Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 6

Văn bản gốc(Tây Tạng)

Trang 3 / 21 (50.000 ký tự/trang)
པར་འདོད། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ལྷ་མོ་ཐམས་ཅད་དང་ཡང་དག་པར་མཉམ་པར་སྦྱོར་བའི་བསྒོམ་པ་ནི་རྟག་ཏུ་འདོད་པ་ལ་དགའ་བའོ། །བུད་མེད་མཆོག་ནི་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་

བཞིན་གཤེགས་པ་ཐམས་ཅད་གྱི་ཡུམ་དུ་གྱུར་པ། མཚན་གྱི་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་དག་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་དགོངས་ནས། གཞན་གྱི་བུད་མེད་བསྟེན་པར་གསུངས་པ་ཡིན་ནོ། །གང་ཞིག་དེ་ཉིད་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་
སྦྱོར་བ། །སེམས་ཅན་དེ་དེ་འདོད་ལ་དགའ། །སྒྲུབ་པའི་མཆོག་ལ་དམ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་རྒྱུད་འདི་ཉིད་ལས་ཀྱང་འཇིག་རྟེན་བསྒྲལ་བར་བྱ་ཞེས་པ། བརྫུན་གྱི་སྒྲར་ཡང་བརྗོད་པ་ཡིན། །བཙུན་མོའི་ཤུ་ཀྲ་མ་བྱིན་ལེན། །གཞན་གྱི་བུད་མེད་རང་གི་ལྷ་མོ། །ཞེས་གསུངས་
པས། སྲོག་གཅོད་པ་ལ་སོགས་པའི་ཚིག་འདི་རྣམས་ནི་དགོངས་པས་གསུངས་པ་ཡིན་པས་ན། སྒྲ་ཇི་བཞིན་མ་ཡིན་པའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་པར་སླ་བས་མ་བྲིས་སོ། །དཔའ་བོ་ཐམས་ཅད་བཟའ་བར་བྱ། །ཞེས་པ་ལ་གཙང་བཙོག་བཟང་ངན་ཀུན་མཉམ་པར་བཟའ་བའི་དོན། ཁ་དོག་
ལྔ་ནི་མཉམ་པར་སྤྱད། །ཅེས་བྱ་བ་ནི་རྒྱལ་རིགས་དང་བྲམ་ཟེ་དང་རྗེའུ་རིགས་དང་རིགས་ངན་དང་ཌོམྦིའི་རིགས་སོ། །བདུད་རྩི་ལྔ་དང་བུ་རམ་ཆང་། །ཞེས་པ་ལ། བདུད་རྩི་ལྔ་ནི་རྫས་ལྔ་ཡིན་ནོ། །བུ་རམ་ནི་ཁྲག་གོ། །ཆང་གི་དུག་ནི་མིག་ལ་སོགས་པའི་དབང་པོའི་དྲི་མའོ། །ནིམ་པ་ནི་པགས་པའོ། །
ཐང་ཆུ་ནི་དྲིའོ། །སྐྱུར་ནི་མེ་ཏོག་གོ། །མངར་ནི་དྲི་ཆུའོ། །བསྐ་བ་ནི་ཤའོ། །ཁ་བ་ནི་ཁྲག་གོ། །ཚ་བ་ནི་ཚིལ་ལོ། །ལན་ཚྭ་ནི་རྐང་ངོ་། །རུས་པ་ནི་ཞག་གོ། །དྲི་ཞིམ་ནི་སེན་མོའོ། །ཆུ་ནི་བུ་རོགས་སོ། །ཁྲག་ནི་དངོས་སོ། །དེ་དག་མི་རྟོག་བཟའ་བར་བྱ། །ཞེས་པའི་དོན། སྣ་ཚོགས་རི་བོའི་གོས་
བགོས་ཤིང་། །ཞེས་པ་ལ། རོའི་གོས་ལས་ཁ་དོག་མང་པོ་ཅན་གྱི་སྨད་ཀྱི་དབང་པོ་འགེགས་པའི་གོས་ལ་བྱ་བའི་དོན། སའི་རྒྱན་ནི། ཐལ་ཆེན་གྱིས་ལུས་བསྐུས་པ་ལ་བྱ་བའོ། །ཡི་དགས་གནས་ལས་སྐྱེས་པའི་མེ་ཏོག་ནི་རོ་ལ་བཅིངས་པའི་མེ་ཏོག་གི་ཕྲིང་བ་བོར་བ་དེ་མགོ་ལ་བཅིང་བའི་
ཐ་ཚིག་གོ། །ལྷག་མ་ནི་བརྡ་ཕྲད་སླ་བས་མ་བྲིས་སོ། །ཀ་ལི་ཀ་ནི་སངས་རྒྱས་ལྔ། །ཞེས་བྱ་བ་ལ་སོགས་པ་ནི། དེ་ཉིད་མཐར་ཐུག་དགའ་བ་སྟེ། །ལྷག་མ་ནི་ཅི་རིགས་པར་ཤེས་པར་བྱའོ། །ལེའུ་གསུམ་པའི་བཤད་པའོ།། །།ད་ནི་ལེའུ་བཞི་པ་བཤད་དེ། འདི་ལས་གླུ་དང་གར་

དང་བརྡ་ལ་སོགས་པ་སྟོན་ཏོ། །གླུ་དང་གར་ནི་གཉིས་པོ་ཡིས། །གར་མཆོག་གླུ་ནི་བླང་བར་བྱ། །ཞེས་པ་ལ། གླུ་ནི་ཨ་མི་ཏ་པའི་གཟུགས་ཀྱིས་བླངས་ལ་གར་ནི་ཧེ་རུ་ཀའི་གཟུགས་ཀྱིས་བྱའོ། །སྒོག་སྐྱའི་དྲི་ལ་སོགས་པ་ནི་གྲུབ་པ་ཐོབ་པར་གྱུར་བའི་མཚན་མ་སྟེ། སྒོག་སྐྱ་ནི་དངོས་
སོ། །ག་བུར་ལ་སོགས་པའི་དྲི་ཞིམ་པོ་འབྱུང་བའོ། །དེ་བཞིན་དང་པ་ལ་སོགས་པའི་སྒྲ་དང་། ཅེ་སྦྱང་ནི་ཀུ་ཞེས་ཟེར་རོ། །ཕྱག་རྒྱའི་མཚན་མ་ནི་རྒྱུད་ལས་གསལ་ལོ། །མི་ཤེས་སྒྲུབ་པོས་དངོས་མི་འགྲུབ། །ཅེས་བྱ་བ་ནི། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལྔ་དང་། རིགས་རྣམ་པ་ལྔར་
སྦྱར་ཏེ་སྒྲུབ་པ་ནི། དེ་དག་གི་རིགས་མཐུན་པར་སྦྱར་བ་སྟེ། དཔེར་ན་རིམས་སེལ་བའི་སྔགས་ལ། རིམས་ཀྱི་སྔགས་ཟེར་བ་དང་འདྲ་བར། དེ་དག་གི་གཉེན་པོར་གྱུར་པའི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བས་ན་ཆོས་མཐུན་པའི་ཚུལ་ལྟར་ན། ཕུང་པོ་ལྔ་དང་ཚུལ་མཐུན་པའི་
ཆོས་ཀྱི་སྒོས་ཉོན་མོངས་པ་ལྔ་རྣམ་པར་དག་པ་ནི་རིགས་ལྔར་སྣང་བ་ཡིན་ཏེ། ཡོད་པ་དང་མེད་པ་དང་། རྟག་པ་དང་ཆད་པ་དང་། གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་དམིགས་པའི་ཤེས་པ་ལ་སྡང་ཞིང་འཇོམས་པས་ན་ཞེ་སྡང་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་ཕྱིར་ཞེ་སྡང་
རྣམ་པར་དག་པ་སྟེ། མི་བསྐྱོད་པ་ནི་བདག་མེད་ཞེ་སྡང་ཕྱག་རྒྱ་སྟེ། ཞེས་བྱའོ། །འདི་ལྟར་གཏི་མུག་ནི་རྨོངས་ཤིང་བྱེ་བྲག་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་པ་ལྟར། ཆོས་ཀྱི་དབྱིངས་ལ་ངེས་པར་རྟོགས་པའི་ཡེ་ཤེས་ཀྱང་ཆོས་ཐམས་ཅད་རོ་གཅིག་པར་རྟོག་པ་ཉིད་ཀྱིས་བྱེ་བྲག་མི་འབྱེད་པར་ཆ་
མཐུན་པས་ན། བེམས་པོ་ལྟར་གནས་པའི་ཕྱིར། གཏི་མུག་རྣམ་པར་དག་པ་ནི་རྣམ་པར་སྣང་མཛད་དེ། དངོས་སུ་རྡོ་རྗེ་གཏི་མུག་ཕྱག་རྒྱ་ཡིན། །ཞེས་བྱ་བ་དང་སྦྱར་རོ། །ཕྲག་དོག་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་མི་བཟོད་ཅིང་། བདག་ཉིད་འབྱོར་པ་དང་ལྡན་པར་འདོད་པའོ། །འདིར་ནི་འགྲོ་བའི་དོན་
གཞན་ལ་ལྟོས་པ་མེད་པར་བདག་ཉིད་གཅིག་པུས་སངས་རྒྱས་ཀྱི་མཛད་པ་བྱེད་འདོད་པ་སྟེ། ལས་ཀྱི་མཚན་ཉིད་ཕྲག་དོག་རྣམ་པར་དག་པ་ནི་དོན་ཡོད་གྲུབ་པ་སྟེ། དངོས་སུ་གཽ་རཱི་ཕྲག་དོག་ཕྱག་རྒྱ་སྟེ། །ཞེས་པའི་དོན་ཏོ། །འདོད་ཆགས་ནི་དངོས་པོ་གང་ཡང་རུང་བ་ལ་ཆགས་ཤིང་ཞེན་པའི་

མཚན་ཉིད་ཅན་ཡིན་ལ། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བ་ལ་ཆགས་པའམ། ཡང་དག་པའི་དོན་ལ་ཞེན་ཅིང་མི་གཏོང་བ་ནི་འདོད་ཆགས་པ་སྟེ། དེ་ནི་འདོད་ཆགས་རྣམ་པར་དག་པའི་ངོ་བོ་འོད་དཔག་ཏུ་མེད་པ་སྟེ། དངོས་སུ་བ་རཱི་འདོད་ཆགས་ཕྱག་རྒྱ་ཡིན། །ཞེས་པའི་དོན་ཏོ། །ང་
རྒྱལ་ནི་རློམ་སེམས་ཀྱི་བདག་ཉིད་ཡིན་ལ་སངས་རྒྱས་ཐམས་ཅད་དང་བདག་ཉིད་མཉམ་པར་རྟོག་པའི་དབང་གིས་ང་རྒྱལ་རྣམ་པར་དག་པ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ཡང་། དངོས་སུ་སེར་སྣའི་ཕྱག་ན་མཁའ་འགྲོ་མ། །ཞེས་གསུངས་པའི་དོན་ཏོ། །དེ་བས་ན་འཁོར་བའི་སྤྱོད་ཡུལ་ཉོན་མོངས་
པའི་རང་བཞིན་ཅན་གྱི་འདོད་ཆགས་ལ་སོགས་པ་ལ་བརྟེན་པ་ལ་མི་བྱའི། འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སོགས་པ་ཁོང་དུ་ཆུད་པའི་གཉེན་པོས་སྔ་མའི་རང་བཞིན་དང་བྲལ་ཏེ། རྟོགས་པའི་ཁྱད་པར་གཞན་སྐྱེ་བ་ནི། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྒོར་གྱུར་ཏེ། དཔེར་
ན་དུག་སྔགས་གྲུབ་པས་དུག་གི་ནུས་པ་མེད་པར་བྱས་ཏེ། དུག་བསྟེན་པས་སྨན་དུ་གྱུར་པའི་ནུས་པ་གཞན་སྐྱེས་པ་དང་འདྲ་བའི་ཕྱིར། འདི་སྐད་དུ་གསུངས་པ་ཡིན་གྱི་གཞན་དུ་ན་འདི་དག་འཁོར་བའི་རྒྱུ་མ་ཚང་བ་མེད་པ་ཡིན་ཞིང་། ངན་སོང་ལ་སོགས་པར་འདྲེན་པའི་དུག་ཉིད་ཡིན་པས། རྒྱུ་དང་
འབྲས་བུ་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་འགལ་བ་ཉིད་ཡིན་པའི་ཕྱིར། འདི་དག་བསྟེན་པ་ལས་རྣམ་པར་དག་པའི་ཡེ་ཤེས་འབྱུང་ཞིང་འཚང་རྒྱ་བར་འགྱུར་བ་མི་སྲིད་དོ། །དེའི་ཕྱིར་སྤྲོས་པ་མེད་པའི་ཤེས་རབ་སྟོབས་སུ་གྱུར་པ་དུག་སྔགས་གྲུབ་པ་ལྟ་བུས་ཟིན་ན། གདོད་ཐབས་ཀྱི་དམ་པར་འགྱུར་
གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་ཉོན་མོངས་པ་དེ་རྣམས་ཀྱི་གཉེན་པོ་དང་། དེ་རྣམ་པར་དག་པའི་ཡེ་ཤེས་ལྔའི་རང་བཞིན་ལས་རིགས་ལྔའི་ཁྱད་པར་དུ་སྣང་བ་ཡིན་པས་ན། དེ་ལ་དགོངས་ནས། སངས་རྒྱས་ཐམས་ཅད་ཆགས་ལས་འཁྲུངས། །དེ་བཞིན་རྨོངས་དང་སྡང་ལས་འཁྲུངས། །ཞེས་
གསུངས་པ་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །ཞེའོ། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་

པའི་དུག་གིས་འཆི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཡེ་ཤེས་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་དུག་གིས་ཀྱང་། ལོག་པར་ལྟུང་བར་བྱེད་མི་ནུས་ཤེའོ། །དེ་ལྟར་ཉོན་མོངས་པ་ལྔ་པོའི་རྣམ་པར་དག་པ་ཉིད་དེ་བཞིན་གཤེགས་པ་ལྔ་སྟོན་པར་མཛད་
པ་འདི་ཡང་བདེ་བར་གཤེགས་པའི་ཐབས་མཁས་པ་ཉིད་ཡིན་གྱི། ཉོན་མོངས་པ་དང་བཅས་པ་ནི་མ་ཡིན་ནོ། །དེ་བས་ན་རྒྱུད་ལས། གང་གི་རང་བཞིན་ཆགས་དང་རྣམ་བྲལ་ཡང་། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལ་ཆགས་པ་ལྟར་སྟོན་པ། །བྱང་ཆུབ་མཆོག་གནས་
དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡིན་ནོ། །ཡང་འདི་ལྟར་བཅོམ་ལྡན་འདས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཡོངས་སུ་སྤངས་པའི་མཐར་བྱོན་པ་ཡིན་དུ་ཟིན་ཀྱང་། གདུལ་བྱ་ཁ་ཅིག་གི་དབང་དུ་མཛད་ནས། བཙུན་མོའི་ཚོགས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་
ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། བཞུགས་ནས་འདོད་པ་ལ་སོགས་ཉེ་བར་ལོངས་སྤྱོད་པ་ལྟ་བུར་སྟོན་པར་མཛད་པ་ཡང་། ཅི་ཞིག་ལས་དགོངས་ཏེ་དེ་ལྟར་མཛད་ཅེ་ན། འདོད་པའི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་བདག་ཉིད་ཀྱི་ཆུང་མ་དང་སླས་ཀྱི་ཚོགས་པ་འདོད་པའི་
ལོངས་སྤྱོད་ཀྱིས་ཤིན་ཏུ་དྲེགས་ཤིང་། རང་ལས་མཆོག་ཏུ་གྱུར་པ་གཞན་མེད་པར་རྟོགས་པ་དག་གི་དྲེགས་པ་བསལ་ནས། བསྟན་པ་ལ་གཟུད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཚད་མེད་པ་རྣམ་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལྷ་མོའི་
བདག་ཉིད་དུ་སྤྲུལ་པ་མཛད་ནས། ལྷ་ལས་ཆེས་ཁྱད་པར་དུ་གྱུར་པའི་འདོད་པའི་ལོངས་སྤྱོད་དང་ལྡན་པར་བསྟན་པ་དེས། དེ་མཐོང་ནས་རང་གི་འཁོར་བ་ཤིན་ཏུ་ཡིད་བྱུང་ཞིང་ང་རྒྱལ་མེད་པའི་སྒོ་ནས་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་ལ་འདོད་པ་སྐྱེ་བར་འགྱུར་ཏེ། དེ་དག་ཐབས་
གང་གིས་ཐོབ་པར་འགྱུར་ཞེས་ཞུས་པ་དང་། དེ་ཐོབ་པའི་ཐབས་སུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ལ་བཙུད་པས། འཇིག་རྟེན་ལས་འདས་པའི་ཡོན་ཏན་དེ་དག་ཐོབ་པར་མཛད་པ་ཡིན་ནོ། །ཡང་དམ་ཚིག་ཆེན་པོའི་རྒྱུད་ལས།

