་འཕོ་བས་ཐམས་ཅད་ཨ་བ་དྷཱུ་ཏཱིའི་བཞིན་དུ་འགྱུར་ཏེ། དེར་ཐིམ་པའི་ཕྱིར་རོ། །ཁྲག་གི་དུས་སུ་ ཞེས་པ་ནི་ཆགས་པའི་དུས་སུ་སྔོན་དུ་གསུངས་པའི་ཚུལ་གྱིས་ལས་ཀྱི་ཕྱག་རྒྱ་དང་རབ་ཏུ་སྦྱོར་བའི་ཕྱིར་དེ་བྱ་ཞེས་དགོངས་སོ། །ཡང་ན་དབང་པོ་གཉིས་ཡང་དག་པར་སྦྱོར་བ་ལས་སྐྱེས་པ་རང་གི་ཁའི་ལྕེས་བཟའ་བར་བྱ་ཞེས་པའོ། །རྒྱ་ལ་ཤེས་རབ་མ་རང་བྱུང་གི་མེ་ཏོག་དང་ལྡན་པ་དེའི་ཚེ་ཡང་ དུས་དེར་བྱང་ཆུབ་སེམས་དཔའ་ལྷན་ཅིག་འདྲེས་པར་འགྱུར་བ་བཟའ་བར་བྱ་ཞེས་པ་ནི་ཁྲག་གི་དུས་སུ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །དེས་ན་རྣལ་འབྱོར་མའི་མཆོག་མཉེས་པར་འགྱུར་ཏེ། དེའི་ཚེ་སྒྲུབ་པ་པོ་རྣམས་ཀྱི་འདོད་པའི་འབྲས་བུ་འགྱུར་རོ། །སླར་ལ་ཡང་ཧཱུཾ་ཞེས་བྱ་བ་ལ་སོགས་ པའི་ངེས་པའི་དོན་གསུངས་ཏེ། ཧཱུཾ་ཞེས་པ་ནི་མི་བསྐྱོད་པའོ། །ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཨཱཿནི་རིན་ཆེན་འབྱུང་ལྡན་ནོ། །ཧྲཱིཿནི་འོད་དཔག་མེད་དོ། །སྭཱ་ནི་དོན་ཡོད་གྲུབ་པའོ། །ཧཱ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་དེ་རྣམས་སྐྱེས་ཙམ་ཉིད་ན་མངོན་པར་ཤེས་པ་ཐོབ་པར་ འགྱུར་རོ། །དེས་ན་ཧྲཱིཿཞེས་པ་ནི་ལྷ་མོ་བཅུ་གཉིས་ས་བཅུ་གཉིས་ཀྱི་བདག་ཉིད་རྣལ་འབྱོར་མ་རྣམས་ཀྱི་སྔགས་རྣམས་ཏེ། རང་གི་མིང་དང་མཐུན་པའི་ལས་བྱ་བའོ། །དེས་ན་ས་བོན་བཞི་ཞེས་པ་ནི་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོའི་ས་བོན་ནོ། །ཡང་དག་ལྡན་ ཞེས་པ་ནི་ས་བཅུ་གཉིས་ཀྱི་རྣལ་འབྱོར་མའོ། །དེས་ན་མཆོད་པ་བཞི་ཞེས་པའི་ནི་དུས་བཞི་གང་གིས་མཆོད་པ་ནི་རྫོགས་ལྡན་ལ་སོགས་དུས་བཞི་གང་གིས་ཞེས་དགོངས་སོ། །དེ་ཡང་ཆོས་ཀྱིས་འཇུག་པའི་ཚུལ་གྱིས་སོ། །ཡང་ན་ས་བོན་བཞི་ཞེས་པ་ནི་ཨོཾ་ཨཱཿསྭཱ་ཧཱའོ། །དེ་བཞིན་དུ། དང་པོའི་དབྱངས་ཡིག་ལ་སོགས་ལྡན། །ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་ཏེ་རྣལ་འབྱོར་མ་བཅུ་གཉིས་པོ་རེ་རེའི་ཡི་གེ་ས་བོན་བཞིའི་དབུས་སུ་ངེས་པར་སྦྱར་རོ། །བསྡུ་ན་ཨོཾ་ཨཱཿཨཾ་ཧྲཱིཿསྭཱ་ཧཱ། ཞེས་པ་རྡོ་རྗེ་དྲག་མོ་ལ་སོགས་པའོ། །ཡང་ན་དེའི་ཕྱིར། དང་པོའི་ དབྱངས་ལ་སོགས་པ་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་པོ་རྣམས་ཀྱི་དབུས་སུ་ཨ་ལ་སོགས་པ་དབྱངས་བཞི་རྫོགས་ལྡན་གྱིས་ཏེ། ཨ་ཨཱ་ཨི་ཨཱིའོ། །དེ་བཞིན་དུ་གསུམ་ལྡན་ལ་ཨུ་ཨཱུ་ཨེའོ། །གཉིས་ལྡན་ལ་ཨཻ་ཨོའོ། །རྩོད་ལྡན་དུས་ལ་ཨཽའོ། །རྫོགས་ལྡན་དང་རྩོད་ལྡན་གྱ་དུས་ ཀྱི་དབུས་སུ་ཐོག་མ་དང་ཐ་མ་དང་ཨཾ་ཨཿསྤྲོ་བ་དང་སྡུད་པར་བྱེད་པའོ། །དེ་བཞིན་དུ་རྀ་རཱྀ་ལཱྀ་ལཱྀ་སྟེ་དེ་ལྟར་རང་ཉིད་ཀྱིས་དུས་རྣམས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་ལ་འཇུག་པའི་དུས་སུ་ནི་རྫོགས་ལྡན་ནོ། །དེ་བཞིན་དུ་དང་དུ་ལེན་པའི་དུས་སུ་ནི་གསུམ་ལྡན་ནོ། །ཉམས་སུ་མྱོང་བའི་དུས་ནི་ གཉིས་ལྡན་ནོ། །རང་བཞིན་མེད་པའི་དུས་སུ་ནི་རྩོད་དུས་སོ་ཞེས་དགོངས་སོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དང་བྷ་ག་དག་ཅེས་པ་ནི་སྣ་ཚོགས་པའི་ཆོས་ནི་ཆོས་ཉིད་དུ་ཉེ་བར་སྤྱད་པར་བྱས་ནས་གང་དུ་སྐྱེས་པ་དེ་ཐིམ་པར་འགྱུར་ཏེ། བཅོམ་ལྡན་འདས་ཞེས་པ་འོད་གསལ་ བའི་མཐར་ཡང་དང་ཡང་ལྡན་པར་བྱའོ། །དེས་ན་དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་དང་སྙིང་རྗེའི་ས་བོན་གཉིས་པོ་འདིས་ཏེ། ཁ་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སེམས་ཏེ། དེས་ན་བཟའ་ཞེས་པ་ནི་ཉེ་བར་བསྡུ་བའོ། །ཁུ་བ་ཞེས་པ་ནི་འོད་གསལ་བའི་འབྲས་ བུ་བཟང་པོའི་རྒྱུ་ཞེས་པའོ། །དེ་ཡང་ཁྲག་གི་དུས་སུ་ཞེས་པ་ནི་སྙིང་རྗེའི་དུས་སུ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བཟའ་བར་བྱའོ། །འདིར་ནི་མདོར་བསྡུས་ཏེ་གསུངས་སོ། །རྒྱས་པར་ཡང་རྒྱུད་སྣ་ཚོགས་པའི་དགོངས་པས་རྟོགས་པར་བྱའོ། །དེ་བཞིན་དུ་ སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་པས་དེ་རྣམས་ཀྱི་བསམ་པ་རྣམས་གཅིག་ཏུ་བྱ་བའི་ཕྱིར་ཐབས་རྣམས་བསྟན་པ་གསུངས་ཏེ། དེར་ནི་སྔགས་ཀྱི་བཟླས་པ་བྱ། །ཞེས་པ་ནི་རྟོག་པ་ཐམས་ཅད་ཉམས་སུ་མྱོང་བའི་དུས་སུ་ངག་གི་སྒོ་ནས་བརྗོད་པའི་ཡི་གེ་ནི་སྔགས་སོ། །དེ་རྣམས་ཀྱི་རང་ རིག་པ་བསམ་དུ་མེད་པ་ཉིད་ནི་བཟླས་པའོ། །དེར་ནི་ཞེས་པ་ནི་མི་འཇག་པའི་གནས་སུ་རྡོ་རྗེ་བཟླས་པ་བྱ་སྟེ། རླུང་བཅུ་རྣམས་ངེས་པར་གཟུང་བའི་ཐབས་ཏེ་ཧཱུཾ་གི་མིང་ཅན་གྱིས་སོ། །ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་སྟེ། འདབ་མ་བརྒྱད་ལ་ལྷ་མོ་རྣམས་ ཉེ་བར་དགོད་པའི་ཕྱིར་རོ། །དེའི་ཚེ་རིམ་པ་བཞིན་ཤར་གྱི་འདབ་མ་ལ་སོགས་པར་གཡས་སྐོར་གྱིས་རྡོ་རྗེ་ཕག་མོ་ལ་སོགས་པ་དགོད་པའོ། །དྲག་མོ་ཞེས་པ་ནི་ཞེ་སྡང་སྐྱེད་པའི་རྩ་བའོ། །དེ་བཞིན་དུ་ལུས་ནི་གཏི་མུག་སྐྱེད་པའོ། །ཆགས་མ་ཞེས་པ་ནི་འདོད་ཆགས་སྐྱེད་པའོ། །ཞི་བ་ཞེས་ པ་ནི་ཞི་བ་སྐྱེད་པའོ། །གནོད་སྦྱིན་ཞེས་པ་ནི་ཕྲག་དོག་གོ། །མཁའ་འགྲོ་མ་ཞེས་པ་ནི་ངར་འཛིན་པའོ། །སྒྲ་ཞེས་པ་ནི་སེར་སྣའོ། །ས་ཞེས་པ་ནི་ང་རྒྱལ་རྒྱུ་བ་ཅན་ཞེས་པའོ། །དེ་ལྟར་ཡང་དམ་ཚིག་སེམས་དཔའ་བཞིན་དགྱེས་པའི་རྡོ་རྗེ་རྣལ་འབྱོར་མ་ཕྱག་བཞི་པ་བསྒོམ་པས་དེ་རྣམས་ ཀྱི་ཉེས་པ་དང་བྲལ་ལོ། །སླར་ཡང་རྩ་བརྒྱད་པོ་དེ་རྣམས་ཀྱིས་ཞེ་སྡང་ཆེན་པོ་ལ་སོགས་པ་བསྐྱེད་པའི་ཕྱིར་རྫོགས་པ་ཡང་སྟེ་ཐམས་ཅད་ལ་རྡོ་རྗེའི་སྒྲས་བརྗོད་དོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་བཞི་པའམ་ཕྱག་དྲུག་པ་ལྷ་མོ་བརྒྱད་ཀྱིས་བསྐོར་རོ། །དེ་ཉིད་ཀྱིས་གཉིས་ལྡན་ གྱི་དུས་སུ་སྦྱིན་པ་ལ་སོགས་པ་ལ་འཇུག་པས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་མཐོང་བར་འགྱུར་རོ་ཞེས་སྦྱར་རོ། །ད་ལྟར་གྱི་དུས་སུ་ཡང་དཔའ་བོ་རྣོན་པོ་རྣམས་ལ་གསལ་བར་འགྱུར་ཏེ། གཞན་དུ་མ་ཡིན་ཞེས་དགོངས་སོ། །དེ་ལྟར་དེ་ལ་སོགས་པ་བསྟན་པ་དེའི་ཚེ། སྒོམ་པ་པོ་ རྣམས་ཀྱི་སྒྲུབ་ཐབས་ཀྱི་དོན་དུ་ཏིང་ངེ་འཛིན་གསལ་བར་བྱས་པ་ནི་འདིར་རྙེད་སླ་བའི་ཕྱིར་རོ། །བདག་གིས་ནི་དགོས་པ་ཙམ་ཞིག་བསྟན་ཏོ། །དེ་ཡང་བདག་གི་བླ་མའི་བཀས་སོ། །རང་གིས་རང་བཟོས་ནི་མ་ཡིན་ཏེ་བྱིས་པ་རྣམས་ཀྱིས་སུན་འབྱིན་ཅིང་ཐོ་འཚམས་པས་འཇིགས་པའི་ཕྱིར་ཞེས་པ་ནི་ ངེས་པའོ། །གང་ཕྱིར་བྱིས་པ་སྐྱེ་བོས་ཡོན་ཏན་ཅན་མི་བཟོད་ཅིང་ཉེས་པས་རྒས་པར་འགྱུར། །སྲིད་པ་གསུམ་དུ་མི་བདེན་དངོས་པོ་མི་རྟག་པ་ཉིད་འདིར་ནི་འདི་མི་རིགས། །དེ་ཕྱིར་སྡུག་བསྔལ་ལས་ཀྱི་བྱིས་པ་རྣམས། །ཤི་ནས་ངུ་འབོད་ལ་སོགས་དམྱལ་བར་འགྲོ། །བློ་ལྡན་རྣམས་ལ་གདུག་ པ་གྲངས་མེད་འཚེ་བ་ཀྱི་ཧུད་སྙིང་རེ་རྗེ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གཉིས་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། །།ད་ནི་རྩོད་པའི་དུས་ཀྱི་སེམས་ ཅན་མངོན་སྤྱོད་ཀྱི་ལས་ལ་སོགས་པ་ལ་དགའ་བ་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱིར་དང་ཐབས་དང་བཅས་པས་སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་སྣ་ཚོགས་པའི་ཕྱིར་མདོར་བསྟན་པའི་རབ་ཏུ་བྱེད་པ་གསུམ་གྱི་མཐར་སླར་བཤད་པ་བརྗོད་དེ། ཉོན་ཅིག་ཅེས་བྱ་བ་ལ་སོགས་ པ་ལ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོས་ཏེ་ཉོན་ཅིག་ཅེས་པའོ། །དེ་ལྟར་ཚུལ་ཇི་བཞིན་ཞེས་པ་ནི་གོ་རིམས་བཞིན་ཏེ། སྔོན་དུ་གསུངས་བའི་དུས་རྣམས་ཀྱི་མཐར་རྩོད་པའི་དུས་ཀྱི་ངེས་པ་གང་གི་དུས་གསུམ་ཡང་ཡོངས་སུ་ཤེས་པར་འགྱུར་རོ། །དེས་ཀྱང་སྐལ་བ་བཟང་པོའི་ནང་དུ་སེམས་ ཅན་རྣམས་ཀྱི་གློ་བུར་བའི་དྲི་མ་རྗེས་སུ་བསྡུས་པ་གང་ཡིན་པ་དེ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་བའོ། །དེས་ན་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ཡང་འཆད་བཞིན་པ་དེས་སོ། །བསྒྲུབ་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །ཁྱད་པར་ཉིད་ཅེས་བྱ་བ་ནི་མན་ ངག་ཇི་ལྟ་བ་ལས་རྣལ་འབྱོར་གྱིས་ནུས་པས་ཞེས་པ་སྟེ་ངེས་པའོ། །དེས་ཀྱང་ཅི་ཞིག་བྱེད་ཅེ་ན་གསུངས་པ། ཞི་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གཅིག་གིས་ཀྱང་བསྒྲུབ་བྱའི་ཁྱད་པར་སྣ་ཚོགས་པ་བྱེད་དེ། ཞི་བ་དང་རྒྱས་པ་ལ་སོགས་པའོ། །དེ་ཡང་རེ་མིག་ཅེས་བྱ་བ་ལ་སོགས་ཏེ། རེ་མིག་དགུའི་འཁོར་ལོ་འདབ་མ་བརྒྱད་པ་བཞིན་འགྲོ་བའི་འདབ་མ་ལ་སོགས་པ་རྣམས་ལ་གུར་ཀུམ་དང་བ་ལང་གི་གི་ཝང་ལ་སོགས་པས་བྲི་བར་བྱའོ། །སོགས་པའི་སྒྲས་ནི་རེ་མིག་སྟོང་གི་མཐར་ཐུག་པར་བྲི་བར་བྱ་བ་ཞེས་པའོ། །ཕྱི་རོལ་མུ་ཁྱུད་ཅེས་པ་ནི་སེམས་ཅན་ཐམས་ཅད་རྣམས་ ཀྱིས་ངེས་པར་བྱ་ཞེས་སྦྱར་རོ། །དེ་བཞིན་དུ་ལས་ཀྱི་ཁ་དོག་ལ་སོགས་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་གྱིས་ཡི་གེ་རྣམས་དཀར་པོ་ལ་སོགས་པའི་མདོག་ཏུ་བསྒོམ་པར་བྱའོ། །འཁོར་ལོ་ཞེས་པ་ནི་བསྒོམ་པར་བྱ་བའམ། དངོས་སུ་བྱ་ཞེས་དགོངས་སོ། །ཨོཾ་ཞེས་བྱ་བ་ལ་ སོགས་པ་ནི་འཕགས་མ་སྒྲོལ་མའི་ཡི་གེ་བཅུའི་སྔགས་ཀྱིས་སྲུང་བའི་འཁོར་ལོའོ། །འདིའི་ཞེས་པ་ནི་སྔགས་འདིའི་དབུས་ཀྱི་རེ་མིག་ཏུ་ཨོཾ་དེ་བ་དཏྟ་སྱ་ཤཱནྟི་ཞེས་བྱ་བ་ལ་སོགས་པ་ཀུ་རུ་ཧ་ཞེས་པའོ། །དེ་བཞིན་དུ་ཤར་ལ་སོགས་པའི་འདབ་མ་བརྒྱད་ལ་གཡས་སྐོར་དུ་རིམ་པ་བཞིན་ཨོཾ་ དེ་བ་དཏྟཱ། དེ་བཞིན་དུ་ཨོཾ་ཆེ་གེ་མོ་རེ་ཨོཾ་ཆེ་གེ་མོ་ཏུད། ཨོཾ་ཆེ་གེ་མོ་ཏཱ། ཨོཾ་ཆེ་གེ་མོ་རེ། ཨོཾ་ཆེ་གེ་མོ་ཏུ། ཨོཾ་ཆེ་གེ་མོ་རེ། ཨོཾ་ཆེ་གེ་མོ་སྭཱ་ཞེས་བྲིས་སོ། །དེ་ལྟར་ཕྱི་རུ་རཀྵས་བསྲུངས་པ་དེའི་ཚེ་སྒྲུབ་པ་པོའི་གནས་ལ་སོགས་པ་སྟོང་པ་ཉིད་ཀྱིས་བསྲུང་བ་གསུངས་ཏེ། མཉམ་ ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་རྣམ་པ་དང་ཡོན་ཏན་དང་མེ་ཏོག་ལ་སོགས་པའི་དངོས་པོ་རྣམས་གནས་ངན་པ་དང་དུས་ཀྱི་ཁྱད་པར་གྱིས་མ་ཐོབ་པ་དེའི་ཚེ་སེམས་ཅན་རྣམས་ཀྱི་ཕྱིར་རྣལ་འབྱོར་བསྒོམ་པས་ཤེས་ པ་ནི་ཅུང་ཟད་རྣལ་འབྱོར་ལ་གོམས་པའི་དབང་གིས་ནུས་པའི་དངོས་པོས་བྱ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བ་བརྗོད་དོ། །རྒྱུད་འདི་ནི་མདོར་ བསྡུས་པ་ཉིད་གསུངས་ཏེ། དེས་ན་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་རྣམས་སུ་ནི་རྒྱས་པར་གསུངས་སོ་ཞེས་དགོངས་སོ། །དེར་གསུངས་པ་ཐོ་རངས་གདོང་དག་པ་ལ་སོགས་པ་བྱས་ཏེ་བསམ་གཏན་གྱི་གནས་སུ་ཞུགས་ནས་བདེ་བའི་སྟན་ལ་འདུག་ སྟེ། བཅོམ་ལྡན་འདས་སྒྲོལ་མའི་བྲིས་སྐུ་ལ་སོགས་པར་ཆུད་པར་དམིགས་ལ་མཎྜལ་བྱས་ཏེ། མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་ལྔའི་མཆོད་པ་རྣམས་དབུལ་ལོ། །མ་འབྱོར་ན་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ནས་གཏོར་མ་ཡང་སྦྱིན་པར་བྱའོ། །རང་གི་སྙིང་གའི་ཟླ་བར་ཡི་ གེ་ཏཱཾ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ་རང་གི་བདག་ཉིད་སྦྱངས་ཏེ། སླར་འོངས་ནས་ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པའི་སྔགས་འདོན་ཅིང་སེ་གོལ་བརྡབས་པས་བགེགས་རྣམས་བསྐྲད་པར་བྱའོ། །སླར་ཡང་སྔོན་གྱི་ས་བོན་ལས་འོད་ཟེར་རྣམས་འཕྲོས་པས་བཀུག་ནས་ནམ་མཁར་ བཞུགས་པའི་ལྷ་མོ་དེ་ལ་ཡང་ཡིད་ལ་འདོད་པའི་མཆོད་པ་བྱས་ཏེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཉེ་བར་བསྡུ་བར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད། དེ་བཞིན་དུ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་ པའི་སྔགས་འདི་རང་དང་གཞན་ཁམས་གསུམ་པ་སྟོང་པར་རྣམ་པར་བསམ་པར་བྱ་སྟེ། བྱང་ཆུབ་ཀྱི་ཚོགས་བསྒོམ་པའི་ཕྱིར་སེམས་ཙམ་དུ་གནས་སོ། །དེར་ནི་པཾ་སྐྱེས་པདྨ་ཨཾ་སྐྱེས་ཟླ། །བྷྲཱུཾ་ཞེས་པ་ནི་སྟེང་དུ་དགོད། །དེ་འགྱུར་འཁོར་ལོར་བཅས་པ་ཡི། །གཞལ་ཡས་ཁང་ པ་རྣམ་པར་བསྒོམ། །གྲུ་བཞི་ལ་སོགས་པས་བརྒྱན་པ། །རྔ་ཡབ་ལ་སོགས་སྣ་ཚོགས་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །སྣ་ཚོགས་འདབ་མས་ཤིན་ཏུ་མཛེས། །རི་དགས་ཀྱིས་མཚན་སྟེང་དུ་ནི། །ཟླ་བར་པཾ་ལྗང་རྣམ་པར་བསྒོམ། །འོད་ཟེར་ཕྲེང་བའི་ལྕགས་ཀྱུ་ཡིས། ། སངས་རྒྱས་ཐམས་ཅད་བཀུག་ནས་ནི། །དེ་གྱུར་པ་ལས་བདག་ཉིད་ནི། །ལྷ་མོ་སྒྲོལ་མར་རྣམ་བསྒོམ་བྱ། །དེ་ནས་པདྨའི་གདན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ཡན་ལག་དྲུག་པའི་ཡི་གེ་དགོད་པའི་ཕྱིར་བསྒོམ་པར་བྱ་ཞེས་གསུངས་ཏེ། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པ་ ནི་གོ་སླའོ། །སླར་ལ་ཡང་སྔོན་དུ་གསུངས་པའི་འཁོར་ལོ་གུར་ཀུམ་མམ་བ་ལང་གི་གི་ཝང་ལ་སོགས་པས་བྲིས་ཏེ་ལྷ་མོའི་སྙིང་གར་བསྒོམ་པར་བྱའོ། །གཞན་ཡང་དབང་བསྐུར་བ་དང་མཆོད་པ་ལ་སོགས་པ་ཐམས་ཅད་བྱའོ། །དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟེ། དེ་ལྟར་ཤར་གྱི་འདབ་མ་ལ་རྡོ་རྗེ་སྒྲོལ་མའོ། །ལྷོ་རུ་རིན་ཆེན་སྒྲོལ་མའོ། །ནུབ་ཏུ་པདྨའི་སྒྲོལ་མའོ། །བྱང་དུ་སངས་རྒྱས་སྒྲོལ་མ་སྟེ། ཤར་ལ་སོགས་པའི་རིམ་པ་བཞིན་ནག་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ། །དེ་བཞིན་དུ་ཤར་ལ་སོགས་པའི་མཚམས་ སུ་མེ་ཏོག་གི་སྒྲོལ་མ་དང་། སྤོས་ཀྱི་སྒྲོལ་མ་དང་། མར་མེའི་སྒྲོལ་མ་དང་། དྲིའི་སྒྲོལ་མའོ། །དེ་རྣམས་ཀྱི་མདོག་ནི་དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོའོ། །དེ་ཡང་ཞལ་གཅིག་ཕྱག་གཉིས་པ་ཐམས་ཅད་ཀྱི་གཡོན་པ་ན་ཨུཏྤ་ལ་འཛིན་པའོ། །ཐམས་ ཅད་ཀྱི་གཡས་ཀྱི་མཆོད་སྦྱིན་གྱི་ཕྱག་ལ་རང་རང་གི་མཚན་མས་མཚན་པ་སྟེ། དེ་ཡང་ཕྱོགས་ཀྱི་ལྷ་མོ་བཞིའི་ཤར་ལ་སོགས་པའི་ཕྱག་གཡས་པ་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། འཁོར་ལོ་འཛིན་པའོ། །དེ་བཞིན་དུ་མཚམས་རྣམས་ཀྱི་གཡས་ལ་ཕྲེང་བ་དང་། སྤོས་ཁང་དང་། མར་མེའི་མཆོད་སྡོང་དང་། དྲིའི་དུང་ཕོར་རོ། །དེ་བཞིན་དུ་སྒོ་བཞི་རུ་སྒོ་སྐྱོང་རྣམས་ནི་དྲག་མོའོ། །ནང་གི་རྣལ་འབྱོར་མ་བརྒྱད་ནི་བཅོམ་ལྡན་འདས་བཞིན་ཞི་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་ནི་མཆོད་སྦྱིན་དང་ཨུཏྤལ་འཛིན་པའོ། །དེ་བཞིན་དུ་ཤར་གྱི་སྒོ་ལ་སོགས་པ་རྣམས་སུ་སྒོ་ སྐྱོང་རྣམས་ཏེ། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞལ་གཅིག་ཕྱག་གཉིས་མ་དྲག་མོ་ཆེན་མོ། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་ དྲིལ་བུ་ཕྱག་ན་བསྣམས་པ་བསམ་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་བརྒྱད་ཟླ་བའི་སྟེང་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་མའི་སྔགས་ཡི་གེ་བཅུ་བཟླས་པར་བྱའོ། །ཡང་ན་ལས་ཐམས་ཅད་པ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ་ཞེས་བྱའོ། །རྣལ་འབྱོར་མ་བརྒྱད་ཀྱི་ སྔགས་ཀྱི་དང་པོར་ཕྱག་འཚལ་བའོ། །དབུས་སུ་མིང་ངོ་། །མཐའ་མར་སྭཱ་ཧཱའོ། །དེ་བཞིན་དུ་སྒོ་སྐྱོང་རྣམས་ཀྱི་སྔགས་ཀྱི་དང་པོར་ཕྱག་འཚལ་བའོ། །མིང་དབུས་སུའོ། །ཧཱུཾ་ཕཊ་མཐའ་མར་རོ། །གཞན་ལས་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན་འཆད་ བཞིན་པའི་སྒྲོལ་མའི་གཟུགས་བསྒོམ་པར་བྱའོ། །དེ་ལྟར། རྣལ་འབྱོར་དེ་ཉིད་བླ་ན་མེད། །ཅེས་པ་ནི་སྔོན་དུ་གསུངས་པའི་ནང་གི་ཚུལ་གྱིས་དུས་དང་འཕོ་བ་འབྱུང་བའོ། །དེས་ན་དུས་ཀྱི་རྩ་རྣམས་རྒྱུ་བ་རྟོགས་པར་བྱའོ། །ད་ནི་རིག་བྱེད་མའི་སྒྲུབ་ཐབས་བསྟན་པའི་ཕྱིར་ཉི་མའི་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་གསུངས་པའི་གདོང་དག་པ་ལ་སོགས་པ་བྱས་ནས་དེ་དང་འདྲ་བར་ཐམས་ཅད་བྱའོ། །འོན་ཀྱང་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བདུད་རྩི་ལྔ་ལ་སོགས་པའི་གཏོར་མ་དང་མཆོད་པ་ལ་སོགས་པ་བྱའོ། །དེའི་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿདེ་བ་དཏྟ་ པ་ཤ་མ་ན་ཡེ་སྭཱ་ཧཱ། ལྷག་མ་ནི་གོ་སླའོ། །ད་ནི་རྩོད་པའི་དུས་སུ་ཤེས་རབ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཀྱི་སྒོམ་པ་བརྗོད་དེ། འདབ་མ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དང་པོ་རེ་ཞིག་བསྒོམ་ པའི་དུས་སུ་ཤིན་ཏུ་རྣམ་པར་དག་པས་ཉམས་དགའ་བའི་གནས་སུ་སྟེ། མཆོད་པ་སྣ་ཚོགས་པ་དང་། དར་དང་རྒྱན་ལ་སོགས་པས་བརྒྱན་པ་སྤོས་ཀྱིས་བདུག་པ་རུ་བདེ་བའི་སྟན་གྱི་སྟེང་དུ་འདུག་སྟེ། རང་གི་བདག་ཉིད་ཀྱིས་ཇི་ལྟར་གསུངས་པ་བྱའོ། །འདིར་སྔོན་དུ་གསུངས་ པའི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་འདིར་ཡང་དེ་ལྟར་བྱའོ། །དེའི་དབུས་སུ། འདབ་མ་བརྒྱད་པའི་འཁོར་ལོ་འདི། །ཞེས་པ་ལ་འཁོར་ལོའི་སྒྲ་ནི་པདྨའོ། །དེ་ཡང་། ཁ་དོག་དཀར་པོ་ཤིན་ཏུ་མཛེས། །ཞེས་པ་ནི་ལྟེ་བ་དང་ཟེ་འབྲུས་བརྒྱན་པ་སྡོང་བུ་ཁ་བྱེ་བའོ། ། མཉམ་པ་ཉིད་ཀྱི་གཟུགས་སུ་བསམ། །ཞེས་པ་ནི་འདིར་མཉམ་པ་ཉིད་ནི་དངོས་པོ་ཐམས་ཅད་གཅིག་གི་རང་བཞིན་དུ་བསམ་པ་སྟེ། བརྟན་པ་དང་གཡོ་བའི་དངོས་པོ་རྣམས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་ཡང་དག་པར་བསམས་པའོ། །དེ་བཞིན་དུ། ཁམས་ གསུམ་གྱི་ནི་རང་བཞིན་ཉིད། །ཅེས་པ་ནི་གང་གི་ཕྱིར་འདིར་ལུས་དང་ངག་དང་སེམས་ལས་བྱུང་བའི་ཁམས་གསུམ་གྱི་མིང་ཅན་དངོས་པོ་ཐམས་ཅད་དེ། དེ་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པའི་ཆོས་ཀྱི་སྐུ་ཞེས་པའི་དོན་ཏོ། །དེ་ཡང་སྔོན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྔོན་ གྱི་མཚན་ཉིད་ཅེས་པ་ནི་ཆོས་ཀྱི་དབྱིངས་དེ་དང་ལྡན་པ་སྟེ། ཡེ་ཤེས་དང་ཤེས་བྱ་དག་དབྱེར་མེད་པའི་དངོས་པོའོ། །དེ་ཡང་སྔོན་དུ་གསུངས་པ་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་གཅིག་པ་ཉིད་ལས་གང་སྐྱེས་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་གཉིས་སུ་མེད་པ་དེ་ཉིད་བསྒྲུབ་པར་བྱ་ ཞེས་དགོངས་སོ། །དེའི་ཉེ་བར་སྤྱོད་པ་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་སེམས་དཔའི་བསྒོམ་པ་བསྟན་པའི་ཕྱིར། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཉེ་བར་ཞེས་བྱ་བ་ནི། དེའི་གསལ་བ་ཉིད་དུ་འགྱུར་བའོ། །དེས་ན་ལས་འདི་བྱའོ། ། ཡང་ཨོཾ་ལ་སོགས་པའི་ཡི་གེ་བཅུའི་སྔགས་རིམ་ལས་བཟློག་སྟེ་རྣམ་པར་རྨོངས་པར་བྱ་བའི་ཕྱིར་གསུངས་པ་ནི་ཁ་ཅིག་གི་ཚིག་གོ། །ཡང་ན་བཟླས་པའི་སྔགས་ལ་མཆོད་པ་ལ་སོགས་པའི་ལས་ཐམས་ཅད་བྱའོ། །དེ་བཞིན་དུ་བསྒོམ་པའི་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཞེས་པ་ནི་ས་ བོན་དང་མཚན་མ་ལ་སོགས་པའི་དངོས་པོའོ། །དངོས་པོ་དེས་བསྒོམ་པར་བྱའོ། །དེར་ཅི་བསྒོམ་ཞེ་ན། འོད་ཟེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའོ། །ཤེས་རབ་བདག་ཉིད་ཅེས་པ་ནི་དྷཱི་འོད་ཟེར་སྣ་ཚོགས་པའི་རང་ བཞིན་ཏེ། དེས་རང་གི་བདག་ཉིད་དང་ཁམས་གསུམ་པ་ཤིན་ཏུ་རྣམ་པར་དག་པར་བྱས་པའོ། །ཡང་ན་ཤེས་རབ་བདག་ཉིད་ཅེས་པ་ནི་ཨོཾ་པྲཛྙཱ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཅུའི་སྔགས་དེས་བྱ་བའོ། །དྲི་མེད་པ་ཞེས་བྱ་བ་ནི་ཡི་གེ་རྣམས་དག་པའི་ཤེལ་ལྟར་སྣང་བའོ། །དེ་ལྟར་ བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ། མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱའོ། །སླར་ཡང་ཟླ་བ་དང་ས་བོན་གྱི་ཚུལ་གྱིས་འདི་དག་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ཕྱག་གཉིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཤེས་རབ་བདག་ཉིད་ཅེས་པ་ནི་ཡི་གེ་བཅུའི་སྔགས་ཏེ། དེ་ བཟླས་པས་དེའི་ཤེས་རབ་མངོན་སུམ་དུ་འཕེལ་བའི་དོན་ཏེ་ལྷག་མ་ནི་གོ་སླའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་བསྟན་པའི་ཕྱིར། ཟླ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞི་བའི་ལས་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་བྱའོ། །ས་བོན་ཡི་གེ་ཞེས་པ་ནི་ཨོཾ་མོ། ། ལྷག་མ་དཀྱིལ་འཁོར་དང་གཞལ་ཡས་ཁང་ལ་སོགས་པ་ནི་སྔོན་བཞིན་དུ་བྱའོ། །ངེས་པའི་དོན་དུ་ནི་རྣལ་འབྱོར་མའི་རིགས་སྣ་ཚོགས་པ་ཐམས་ཅད་ཀྱང་རིགས་གཅིག་ཏུ་འགྱུར་རོ། །གཞན་ནི་གོ་སླའོ། །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་རིམ་ པས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང་། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་དང་། འོད་དཔག་མེད་ཀྱི་དོན་དང་། དོན་ཡོད་གྲུབ་པའི་བསྒོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷན་ཅིག་ཇི་ལྟར་གསུངས་པའི་ཚུལ་གྱིས་བྱའོ། །དེ་ལྟར་གོ་སླ་བ་ཉིད་ཀྱིས་ན་བདག་གིས་རྣམ་པར་མ་ཕྱེའོ། ། ད་ནི་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཁང་པ་བརྩེགས་མའི་དཀྱིལ་འཁོར་གྱི་དབུས་སུ་སྤྱན་མ་དང་། མཱ་མ་ཀཱི་དང་གོས་དཀར་མོ་དང་། སྒྲོལ་ མ་ཡང་བསྒོམ་པར་བྱའོ། །དེ་བཞིན་དུ་ས་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བའི་དབུས་སུ་ཇི་སྐད་གསུངས་པའི་ལྷ་མོའི་གཟུགས་དམིགས་པར་བྱ། དེའི་ཕྱིར་ཇི་ལྟར་འཐད་པའི་ལས་རྣམས་བྱ་སྟེ། ཞི་བ་ལ་སོགས་པ་འཁྲུལ་འཁོར་རྣམས་ཀྱང་བྱའོ། །ལས་ཀྱི་ཚོགས་དེ་རྣམས་ཀྱང་འོག་ནས་ བཤད་པར་བྱའོ། །ལྷག་མ་ནི་གོ་སླའོ། །འོན་ཀྱང་དེ་རྣམས་ཀྱི་དཀྱིལ་འཁོར་དང་ལྷ་ནི་དཔལ་འདུས་པ་བཞིན་དེའི་དབུས་སུ་བྱ་ཞེས་པ་ནི་མན་ངག་གོ། །རྒྱུད་ཐམས་ཅད་ཅེས་པ་ནི་རྣལ་འབྱོར་མའི་རྒྱུད་རྣམས་སོ། །དེའི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་ནི་འདིའི་དོན་ཡང་རྟོག་པ་དང་པོར་ གསུངས་པས་རྟོགས་པར་བྱའོ། །དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་མདོར་བསྟན་པ་གསུམ་གྱི་མཐའ་སླར་བཤད་པ་སྟེ་བཞི་པའོ།། །།ད་ནི་དཔལ་ཧེ་རུ་ཀ་བསྐྱེད་པའི་སྒྲུབ་ཐབས་ བསྟན་པའི་ཕྱིར། བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་དོ། །བདག་མེད་མ་ཞེས་པ་ནི་ཤེས་རབ་ཀྱི་རྒྱུད་ཡིན་པའི་ཕྱིར་རོ། །རྣལ་འབྱོར་མ་ལ་བོས་པའི་དོན་ཏོ། །གང་གི་ཕྱིར་ཤེས་རབ་དང་ཐབས་ཀྱི་དོན་གྱི་ཚིག་གནས་ པ་ནི་ཐབས་ཀྱི་རྒྱུད་ཐུན་མོང་པ་ཉིད་གཙོ་བོར་གྱུར་པ་ཉིད་ཀྱིས་ཏེ། དེས་ན་དཔལ་ཧེ་རུ་ཀའི་མདུན་དུ་བདག་མེད་མ་གཙོ་མོ་ཆེན་མོ་བོས་སོ། །དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ནི་ཧེ་རུ་ཀའོ། །དེའི་ཕྱིར་བདག་མེད་མའི་ཆོས་ཀྱི་དེ་ཁོ་ན་ཉིད་ནི་ཐབས་ཁྱད་པར་ཅན་གྱི་མཚན་ཉིད་དོ། །དེ་ཡང་ ཧེ་རུ་ཀ་སྐུ་བཞི་ལས་བླ་མའོ། །དེ་ཇི་ལྟར་ཞེ་ན་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལ་སྐུ་བཞི་ཐུན་མོང་གི་མཚན་ཉིད་དོ། །ཤེས་རབ་ཀྱི་རྒྱུད་རྣམས་ལ་ནི་ཁྱད་པར་ཡོད་དེ། དེ་ཡང་བཞི་པ་སྤངས་པའོ། །དེ་ཉིད་ཀྱིས་ན་མཆོག་ཏུ་ དྲག་ཅིང་བརྩོན་པའི་ཆགས་པའོ། །དྲག་པོ་རྣམས་འཇིགས་པར་བྱེད་པས་ཀྱང་འཇིགས་པར་བྱེད་པ་གསང་བ་དང་ཁྱད་པར་དུ་གསང་བ་ཆེན་པོ་དང་ཤིན་ཏུ་གསང་བ་རྣམས་ལས་གསང་བ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་རྣམས་ལས་གོང་དུ་གྱུར་པའི་ཕྱིར། ཆགས་པ་ ཆེན་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་ཞེས་པ་ནི་ཁྱད་པར་རོ། །འདིར་གསུངས་པ། ཨེ་ཡི་ཆ་བྱད་གཟུགས་ནི་གང་། །གདན་ལྔ་ཉིད་དུ་གནས་པ་ཡིན། །དེའི་དབུས་ཧ་ནི་བདག་གི་གདན། །གཡོན་དུ་ཨཽ་ཌྱན་ཨུ་རུ་གསུངས། །གཡས་སུ་ཛཱ་ལནྡྷ་རར་རཱ། ། མདུན་དུ་ཀཱ་མ་རཱུ་བར་ཀཾ། དབུས་ནི་པུལླཱི་ལ་གནས་སུ། །བསྟན་པ་བདག་གི་མིང་ཅན་ནོ། །གཡོན་ནི་སྦྱོར་བའི་གདན་ཡིན་ཏེ། །གཡས་ནི་དེ་ཁོ་ན་ཡི་གདན། །མདུན་དུ་གསང་བའི་གདན་ཉིད་དོ། །དབུས་ན་གསང་བའི་བར་དུ་ཤྲཱི། །གཞན་གྱི་གདན་ནི་མཚན་ཉིད་དོ། །ཡེ་ཤེས་ ཅན་གྱིས་དེ་ཉིད་བརྗོད། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །དེ་བཞིན་བཞི་པ་གོང་མ་ཉིད། །འབྲས་བུ་རྒྱུ་ཡི་དངོས་པོ་ནི། །ཧེ་རུ་ཀ་ཡི་མཆོག་རྨད་འབྱུང་། །འཇིག་རྟེན་རྣམས་ནི་རང་གཟུགས་ཉིད། །དེ་བཞིན་བདག་ཉིད་གདུལ་བྱའོ། །བསམ་གྱིས་མི་ཁྱབ་སྙིང་རྗེར་བརྗོད། ། རྣལ་འབྱོར་འདི་ནི་དེ་ཉིད་མཆོག །དེ་ལྟར་ཐབས་ཀྱི་ས་ཉིད་ནི། །ཤེས་རབ་རྒྱུད་ལས་ཡང་དག་འབྱུང་། །དེ་བཞིན་དུ་ཧེ་རུ་ཀའི་བསྐྱེད་པའི་སྒྲུབ་ཐབས་ཞེས་པ་ནི་འདིར་ཀུན་རྫོབ་ཀྱི་ཆ་ཤས་དབྱིབས་ཀྱི་བདག་ཉིད་ལ་བདག་ཡིད་ཆེས་པ་ཡང་མེ་ཏོག་ལས་དྲི་བཞིན་དུའོ། །དེའི་ཕྱིར་དྲག་པོ་ ལས་དྲག་པོ་ཉིད་དེ་དེ་ཉིད་སྒྲུབ་ཐབས་སོ། །དེས་ན་ཧེ་རུ་ཀའི་བསྐྱེད་པའོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོའི་གཟུགས་དང་མཁའ་འགྲོ་མའི་གཟུགས་ཏེ་ཐམས་ཅད་ནི་གདུག་ཅིང་མ་རུངས་པ་རྣམས་ཀྱི་གདུལ་བྱའི་ དོན་དུ་དེ་རྣམས་ཀྱི་རང་བཞིན་ཤེས་པར་བྱའོ། །དེ་དག་ཐམས་ཅད་བཤད་པར་བྱ། །ཞེས་པ་ནི་ཉོན་ཞེས་སྦྱར་རོ། །འདིར་རྡོ་རྗེའི་སྙིང་པོའི་རང་བཞིན་རང་གི་ངོ་བོ་ཉིད་ཀྱི་བདག་མེད་པ་སྟེ་བདག་མེད་པའི་ཆོས་འཛིན་པའི་ཕྱིར་རོ། །ཡང་རྡོ་རྗེའི་སྙིང་པོ་མི་སྨྲ་བར་གྱུར་ནས་བདག་མེད་འདི་ བ་ནི་མ་ཡིན་ནོ། །དེའི་ཕྱིར་རྡོ་རྗེའི་སྙིང་པོ་ཉིད་བདག་མེད་མའོ། །ཅིའི་ཕྱིར་ཞེ་ན། འདིར་སྤྱོད་པའི་དུས་སུ་སྟོང་པ་ཉིད་གཙོ་བོ་ཉིད་ཀྱིས་ན་ཆོས་རྣམས་ལ་བརྟགས་པའི་ཕྱིར་བློ་ཆུང་ངུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སྟོང་པ་ཉིད་དུ་བརྟགས་པ་ཉིད་ཀྱིས་མྱུར་བར་འགྲོ་བར་ འགྱུར་ཏེ། དེའི་ཚེ་རྡོ་རྗེ་སྙིང་པོ་ཉིད་རྣམ་པར་ཤེས་པའི་གཟུགས་སོ། །རྣམ་པར་ཤེས་པ་ཡང་དངོས་པོའི་གཟུགས་སོ། །དངོས་པོ་ཡང་སྔོན་པོ་ལ་སོགས་པར་སྣང་བའི་གཟུགས་ཏེ། དེ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་བདག་མེད་པའི་རང་བཞིན་ནོ། །དེ་ཇི་ ལྟར་ཀུན་རྫོབ་ཏུ་རྣལ་འབྱོར་མ་བདག་མེད་མའི་གཟུགས་སུ་འགྱུར། གང་གི་ཕྱིར་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དང་ཆོས་མཐུན་པ་སྟེ། དེ་ཡང་རྣམ་པ་དང་དབྱིབས་དང་ཁ་དོག་དང་ཆ་ཤས་མེད་པའོ། །དེས་ན་ཞུ་བ་པོ་དེ་ཉིད་ལ་སྟོང་གྲོངས་མེད་ན་མཚམས་ག་ལ་ཡོད། རྡོ་རྗེ་སྙིང་པོའི་གཟུགས་ཀྱི་ཁྱད་པར་ཕུལ་དུ་བྱུང་བ་ག་ལ་ཡོད། དེ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་རང་སྟོང་པར་འགྱུར། །འདི་ནི་ས་ཞིག་གིས་བྱས་པའོ་ཞེས་འགའ་ཞིག་གིས་དོགས་ན་དེའི་ཕྱིར་གསུངས་པ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ མི་རྟག་པའི་མཚན་ཉིད་ཀྱི་ཕྱིར་དངོས་པོའི་གཟུགས་ཀྱི་ཆོས་དེ་རྣམས་ཀྱི་རང་བཞིན་གྱི་ཆོས་ཉིད་ཡོངས་སུ་བརྟགས་པས་སེམས་ཅན་རྣམས་ཀྱང་ཆོས་དམ་པ་ལ་བརྟེན་པས་བྱང་ཆུབ་སེམས་དཔའི་ལུས་སམ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་སྐུ་གྲུབ་པའོ། །ཆོས་ཉིད་ཀྱང་བདག་ མེད་པའི་རང་བཞིན་རང་གི་མཚན་ཉིད་དང་བྲལ་བ་ཡང་དག་པའི་མཐའ་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦས་པ་ཉིད་ཀྱིས་ན་འོད་གསལ་བར་བརྗོད་དེ། དེ་ཉིད་སངས་རྒྱས་རྣམས་ཀྱི་སྐུ་མི་ཟད་པ་བརྟག་པའི་གཟུགས་ཏེ། ལྷ་རྣམས་ཀྱི་གཟུགས་ཀྱང་དེ་བཞིན་ནོ། །དེ་བཞིན་ དུ་འདིར་ཡང་སྔགས་ཀྱི་ཐེག་པ་ལ་ཁྱད་པར་ཡོད་དོ། །དེ་ཇི་ལྟར་ཞེ་ན། འདིར་ལས་དང་པོ་པ་རྣལ་འབྱོར་ལ་གོམས་པར་ཐོག་མ་མེད་པའི་རྒྱུན་ཅན་དུས་སྣ་ཚོགས་པ་དུས་གསུམ་དུ་འབྱུང་བའི་སེམས་ཅན་རྣམས་རྩོད་པའི་དུས་སུ་སྟོང་པ་ཉིད་བསྒོམས་པས་དེ་རྣམས་གྲོལ་བར་དེ་བཞིན་ གཤེགས་པ་རྣམས་ཀྱིས་རྒྱལ་བ་བསྐྱེད་མ་ལ་སོགས་པ་རྣམས་གསུངས་སོ། །དེའི་ཕྱིར་སྟོང་པ་ཉིད་དུ་ཡོངས་སུ་བརྟག་པ་ཙམ་ཉིད་རྡོ་རྗེ་སྙིང་པོའི་རང་བཞིན་གྱིས་བདག་མེད་པའི་གཟུགས་གྲུབ་པ་རྣམ་པར་ཤེས་པ་ཉིད་བདག་གིས་བྱེད་པའི་ཕྱིར་བདག་ཉིད་ནི་ཉི་ཚེ་བའི་སྟོང་པ་ཉིད་དོ། །དེས་ན་གྲོལ་ བར་མི་འགྱུར་ཏེ། །ཉོན་མོངས་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་ཀྱི་ཚུལ་གྱིས་ཡང་དང་ཡང་དུ་ཧེ་རུ་ཀ་དང་བདག་མེད་མ་བསྐྱེད་དོ། །རང་བཞིན་གྱིས་སྣང་བ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སེམས་ཅན་རྣམས་གཞུག་པའི་ཕྱིར་གང་གི་ཚེ་ལས་དང་པོ་བས་མངོན་དུ་བྱེད་པ་དེའི་ཚེ་ཡང་ཀུན་རྫོབ་ཏུ་ རྡོ་རྗེ་སྙིང་པོ་ཉིད་བདག་མེད་མའི་གཟུགས་སུ་འགྱུར་རོ། །གང་གི་ཕྱིར་ཅིག་ཅར་ནི་མངོན་དུ་བྱེད་པར་མི་ནུས་ཏེ། རིམ་གྱིས་གོམས་པའི་ཕྱིར་རོ། །དེའི་ཕྱིར་ནང་དུ་རྡོ་རྗེའི་སྙིང་པོ་རྣམ་པར་ཤེས་པའི་རང་བཞིན་གྱི་ཕྱིར་རོ། །དེས་ན་དེ་ཉིད་གསལ་བ་ཉིད་དུ་འགྱུར་ཏེ། སྟོང་པ་ཉིད་བདག་ གིར་བྱེད་པའི་ཕྱིར་མ་རིག་པ་ཟད་པའི་ཕྱིར་དེ་བཞིན་གཤེགས་པས་བསྟན་ཏེ། མ་རིག་པ་ཡང་རིག་པ་བཟང་པོ་ལ་ཡིད་ཆེས་པས་བདག་མེད་མའི་གཟུགས་སྒྱུ་མའི་རང་བཞིན་ཆེས་མཆོག་ཏུ་འབྱུང་བའི་ཕྱིར་བུད་མེད་དང་སྐྱེས་པ་དང་མ་ནིང་དང་བྲལ་བ་ཞེས་པའི་དོན་ཏེ། ཡེ་ཤེས་ཀྱི་རྣམ་ པའི་ཕྱིར་ཞེས་པ་ནི་ངེས་པའོ། །དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་དབུས་ཀྱི་ཞལ་གསུམ་ཕྱག་དྲུག་པ་དེ་བཞིན་དུ་དེ་ལ་སོགས་པ་རྟོག་པ་གཉིས་པར་ཡང་ཇི་ལྟར་གསུངས་ པ་རྟོགས་པར་བྱའོ། །སླར་ཡང་རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རྒྱུའི་རྡོ་རྗེ་འཆང་དེ་ཡང་འབྱུང་བར་འགྱུར་རོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ཉིད། །ཅེས་པ་ནི་རྩེ་ལྔ་པ་ཐབས་ཀྱི་རྡོ་རྗེ་འཛིན་པ་སྟེ། དེའི་ལྟེ་བར་ཨཱ་ལི་ཀཱ་ལི་ཁ་སྦྱར། དེའི་དབུས་སུ་ཧཱུཾ་དང་ཨོཾ་གྱི་ས་བོན་གཉིས་ཏེ་དེ་ལས་ རྡོ་རྗེ་དང་གྲི་གུག་དང་། དེའི་སྟེང་དུ་ཡང་ས་བོན་དེ་ཉིད་དོ། །དེ་ཉིད་འབར་བ་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་ལྟེ་བའི་ཧཱུཾ་དང་གྲི་གུག་གི་ཨཾ་གི་ས་བོན་དེ་དག་ལས་ལྷ་སྣ་ཚོགས་པ་མཁའ་འགྲོ་དང་མཁའ་འགྲོ་མ་དང་ཁྲོ་བོའི་ཚོགས་དང་དེའི་རིགས་འབར་བའི་ཕྲེང་བ་རྣམ་པར་སྤྲོས་པའོ། །ཀུན་ དུ་ཞེས་པ་ནི་ཕྱོགས་བཅུར་རྡོ་རྗེ་ཁྲོ་བོ་རྣམས་སྤྲོས་ཏེ། སེམས་ཅན་རྣམས་བཏུལ་བར་བྱས་ནས་སླར་འོངས་ཏེ་དེ་ཉིད་དུ་གཞུག་གོ། །དེ་ཡང་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དགྱེས་པའི་རྡོ་རྗེའི་སྐུ་ཕྱག་དང་མདོག་དང་མཚོན་ཆར་ལྡན་པར་འཆད་ བཞིན་དུ་བསྒོམ་པར་བྱའོ། །དེ་ནས་བདག་མེད་མ་དང་འཁྱུད་ཅིང་བསྲུབ་པ་དང་བསྲུབས་པའི་སྦྱོར་བས་ལྷ་མོའི་འཁོར་ལོ་དབྱུང་བར་བྱའོ། །དེ་ཡང་འཆད་བཞིན་པའི་རིམ་པས་སོ། །དེ་རྣམས་ཀྱི་དབུས་སུ་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་བདག་མེད་མ་དང་ལྷན་ཅིག་པའི་བདག་ པོའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུའོ། །ས་བོན་ཕྲེང་བ་དེ་ནས་དགོད། །ཅེས་པ་ནི་གཙོ་བོ་དང་ལྷ་མོའི་སྙིང་གི་ཟླ་བ་ལས་སྤྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་སྤྲོས་ཏེ། དེ་ཉིད་དྲི་ཟའི་སེམས་ཅན་གྱི་གཟུགས་ཏེ་ ཡི་གེ་གསུམ་ཧོ་གཉིས་ཀྱི་དབུས་སུ་སྤེལ་བ་རང་གི་ཁར་ཞུགས་ཤིང་རྡོ་རྗེའི་ལམ་ནས་ཞུ་བར་གྱུར་པ་དེ་དང་ལྷན་ཅིག་བདག་རང་དེ་བཞིན་དུ་ཞུ་བར་འགྱུར་བའོ། །དེའི་ཕྱིར་བསྐུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོས་མོ་ལ་སོགས་པའི་རྣལ་འབྱོར་མ་བཞི་བྱམས་པ་དང་སྙིང་རྗེ་ དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་གྱི་གླུས་སྐུལ་བར་བྱེད་པའོ། །དེར་གསུངས་པ། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བཞེངས་ཞེས་པ་ནི་བཞེངས་ཤིག་པའོ། །རྗེ་བཙུན་ཞེས་པ་ནི་སྙིང་རྗེ་ལྷན་ཅིག་ཅེས་པའོ། །སྙིང་རྗེའི་ཡིད་ཀྱིས་ཞེས་པ་ནི་སྙིང་རྗེའི་ཐུགས་ཀྱིས་ ཞེས་པའི་དོན་ཏོ། །པུཀྐ་སཱི་ནི་བདག་ལ་སྐྱོབས། །ཞེས་པ་ནི་བདག་པུཀྐ་སཱི་ལ་མགོན་པོ་བདག་ལ་སྐྱོབས་ཤིག་པའོ། །ཅི་ཞེ་ན། བདེ་ཆེན་ཞེས་གསུངས་ཏེ། བདེ་བ་ཆེན་པོ་ལ་བདག་སྦྱོར་བས་བདག་འདོད་ཅེས་པ་ནི་བྱམས་པའི་རང་བཞིན་གྱིས་སོ། །སྟོང་པའི་ནི་རང་བཞིན་ ཐོང་ཞེས་པ་ནི་སྟོང་པའི་རང་བཞིན་གྱི་ཏིང་ངེ་འཛིན་ཐོང་ཤིག་པའོ། །དེ་ནས་རི་ཁྲོད་མའི་གླུ་གསུངས་པ། བཏང་ནས་ཞེས་པ་ནི་ཁྱོད་བདེ་བ་དང་བྲལ་བ་དེའི་ཕྱིར་སྟོང་པའི་ཏིང་ངེ་འཛིན་ལ་ཞུགས་པའོ། །བདག་འགུམ་ཞེས་པ་ནི་བདག་རི་ཁྲོད་མའི་སྙིང་རྗེའི་རང་བཞིན་གྱི་གཙོ་བོ་ ཁྱོད་མཐོང་བ་མེད་པས་བདག་འཆི་ཞེས་པའོ། །དེའི་ཕྱིར། དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག །ཅེས་པ་ནི་ཀྱེ་མགོན་པོ་བཞེངས་ཤིག་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞུ་བའི་རང་བཞིན་ལས་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག་པའོ། །སྟོང་པའི་རང་བཞིན་ བཏང་ནས་ནི། །ཞེས་པ་ནི་སྟོང་པའི་རང་བཞིན་ཐོང་མཛོད་ལ་བདག་རི་ཁྲོད་མའི་དགོངས་པ་སྒྲུབས་ཤིག །བདེ་བ་ཆེན་པོ་ལ་སྦྱོར་བར་འདོད་པས་སོ་ཞེས་པའི་དོན་ཏོ། །ཡང་གཏུམ་མོའི་གླུ་གསུངས་པ། འཇིག་རྟེན་མཉམ་མནན་ན་ཞེས་པ་ནི་ཁམས་གསུམ་པའི་འཇིག་རྟེན་ལ་ སྙིང་རྗེའི་རོས་བོས་སོ། །བདེ་བའི་གཙོ་བོ་ཞེས་པ་ནི་ཀྱེ་ཤིན་ཏུ་དགའ་བའི་གཙོ་བོ་འཇིག་རྟེན་རྣམས་ཀྱི་དོན་གྱི་བྱ་བ་བརྗོད་ཅིག་པའོ། །ཅིའི་ཕྱིར་སྟོང་ཉིད་བཞུགས་ཞེས་པ་ནི་ཅིའི་ཕྱིར་སྟོང་ཉིད་ཞུ་བར་རང་བཞིན་མེད་པ་ལ་བཞུགས་པའི་དོན། གཏུམ་མོ་བདག་ནི་ཞེས་པ་ནི་ བདག་གཏུམ་མོ་དགའ་བའི་རང་བཞིན་ཅན་ཞེས་པའོ། །གསོལ་བ་འདེབས་ཞེས་པ་ནི་ཞུ་བ་བགྱིད་ཅེས་པའོ། །དེ་ཅི་ཞེ་ན། གསུངས་པ། ཁྱོད་མི་བཞུགས་ན་བདག་མི་འཚལ། །ཞེས་པ་ནི་ཁྱོད་མ་རྟོགས་པར་བདག་གིས་ཅུང་ཟད་ཀྱང་མ་མཐོང་སྟེ་མུན་པ་བཞིན་ནོ། །དེ་བཞིན་ དུ་གཡུང་མོའི་གླུ་གསུངས་པ། མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག །ཅེས་པ་ནི་ཀྱེ་མིག་འཕྲུལ་མཁན་ཁྱོད་བཞེངས་ཤིག་པ་སྟེ། ཇི་ལྟར་མིག་འཕྲུལ་མཁན་མིག་འཕྲུལ་སྟོན་པར་བྱེད་པ་དེ་བཞིན་དུ་སྒྱུ་མའི་དངོས་པོ་སྣ་ཚོགས་པ་སྣང་བར་མཛད་པའི་དོན་ཏོ། །བདག་གིས་ཁྱོད་ ཀྱི་ཐུགས་འཚལ་གྱིས། །ཞེས་པ་ནི་དངོས་པོ་སྣ་ཚོགས་པ་དེ་ཐམས་ཅད་བརྫུན་པར་མཁྱེན་པའི་ཐུགས་བདག་གིས་ཤེས་པས་ནི་བདག་བཏང་སྙོམས་ཀྱི་རང་བཞིན་གཡུང་མོའོ། །དེའི་ཕྱིར། གཡུང་མོ་བདག་ནི་ཡིད་རིག་མ། །ཞེས་པ་ནི་བདག་གཡུང་མོ་གྲོང་ཁྱེར་མ་ཡིད་རིག་མ་ སྟེ་གྲོང་ཁྱེར་པ་རྣམས་ཀྱི་ཡིད་ཤེས་ཤིང་རིག་པའོ། །སྙིང་རྗེའི་རྒྱུན་ཆད་མ་མཛད་ཅིག །ཅེས་པ་ནི་བཅོམ་ལྡན་འདས་སྙིང་རྗེའི་རྒྱུན་རྣམ་པར་ཆད་པར་མ་མཛད་ཅིག་པའོ། །དེའི་ཕྱིར། ཞུ་བའི་ཏིང་འཛིན་ལས་བཞེངས་ཤིག །ཅེས་པའི་དོན་ཏོ། །དེ་ལྟར་གླུས་བསྐུལ་བ་རྨི་ལམ་ བཞིན་གསན་ནས། ཧཱུཾ་དང་ཨཾ་ལམ་བཞེངས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སླར་ཡང་གི་ཙཾ་ཞེས་བྱ་བ་ལ་སོགས་པ་ས་བོན་བརྒྱད་ལས་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་དབྱུང་བར་བྱའོ། །འདི་རྣམས་ལས་ཞེས་པ་ནི་འཆད་བཞིན་པའི་གདན་ཐོད་པ་བརྒྱད་ ཀྱི་དབུས་སུ་དགོད་པར་བྱའོ། །དེ་ཡང་མཚམས་བཞི་རུའོ། །དེ་བཞིན་དུ་ཕྱོགས་ཀྱི་རྣལ་འབྱོར་མ་བཞི་རོའི་གདན་རྣམས་ལའོ། །དེ་རྣམས་ཀྱི་སྟེང་དུ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་པའི་ས་བོན་བརྒྱད་བལྟ་སྟེ། དེ་ཡོངས་སུ་གྱུར་པ་ལས་གཽ་རཱི་ལ་སོགས་པའི་མཚན་མ་ཉ་རོ་ཧི་ཏ་དང་། ཕག་པ་དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། སྟག་དང་། ཅེ་སྤྱང་དང་། དགེ་སློང་རྣམས་སོ། །དེ་བཞིན་དུ་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་རོ་སྟེང་དུ་ཧཾ་སུཾ་ཤྭཾ་སིཾ་ཞེས་པའི་ས་བོན་བཞི་ལས་རྟའི་གདོང་པ་ལ་སོགས་པ་རྣམས་ཀྱི་མཚན་མ་ལྕགས་ཀྱུ་དང་། ཞགས་པ་དང་། ཐོད་པ་དང་། རལ་གྲི་རྣམས་སོ། །དེ་བཞིན་དུ་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ། བདག་པོ་དང་དགའ་མའི་བསྲུབ་པ་དང་བསྲུབས་པའི་སྦྱོར་བས་ཧཱུཾ་ཨཾ་གི་ས་བོན་ལས་དབྱུང་པར་བྱའོ། །དེ་བཞིན་དུ་འཁོར་ལོ་ཆེན་པོའི་རྩིབས་རྣམ་པ་བཅུ་གཉིས་པའི་ གཞུང་ལུགས་དུ་མ་ཉིད་ཀྱིས་ན་བླ་མའི་ཁ་ལས་ཤེས་པར་བྱའོ། །འདིར་གཞུང་དཀྲུགས་པ་ངོ་ཤེས་པའི་ཕྱིར་བྱ་བ་བྱ་ཞེས་པའི་ངེས་པའོ། །འབར་བ་ཞེས་བྱ་བ་ལ་སོགས་པ་ནི་འོད་ཟེར་སྣ་ཚོགས་སྤྲོས་པ་དེ་ལས་ལྷ་མོ་ཁྲོ་མོའི་ཚོགས་སྤྲོས་པའོ། །དེ་བཞིན་དུ་མ་མོའི་འཁོར་ལོ་ཞེས་བྱ་བ་ལ་ སོགས་པ་ནི་གོ་སླའོ། །དེ་ལྟའི་ཞེས་བྱ་བ་ལ་སོགས་པ་ལ། ཆོ་གའི་བྱ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་གཽ་རཱི་ལ་སོགས་པའི་རིམ་པ་བཞིན་མཚམས་བཞིར་ཐོད་པའི་གདན་རྣམས་ལ་བསམ་པར་བྱའོ། །དེ་ལ་ཤར་གྱི་མཚམས་ཀྱི་འདབ་མ་ལ་གཽ་རཱིའོ། །དེ་བཞིན་དུ་འདབ་མ་ གཉིས་ལ་ཙཽ་རཱིའོ། །ཕྲ་མོ་ཧཱ་ཞེས་པ་ནི་གཡུང་མོའི་མིང་གི་རྣམ་གྲངས་ཏེ། དེ་ནི་བདེན་བྲལ་གྱི་འདབ་མ་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་འདབ་མ་གཉིས་ལ་རོ་ལངས་མའོ། །དེ་བཞིན་དུ་རླུང་གི་འདབ་མར་སྦོས་མོའོ། །དེ་བཞིན་དུ་འདབ་མ་གཉིས་པར་གཏུམ་མོའོ། །དབང་ལྡན་གྱི་འདབ་ མར་ཟ་ཕོད་མའོ། །དེ་བཞིན་དུ་དེའི་འདབ་མ་གཉིས་པར་ནི་རི་ཁྲོད་མའོ། །ལྷ་མོ་འདི་རྣམས་ཀྱི་མདོག་དང་ཕྱག་དང་མཚན་མ་ལ་སོགས་པ་རྣམས་ནི་གོ་སླའོ། །དེ་བཞིན་དུ་ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་འདབ་མ་རྣམས་ལ་རིམ་པ་བཞིན་རྟ་གདོང་ཞེས་བྱ་བ་ལ་སོགས་པ་ནི་རྟའི་གདོང་ དང་། ཕག་གི་གདོང་དང་། ཁྱི་ཡི་གདོང་དང་། སེང་གེའི་གདོང་དང་། དེ་ལྟར་རྣལ་འབྱོར་མ་བཞིའི་གཡོན་གྱི་ཕྱག་གཉིས་ལ་ཐོད་པ་དང་ཁ་ཊྭཱཾ་གའོ། །དེ་བཞིན་དུ་གཡས་ན་ནི་གྲི་གུག་གོ། །དེ་བཞིན་དུ་རྟ་གདོང་ལ་སོགས་པ་ཐམས་ཅད་ཀྱི་གཡས་ཀྱི་ཕྱག་དང་པོ་ལ་རིམ་པ་བཞིན་ལྕགས་ ཀྱུ་དང་། ཞགས་པ་དང་། ཐོ་བ་དང་། རལ་གྲི་བསྣམས་པའོ། །དེ་ལྟར་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་གླིང་བུ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་མཚམས་བཞི་རུ་བསམ་པར་བྱའོ། །འདི་རྣམས་ནི་རང་གི་མིང་དང་མཐུན་པའི་མཚན་མ་ཕྱག་ན་བསྣམས་པའོ། ། གཞན་ནི་གོ་སླའོ། །འདི་ནི་སྒྲ་ཇི་བཞིན་མདོར་བསྡུས་པའོ། །ད་ནི་འདི་རྣམས་ཀྱི་རིམ་པ་བཞིན་ཏིང་ངེ་འཛིན་གསུམ་བསྒོམ་པ་གསུངས་པ། འདིར་བསྒོམས་པའི་དབང་དུ་བྱས་པའི་སྔགས་པས་ཐོ་རངས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དགྱེས་པའི་རྡོ་རྗེའི་ཡི་གེའི་ས་བོན་འོད་ཟེར་གྱི་ ཕྲེང་བ་ཅན་བལྟས་ཏེ། གདོང་དག་པ་ལ་སོགས་པ་བྱས་ལ་བསམ་གཏན་གྱི་གནས་སུ་ཞུགས་ནས་སྟན་བདེ་བ་ལ་འདུག་སྟེ། གནས་དང་བདག་ཉིད་རྣལ་འབྱོར་བསྲུང་བ་བྱས་ནས། རང་གི་སྔགས་ཀྱིས་མཆོད་ཡོན་ལ་ཡོངས་སུ་བཟླས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་ དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་མདུན་གྱི་ནམ་མཁའི་ངོས་ཀྱི་ཕྱོགས་སུ་བལྟས་ཏེ། རང་གི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ། །གཽ་རཱི་རི་དགས་ཀྱིས་མཚན་འཛིན། །ཙཽ་རཱིས་ཉི་མའི་སྣོད་ནི་འཛིན། །བེ་ཏཱ་ལཱི་ཡི་ལག་ན་ཆུ། །གྷསྨ་རཱིས་ནི་སྨན་འཛིན་ཏེ། ། པུཀྐ་སཱི་ནི་སྟོབས་ཅན་བསྣམས། །དེ་བཞིན་རོ་འཛིན་ཤ་བ་རཱི། །ཙཎྜ་ལཱི་ནི་ཅང་ཏེའུ་བརྡུང་། །ཌོམྦི་ཕྲག་པ་ནས་ནི་འཁྱུད། །དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་སྤྲོ་བ་དང་སྡུད་པའི་སྐུ་ནམ་མཁའ་བལྟས་ཏེ་རང་གི་སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་གི་ས་བོན་ལས་བྱུང་བའི་ཕྱི་དང་གསང་ བའི་མཆོད་པ་རིག་མའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་དེ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གང་འཁོར་བ་ཐོག་མ་མེད་པར་བསྐལ་པ་གྲངས་མེད་པར་འབྱུང་བའི་བདག་གིས་སྡིག་པའི་ལས་བགྱིས་པ་དེ་དག་ཐམས་ཅད་བཅོམ་ལྡན་ འདས་ཀྱི་སྤྱན་སྔར་བཤགས་པའོ། །སླར་མི་བགྱིད་པར་ཁས་བླངས་སོ། །གང་ཡང་སེམས་ཅན་ཐམས་ཅད་དང་འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བ་དེ་མཐའ་དག་ལ་རྗེས་སུ་ཡི་རང་ངོ་། །གཞན་ཡང་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །ཁམས་ གསུམ་པའི་བདག་ཉིད་དེ་མཐའ་དག་བདེ་བ་ཆེན་པོའི་རྣམ་པ་དགྱེས་པའི་རྡོ་རྗེ་སངས་རྒྱས་དང་། དེས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང་། དེར་རྣལ་འབྱོར་མའི་ཚོགས་དང་། ལྷ་མོའི་ཚོགས་འཁོར་ལོར་བཞུགས་པའི་དགེ་ འདུན་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མཐོང་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་བརྟེན་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་ བའི་དོན་དུ་དང་། ཇི་ལྟར་སྐལ་བ་དང་ལྡན་པ་དེ་རྣམས་ཀྱི་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་དེའི་རྗེས་སུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པའི་མཚན་ཉིད་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་རྟོག་པའི་རྒྱ་མཚོར་བྱིང་བའི་སེམས་ཅན་སྐྱབས་ མེད་པ་རྣམས་མཐོང་ནས་དེ་རྣམས་འདོན་པའི་རང་བཞིན་གྱི་འདོད་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱའོ། །དེ་ལྟར་སེམས་ཅན་གྱི་དོན་དུ་དགའ་བ་ཆེན་པོ་ཐོབ་པའོ། །དེའི་ཕྱིར་རྣམ་པར་རྟོག་པ་མཐའ་དག་གི་ཡུལ་རྣམས་ལ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་ལ་སྔགས་པས་བཏང་སྙོམས་ སུ་བྱའོ། །དེ་ནས་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པའི་སྔགས་བརྗོད་དེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་སུ་སྔགས་ཀྱི་དོན་མངོན་སུམ་དུ་བྱས་ཏེ་བདག་དང་ཁམས་གསུམ་པ་སྣང་བ་མེད་པར་བསྒོམ་པར་བྱའོ། །འདིར་གསུངས་པ། ཨོཾ་ནི་ གཟུགས་རྣམས་བཟུང་བ་སྟེ། །བྱེ་བྲག་སྨྲ་བའི་ལུགས་ཀྱིས་སོ། །ཆ་ཡི་དབྱེ་བས་དོན་མེད་དེ། །རྡུལ་ཕྲན་སྟོང་པ་ཉིད་དུ་འགྱུར། །ཤཱུ་ཡིས་སེམས་ནི་སྦྱངས་པ་ཉིད། །མདུན་ན་གནས་པའི་འཁོར་ལོ་ཉིད། །བྱེ་བྲག་སྨྲ་བར་གནས་པ་ནི། །དེ་རྣམས་སངས་རྒྱས་འདོད་པ་ཡིན། ། ནྱ། །དེ་རྣམས་ལ་ནི་དབུ་མ་དགོད།