རྟག་ཏུ་འདོད་པ་གནས་པ་ཡི། །ལྷ་ཡི་བུ་ནི་འདི་རྣམས་དང་། །འདོད་ཆགས་ཅན་ནི་གཞན་གྱི་ཕྱིར། །རབ་དགའི་དཀྱིལ་འཁོར་བཤད་པ་ཡིན། །ཞེས་གསུངས་པས། འདི་ནི་ཁྱི་གུས་ཁྱི་གུ་འབྱིན་པ་འདྲ་བར། སྐྱེ་བོ་འདོད་ཆགས་ཀྱི་ཤས་ཆེ་བ་ལ། འདོད་ཆགས་སྤོང་བའི་ཕྱིར་
ཤིན་ཏུ་ཁྱད་པར་དུ་འཕགས་པའི་བཙུན་མོའི་ཚོགས་དང་། འདོད་པའི་ཡུལ་ལ་སྤྱོད་པ་ལྟ་བུར་སྟོན་པ་མཛད་དེ། དེ་ཐ་མལ་པའི་འདོད་པ་ལ་སྐྱོ་བ་བསྐྱེད་ཅིང་། དེ་བཞིན་གཤེགས་པའི་བླ་ན་མེད་པའི་འབྱོར་པ་ལ་སེམས་འདུན་ཅིང་འདོད་པ་བསྐྱེད་པ་དང་། དེ་དག་གི་རང་བཞིན་རྟོག་པར་
མཛད་པས། དེ་ལ་ཞེན་ཅིང་མ་དང་མར་འཛིན་པའི་རྟོག་པ་དང་བྲལ་བས། རིམ་གྱིས་ཉོན་མོངས་པ་ལས་གྲོལ་ཞིང་ཡོན་ཏན་གྱི་ཚོགས་རྫོགས་པར་མཛད་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་དྲ་བའི་རྒྱུད་ལས། འགྲོ་བ་འདོད་ཆགས་ཀྱིས་ནི་རྨོངས་པ་ལ། །འདོད་ཆགས་མི་ཡིས་སེལ་བར་བྱེད་པ་
ཡིན། །ཞེས་གསུངས་པ་ཡིན་ནོ། །འདིར་འདོད་ཆགས་ཀྱི་རྣམ་པར་དག་པ་རྒྱ་ཆེར་གསུངས་པ་ནི། མངལ་ནས་སྐྱེ་བ་གདུལ་བའི་ཕྱིར་དང་། རྒྱུད་འདི་ལས་ཤེས་རབ་དང་སྙོམས་པར་འཇུག་པ་འབའ་ཞིག་སྟོན་པའི་ཕྱིར། དགོངས་པའི་དབང་གིས་དེ་ལྟར་སྟོན་པར་མཛད་པ་ཡིན་ལ། དེ་བཞིན་
གཤེགས་པས་འདོད་ཆགས་དང་བཅས་པར་རྟོག་ཅིང་། ཚུལ་དང་མི་མཐུན་པར་འཛིན་པ་སྟེ། དེ་དག་གིས་དགོངས་པ་མ་རྟོགས་པ་ཡིན་གྱི། འདི་ནི་འགྲོ་བ་གདུལ་བའི་ཕྱིར་ཐབས་ཀྱིས་མཛད་པ་ཉིད་ཡིན་ནོ། །དེ་ཡང་འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པས། མར་མེ་མཛད་ནས་བཟུང་
ནས་ནི། །དེ་བཞིན་གཤེགས་པ་འདོད་ཆགས་བྲལ། །སྒྲ་གཅན་ཟིན་ལ་སྲས་ཞེས་གསུངས། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་སོ། །ཞར་ལས་འོངས་པ་རྫོགས་ཏེ། དཀྱུས་པ་ཉིད་ལ་འཇུག་པར་བྱ་སྟེ། པུཀྐ་སཱི་ནི་ཞེ་སྡང་རྒྱ། །ཞེས་སྟོན་ཏོ། །ལྷག་མ་རྣམས་ནི་
འབད་པས་སྤང་བར་བྱ། །ཞེས་པ་ལས། རྩ་གསུམ་པོ་ནི་མཆོག་ཡིན་གྱི། །ལྷག་མ་ནི་རྩ་ཉི་ཤུ་རྩ་དགུ་དགོས་མེད་ཟེར་རོ། །དེ་ལས་ཀྱང་། བཅུ་དྲུག་ཆ་ནི་གང་ཡང་མི་དགོས་ཏེ། །ཞེས་པས་སོ། །བཅུ་དྲུག་ཆ་ནི་ཉི་ཤུ་རྩ་དགུ་ལས་ཕྲ་བའི་རྩ་ནི་སུས་ཀྱང་མི་རྟོགས་ཤིང་ལས་གང་ཡང་མི་ནུས་

ཞེས་བྱ་བའི་དོན་ཏོ། །རྒྱུད་ལས་གང་གི་ཕྱིར། གཞིའི་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་ཞེས་འབྱུང་བས་སོ། །བྱང་ཆུབ་སེམས་རྒྱུན་ཟླ་བ་སྟེ། །བཅོ་ལྔའི་ཆ་ནི་བདག་ཉིད་ཅན། །ཞེས་བྱ་བ་ལ། ཟླ་བ་ཚེས་བཅོ་ལྔ་པའི་མཚན་ཉིད་ལྷ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ནི་བདེ་
བ་ཆེན་པོའི་བདག་ཉིད་ཅན་ཡིན་པས་ན། དངོས་སུ་རྣལ་འབྱོར་མ་ལྡན་པས་རྟོགས་ཀྱི། ཐབས་གཅིག་པུས་ནི་མི་རྟོགས་པའི་དོན་ཏོ། །བདེ་བ་ཡིས་ནི་བསྲུངས་པས་ན། །བདེ་བ་ཅན་གྱི་སྒྲར་བརྗོད་དོ། །ཞེས་པའི་དོན་ལྷག་མ་ནི་བརྡ་ཕྲད་སླའོ། །ལྗང་གུ་མི་འཇིགས་རིགས་ཅན་
ཏེ། །ཞེས་པ་ལ། ལྗང་གུ་ནི་ཤིན་ཏུ་མཛེས་པའོ། །རྟོག་པ་སྤངས་ཤིང་དམ་ཚིག་དང་ལྡན་པས་ན་མི་འཇིགས་རིགས་ཅན་ཞེས་བྱའོ། །སིཧླ་ག་པུར་ཡང་དག་འབྱུང་། །ཞེས་བྱ་བ་ནི། སིཧླ་ནི་རཀྟའོ། །ག་པུར་ནི་བྱང་ཆུབ་ཀྱི་སེམས་ཏེ། དངོས་སུ་དེ་དག་གཉིས་དང་ལྡན་པ་ལ་བྱའོ། །
ཐབས་དང་ཤེས་རབ་རྣམ་སྤངས་ནས། །ཞེས་བྱ་བ་ནི། བོ་ལ་ནི་ཐབས་སུ་འདྲེན་ལ། དེ་སྤངས་ཞེས་བྱ། ཀཀྐོ་ལ་ནི་ཤེས་རབ་སྟེ། །དེ་གཉིས་སྤངས་པས་མི་འགྲུབ་ཅེས་བྱ་བའི་དོན་ཏོ། །མཁས་པས་བདེ་ཆེན་བྱས་ནས་ནི། །ཞེས་པ་ལ་དེ་ལྟར་བོ་ལ་དང་ཀཀྐོ་ལ་དང་ལྡན་པས་བདེ་བ་ཆེན་པོ་
བྱས་ཏེ། དེ་གཉིས་སུ་མེད་པའི་བདེ་བ་དེ་ལས་བྱུང་བའི། མཁས་པས་ག་པུར་སྤང་མི་བྱ། །ཞེས་འབྱུང་བས། གོང་མའི་བདེ་བ་ལས་བྱུང་བའི་ཟླ་བ་ཞུ་བ་དེ་སྤང་བར་མི་བྱ་སྟེ། དེ་སྤངས་ན་དངོས་གྲུབ་མེད་ཅེས་པའི་དོན། འོ་ན་ཇི་ལྟར་བླང་བར་བྱ་ཞེ་ན། ལག་པས་མ་ཡིན་ཏེ། དེ་ནི་ཉ་ཕྱིས་
དུང་ཕོར་མིན། །ཞེས་བྱ་སྟེ། ཐབས་ཀྱིས་མི་བླང་གི་སངས་རྒྱས་ཐམས་ཅད་ཀྱི་བློས། འཆི་མེད་ཛི་ཧྭས་བླངས་ནས་ནི། །ཞེས་པ་ལ། བདུད་རྩི་དེ་ཉིད་ལྕེས་བཏུང་བར་བྱའོ། །སྟོབས་ནི་འཕེལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། དེ་འཐུངས་པས་དངོས་གྲུབ་སྐད་ཅིག་མ་ལ་མ་ཐོབ་ཀྱང་། །
བཀྲག་དང་གཟི་མདངས་དང་སྟོབས་དང་གཟི་བརྗིད་འཕེལ་བར་འགྱུར་བའི་དོན་ཏོ། །དང་པོ་དབྱངས་ཡིག་རང་ངོ་བོ། །ཞེས་པ་ནི་ཨ་ལ་བྱ་སྟེ། །སེམས་དེ་ནི་ཨའི་བདག་ཉིད་ཡིན་པས་ན། བློ་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་བརྟག་པར་བྱའོ། །དེ་དང་ལྷན་ཅིག་དངོས་

གྲུབ་ནི། །ཕྱག་རྒྱ་ཆེན་པོའི་བདེ་སྟེར་ཞེས་བྱ་བ་ལ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་དེ་མན་ངག་བཞིན་བསྒོམས་ཤིང་། རྟག་ཏུ་བསྟེན་པས་ཡང་དག་པའི་སངས་རྒྱས་སུ་འགྱུར་རོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་མ་ལུས་དབུས་གནས་ན། །
ཞེས་བྱ་བ་ནི། རྣལ་འབྱོར་ཡང་ཡིན་ལ་ལུས་ཀྱི་དབུས་ན་གནས་པས་ལུས་ཀྱི་དབུས་ན་ཞེས་བྱའོ། །དངོས་སུ་ཐབས་དང་གཉིས་སུ་མེད་པའི་དབུས་ན་ཞེས་བྱ་བའི་དོན་ཏོ། །ཨ་ཡི་སྡོམ་པས་ཡང་དག་གནས། །ཞེས་བྱ་བ་ནི། དེ་ལྟ་བུའི་ལུས་ཀྱི་དཀྱིལ་འཁོར་གྱི་དབུས་ན། ཨ་ནི་ཞེས་བྱ་བ་ནི་
བྱང་ཆུབ་ཀྱི་སེམས་ཡིན་ལ། སྡོམ་པ་ནི་ཀུན་རྫོབ་ཏུ་ཀུནྡ་ལྟ་བུ་སྟེ་དཀར་བ་དང་དོན་དམ་པར་བདེ་བ་ཆེན་པོ་ལ་རྟག་ཏུ་སྦྱོར་བར་བྱེད་པས་ན། ཡང་དག་གནས་ཞེས་བྱའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་བདག། །སྡོམ་པ་དེ་ནི་རབ་ཏུ་གསལ། །ཞེས་པ་ལ། འདས་པའི་དུས་སམ་རྣལ་འབྱོར་པ་གཞན་
ལ་སྣང་བ་ལྟར། བདག་ཉིད་ལ་ཡང་དེ་བཞིན་དུ་གསལ་ཞེས་བྱ་བ་ནི། ཐབས་ཀྱི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ཏེ། །ཞེས་བྱ་བ་ལ་ཐབས་ཀྱི་བདེ་བ་ནི་ཐབས་ཉིད་ལས་བྱུང་བའི་བདེ་བ་ལས་བྱུང་བས་ན། ཕྱག་རྒྱ་ཆེ་ཞེས་བྱའོ། །རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ཏེ། །ཞེས་པ་ལ། རྡོ་རྗེ་
ལས་སྐྱེས་པས་ན་རྡོ་རྗེ་སྐྱེ་མཆེད་དེ། དངོས་སུ་རྡོ་རྗེ་འཆང་ཆེན་པོ་ཉིད་ལ་བྱ་སྟེ། དེ་ཡང་རྡོ་རྗེ་འཆང་བར་མཛད་པས་ན། རྡོ་རྗེ་འཛིན་པ་སྟེ། ཡི་གེའི་དོན་ཏོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་དེའི་རང་བཞིན་འཆང་བར་མཛད་པས་ནི་རྡོ་རྗེ་འཛིན་པ་སྟེ། སྤྱིའི་དོན་ཏོ། །ཡིད་ཀྱི་རང་
བཞིན་གྱི་སྐུ་ལུས་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པས་ན་སྦས་པའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ཉིད་ཀྱིས་འཆང་བས་ན། རྡོ་རྗེ་འཛིན་པ་སྟེ་མཐར་ཐུག་པའོ། །དེ་ལྟ་བུའི་རྡོ་རྗེ་འཛིན་པ་ནི་རྡོ་རྗེའི་སྐྱེ་མཆེད་ཐབས་ཡིན་ཏེ་ཞེས་བྱའོ། །ཅི་སྟེ་ཐབས་དང་ཤེས་རབ་
གཉིས་ལྡན་པས་ནི་བྱང་ཆུབ་ཀྱི་སེམས་སྐྱེའི་ཐབས་གཅིག་པུ་ལས་ཇི་ལྟར་སྐྱེ་ཞེ་ན། འོན་ཏེ་གོང་ནས་ཕྱག་རྒྱ་ཆེན་པོ་སྨོས་པ་དང་། རྣལ་འབྱོར་མ་ལུས་དབུས་གནས་ཞེས་སྨོས་པ་ན། ཕྱག་རྒྱ་དེ་ནི་ཤེས་རབ་ཀྱི་ཕྱག་རྒྱ་ལ་བྱ་སྟེ། དེ་བས་ན། ང་ཡི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །ཞེས་

བྱའོ། །གསང་བ་འདི་ནི་ཞེས་པ་ལ། དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཟབ་མོ་གསང་བ་འདི་ནི་རྟོག་གེ་པ་རྣམས་ཀྱི་ཡུལ་མ་ཡིན་པས་གསང་བའི་ཕྱིར་དང་། ཡང་ན་རྒྱུད་འདི་ཉིད་ལས་ཐབས་དང་ཤེས་རབ་འབའ་ཞིག་བསྟན་ཏེ། དེ་ནི་མུ་སྟེགས་དང་ཉན་ཐོས་དང་སྐྱེ་བོ་བློ་
དམན་པ་རྣམས་ཀྱི་ཡུལ་མ་ཡིན་ཞིང་། མ་མོས་ཏེ་སྐུར་པ་བཏབ་པས་སེམས་ཅན་དམྱལ་བ་ནམ་མཁའི་མཐར་གནས་པར་འགྱུར་ཞེས་གསུངས་ཏེ། དེ་བས་ན་སྣོད་དུ་མི་འགྱུར་ཞིང་མ་བརྟགས་པའི་སློབ་མ་དག་དཀྱིལ་འཁོར་གཞུག་ཅིང་དབང་བསྐུར་བ་དང་། མན་ངག་བསྟན་པ་ལྟ་ཅི་
སྨོས་ཏེ། ཆུང་ངུ་ན་ཚིག་འབྲུ་འགའ་བརྗོད་པའམ། གླེགས་བམ་མམ་རི་མོ་ལ་སོགས་པ་བསྟན་པས་ཀྱང་ཉམས་པར་འགྱུར་རོ། །ངེས་པར་བརྗོད་པ་བླ་མ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། གསང་སྔགས་སུ་ལའང་སྦྱིན་མི་བྱ། །མན་ངག་རྣམ་པར་ཉམས་མི་བྱ། །དམ་
ཚིག་གནས་ལ་ཅི་རིགས་པར། །མན་ངག་རྣམས་ནི་སྦྱིན་པར་བྱ། །ཞེའོ། །དེ་བས་ན་དཔལ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེའོ། །རྒྱུད་འདི་ཉིད་ལས་ཀྱང་། རྒྱུད་ཀུན་དུ་ནི་སྦས་པ་སྟེ། །ཐ་མའི་ཐ་མར་བསྟན་
པ་ཡིན། །ཞེས་བསྟན་པས་ཤིན་ཏུ་གསང་ངོ་། །འོན་ཏེ་མཆོད་པ་དང་དཀྱིལ་འཁོར་ལ་སོགས་པ་ལ་གསང་བ་མེད་དམ་ཞེ་ན། དེ་རྣམས་ནི་དབང་པོ་རྟུལ་པོའི་ཚོགས་ལ་བཤད་པ་ཡིན་གྱི། ཐབས་ཀྱི་གསང་བ་སྣང་བ་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་
འདི་ནི་དབང་པོ་རྣོན་པོའི་སློབ་མ་ལ་བཤད་པ་ཡིན་པས་གསང་བའོ། །ཡང་དག་འདུས་ཞེས་བྱ་བ་ལ། གཉིས་གཅིག་ཏུ་འདུས་པས་འདུས་པ་སྟེ། ཡི་གེའི་དོན་ཏོ། །རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བ་སྟེ་སྤྱིའི་དོན་ཏོ། །ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའི་དོན་ཏོ། །
ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདུས་པ་སྟེ། དེ་ཉིད་འོད་གསལ་བ་ལས་འབྱུང་བས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ནི་མཐར་ཐུག་པ་སྟེ། དེ་ནི་གཉིས་སུ་མི་རྟོག་པས། །ཕྱི་རོལ་གཉིས་སུ་བརྟག་མི་བྱ། །ཞེས་སྨོས་སོ། །རྣམ་པ་གཅིག་ཏུ་ན། ཕྱི་རོལ་

གཉིས་སུ་བརྟག་མི་བྱ། །ཞེས་པ་ལ། ཏ་ཏྭ་སཾ་གྲ་ཧ་ལ་སོགས་པས་ནི། ཐབས་འབའ་ཞིག་སྟོན་ལ། འདིར་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་བྱུང་བས་ན་གཉིས་ཀྱི་རྟོག་པ་དང་བྲལ་ཞིང་སྤངས་པས་ན་གཉིས་སུ་བརྟག་མི་བྱ་ཞེས་བྱའོ། །སྐུ་གསུམ་ལུས་ཀྱི་དབུས་ཉིད་ན། །འཁོར་
ལོའི་གཟུགས་སུ་བཤད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། །རྣལ་འབྱོར་པའི་ལུས་ཀྱི་དབུས་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གསུམ་གནས་ཞེས་བྱའོ། །དེ་ཡང་སྤྲུལ་པའི་འཁོར་ལོ་དང་། །ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་།
བདེ་བའི་འཁོར་ལོས་གཟུགས་སུ་བསྟན་ནས་འཁོར་ལོའི་གཟུགས་ཞེས་བྱའོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོ་དེ་བཞིན་ཏེ། །ཞེས་པ་ལ་ཆོས་ཀྱི་སྐུ་ནི་སྙིང་གའི་འཁོར་ལོ་ལ་གནས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མགྲིན་པའི་པདྨ་ལ་གནས་སོ། །སྤྲུལ་པའི་སྐུ་ནི་ལྟེ་
བའི་པདྨ་ལ་གནས་སོ། །བདེ་བ་ཆེན་པོ་ནི་སྤྱི་བོའི་པདྨ་ལ་གནས་ཞེས་པའི་དོན་ཏོ། །བྷ་ག་སྙིང་ག་མགྲིན་ཚོགས་སམ། །སྐུ་གསུམ་པོ་ནི་ཡང་དག་གནས། །ཞེས་པ་ལ་བྷ་ག་ནི་སྤྲུལ་པའི་འཁོར་ལོ་རྩི་བས་དྲུག་ཅུ་རྩ་བཞི་ཡོད་པ་ལ། ཀ་ཆེན་སུམ་ཅུ་རྩ་གཉིས་ལུགས་སུ་བྱུང་བ་དང་། ལུགས་
ལས་བཟློག་པ་རྣམས་རྩིབས་རྣམས་ལ་དགོད་ལ། དབུས་སུ་ནི་ཡི་གེ་ཨ་དགོད་དོ། །སྙིང་གར་ནི་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ་ཡབ་ཡུམ་བརྒྱད་བཀོད་ལ། དབུས་སུ་ནི་ཡི་གེ་ཧཱུཾ་དགོད་དོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་རྩི་བས་བཅུ་དྲུག་པ་ལ་ཨ་ཆེན་བཅུ་དྲུག་བཀོད་ལ།
དབུས་སུ་ཡི་གེ་ཨོཾ་དགོད་དོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་ལ་ཀ་ཆེན་སུམ་ཅུ་རྩ་གཉིས་དགོད། དབུས་སུ་ཡི་གེ་ཧཾ་དགོད་དོ། །དེ་བས་ན་བྷ་གར་སྤྲུལ་པའི་འཁོར་ལོ་ནི། སྤྲུལ་པའི་སྐུ་ཡིན་ལ། མགྲིན་པར་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སྙིང་ག་
དང་སྤྱི་བོ་གཉིས་སུ་ཆོས་ཀྱི་སྐུར་བསྡུའོ། །དེ་ལ་ནི། སྐུ་གསུམ་པོ་ནི་ཡང་དག་གནས། །ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་ཅི་རིགས་པར་ཤེས་པར་བྱའོ། །རྒྱུ་མཐུན་ལ་སོགས་དབྱེ་བ་ཡིས། །བཅོམ་ལྡན་ཤེས་རབ་ལ་རྩོལ་ཅིང་། །ཞེས་པ་ལ། དེ་ལྟར་ཤེས་རབ་ལས་རྒྱུ་མཐུན་པའི་

འབྲས་བུ་ལ་སོགས་པ་འབྱུང་ལ། དེས་ནི་བླ་ན་མེད་པའི་བྱང་ཆུབ་སྐྱེད་པར་བྱེད་ཅེས་པའི་ཐ་ཚིག་གོ། །ཅི་སྟེ་ཐབས་དང་ལྡན་པའི་ཤེས་རབ་ནི་དེ་ལྟ་ཡིན་ན། འཇིག་རྟེན་གྱི་བུད་མེད་ཐམས་ཅད་ཁམས་གསུམ་དུ་འཁོར་བ་ཅི་ཡིན་ཞེ་ན། ལན་དུ། ལས་ཀྱི་རླུང་གིས་
བསྐུལ་བ་ཡིན། །ཞེས་བྱ་བ་སྟེ། ལས་དགེ་བ་དང་། མི་དགེ་བའི་རླུང་གིས་བདས་པས་ཁམས་གསུམ་དུ་འཁོར་བ་ཡིན་ལ། དེ་ཉིད་ཐབས་དང་ལྡན་ཞིང་མན་ངག་ཐོབ་ན་བྱང་ཆུབ་ཀྱང་འགྲུབ་སྟེ། ཐབས་ཆེན་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་རྒྱུ། །འཁོར་བའང་ཞི་བའི་མཚན་
ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་འབྱུང་བ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་ བཅོམ་ལྡན་ཤེས་རབ་ལ་གསོལ་ཞིང་། །ཞེས་བྱ་བ་ནི། གོང་གི་འབྲས་བུ་བཞི་པོ་དག་ལས་ཤེས་རབ་སྐྱེ་ཞིང་འབྱུང་བས་ན་དེ་ལ་གསོལ་ཞེས་བྱའོ། །ལས་ནི་རླུང་གིས་བསྐུལ་ཞེས་པ་ནི།
ཟླ་བ་ནུ་ནས་ཀར་ནིར་འབབ་པ་ཉིད་རླུང་གི་ལས་ཡིན་པས་ན་དེས་ནི་གནས་བརྟན་པ་ལ་སོགས་པ་དང་། འཁོར་ལོ་རྣམས་ཀྱི་ལས་བྱེད་པའི་དོན་ཏོ། །ལྟོ་བ་གཞལ་ཡས་ཁང་དུ་བཤད། །ཅེས་པ་ལ། ལྟོ་བ་ནི་ལུས་ཀྱི་ཁོག་པ་ཉིད་དོ། །ཆགས་པ་དང་བྲལ་བའི་སྐད་ཅིག་མ་ལ་སེམས་པ་ལ་གནས་
པས་ན་བྷ་ག་སྟེ་ཞེས་བྱའོ། །སྣམ་སྦྱར་དག་ནི་མངལ་འབར་བ། །ཞེས་པ་ལ། འཇིག་རྟེན་ན་བཙུན་པ་བཀུར་བ་ནི་རབ་ཏུ་བྱུང་བ་ཡིན་ལ། འདིར་ནི་སེམས་ཅན་ཐམས་ཅད་རབ་ཏུ་བྱུང་ཞིང་སྟོན་པའི་འདུ་ཤེས་བསྐྱེད་པ་ལ་བྱ་སྟེ། དེ་ཡང་མ་ཧཱ་ལ་ཀྵྨཱི་ཞལ་སྔ་ནས། དངོས་པོ་ཀུན་ལ་སྔགས་
ཤེས་པས། །བརྙས་པ་ཉིད་དུ་མི་བྱ་ཞིང་། །རྡོ་རྗེ་སེམས་དཔའ་བདག་ཉིད་དུ། །མངོན་སུམ་སྐུ་ཡིས་རྟག་ཏུ་བཞུགས། །ཞེས་པ་དང་འཕགས་པ་འོད་སྲུངས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་སུ་ལྟའོ་ཞེས་གསུངས་པ་སྟེ། དེ་བས་ན་མའི་མངལ་དུ་ཞུགས་ཏེ་
བུ་གྲོགས་ཀྱིས་རང་བཞིན་གྱིས་དཀྲིས་ཏེ་གནས་པ་ནི་སྣམ་སྦྱར་རོ། །མཁན་པོ་ལ་བརྟེན་ནས་བསླབ་པ་སྐྱེ་བ་ལྟར། མ་ལ་བརྟེན་ནས་བུ་རོགས་ཀྱིས་སྐྱེ་བས་ན་མཁན་པོའོ། །ཕྱག་ནི་མགོན་ལ་ཐལ་སྦྱར་ཡིན། །ཞེས་པ་ལ། སྐྱེ་བའི་ཚེ་ཐལ་མོ་དཔྲལ་བར་གཤིབས་ཏེ་འབྱུང་བས་ན་ཕྱག་

ཅེས་བྱའོ། །དེ་ནས་རིམ་གྱིས་སྐྱེས་པ་ནི་བསླབ་པས་མཐོ་རིས་དང་བྱང་ཆུབ་བསྐྱེད་པ་ལྟར་ལུས་རིམ་གྱིས་བསྐྱེད་པའི་དོན། སྔགས་ཟློས་པ་ནི་ཨུད་བདག །ཅེས་པ་ནི་བུ་བྱུང་མངལ་ནས་བྱུང་བ་ཉིད་གཅེར་བུར་གནས་པ་ནི་གཅེར་བུའི་ཤ་ཚུགས་སོ། །དེའི་འོག་ཏུ་དེའི་མགོ་བྲེགས་
པ་རྣམས་ནི་དགེ་སློང་ཡིན་ནོ། །དེ་ལ་སོགས་པའི་སེམས་ཅན་རྣམས་ཞེས་པ་ནི། དེ་དག་ནི་སངས་རྒྱས་ཡིན་པར་ཐེ་ཚོམ་མེད་དེ། དེ་ཡང་ཨིནྡྲ་བྷཱུ་ཏཱིའི་ཞལ་སྔ་ནས་ཀྱིས་ཀྱང་། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །ཞེས་གསུངས་པས་ན།
དཔེར་ན་གསེར་འགྱུར་རྩི་སྲང་གཅིག་རྙེད་ན་ལྕགས་སྲང་སྟོང་ལ་བསྐུས་པས། ཐམས་ཅད་ཀྱང་གསེར་དུ་འགྱུར་བར་ངེས་པ་ལྟར། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ངེས་པར་བསྐྱེད་པ་ནི་ཐེ་ཚོམ་མེད་ཅེས་བྱའོ། །དེ་བས་ན་རྒྱུད་འདིའི་སྒོར་ཞུགས་པའི་རྣལ་འབྱོར་པས་ཀྱང་། སེམས་
ཅན་ཐམས་ཅད་དང་། དངོས་པོ་ཐམས་ཅད་དཔལ་ཧེ་རུ་ཀའི་རང་བཞིན་དུ་བསྒོམ་པའི་དོན། ལྷག་མ་རྣམས་ནི་བརྡ་ཕྲད་སླ་བས་མ་བྲིས་སོ། །སེམས་ཅན་འདི་ནི་སངས་རྒྱས་ཏེ། །འོན་ཀྱང་ཀུན་བརྟགས་དྲི་མས་ཁྱབ། །དེ་དེ་བསལ་ནས་སངས་རྒྱས་ཡིན། །ཞེས་པ་ལ། སེམས་ཅན་ཐམས་
ཅད་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་སྐུའི་བདག་ཉིད་ཡིན་པའི་དོན། འོ་ན་ཅིས་ཁམས་གསུམ་དུ་འཁོར་བ་ཡིན་སྙམ་པ་ལ། འོན་ཀྱང་ཀུན་བརྟགས་དྲི་མས་ཁྱབ་སྟེ། མ་རིག་པའི་བླ་ཐབས་ཀྱིས་བསྒོས་ཤིང་། ཕྲ་རྒྱས་ཀྱི་ཉོན་མོངས་པའི་དབང་གིས་ལས་སྣ་
ཚོགས་སྤྱད་པས་གནས་ཁམས་གསུམ་དུ་སྐྱེ་ཞིང་འཁོར་བའི་དོན་ཏོ། །འོན་ཏེ་དག་པར་བྱ་བའི་ཐབས་མེད་དམ་ཞེ་ན། དེ་དེ་བསལ་ནས་སངས་རྒྱས་ཡིན། །ཞེས་གསུངས་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། འདི་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་
བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་པ་དང་། དཔུང་པ་བཟང་པོས་ཞུས་པའི་རྒྱུད་ལས་ཀྱང་། འདོད་ཆགས་ལ་སོགས་ཉོན་མོངས་དྲི་མར་བཅས། །དེ་བས་སེམས་འདི་འཁོར་བ་ཡིན་པར་གསུངས། །ཉོན་མོངས་རྣམ་དག་ཤེལ་དང་ཟླ་འདྲ་ན། །སྲིད་པའི་རྒྱ་མཚོའི་མཐར་

ནི་རབ་ཏུ་བསྒྲགས། །ཞེས་གསུངས་སོ། །དེ་ནས་ནི་ཉོན་མོངས་པ་རྣམ་པར་དག་ན་ཐམས་ཅད་ཀྱང་སངས་རྒྱས་ཡིན་པར་ཐེ་ཚོམ་མེད་པའི་དོན་ཏོ། །རང་གི་སེམས་ཉིད་བྱང་ཆུབ་ཡིན། །ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་སངས་རྒྱས་ཡིན་ལ། སེམས་
ལས་གཞན་པའི་སངས་རྒྱས་ནི་ལོགས་ནས་མི་རྙེད་དོ། །འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་། རྒྱལ་བའི་སྲས་དག་ཁམས་གསུམ་ནི་སེམས་ཙམ་སྟེ། དུས་གསུམ་ཡང་སེམས་ཙམ་དུ་རྟོགས་ཤིང་། སེམས་དེ་ཡང་མཐའ་དང་དབུས་མེད་པར་རྟོགས་ཤིག་ཅེའོ། །སློབ་དཔོན་
ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་འཆིང་བར་བྱེད། །སེམས་དེ་ཉིད་ཀྱི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་གསུངས་པ་དང་། ཐམས་ཅད་གསང་བའི་རྒྱུད་ལས་ཀྱང་། འབྱུང་བ་ལྔ་ཡི་བདག་ཉིད་
ལྔ། །མི་ཡི་ལུས་ནི་བརྟན་བྱས་ཏེ། །དངོས་དེ་ངེས་པར་བསྒོམས་པ་ཡིས། །རང་སེམས་མཐུ་ཡིས་སངས་རྒྱས་འགྱུར། །ཞེས་གསུངས་པ་དང་། འདི་ཉིད་ལས་ཀྱང་། གང་དུ་འཇིག་རྟེན་ཁམས་རྣམས་ལས། །སངས་རྒྱས་རྙེད་པར་མི་འགྱུར་ཏེ། །སེམས་ཉིད་རྫོགས་པའི་སངས་
རྒྱས་ཏེ། །སངས་རྒྱས་གཞན་དུ་མ་བསྟན་ཏོ། །ཞེས་གསུངས་པས་ན། །སེམས་ལས་ལོགས་ན་སངས་རྒྱས་མེད། །ཅེས་པའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་སླའོ། །ས་ནི་པུཀྐ་སཱིར་གྲགས་པ། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ཡིན། །གང་ཡང་གཏི་མུག་ས་རྣམས་ནི། །ལུས་ནི་རྣམ་པར་སྣང་མཛད་
བཤད། །ཅེས་བྱ་བ་ལ་སོགས་པ་ལ། ལུས་དང་རྣམ་པར་སྣང་མཛད་དུ་སྦྱར་བ་དང་། དེ་བཞིན་དུ། མི་བསྐྱོད་པ་དང་སྦྱར་བ་དང་། །སོགས་པ་ནི་ལུས་དང་སེམས་གཉིས་ཕན་ཚུན་བརྟེན་ཏེ་འབྱུང་ལ། གཅིག་རང་མི་སྐྱེ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་དང་རིགས་ལྔ་པོ་
ཡང་གཅིག་ལ་གཅིག་བརྟེན་ཏེ། རྒྱུ་དང་འབྲས་བུའི་ཚུལ་དུ་འབྱུང་བས་ན། རྡོ་རྗེ་རིགས་དང་གཏི་མུག་གི་རིགས་སྦྱར་བ་དང་། འབྱུང་བ་དག་ཀྱང་ཕན་ཚུན་བསྣོར་ཏེ་འབྱུང་བ་ཡིན་ནོ། །འཁོར་ལོའི་དབུས་ན་གསང་བ་གསུམ། །ཞེས་པ་ལ། ལུས་ཀྱི་འཁོར་ལོའི་དབུས་ན་གནས་པའི་

དོན། །ས་སྤྱོད་ལུས་ཀྱི་ཕྱག་རྒྱ་སྟེ། །ཞེས་པ་ལ། ས་ལ་སྤྱོད་པ་སྐུ་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེའི་ལུས་ཅན་འོག་ཏུ་གཟིགས། །ཞེས་བྱ་བ་སྟེ། ཡབ་དང་སྦྱར་རོ། །མཁའ་སྤྱོད་འདོད་ཆགས་ཕྱག་རྒྱ་སྟེ། །ཞེས་བྱ་བ་ནི་ཡུམ་དང་སྦྱར་ཏེ། རྡོ་རྗེ་མོ་དག་སྟེང་དུ་གཟིགས། །ཞེས་བྱའོ། །
སེམས་ནི་བདག་མེད་ཚུལ་ཅན་ཡིན། །ཞེས་པ་ལ། བྱང་ཆུབ་ཀྱི་སེམས་དེ་ནི་བདག་མེད་པ་གཉིས་ཀྱིས་སྟོང་ཞིང་གཟུང་འཛིན་གྱི་དྲི་མ་རྣམ་པར་དག་པ་མཐའ་ཐམས་ཅད་དང་བྲལ་བ་ལ་བྱ་སྟེ། དབུས་ན་གནས་ཞེས་པའི་དོན་ཏོ། །རིགས་དྲུག་ཏུ་ནི་རྣམ་ཕྱེ་བ། །ཞེས་པ་ལ། རིགས་
དྲུག་ནི་ཨཀྵོ་བྷྱ་དང་། སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རྡོ་རྗེ་སེམས་དཔའ་སྟེ་དྲུག་གོ། །ལྷག་མ་ནི་བརྡ་ཕྲད་སླའོ། །ལེའུ་བཞི་པའི་བཤད་པའོ།། །།ད་ནི་ལེའུ་ལྔ་པ་འཆད་དེ། རྒྱུད་འདི་སྤྱིར་མན་ངག་འབའ་
ཞིག་སྟོན་པས། ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པས་དགོངས་པ་དང་། བརྡས་བསྟན་པ་དང་། བླ་མའི་ཁ་ལས་ཤེས་པར་བྱ་དགོས་པས་ཐ་སྙད་ཞིབ་ཏུ་མ་བཤད་པ་ཡིན་ནོ། །བདག་མེད་པ་ལ་ཙུམྦ་བྱེད། །གཙོ་བོ་ཐོད་པ་རེག་བྱེད་ཅིང་། །ཞེས་པ་ལ་དགྱེས་པའི་རྡོ་རྗེ་ཉིད་ཡུམ་
དང་གཉིས་སུ་མེད་པ་ལ་བྱ་སྟེ། རྡོ་རྗེ་ཐོད་པ་ནི་ཧེ་རུ་ཀའོ། །ལྟ་ན་ཡང་འཛིན་བྱེད་ཅིང་ཞེས་བྱ་བ་ནི། ནུ་མ་ལ་འཛིན་པའོ། །དེ་ནས་སྙོམས་འཇུག་གི་དཀྱིལ་འཁོར་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་སླའོ། །དགྱེས་པས་གཉིས་གཉིས་མཉམ་པར་ལྡན། །
ཞེས་བྱ་བ་ལ་ཡབ་ཡུམ་གཉིས་སུ་མེད་པ་ལས་མཐར་ཐུག་པའི་དགའ་བ་དང་ལྡན་པའི་དོན་ཏོ། །མི་བསྒུལ་བ་ཡི་རང་གཟུགས་ཀྱིས། །མི་བསྒུལ་བ་ཡི་བདེ་བ་ཐོབ། །ཅེས་པ་ལ། མཐར་ཐུག་པའི་སྐབས་སུ་རྟོག་པ་གང་ལ་ཡང་རང་བཞིན་གྱིས་མི་འཕྲོ་བས་ན་རང་གཟུགས་ཀྱིས་
བྱ་བའི་དོན་ཏོ། །དེ་གང་དུ་ཡང་མི་འཕྲོ་ཞིང་སྐད་ཅིག་མ་དེ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པས་ན། བདེ་བ་ཐོབ་ཅེས་པའི་ཐ་ཚིག་གོ། །ལྷག་མ་བུང་བ་ལྟ་བུར་གནག །ཅེས་བྱ་བ་ནི། དབུ་གཡས་དཀར་གཡོན་དམར་དབུས་གནག །ལྷག་མ་བུང་བའི་མཇུག་མ་ལྟར་གནག །

ཅེས་པའི་དོན་ཏོ། །ལྷག་མ་ནི་གོ་སླ་བས་མ་བྲིས་སོ། །ཧེ་རུ་ཀའི་ཕྱག་མཚན་ནི་གྲང་པོ་ལ་སོགས་པ་བརྒྱད་ཀྱི་ཐོད་པ་བསྣམས་པ་ནི། ལྷ་ཆེན་པོ་རྣམས་ཀྱི་ནོར་དབང་དུ་སྡུད་པའི་རྟགས་སོ། །ས་ཆུ་ལ་སོགས་པ་བརྒྱད་བསྣམས་པ་ནི། དེ་དག་གི་ལྷ་ལ་བྱའོ། །གཉིས་
འཐུང་ལ་སོགས་རིམ་བཞིན་ཞེས་པ་ནི་གླང་པོ་ཆེ་སྟེ། གོང་མའི་གླང་པོ་དང་རྟ་དང་བྱ་བའི་བཤད་པ་སྟོན་ཏེ། གླང་པོ་ཆེ་ནི་དང་པོར་སྣས་ཆུ་ལ་སོགས་པ་བརྔུབས་ནས་དེ་ནས་གདོད་སྣས་ཡར་ཁར་ལྔུབས་པས་ཕོགས་གཉིས་འཐུང་བས་གཉིས་འཐུང་ཞེས་བྱ་སྟེ། དེ་ལྟ་བུ་ལ་སོགས་
པའི་ཐོད་པ་བསྣམས་ཞེས་པའི་དོན། ས་ཆུ་ལ་སོགས་པ་ནི་ས་ནི་ས་བདག་གོ། །ཆུ་ནི་ཆུ་ལྷའོ། །རླུང་ནི་རླུང་ལྷའོ། །མེ་ནི་མེ་ལྷ་སྟེ། དེ་བཞིན་དུ་ཉི་ཟླ་དང་། མཐར་བྱེད་དེ་གཤིན་རྗེ་དང་། ནོར་སྐྱོང་སྟེ་ཀུ་བེ་རའོ། །དེ་དག་གི་ཐོད་པ་བསྣམས་པའི་དོན། ཅིའི་ཕྱིར་ཞེ་ན། ལྷ་ལ་སོགས་
པ་དག་གླང་པོ་ལ་སོགས་པའི་འགྲོ་བ་ཀུན། བྱང་ཆུབ་ཀྱི་རྒྱུ་དང་ལྡན་པས། དེ་རྣམས་གཟུད་པའི་ཕྱིར། ཕྱག་མཚན་དུ་བསྣམས་པའི་ཐ་ཚིག་གོ། །ལྷག་མ་གོ་སླ་བས་མ་བྲིས་སོ། །དོམ་བྱི་སྣ་ཚོགས་མདོག་ཅེས་བྱ་བ་ནི། དབུ་དཀར་བ་དེའི་འོག་མ་སེར་བ་ལ་སོགས་པ་ཁ་དོག་ལྔའི་རང་
བཞིན་ཅན་ཡིན་པའི་ཐ་ཚིག་གོ། །ལྷག་མ་ནི་གོ་སླའོ། །ཏིལ་མཆོག་མ་ནི་བཀུག་ནས་ཀྱང་། ཞེས་བྱ་བ་ནི་བརྒྱ་བྱིན་གྱི་སླས་མོ་ཞིག་སྟེ། དེ་བཀུག་ནས་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་སྙིང་པོ་ལ་དབང་བསྐུར་ཞེས་བྱ་བའི་དོན་ཏོ། །སྐད་རིངས་མ་ནོར་ལེགས་པར་ནི། །ཞེས་བྱ་བ་ལ།
ཧཱུཾ་སྒྲ་རིང་པོར་འདྲེན་པ་ལ་བྱ། ཡོ་ཤི་དག་ནི་འགུགས་པར་བྱེད། །ཅེས་པ་ལ། བུད་མེད་སྔགས་དེས་དགུག་པའོ། །རིག་བྱེད་དང་པོ་ཉིད་ལ་ནི། །ཟླ་བ་ཕྱེད་པས་རྣམ་པར་བརྒྱན། །ཞེས་བྱ་བ་ནི། རིག་བྱེད་དང་པོ་ནི་ཡི་གེ་ཨོཾ་ལ་བྱ་ལ། ཟླ་བ་ཕྱེད་ནི་བྱིན་དུས་སྟེང་དུ་མཚན་པའོ། །ཨཥྚཱ་ན་ནཱ་
ལ་སོགས་པ་ནི། ཧེ་རུ་ཀ་ཞལ་བརྒྱད་པའི་སྔགས་སོ། །ནུབ་ཕྱོགས་སུ་ནི་རུས་སྦལ་ཏེ། །བྱང་ཕྱོགས་སུ་ནི་སྦྲུལ་ཡང་བྲི། །ཞེས་པ་ལ། འདི་ནི་ནོར་བས་དཔྱད་དེ། གོང་དུ་ལྷ་རྣམ་པ་གཉིས་ཀྱི་ཕྱག་མཚན་ལ་ནི། ནུབ་ཕྱོགས་སུ་སྦྲུལ་བསྣམས་པ་ཡིན་ལ། །བྱང་ཕྱོགས་སུ་རུས་

སྦལ་བསྣམས་ན་འདི་ཕྱག་མཚན་བྲི་བ་ལ་མི་མཐུན་པར་གདའ་ན་ལེགས་པར་དཔྱོད་ཅིག །ལྷག་མ་རྣམས་ནི་མན་ངག་གི་གནས་ཆེན་པོ་སྟེ། བླ་མའི་ཁ་ལས་ཤེས་པར་བྱའོ། །ལེའུ་ལྔ་པའི་བཤད་པའོ།། །།ད་ནི་བརྟག་པ་གཉིས་པའི་ལེའུ་དྲུག་པ་འཆད་དེ། ལྷ་མོས་དམ་
པོར་འཁྱུད་ནས་ནི། །ཤེས་རབ་ཐབས་ལ་རེག་པར་བྱེད། །ཅེས་པ་ལ། རེག་པ་ནི་པདྨ་ལ་རྡོ་རྗེ་འཇོག་པའོ། །བརྟན་པས་སྐྲ་ནི་གཟུང་བྱས་ནས། །ཞེས་བྱ་བ་ནི། ལྷ་མོའི་སྐུ་བཟང་པོ་ལ་གཟུང་བའོ། །ཤེས་རབ་ཀྱི་སེན་མོས་ལུས་ཀུན་ལ་འདེབས་པས་ན། སེན་མོས་རོལ་པའོ། །དེ་
ནས་གཉིས་སུ་མེད་པར་གྱུར་པ་ནི་སྦྱོར་བའོ། །ལེའུ་དྲུག་པའི་བཤད་པའོ།། །།ད་ནི་ལེའུ་བདུན་པ་ལས་གླེགས་བམ་གྱི་བཤད་པ་བསྟན་ཏེ། སྦྲང་ཆེན་སྣག་ཚ་བྱས་ནས་ནི། །ཞེས་པ་ལ། མ་ནུ་སའི་ཚིལ་དང་ཞག་ལ་སོགས་པའི་དུད་པའི་སྣག་ཚ་ལ་མི་རུས་ཀྱི་སྨྱུ་གུས་ཡི་གེ་བྲི་བའི་
དོན། སྐྱེ་བོ་ངན་པ་ནི་དམ་ཚིག་མེད་པ་ལ་བྱའོ། །དེས་སྐུ་དང་པུ་སྟི་མཐོང་ན། ཚེ་འདི་དང་ཚེ་རབས་ཀུན་དུ་དངོས་གྲུབ་དང་བསྐོལ་བའི་དོན། མི་སྲུན་ཐ་མལ་པ་ལ་རྩ། །ཞེས་བྱ་བ་ནི། མཆན་ཁུང་དང་སྐྲའི་བར་དུ་སྦ་བའི་དོན། གླེགས་བམ་ལམ་གྱི་སྤྱོད་ཡུལ་ལ། །ཞེས་བྱ་བ་ནི། དེའི་
གླེགས་བམ་གཞན་དུ་སྦ་བ་མ་རྙེད་ཀྱང་། འོག་ཀ་དང་འཁོར་གསུམ་འགེགས་པའི་འོག་ཏུ་སྦ་ཞེས་པའི་དོན་ཏོ། །ཤི་བ་དགུ་ཡི་གཟུགས་ཅན་དག །ཅེས་པ་ལ། རོའི་གདན་དགུ་ལ་བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །བྱཱ་གྷྲའི་པགས་པ་ནི་སྟག་གི་པགས་པའོ། །བཟའ་བ་དག་ནི་
ཡང་བཟའ་ཞིང་། །ཞེས་པ་ལ། ག་ཎ་ཙཀྲའི་ཚེ་ན་བཟའ་བཏུང་ལ་སོགས་པའི་ལོངས་སྤྱོད་ཡང་དང་ཡང་དུ་བྱ་བའི་དོན་ཏོ། །དེ་ནས་མ་མོ་རྣམས་ལ་མཆོད། །ཅེས་པ་ལ། དེ་ལྟར་བཟའ་བཏུང་ལ་སོགས་པའི་ལོངས་སྤྱོད་ཀྱིས་རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་
ནས། དེའི་ལས་ཀྱི་ལྷག་མ་ལས་པ་མ་མོ་དང་མཁའ་འགྲོ་མ་ལ་སོགས་པ་ལ་གཏོར་མའི་མཆོད་པ་དབུལ་ཞེས་པའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་དེ་ལྟར་བཟའ་བཏུང་ལ་སོགས་པ་དང་། གར་དང་གླུ་ལ་སོགས་པས་མཆོད་པའི་འོག་ཏུ་སྙོམས་པར་འཇུག་པ་བླ་ན་མེད་པའི་བདེ་

བའི་མཆོད་པས་ནི། མ་མོ་རྣམས་ལ་མཆོད་པར་བྱ། །ཞེས་པའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་སླའོ། །ལེའུ་བདུན་པའི་བཤད་པའོ།། །།ད་ནི་ལེའུ་བརྒྱད་པའི་དོན་འཆད་དེ། དེ་ནས་རྣལ་འབྱོར་མ་ཡིས་ཞུས། །ཞེས་པ་ལ། ལྷ་མོ་བདག་མེད་
མས་ཞུས་པའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུར། །ཞེས་པ་ལ། ཡུམ་གྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེའི་མཚན་མ་དང་རྟགས་ནི་རྒྱུད་ཉིད་ལས་གསལ་བས་འདིར་མ་བྲིས་སོ། །དེ་ནས་ལྷ་མོ་དགའ་ནས་ནི། །འདི་སྐད་ཀྱིས་ནི་ཚིག་གསོལ་ཏོ། །གདུལ་དཀའ་ཐ་མའི་སེམས་ཅན་དག །
ཇི་ལྟ་བར་ནི་གདུལ་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་གསོ་སྦྱོང་ཉིད་ལ་དགོད། །དེ་རྗེས་བསླབ་པ་བཅུ་ཡང་སྦྱིན། །དེ་ནས་བེ་བཤ་ཡང་བསྟན། །དེ་ནས་ཡང་ནི་མདོ་སྡེ་སྟེ། །དེ་ནས་སྤྱོད་པ་ཡང་བསྟན་བྱ། །དེ་རྗེས་དབུ་མ་གཉིས་བསྟན་བྱ། །རྒྱུད་རྣམས་
ཐམས་ཅད་ཤེས་པར་བྱ། །དེ་ནས་དགྱེས་རྡོར་ལ་དགོད་དེ། །སློབ་མ་གུས་པས་བླངས་ནས་ནི། །འགྲུབ་པ་ཡང་ནི་ཐེ་ཚོམ་མེད། །ཅེས་པ་ལ། ཅི་སྟེ་རྒྱུད་ཉིད་ལས་རྫོགས་པའི་རིམ་པ་ཡོད་བཞིན་དུ། བསྐྱེད་པའི་རིམ་པས་ཅི་ཞིག་ཅེས་སྨོས་པས་བསླབ་པའི་རིམ་པ་ལ་གནས་མི་
དགོས་པར་དགྱེས་པའི་རྡོ་རྗེ་ཉིད་ལ་སློབ་པ་ནི་ཅི་ཉེས་ཤེ་ན། འོན་ཏེ་ཁྱོད་ཀྱི་རྒོལ་བ་འདི་ནི་ཆུང་མ་མེད་པར་བུའི་ནོར་སོགས་པ་དང་འདྲའོ། །དེ་བས་ན་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་
སྩལ་པ། སེམས་དེ་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས་ཟླ་བ་ལྟ་བུའོ། །ཟླ་བའི་དཀྱིལ་འཁོར་ནི་རིམ་གྱིས་རྫོགས་པར་འགྱུར་ཏེ། དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་སེམས་དེ་ཡང་རིམ་གྱིས་རྫོགས་པར་འགྱུར་རོ་ཞེའོ། །གཞན་ཡང་མདོ་སྡེ་དག་ལས་འཇིག་རྟེན་ན་འཕོང་
དང་བཟོའི་གནས་དང་། ཤིང་ཐོག་དང་འབྲུ་ལ་སོགས་པ་ནི་རིམ་གྱིས་རྫོགས་པར་འགྱུར་གྱི། ཅིག་ཅར་ནི་མ་ཡིན་ནོ་ཞེའོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པས་ཀྱང་། རིམ་གྱིས་འཇུག་པ་ལ་བསླབ་པར་བྱའི། ཅིག་ཅར་ནི་མ་ཡིན་ནོ། །དེ་བས་ན་ལུས་

རྣམ་པར་དབེན་པ་མེད་པར་ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ། །ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན་པ་རྟོགས་པར་བྱ་བར་མི་ནུས་སོ། །སེམས་ཀྱི་རང་བཞིན་གྱི་སྣང་བ་མེད་པའི་ཏིང་ངེ་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་བྱ་བར་མི་
ནུས་སོ། །ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །དོན་དམ་པའི་བདེན་པ་མེད་པར་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས། རིམ་གྱིས་
འཇུག་པ་ལ་བསླབ་པར་བྱའི་ཅིག་ཅར་ནི་མ་ཡིན་ནོ། །རིམ་གྱིས་འཇུག་པའི་རྫོགས་པའི་རིམ་པ་ལ་བསླབ་པས། ཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་རོ་ཞེའོ། །འདིར་བཤད་པ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་ནི་
རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གཞག །ཅེས་གསུངས་སོ། །སྤྲོས་པས་མཆོག་གི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། གདུལ་དཀའ་ཐ་མའི་སེམས་ཅན་དག །ཇི་ལྟ་བར་ནི་གདུལ་པར་བགྱི། །ཞེས་བྱ་བའི་ལན་ལྟར་ཤེས་པར་བྱ་སྟེ། དེ་བས་ན་བྱིས་པ་སོ་
སོའི་སྐྱེ་བོ་ཕྱུགས་དང་འདྲ་བ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཡན་ལག་བརྒྱད་པའི་ཁྲིམས་སྲུང་བར་བྱེད་པ་ནི། དང་པོ་གསོ་སྦྱོང་ཉིད་ལ་དགོད། །ཅེས་བྱའོ། །དེ་ལས་ཀྱང་ཆེས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། ཅེ་ལུའི་བསླབ་པ་བཅུ་
སྲུང་བར་བྱེད་པ་ནི། དེ་ནས་བསླབ་པ་བཅུ་ཡང་སྦྱིན། །ཞེས་བྱའོ། །དེའི་འོག་ཏུ་བྷེ་བས་ཥ་སྟེ་ཉན་ཐོས་བྱེ་བྲག་པའི་ཆོས་བསྟན་པ་དང་། དེ་ནས་མདོ་སྡེ་སྟེ། ཉན་ཐོས་མདོ་སྡེ་པའི་ཆོས་བསྟན་ལ། དགེ་སློང་དུ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དཔོག་གོ། །དེ་ནས་སྤྱོད་པ་བསྟན་ཏེ། ཀུན་རྫོབ་
བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་སྟེ། རྣལ་འབྱོར་སྤྱོད་པའི་ཆོས་རྣམས་བསྟན་པར་བྱའོ། །དེའི་འོག་ཏུ་མཐའ་ཐམས་ཅད་དང་བྲལ་བ་དབུ་མ་ཆེན་པོའི་དོན་བསྟན་ཏེ། དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་གཞུག་གོ། །དེ་ནས་བྱང་ཆུབ་སེམས་དཔའི་ལྟུང་བ་བཞི་བཅུ་

རྩ་གཉིས་དང་། །ཕས་ཕམ་པའི་ཆོས་བརྒྱད་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་བསྒྲུབ་པར་བྱའོ། །དེ་ནས་ཡང་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། གསང་སྔགས་ཀྱི་རྣམ་པར་ཐར་པའི་སྒོར་ཞུགས་ཏེ། བླ་མ་དམ་
པ་རྣམས་ལ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་དང་། དམ་ཚིག་དག་ཐོབ་ནས། ཕྱི་ནང་གི་རྒྱུད་མཐའ་དག་ཤེས་པར་བྱས་ནས། རྒྱུད་རྣམས་ཐམས་ཅད་ཤེས་པར་བྱ། །ཞེས་བྱ་བའི་དོན་ཏོ། །དེ་ནས་ཐ་མར་དཔལ་དགྱེས་པ་རྡོ་རྗེའི་སྒོར་ཞུགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་
མནོས་ནས། སྒྲུབ་པ་ལ་ཞུགས་པས་ནི་གདོན་མི་ཟ་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། དེ་བས་ན། དེ་ནས་དགྱེས་རྡོར་ལ་དགོད་དེ། །སློབ་མ་གུས་པས་བླངས་ནས་ནི། །འགྲུབ་པར་ཡང་ནི་ཐེ་ཚོམ་མེད། །ཅེས་པའི་དོན་ཏོ། །བརྟག་པ་གཉིས་པ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།
ད་ནི་ལེའུ་དགུ་པའི་དོན་འཆད་དེ། དཀོན་མཆོག་གསུམ་དང་བླ་མའི་དགྲར་གྱུར་པ་ལ། དྲག་པོའི་ཆོ་ག་བྱ་བ་སྟེ། ཁ་སྦྱར་ལས་བྱུང་མཚན་ཉིད་ནི། །ཞེས་པ་ལ། ལས་བྱུང་ནི་དགྲའི་ཕུང་པོ་ལས་སེམས་དབྱུང་བ་ལ་བྱའོ། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས། །ཞེས་བྱ་བ་ནི། དགྲའི་ལྟེ་བ་
ཨཾ་ཀུ་ཤས་སེམས་དྲངས་ཏེ། སྙིང་གར་ཡིག་འབྲུ་གསུམ་བསྡུས་ལ། ཕྱིར་ཕྱུང་ན་འཆི་སྟེ། དེ་ལྟ་བུའི་སྦྱོར་བ་ལ་ལན་མང་དུ་བྱ་བས་ནི། སངས་རྒྱས་ཀྱང་འཇིག་ཅེས་བྱ་བའི་དོན། ཡང་དགྲའི་སྙིང་ག་ན་ཡི་གེ་ནྲྀ་གནས་པ་གོང་མ་བཞིན་དུ་ལྕགས་ཀྱུས་བླངས་ན་འགྲུབ་ཅེས་པའི་ཐ་
ཚིག་གོ། །དེ་ཡང་ཐོག་མ་དང་དབུས་དང་ཐ་མར་སྙིང་རྗེ་ཆེན་པོས་ཟིན་པར་བྱའོ། །སྙིང་རྗེ་དང་བྲལ་བ་ནི་བདག་ཉིད་ཀྱང་བརླག་པར་འགྱུར་རོ། །དེ་ནས་ལམ་དུ་ཁབ་བསམས་ཏེ། ཞེས་བྱ་བ་ལ། དགྲ་དེའི་སྙིང་ག་དང་སྤུའི་ཁུང་བུ་ཀུན་དུ་ཡང་ཁབ་ཀྱིས་གཙགས་པར་བསམས་ལ། སྙིང་ལ་
སོགས་པ་མེས་ཀྱང་ཚིག་པར་བསམས་ན་འཆི་བར་འགྱུར་རོ། །ལྟོས་ཤིག་ལྷ་མོ་རིན་ཆེན་མ། །ཞེས་བྱ་བ་ནི། རིན་པོ་ཆེ་མིག་མ་ཕུག་པ་ནི་རིན་ཆུང་ལ། ཕུག་པ་ནི་རིན་ཆེའོ། །དེ་བཞིན་དུ་སྲིད་པ་དག་པར་བྱེད་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྙེད་པ་ནི། རིན་ཆེན་མ་ཞེས་བྱ་ལ། །

དངོས་པོར་རྟོག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟ་བུའི་འབར་བའི་སྐུས་སྒྲུབ་པའི་སྦྱོར་བ་བྱས་ན། ཇི་ལྟར་འདོད་པའི་གྲུབ་པ་ཐོབ། །ཅེས་པའི་དོན་ཏོ། །དེ་ལྟ་བུ་ནི་དཀྱིལ་འཁོར་རིན་པོ་ཆེ་ལྟ་བུ་ཡིན་པས་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་དོན་ཏོ། །ལྷག་མ་རྣམས་ནི་བརྡ་ཕྲད་སླ་
བས་མ་བྲིས་སོ། །གསང་སྔགས་དག་ནི་ང་ཡིས་བཤད། །དང་པོ་རྣམ་པར་སྣང་མཛད་དེ། །ཞེས་པ་ལ། ལེའུ་གཉིས་པ་ལས་སྔགས་བཏུ་བསྟན་ཏེ། ཅིའི་ཕྱིར་ན་དམ་ཚིག་མེད་པ་དང་། མུ་སྟེགས་ལ་སོགས་པ་གཟུ་ལུམས་ཅན་དག་གིས་མི་རྟོགས་པར་བྱ་བའི་ཕྱིར་སྦས་ཏེ་
བསྟན་པ་ཡིན་ནོ། །ཅི་སྟེ་དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་ལྐོག་ཏུ་མ་གྱུར་ཅིང་ཁྱབ་པའི་ཐུགས་རྗེ་མངའ་བ་ཡིན་ན། འདིར་ཡི་གེ་ལ་སོགས་པ་སྦས་པ་འགལ་ལོ་ཞེ་ན། འོན་ཏེ་དེ་བཞིན་གཤེགས་པ་ལ་དབྲི་བཀོལ་དང་བྱེ་བྲག་ཏུ་མི་མངའ་ཡང་། འགྲོ་བ་སྣོད་དུ་མ་གྱུར་པ་
རྣམས་ཀྱིས་དོན་ལ་འཇུག་པར་མི་ནུས་པ་རྣམས་ལ་རིམ་གྱིས་ཐེག་པའི་ཁྱད་པར་ལ་བློ་སྦྱངས་ཏེ་ནམ་ཞིག་དེའི་སྣོད་དུ་གྱུར་པ་ན། གདོད་བསྟན་པ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་ནས་བསྐལ་པར་བཞུགས་ཏེ། འགྲོ་བ་རིམ་གྱིས་བྱང་ཆུབ་ལ་
དགོད་ཀྱི། བྱེད་པ་པོ་ལྟར་སྐད་ཅིག་གིས་ཅིག་ཅར་ནི་མི་འགོད་པའི་ཕྱིར་རོ། །འོན་ཏང་ན་སྣོད་དུ་རུང་བའི་དབང་པོ་མཆོག་དང་ལྡན་པ་རྣམས་ལ་ནི། གསང་བའི་ཐེག་པ་བསྟན་གྱི། དེ་ལྟ་མ་ཡིན་པ་རྣམས་ལ་ནི་ཐེག་པའི་རིམ་པ་གཞན་དང་གཞན་བསྟན་པ་ཡིན་ཏེ། དབང་མ་བསྐུར་ཞིང་
དམ་ཚིག་ལ་མི་གནས་པ་རྣམས་ལ་གསང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས་ཀྱང་། དམ་ཚིག་ལ་མ་ཞུགས་པ་གསང་བའི་ཚད་ནི། བྱམས་པ་བྱང་ཆུབ་སེམས་དཔའ་ཡང་འོད་དུ་མི་སྣང་ངོ་ཞེས་བཀའ་སྩལ་པ་དང་། གསོལ་བ་བདག་ནི་ཚེ་གཅིག་གིས་
ཐོགས་པའི་བྱང་ཆུབ་སེམས་དཔའ་ནི། དུས་ཕྱི་མ་ལ་མངོན་པར་འཚང་རྒྱ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་

ཁྱབ་པ་བདག་གིས་མཐོང་སྟེ། སངས་རྒྱས་ཀྱི་ས་ལས་དར་ལས་བསྒྲིབས་པ་ཙམ་དུ་བས་ཏེ། ཅི་ལ་ཡང་གསང་བ་མ་མཆིས་པ། དཀྱིལ་འཁོར་འདི་མཛད་པ་བདག་ལ་གསང་དུ་ཅི་མཆིས་ཞེས་གསོལ་པ་དང་། བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་ཐམས་
ཅད་མཐོང་གིས་ཀྱང་། ཁྱོད་ཀྱི་དཀྱིལ་འཁོར་འདིའི་དམ་ཚིག་ལ་སྔར་མ་ཞུགས་པ་བསྟན་དུ་མི་གནང་ངོ་ཞེས་བཀའ་སྩལ་ནས། ཕྱིས་བྱམས་པ་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་འདི་ཉིད་དུ་ཞུགས་ནས། མགུ་རངས་ཏེ་བསྟོད་དོ་ཞེས་གསུངས་པ་དང་། རྒྱུད་འདི་ཉིད་ལས་ཀྱང་།
དགྱེས་པའི་རྡོ་རྗེའི་དབང་མིན་པར། །དགོངས་པའི་ཚིག་རྣམས་སྨྲ་བ་ནི། །དེ་ནི་དམ་ཚིག་ཉམས་འགྱུར་བར། །འགྲོ་བར་ཡང་ནི་ཐེ་ཚོམ་མེད། །གདོན་དང་ཆོམ་དང་རྐུན་པོ་དང་། །རིམས་དང་གདོན་དང་དུག་རྣམས་ཀྱིས། །གལ་ཏེ་སངས་རྒྱས་ཉིད་འཆི་ཞེའོ། །དེ་བས་ན་སྔགས་ཀྱི་དོན་
སྦས་ཏེ་བསྟན་པས་ན་འགལ་བ་མེད་དོ། །དང་པོ་རྣམ་པར་སྣང་མཛད་དེ། །ཞེས་པ་ནི་ཨོཾ་མོ། །ཨུཥྨ་ཎ་ཡི་བཞི་པ་ལ། །ཞེས་བྱ་བ་ནི་ཧའོ། །པུཀྐ་སཱིས་མཛེས་སྟོང་པས་མནན། །ཞེས་པ་ནི་ཨུའོ། །སྟོང་པས་མནན་པ་ནི་ཐིག་ལེའོ། །དེ་གསུམ་འདུས་པ་ལས་ནི་ཧཱུཾ་འགྲུབ་བོ། །དེའི་མཐར་
སྭཱ་ཧཱ་ནི་གནོན་པའི་སྔགས་སོ། །ཐོག་མར་སྡེ་ཚན་དང་པོ་སྟེ། ཞེས་བྱ་བ་ནི་ཨའོ། །དེ་ནས་མཁའ་སྤྱོད་དེ་བཞིན་ཏེ། །ཞེས་པ་ནི་ཨུའོ། །མཐར་ནི་སྭཱ་ཧཱར་སྦྱར་བར་བྱ། །ཞེས་པ་ལ། སྟོང་པ་ནི་ཐིག་ལེའོ། །སྭཱ་ཧཱ་ནི་དངོས་པོ་སྟེ། སྡང་བར་བྱ་བའི་སྔགས་སོ། །དངོས་སུ་ཨོཾ་བཛྲི་སྭཱ་ཧཱ་ཞེས་
བྱ་བའོ། །དང་པོ་སྡེ་ཡི་དབང་ཕྱུག་དང་། །ཞེས་པ་ནི་ཨའོ། །ལྔ་པ་ཡི་ནི་གསུམ་པ་དང་། །ཞེས་པ་ནི་བའོ། །སྟོང་པ་མཁའ་འགྲོ་སྦྱར་ནས་ཀྱང་། །ཞེས་པ་ལ། སྟོང་པ་ནི་ཐིག་ལེའོ། །མཁའ་འགྲོ་ནི་ཨུའོ། །སྭཱ་ཧཱ་མཐར་བཅས་མངོན་སྤྱོད་བྱེད། །ཅེས་པ་ནི། དངོས་སུ་ཨོཾ་བུཾ་སྭཱ་ཧཱ་ཞེས་
བྱའོ། །སྡེ་ཚན་ཐོག་མ་ཉིད་ལ་ནི། །ཞེས་པ་ནི་ཨེའོ། །ཧཱུཾ་ནི་དམར་པོ་དང་ལྡན་པ། སྭཱ་ཧཱ་མཐར་བཅས་དང་ལྡན་པ། །ཞེས་བྱ་བ་ནི། དངོས་སུ་ཨོཾ་ཧཱུྃ་སྭཱ་ཧཱ་སྟེ་དགུག་པའི་སྔགས་སོ། །ཐོག་མའི་གཏི་མུག་རིགས་ཅན་ལ། །ཞེས་པ་ནི་ཨོའོ། །གྷུ་ཞེས་ཀྱང་ནི་ཡང་དག་སྦྱར། །མཐར་ཡང་སྭཱ་ཧཱ་

སྦྱར་བ་ནི། ལྷ་དང་མི་ནི་གསོད་པར་འགྱུར། །ཞེས་བྱ་བ་ནི་དངོས་སུ་ཨོཾ་གྷུ་སྭཱ་ཧཱ་ཞེས་བྱའོ། །ཐོག་མ་ནི་དང་པོ་ཞེས་བྱ་བ་ནི་ཨོཾ་མོ། །རྡོ་རྗེ་མཁའ་འགྲོ་ཡང་དག་སྦྱར། །ཞེས་བྱ་བ་ནི་ཨུའོ། །ཐོག་མར་རྣམ་སྣང་ཉིད་ལ་ནི། །ཞེས་བྱ་བ་ནི་ཨའོ། །མཐར་གནས་པ་ཡི་གཉིས་པ་ལ། །ཞེས་
བྱ་བ་ནི་རའོ། །རྡོ་རྗེ་མཁའ་འགྲོ་དག་གིས་སྦྱར། །ཞེས་བྱ་བ་ནི་ཨུའོ། །ཐོག་མ་ཡི་ནི་དང་པོ་ལ། །ཞེས་བྱ་བ་ནི་ཀའོ། །མཁའ་འགྲོ་མ་ཡིས་ཡང་དག་སྦྱར། །ཞེས་བྱ་བ་ནི་ཨུའོ། །ཡང་ནི་ཐོག་མའི་དང་པོ་ལ། །མཁའ་འགྲོ་མ་ཡིས་ཡང་དག་སྦྱར། །ཞེས་པ་ནི་ཀ་དང་ཨུ་གཉིས་སོ། །
མཐར་གནས་པའི་གསུམ་པ་ཞེས་པ་ནི་ལའོ། །གཞན་ཡང་དེ་བཞིན་ཡང་དག་སྦྱར། །སྟེང་དུ་ཙཽ་རཱིས་རྣམ་པར་བརྒྱན། །ཞེས་པ་ནི་ཨེའོ། །ཧི་ཞེས་ཀྱང་ནི་ཡང་དག་སྦྱར། །མཐར་ནི་སྭཱ་ཧཱར་ལྡན་པར་བྱ། །ཀུ་རུ་ཀུལླེའི་གསང་སྔགས་སོ། །ཞེས་པ་ལ། དངོས་སུ་ཀུ་རུ་ཀུལླེའི་དྷི། །
ཞེས་པའི་དོན་ཏོ། །དང་པོ་ཨོཾ་སྟེ་བཞི་པ་གསུམ། །ཞེས་པ་ནི། ཨོཾ་ནི་དངོས་སོ། །བཞི་པའི་གསུམ་པ་ནི་དའོ། །ཙཽ་རཱིའི་རྣམ་པར་བརྒྱན་ཞེས་པ་ནི་ཨེའོ། །མཐར་གནས་པ་ཡི་བཞི་པ་ལ། །ཞེས་པ་ནི་ཝའོ། །དེ་བ་པི་ཙུ་བཛྲ་དང་སྦྱར། ཨུཥྨའི་བཞི་པ་ལ་ཞེས་པ་ཧ་དང་ཨ་དང
སྦྱར། །པུཀྐ་སཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཨུའོ། །སྟོང་པས་མནན་ཅིང་སུམ་འགྱུར་རོ། །ཞེས་པ་ནི་ཧཱུཾ་གསུམ་མོ། །ལྔ་པ་ཡི་ནི་གསུམ་པ་ཞེས་པ་ནི་བའོ། །གསུམ་པ་ཡི་ནི་ཐོག་མ་ལ། །ཞེས་པ་ནི་ཊའོ། །མཐར་ནི་སྭཱ་ཧཱར་བཅས་པ་ནི། དགྱེས་པ་ཡི་ནི་སྙིང་པོ་ཡིན། །
ཞེས་པ་ལ། དངོས་སུ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་དགྱེས་པའི་སྙིང་པོ་ཡིན་ཞེས་བྱའོ། །རྣམ་པར་སྣང་མཛད་དང་པོ་ལ། །ཞེས་བྱ་བ་ནི་ཨའོ། །ཛྭ་ལ་ཛྭ་ལ་རྣམ་ཕྱེ་སྟེ་དངོས་སོ། །ལྔ་པ་ཡི་ནི་བཞི་པ་ཞེས་བྱ་བ་ནི་བྷའོ། །མཐར་གནས་པ་ཡི་ཐོག་མར་སྦྱར། །ཞེས་པ་ནི་ཡའོ། །
གྷསྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨོའོ། །ཨུཥྨ་ཎ་ཡི་བཞི་པ་ལས། །ཞེས་པ་ནི་ཧའོ། །རྡོ་རྗེ་མཁའ་འགྲོས་ཡང་དག་བརྒྱན། །ཞེས་བྱ་བ་ནི་ཨའོ། །སྟོང་པས་མནན་ཅིང་སུམ་འགྱུར་རོ། །ཞེས་བྱ་བ་ནི་ཧཱུཾ་གསུམ་མོ། །ལྔ་པའི་གཉིས་པ་ཞེས་བྱ་བ་ནི་ཕའོ། །གསུམ་

པ་ཡི་ནི་དང་པོ་ཞེས་བྱ་བ་ནི་ཊའོ། །སྭཱ་ཧཱའི་མཐའ་དང་བཅས་པ་ནི་དངོས་སོ། །དེ་ཕྱག་བཞི་པའི་སྔགས་སོ། །དང་པོ་རྣམ་པར་སྣང་མཛད་དེ། །ཞེས་པ་ནི་ཨའོ། །ཐོག་མ་ཡི་ནི་དང་པོ་ཞེས་བྱ་བ་ནི་ཀའོ། །གསུམ་པའི་དང་པོ་ཞེས་བྱ་བ་ནི་ཊའོ། །ནང་གི་གོ་རིམས་རྣམ་
པར་སྦྱར། །ཞེས་བྱ་བ་ནི་ཨི་སྟེ་གུ་གུའོ། །གཉིས་འགྱུར་དུ་ནི་བྱ་བ་ཡིས་དངོས་སོ། །ལྔ་པའི་གསུམ་པ་ཞེས་བྱ་བ་ནི་བའོ། །གཉིས་པ་ཡི་ནི་གསུམ་པ་ཛའོ། །མེ་ཡིས་རྣམ་པར་བརྒྱན་པ་ནི་རའོ། །ཧཱུཾ་གསུམ་གྱིས་ནི་རྣམ་པར་སྦྱར། །ཞེས་བྱ་བ་ནི་དངོས་སོ། །ལྔ་པ་ཡི་ནི་གཉིས་པ་དང་། །
ཞེས་བྱ་བ་ནི་ཕའོ། །གསུམ་པ་ཡི་ནི་ཐོག་མ་དང་། །ཞེས་བྱ་བ་ནི་ཊའོ། །མཐར་ནི་སྭཱ་ཧཱ་བྱ་བ་ནི་ཕྱག་དྲུག་པའི་སྔགས་སོ། །དང་པོ་རྣམ་པར་སྣང་མཛད་དེ། །ཞེས་བྱ་བ་ནི་ཨའོ། །བཞི་པའི་དང་པོ་ནི་ཏའོ། །མེ་ཡིས་ཀྱང་ནི་རྣམ་པར་བརྒྱན། །ཞེས་པ་ནི་རའོ། །བེ་ཏཱ་ལཱི་ཡིས་རྣམ་པར་
བརྒྱན། །ཞེས་པ་ནི་ཨེའོ། །མཐར་གནས་པ་ཡི་གསུམ་པ་ལ་ལའོ། །གྷསྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨོའོ། །ཐོག་མ་ཡི་ནི་དང་པོ་ལ། །ཞེས་བྱ་བ་ནི་ཀའོ། །རྡོ་རྗེས་ཀྱང་ནི་ཡང་དག་སྦྱར་བ་ནི་ཨའོ། །ཀྵ་ལ་ཙཽ་རཱིས་བརྒྱན་པ་ནི་ཀྵ་ནི་དངོས་སོ། །ཙཽ་རཱི་ནི་ཨེའོ། །ལྔ་པ་
ཡི་ནི་ཐོག་མ་དང་། །ཞེས་པ་ནི་བའོ། །ཨུཥྨ་ཡི་ནི་བཞི་པ་ནི། །ཞེས་བྱ་བ་ནི་ཧའོ། །རྡོ་རྗེ་འཁའ་འགྲོས་རྣམ་པར་བརྒྱན། །ཞེས་པ་ནི་ཨའོ། །སྟོང་པས་མནན་ཅིང་གསུམ་འགྱུར་ཞེས་བྱ་བ་ནི་ཧཱུཾ་གསུམ་མོ། །ཕཊ་དང་སྭཱ་ཧཱ་མཐར་བཅས་པ་ནི་དངོས་པོ་ཉིད་དེ། ཕྱག་གཉིས་པའི་སྔགས་
སོ། །བདག་མེད་དང་པོའོ་ཐོག་མ་ནི་ཀའོ། །གཉིས་པའི་ཐོག་མ་ནི་ཙའོ། །གསུམ་པའི་ཐོག་མ་ནི་ཊའོ། །བཞི་པའི་ཐོག་མ་ནི་ཏའོ། །ལྔ་པའི་ཐོག་མ་ནི་པའོ། །མཐར་གནས་པའི་ཐོག་མ་ནི་ཡའོ། །ཨུཥྨའི་ཐོག་མ་ནི་ཤའོ། །དང་པོ་རྣམ་པར་སྣང་མཛད་དེ། །ཞེས་པ་ནི་ཨའོ། །མཐར་
ནི་སྭཱ་ཧཱར་བཅས་པ་དག །ཡུལ་འཁྲུག་པའི་སྔགས་ཏེ་འབུམ་དུ་བཟླས་སོ། །མཐར་གནས་པ་ཡི་གཉིས་པ་ནི་རཱའོ། །ཀྵ་ནི་གཉིས་པ། ཧཱུཾ་གསུམ་པ་ནི་དངོས་སོ། །དང་པོ་རྣམ་པར་སྣང་མཛད་ཅེས་པ་ཨའོ། །མཐར་གནས་པ་ནི་སྭཱ་ཧཱ་དང་སྦྱར་བ་ནི། ཞབས་སུ་སྭཱ་ཧཱ་དང་སྦྱར་བ་

སྟེ། རྫས་སྦྱངས་པའི་སྔགས་སོ། །དང་པོ་རྣམ་པར་སྣང་མཛད་དེ། །ཞེས་བྱ་བ་ནི་ཨོཾ་མོ། །རྡོ་རྗེས་ཨཱཿདང་ཧཱུཾ་ཅན་ནི་བཏུང་བ་ལ་སོགས་པ་བྱིན་གྱིས་བརླབས་པའི་སྔགས་སོ། །དང་པོ་རྣམ་པར་སྣང་མཛད་ནི་ཨོཾ་མོ། །རྡོ་རྗེས་ཨ་ཀཱ་རོ་མུ་ཁཾ་དེ་ཉིད་ནི་གོང་མའི་སྔགས་ཉིད་དོ། །ཨུཥྨ་
ཎའི་གསུམ་པ་ནི་སའོ། །མཐར་གནས་པའི་བཞི་པ་ནི་ཝའོ། །སྟེང་དུ་མེ་ཡིས་རྣམ་པར་བརྒྱན་ནི་རའོ། །དྷརྨཱ་ཎཱཾ་སྟེ་རྗེས་ལ་དངོས་སོ། །རྡོ་རྗེ་ཡང་བྱ་བ་ནི་ཨའོ། །ཨཱདྱ་ནུཏྤནྣ་ཏྭཱཏ་དང་། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ནི་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་གཏོར་མའི་ཆོ་གའོ། །བརྟག་པ་གཉིས་
པའི་སྔགས་བཏུ་བའི་ལེའུ་བཤད་པ་སྟེ། ལེའུ་དགུ་པའི་བཤད་པའོ།། །།དེ་ནས་བརྟག་པ་གཉིས་པའི་ལེའུ་བཅུ་པ་བཤད་དེ། ལེའུ་འདི་ལས་བཟླས་པ་དང་། བགྲང་ཕྲེང་གི་རྣམ་གྲངས་ཀྱིས་ལས་གང་གང་བྱ་བ་དང་། མཐུན་པའི་རྫས་ཀྱིས་བསྐུས་ན་ནོར་བུ་གཟི་བརྗིད་
ཅན་དུ་བྱ་བ་དང་། གཞན་ཡང་ཐ་མའི་ཤྭ་ཉིད་དེ་བྱ་བ་དང་། ས་པ་ནི་གོང་དུ་བཤད་པ་དང་འབྲེལ་ཏོ། །བརྟག་པ་གཉིས་པའི་བཟླས་པའི་ལེའུའི་བཤད་པ་སྟེ་ལེའུ་བཅུ་པའི་བཤད་པའོ།། །།ད་ནི་བརྟག་པ་གཉིས་པའི་ལེའུ་བཅུ་གཅིག་པའི་བཤད་པ་སྟོན་ཏེ། ལེའུ་འདི་
ལས་ནི་རྣལ་འབྱོར་མ་རྣམས་ཀྱི་ལུས་ཀྱི་མཚན་མ་དང་། ལག་པའི་རི་མོ་དང་། ཁ་དོག་གི་མཚན་མ་རྣམས་སྟོན་ཏེ། བརྡ་ཕྲད་སླ་བས་མ་བྲིས་སོ། །༄༅༅། །རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་པཉྫ་ར་མ་ཧཱ་ཏནྟྲ་རཱ་ཛ་སྱ་པ་ཐ་མ་པ་ཏ་ལ་མུ་ཁ་བནྡྷ་ནཱ་མ་པཉྫི་ཀཱ། བོད་སྐད་དུ།
རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀའ་འགྲེལ་ཞལ་ནས་བརྒྱུད་པ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རིང་པོ་ཤེས་རབ་ཀྱིས་དྲངས་ཀྱང་། །ཐུགས་རྗེས་རྣམ་པར་གཟུང་བ་གང་། །
དེ་རྣམས་ཀྱིས་ཀྱང་གཙོ་ཆེན་པོ། །རྡོ་རྗེ་སེམས་དཔའ་དེར་ཕྱག་འཚལ། །ཐར་པ་མཆོག་རྩོལ་འབྱོར་ལྡན་པ། །སློབ་དཔོན་ཞབས་ལ་ཕྱག་འཚལ་ཏེ། །མཁའ་འགྲོ་རྡོ་རྗེ་གུར་གྱི་ནི། །དྲང་བའི་ཕྱིར་ན་ཅུང་ཟད་བྱའོ། །མཁའ་དང་བེམས་པོ་ཞེས་བྱ་བ་ལ་སོགས་པ་ནི། བསྒྲུབ་པར་བྱ་བ་ཉིད་

ཀྱི་སྟོན་པ་པོ་བཅོམ་ལྡན་འདས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དོན་དམ་པའི་བདེན་པ་རྣམ་པར་དཔྱད་དུ་མེད་པར་ཀུན་དུ་གནས་པའི་དོན་དང་དངོས་པོ་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་སྙེད་པ་ཀུན་
དུ་རིག་ཅིང་གསལ་བར་བྱ་བའི་ཕྱིར། ཡང་དག་པར་སྡུད་པར་བྱེད་པའི་རྡོ་རྗེ་སྙིང་པོས་དེ་བཞག་པ་སྟེ། ཀྱེ་རྡོ་རྗེ་ལས་ཀྱང་བརྟན་པ་དང་གཡོ་བ་ལ་ཁྱབ་པར་གནས་པ་ཞེས་བཤད་དེ། གྲུབ་པའི་མཐའ་གཞན་ལ་ཡང་གྲགས་པ་ཉིད་ཀྱི་ཕྱིར་ནའོ། །འབྱུང་བ་ཆེན་པོ་ལྔ་རྣམས་ནི་བསྐྱེད་པའི་རིམ་
པ་དང་འབྲེལ་པ་སྟེ། དེ་རྣམས་ཀྱི་བག་ཆགས་དེ་ནི་བདག་པོ་ཡིན་པས་ན། དེ་རྣམས་དང་པོར་བརྗོད་པར་བྱའོ། །དེ་རྣམས་ཀྱི་ནང་ན་ཡང་ནམ་མཁའ་ནི་ཤིན་ཏུ་གསལ་བ་མ་ཡིན་པའི་ཕྱིར་ན། དེ་ཉིད་ཐོག་མར་བརྗོད་པར་བྱ་སྟེ། མཁའ་ནི་སྒྲིབ་པ་མེད་པའོ། །བེམས་པོ་ནི་སྲ་བའི་རང་བཞིན་
ཏེ་སའོ། །གསལ་བ་ནི་འཛག་པ་སྟེ་ཆུ་རྣམས་སོ། །གོ་སྐབས་མེད་པ་ནི་དེས་བསྲེགས་པས་ན་གོ་སྐབས་རབ་ཏུ་མི་སྟེར་བ་སྟེ་མེའོ། །གསལ་བྱེད་ནི། མིག་དང་ཡུལ་གྱི་རླུང་སྟེ་དེ་རྣམས་ཉིད་ནི་སྦོས་བྱེད་མ་ལ་སོགས་པ་རྣམས་སུ་འགྱུར་རོ། །དེ་ལྟར་ཡང་གསུངས་པ་ནི་སྦོས་བྱེད་མར་
བཤད་དེ། དེ་བཞིན་ཆུ་ཁམས་རི་ཁྲོད་མ། །མེ་ནི་གྲགས་འཛིན་མར་བཤད་དེ། །རླུང་ནི་སྨེ་མོར་རབ་ཏུ་གྲགས། །ཞེས་སོ། །མཁའ་དང་ཞེས་པ་ནི་བདེ་བའོ། །ཡང་ལྷའི་རྣལ་འབྱོར་འཛིན་པ་ན། །དེ་རྣམས་བསྐྱེད་པའི་རིམ་པའི་རྟེན་གྱི་དངོས་པོར་བལྟ་བར་བྱ་བ་གསུངས་པ།
སྣ་ཚོགས་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་ནི་འགྲོ་བ་ཐམས་ཅད་ཀྱི་ཁྱབ་པར་བྱེད་པའི་ཕྱིར་དང་། སྟོང་པའི་རང་བཞིན་གྱིས་ནམ་མཁའ་འོ། །རྡོ་རྗེ་བཞི་ནི་སྣ་ཚོགས་རྡོ་རྗེ་དང་། །རྡོ་རྗེ་སེམས་དཔའི་ཡང་གནས་ཏེ། །དབང་ཆེན་གྱི་དཀྱིལ་འཁོར་རོ། །གནས་ཁང་ནི་དེའི་གནས་
ཁང་སྟེ། ཆུའི་དཀྱིལ་འཁོར་རོ། །སེམས་ཅན་ཁམས་དང་ཞེས་པ་ནི། །དེའི་འོག་མ་སྟེ་མེའི་དཀྱིལ་འཁོར་རོ། །ཡིད་རོལ་ཞེས་པ་ནི། ཡིད་དང་ལྷན་ཅིག་ཏུ་རོལ་པ་སྟེ་རླུང་ངོ་། །རྟེན་དེ་རྣམས་ཀྱིས་སྤྲོ་བ་དང་བཅས་པ་གསུངས་པ། ས་འོག་ཅེས་པ་ལ་སོགས་པ་སྟེ། སའི་འོག་དང་

སའི་སྟེང་དང་། མཐོ་རིས་དང་བར་སྣང་རྣམས་སོ། །དེ་ནས་འཇིག་རྟེན་ཐམས་ཅད་ཀུན་དུ་གནས་པའི་ཁྱད་པར་གསུངས་པ། ཡིད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་རྣམས་ནི་ལྷ་མོ་རྣམས་སུ་འགྱུར་ཏེ། འདི་ལྟར་མཁའ་སྤྱོད་ཐུགས་ཀྱི་རྡོ་རྗེ་སྟེ། ས་སྤྱོད་གསུང་གི་རྡོ་རྗེ་མ། །
སྐུ་ནི་ས་འོག་གནས་པ་མོ། །ཨོཾ་ཨཱཿཧཱུཾ་གིས་བཅོམ་ལྡན་བྱས། །ཞེས་སོ། །ལུས་ལ་སོགས་པའི་བྱ་བ་གསུངས་པ། གཅིག་དང་ཞེས་པ་ལ་སོགས་པ་སྟེ། གཅིག་ནི་གཉིས་སུ་མེད་པའི་རྣམ་པར་ཤེས་པའོ། །གཉིས་ནི་གཟུང་བ་དང་འཛིན་པའོ། །མཁའ་བདེ་ནི་དངོས་པོ་དང་དངོས་པོ་
མེད་པའི་བདེ་བ་སྟེ། དེ་སྐད་དུ་ཡང་ཡེ་ཤེས་ཆེན་པོ་འདི་ཉིད་ནི། །ལུས་ཀུན་ལ་ནི་ཁྱབ་པར་གནས། །གཉིས་དང་གཉིས་མེད་རང་བཞིན་ཅན། །མངའ་བདག་དངོས་དང་དངོས་མེད་བདག །ཅེས་སོ། །ད་ནི་རིགས་དྲུག་པོ་རྣམས་རྣམ་པར་དག་པར་འགྱུར་བར་གསུངས་པ། དྲུག་དང་ཞེས་
པ་སྟེ། དྲུག་ཅེས་པ་ནི། འདི་ལྟར་རིགས་དྲུག་པོ་རྣམས་ངེས་པར་བརྗོད་པ་ཡིན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེ་བཞིན་དུ་ནི་དམ་ཚིག་དང་། །སེམས་དཔའ་དང་ནི་ནོར་བུ་སྟེ། །རིགས་དྲུག་པོར་གསུངས་དེ་རྣམས་ནི། །འདོད་པ་ཐར་པ་རབ་བསྒྲུབ་པའོ། །ཞེས་སོ། །བྱེ་བྲག་
ཏུ་སྨྲ་བ་དང་། མདོ་སྡེ་པའི་རྗེས་སུ་འབྲངས་པ་ཡིན་ན། གང་འགྲོ་བ་དེ་རྣམས་ཀྱིས་ཁྱད་པར་བྱེད་པ་ཡིན་པར་བལྟ་བ་ནི། ལྔ་དང་ཞེས་པ་སྟེ། ལྔ་ནི་ཕུང་པོ་ལྔའོ། །དེ་རྣམས་ཀྱང་ལྷ་རྣམས་ཡིན་ཏེ། འདི་ལྟར། གཟུགས་ཕུང་རྡོ་རྗེ་མར་འགྱུར་ཏེ། །ཚོར་བ་ལ་ནི་སེར་མོར་བཤད། །འདུ་
ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་ལ། །བདག་མེད་རྣལ་འབྱོར་མ་བཞུགས་ཏེ། །ཞེ་སྡང་ལ་སོགས་ལྔ་པོར་གསུངས། །ཞེས་པས་སོ། །དེ་རྣམས་ཀྱི་རྣམ་པར་དག་པ་ཡང་ལྷ་མོ་རྣམས་སུ་འགྱུར་ཏེ། འདི་ལྟར། ཞེ་སྡང་རྡོ་རྗེ་མ་
རུ་བརྗོད། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །དྲེགས་པ་དེ་བཞིན་སེར་མོ་གསང་། །གཏི་མུག་རྡོ་རྗེ་སོགས་བཤད་པ། །ཞེ་སྡང་སོགས་པ་རྣམ་དག་པའི། །ཞེས་སོ། །གཟུགས་ཀྱི་ཕུང་པོ་སྤྲོས་པ་དང་བཅས་པ་སྐྱེ་མཆེད་བཅུ་གཉིས་སུ་བཞག་པའི་གནས་

སྐབས་ནི། དྲུག་གཉིས་ཞེས་པ་སྟེ། དེ་རྣམས་ཀྱང་ལྷ་མོ་རྣམས་སུ་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟར། མིག་ལ་གཏི་མུག་རྡོ་རྗེ་དགོད། །རྣ་བར་ཞེ་སྡང་རྡོ་རྗེ་སྟེ། །དྲེགས་དང་ཆགས་དང་དེ་བཞིན་རིག །བདག་མེད་མར་ཡང་བསྒོམ་པར་བྱ། །དེ་བཞིན་གཟུགས་ནི་སོར་
མོར་བཤད། །སྒྲ་ནི་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ནི་ཟ་ཕོད་མ་རབ་གྲགས། །རེག་བྱ་ས་སྤྱོད་མར་བཤད་དེ། །མཁའ་སྤྱོད་མ་ནི་ཆོས་ཀྱི་དབྱིངས། །ཞེས་སོ། །བྱེ་བྲག་ཏུ་སྨྲ་བའི་སྐྱེ་མཆེད་བཅུ་གཉིས་ཀྱི་གཞུང་ཡང་། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་
བདག་ཉིད་ནི་གཟུགས་ཀྱི་སྐྱེ་མཆེད་དོ། །དེ་ལ་གཞན་གྱི་ལྟ་བའི་རྗེས་སུ་འབྲངས་པས་གནས་པའི་འགྲོ་བ་འདི་ཡང་ལྷ་རྣམས་ཉིད་དུ་གནས་པར་འགྱུར་བས་གསུངས་པ་ཉིད་དོ། །མདོ་སྡེ་པའི་གཞུང་ནི་འབྱུང་བ་རྣམ་གཉིས་བདེན་པ་མ་ཡིན་པ་ལ། གཟུགས་དང་རེག་བྱ་ལ་སོགས་པ་ནི་
བཞི་པོ་ཞེས་ཏེ། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ནི་བདེན་པའོ། །དེ་རྣམས་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །འདོད་པའི་ཁམས་ལ་སོགས་པ་ནི་གནས་པའི་རང་བཞིན་གསུངས་པ། །འགྲོ་རྣམས་ཞེས་པ་སྟེ། དེ་ཡང་བཞི་ཞེས་པར་འཇུག་གོ། །དེ་ལ་
འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཏེ། འགྲོ་བ་རྣམ་པ་གསུམ་པོ་དང་། འོག་མིན་རྣམས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་པོ་སྦྱར་རོ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་སྤྲོས་པ་དང་བཅས་པ་ཡང་གསུངས་པ། དེ་ལ། ཉི་ཤུར་གཅིག་
གིས་མ་ཚང་དང་། །ཞེས་པ་སྟེ། ཁམས་བཅོ་བརྒྱད་དང་། དེ་རྣམས་ཉིད་ཀྱི་སྐྱེ་བ་མེད་པའི་རང་བཞིན་དང་འདི་དག་བཅུ་དགུ་སྟེ། འདི་ལྟར་དབང་པོ་དང་ནི་ཡུལ་ཉིད་དང་། །དབང་པོའི་རྣམ་པར་ཤེས་རྣམས་ཉིད། །བཅོ་བརྒྱད་ཁམས་སུ་བཤད་པ་སྟེ། །རྣལ་འབྱོར་མ་རྣམས་གོ་བར་
གྱིས། །རང་བཞིན་རྣམས་ཉིད་སྐྱེ་མེད་པ། །བདེན་པ་མ་ཡིན་བརྫུན་མིན་པ། །ཆུ་ཡི་ཟླ་བ་ལྟ་བུ་ནི། །རྣལ་འབྱོར་མ་ཀུན་ཤེས་པར་འདོད། །ཅེས་པ་ནི་ཁམས་བཅོ་བརྒྱད་རྣམ་པར་དག་པ་དང་། ཕུང་པོ་དང་སྐྱེ་མཆེད་རྣམས་རྣམ་པར་དག་པར་ཁོང་དུ་ཆུད་པར་བྱའོ། །སྐྱེ་བ་མེད་པའི་

རང་བཞིན་ནི་རང་བཞིན་གྱིས་དག་པ་ཉིད་དེ། འདི་ཉིད་ཀྱིས་གཞན་ཇི་སྙེད་པ་ངེས་པར་སྦྱོར་བར་ངེས་པའོ། །རྣམ་པར་དག་པ་དེ་ཡིས་ནི། །དེའི་ཁྱད་པར་དུ་ཉེ་བར་མཐོང་བས་གསུངས་སོ། །ཁམས་གསུམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་པའི་ཁམས་ན་ནི་གཉིས་གཉིས་
འཁྱུད་པ་དང་། ལག་པར་འཆང་བ་དང་། དགོད་པ་དང་། ལྟ་བ་ལ་སོགས་པའི་རྒྱུ་མང་པོས་སེམས་ཅན་རྣམས་འཆིང་བ་དེ་ལྟར། ཕ་དང་བུ་དང་མར་གནས་གསུངས་པ། ཕ་དང་ཞེས་པ་ལ་སོགས་པའོ། །གཟུགས་ཀྱི་ཁམས་ལ་གསུངས་པ། ཕྱིར་རོལ་དོན་ཞེས་པ་སྟེ། ཕྱི་རོལ་གྱི་དོན་གྱི་
དངོས་པོ་འདོད་པ་ཉེ་བར་སྤྱོད་ཅིང་། ཀུན་དུ་སྤྱོད་པའི་གཟུགས་བོར་བའོ། །ནང་གི་སེམས་ནི་གཟུགས་མེད་པའི་ཁམས་ཏེ། གཉིས་སུ་མེད་པའི་སེམས་ཙམ་མོ། །བཙུན་མོ་ཀུན་དང་ཞེས་པ་ནི། །འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་འཁོར་ལོའོ། །ཆོས་ནི་བདེན་པའི་ཚོགས་
རྣམས་སོ། །ཐམས་ཅད་ལས་ཞེས་པ་ནི། དེར་བརྐྱང་བ་དང་། བསྐུམ་པ་ལ་སོགས་པའི་བྱ་བ་རྣམས་ཀྱི་དངོས་པོར་འདོད་པ་སྟེ། དེ་ཚད་མས་ཤིན་ཏུ་མ་གྲུབ་པ་ན་འདིར་མི་བརྗོད་དོ། །དེ་རྣམས་ཀྱི་རང་བཞིན་གཞན་དུ་ཡང་གསུངས་པ། བདག་མེད་ཅེས་པ་དང་། བདག་མེད་པ་ནི་གང་ཟག་
ལ་བདག་མེད་པ་འདིས་ནི་བདག་མེད་པའི་དངོས་པོར་ཡང་ངོ་། །དགྲ་བཅོམ་པའི་རང་བཞིན་བྱ་བ་ཙམ་བྱེད་པའི་དངོས་པོ་ལ་གནས་པའི་གཞུང་གསུངས་པ། འབྲས་བུ་ཞེས་པ་ལ་སོགས་པ་སྟེ། འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་
ཉིད་ཀྱི་ཕྱིར་ནའོ། །རྒྱུ་ནི་བདག་མེད་པ་བསྒོམ་པ་ལ་སོགས་པ་སྟེ། སྐྱེད་པར་བྱེད་པའི་ཕྱིར་ནའོ། །བྱེད་པ་ཉིད་ཀྱང་རྒྱུ་འབའ་ཞིག་མ་ཡིན་ཏེ། བྱ་བ་ཡང་ཡེ་ཤེས་སྐྱེད་པའི་ཕྱིར་ན་ཡིན་པར་གསུངས་པ། རྒྱུ་དང་ཞེས་པ་ལ་སོགས་པའོ། །བྱ་བ་ཞེས་པ་ནི་མིང་ངོ་། །གཉིས་པོ་འདི་དག་སོ་
སོར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཕྱིར་ན། འདིར་བསྒྲུབ་པར་གསུངས་པ། བསྒྲུབ་བྱ་སྒྲུབ་པ་རྡོ་རྗེ་ལྡན། །ཞེས་པ་སྟེ། འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ནི་བདག་མེད་པ་བསྒོམས་པས་བསྐྱེད་པར་བྱ་བ་ཡ་ནི་པའི་ཕྱིར་ན་བསྒྲུབ་པར་བྱའོ། །དེ་སྒྲུབ་པ་

ཡང་ཡིན་ཏེ། བདག་མེད་པ་བསྒོམ་པའི་ཤེས་བྱེད་ཡིན་པ་ཉིད་ཀྱི་ཕྱིར་ནའོ། །བདག་མེད་པ་བསྒོམ་པ་ལ་སོགས་པ་ནི་རྒྱུ་མ་ཡིན་པའི་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་ཀྱི་ཤེས་བྱ་ཡིན་པ་ཉིད་ཀྱི་ཕྱིར་ནའོ། །སྒྲུབ་པ་ནི་རྒྱུན་དུ་ཞུགས་པའི་
འབྲས་བུ་ལ་སོགས་པའི་སྐྱེ་བར་བྱེད་པ་པོ་ཡིན་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་སྤྱོད་པའི་གཞུང་གིས་འགྲོ་བ་རྣམས་ཀྱིས་གནས་པའི་ཚུལ་ཡང་གསུངས་ཏེ། འབྲས་བུ་དང་རྒྱུའི་དངོས་པོས་འདིར་ཡང་བལྟ་བར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ཞེས་པ་ནི། དོན་དང་སེམས་ཅན་གྱི་བག་
ཆགས་མ་ལུས་པ་ཀུན་གྱི་གཞི་བོར་གྱུར་པ་ནི་ཀུན་གཞིའོ། །ཆོས་ཀྱི་དབྱིངས་ཞེས་པ་ནི། ཆོས་རྣམས་ཀྱི་བདག་ལ་སོགས་པར་འཛིན་པ་སྐྱེད་པ་པོའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པའོ། །མ་སྐྱེས་དངོས་ཞེས་པ་ནི། ཤེས་བྱ་རྣམས་ཀྱི་རང་བཞིན་ནི་མི་ཕྱེད་
པའི་ཕྱིར་ན། སོ་སོའི་རྒྱུ་དང་བྲལ་བའི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་འཁོར་བ་དང་བདག་ཡོད་པ་མ་ཡིན་པའོ། །དགྲ་བཅོམ་པའི་གནས་སྐབས་ཀྱི་འབྲས་བུ་དང་། རྒྱུ་ཙམ་གོང་མ་ཉིད་ཀྱིས་ཀྱང་གསུངས་ཏེ། རྒྱུ་དང་ཞེས་པ་ལ་སོགས་པས་རྒྱུ་དང་འབྲས་བུའི་རྣམ་པར་བཤད་པ་
གསུངས་ལ། འབྲས་བུ་དང་བྱ་བ་ནི་དུ་བ་ལ་སོགས་པ་དང་། མེ་ལ་སོགས་པས་བྱ་བའི་ཕྱིར་དང་། སྒྲུབ་པ་དང་རྒྱུ་ཡང་མེ་དང་དུ་བ་ལ་སོགས་པས་ཤེས་པར་བྱེད་པའི་ཕྱིར་ནའོ། །འདི་དག་ནི་གཉིས་སུ་བསྒྲུབ་པར་བྱ་སྟེ། འདི་ལྟར་དུ་བ་ལ་སོགས་པ་ནི་སྒྲུབ་པ་སྟེ་ཤེས་པར་བྱ་བའི་ཕྱིར་ནའོ། །
མེ་ལ་སོགས་པ་ཡང་སྒྲུབ་པ་ཡིན་ཏེ། བྱེད་པ་པོའི་ཕྱིར་ནའོ། །སངས་རྒྱས་བདག་ཉིད་ཆ་ཡི་རྣམ་མེད་ཀྱང་། །ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་རྣམས་ཀྱིས། །གཟུང་དང་འཛིན་པར་ཀུན་དུ་རིག་པ་སྟེ། །དབྱེ་དང་ལྡན་པ་ལྟ་བུར་རྣམ་པར་བརྟགས། །ཞེས་པ་ནས། འགྲོ་བ་འདི་དག་ལ་སོགས་པ་ནི་
འདིར་ཚིག་ཙམ་ཉིད་ཡིན་ནོ། །སེམས་ཅན་ཞེས་པ་ལ་སོགས་པ་ལ། སེམས་ཅན་ནི་སྣོད་ཀྱི་འཇིག་རྟེན་གྱི་གཞིའོ། །ཀུན་གཞི་རྣམ་པར་ཤེས་པ་སྟེ། །གནས་དེ་ཉིད་གཅིག་པུ་ཉིད་ཀྱི་ཕྱིར་རོ། །འཚོ་བའི་འཇིག་རྟེན་ཡང་དེའི་ནང་ལས་མ་གཏོགས་པར་སོ་སོའི་བར་གཟུང་བ་མེད་པར་ཧ་ཅང་

ཡང་ཆོས་ཏེ། དེ་ནི་ཆོས་ལ་བདག་མེད་པར་ཞེས་བྱ་བར་གསུངས་སོ། །བདག་གི་འདུ་ཤེས་ཞེས་བྱ་བ་ནི། འདིར་འདུ་ཤེས་ཙམ་ཉིད་དོ་ཞེས་བྱ་བར་དགོངས་སོ། །འདིར་ཡང་དོན་ནི་འདི་ལྟར་འདོད་དེ། སེམས་ཅན་གྱི་ཁམས་དང་ནམ་མཁའི་ཁམས་གང་ཡིན་པ་ལ་གཞན་རྣམས་ཀྱི་བདག་ཏུ་
འདུ་ཤེས་པའི་ཁྱད་པར་གསུངས་པ། བདག་མེད་བདག་གི་འདུ་ཤེས་དང་། །ཞེས་པའོ། །དབུ་མའི་གཞུང་གིས་སྐྱེ་བོ་རྣམས་ཀྱི་རྟེན་གང་ཡིན་པ་གསུངས་པ། དངོས་དང་བྲལ་ཡང་ཞེས་པ་སྟེ། །དངོས་དང་བྲལ་བ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་དངོས་པོ་
དང་བྲལ་བ་མ་ཡིན་པའི་ཕྱིར་རོ། །ཉེ་བར་དམིགས་པའི་གནས་ཀྱི་ཁྱད་པར་གསུངས་པ། བདེ་བ་ཅན་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་དག་གིས་ནི་འཁོར་བའི་སྐྱོན་རྣམས་སྤོང་བ་པོ་རྣལ་འབྱོར་པའི་གནས་སྐབས་རྣམས་བཤད་དོ། །རྡུལ་མེད་ཅེས་པ་ནི། ཡི་གེ་ཨ་ལ་སོགས་པ་
བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་རོ། །སྐྱོན་བྲལ་ཞེས་པ་ནི། ཡི་གེ་ཀ་ལ་སོགས་པས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་རོ། །རྡུལ་བྲལ་ཞེས་པ་ནི་རྡོ་རྗེའོ། །སྡིག་བཅོམ་ཞེས་པ་ནི་རྡོ་རྗེ་ང་རྒྱལ་བྱའོ། །དབའ་རླབས་མེད་ཅེས་པ་ནི་ཏིང་ངེ་འཛིན་ཏོ། །ཀུན་དུ་བཟང་པོའི་དངོས་པོ་ལྷའི་རྣལ་འབྱོར་
ལ་གནས་པ་གསུངས་པ། ནང་གི་བདེ་བ་བདེ་རིགས་དང་། །ཞེས་པའོ། །ལྷའི་རྣལ་འབྱོར་དེ་ཉིད་སྤྲོས་ཏེ་གསུངས་པ། གསང་དང་ཞེས་པ་ལ་སོགས་པའོ། །དེ་ལ་གསང་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཧེ་རུ་ཀའི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་འདིའོ། །དེ་བཞིན་དུ་
མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་དགྱེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རྡོ་རྗེ་ཉི་མའོ། །རྟག་ཏུ་བཞུགས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྟག་པའི་འོ། །ཐམས་ཅད་བདག་ཉིད་ཅེས་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པས། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་དཔའ་བོ་རྟ་མཆོག་གིའོ། །སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། །ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སྐྱེས་བུའི་ཁྱད་པར་རབ་མཆོག་པོར་བྱས་པའི་ལྷའོ། །སྐྱེས་བུའི་ཁྱད་པར་ནི། ལྷག་པའི་ལྷ་ཉིད་གཅིག་པུ་ཞེས་པའོ། །བསྡུས་ཏེ་

བསྟན་པ་དེ་རྒྱས་པར་བསྟན་པ་གསུངས་པ། འབུམ་ཕྲག་ལྔ་ཞེས་པ་ལ་སོགས་པ་སྟེ། བསྡུས་པ་ནི་གོ་རིམས་ཙམ་མོ། །རྒྱས་པ་ནི་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་རྣམས་གོ་རིམས་བཞིན་དུ་མཆོག་ཏུ་གསལ་བར་བྱེད་པའོ། །སེར་མོ་ཞེས་པ་ལ་སོགས་པ་ནི། རིམ་པ་གཅིག་
པའི་དཀྱིལ་འཁོར་གྲུབ་བཞི་པར་སེར་མོ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ནི་ཤར་ལ་སོགས་པའི་སྒོ་རྣམས་སྐྱོང་བའོ། །སྦོས་བྱེད་མ་ལ་སོགས་པ་རྣམས་ནི། དབང་ལྡན་ལ་སོགས་པའི་མཚམས་རྣམས་ན་གནས་པ་སྟེ། དཀྱིལ་འཁོར་དགུའི་བདག་ཉིད་དོ། །དེ་བཞིན་དུ་སྐམ་པ་མོ་ལ་
སོགས་པ་རྣམས་ནི་སྒོ་སྐྱོང་མ་རྣམས་སོ། །མེ་ཏོག་མ་ལ་སོགས་པ་རྣམས་ནི་གྲྭའི་ཆ་རྣམས་སུའོ། །དེ་བཞིན་དུ་ཉི་ཕྱག་མ་ལ་སོགས་པ་རྣམས་ནི་སྒོ་རྣམས་སུའོ། །དེ་བཞིན་དུ་སྒེག་མོ་དང་། ཕྲེང་བ་མོ་དང་། གར་མཁན་མོ་དང་། གླུ་མཁན་མོ་དང་། དེ་རྣམས་ནི་མཚམས་རྣམས་སུའོ། །
དེ་བཞིན་དུ་པདྨོ་ལ་སོགས་པ་རྣམས་ནི་སྒོ་རྣམས་སུའོ། །གླིང་བུ་མ་དང་། པི་ཝང་མ་དང་། རྫ་རྔ་མ་དང་། །རྔེའུ་ཆུང་མ་རྣམས་ནི་གྲྭ་རྣམས་སུ་འགྲོ་བའོ། །དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་རྣམས་ནི་སྒོ་རྣམས་སུ་གནས་སོ། །སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་།
སྒྲོལ་མ་རྣམས་ནི་གྲྭ་རྣམས་སུའོ། །དེ་ལ་བཤད་པ། རྡོ་རྗེ་ཅན་གྱི་ཟླ་གམ་མཚུངས། །ཤར་གྱི་ཕྱེད་ཀྱི་གནས་སུ་ནི། །རྟག་པའི་དཀྱིལ་འཁོར་ཟླུམ་པོའོ། །རྡོ་རྗེ་ཆོས་ཀྱི་པདྨ་མཚུངས། །ཉི་མ་ཡིད་བཞིན་ནོར་བུའི་འོད། །རྣམ་པ་ཀུན་དུ་གྲུ་གསུམ་པ། །རྟ་མཆོག་དེ་ལ་ཤེས་པར་བྱ། །ཞེས་
པ་དེ་ནས་རིམ་པ་གཉིས་པོ་དེ་རྣམས་ལ་ཡང་གནས་པ་ཡིན་ནོ། །དེ་རྣམས་ཀྱི་རིམ་པ། །དབུ་མ་འདི་ཡི་དགོངས་པ་ནི། །སྐྱེ་འགྲོ་མི་ཟད་མགྲོན་གཉེར་ཕྱིར། །ཞེས་པ་སྟེ། མི་ཟད་ཅེས་པ་ནི་ཟད་པ་མེད་པའི་ཐར་པའོ། །མགྲོན་གཉེར་ཞེས་པ་ནི། མགྲོན་དུ་གཉེར་བའི་ཕྱིར་ཏེ། ཐར་པ་ཟད་པ་མེད་པ་
དེས་སྐྱེ་འགྲོ་རྣམས་བསྙེན་བཀུར་དང་བཅས་པས་རྟེན་པར་མཛད་པའོ། །ཤིན་ཏུ་སྟོང་པ་ཞེས་པ་ནི། ཐམས་ཅད་དུ་ཐབས་སུ་བརྗོད་པའི་ཀུན་རྫོབ་པ་ཡང་རྣམ་པར་སྤངས་པའི་མཚན་ཉིད་དངོས་པོ་མེད་པའི་སྟོང་པ་ཉིད་དེ། དེ་ཐབས་སུ་འདོད་ཅིང་བདེན་པ་མ་ཡིན་པའི་ལུས་སུ་བསྐྱེད་

པའི་ཀུན་རྫོབ་པ་ཡང་མི་སྦྱོར་བས་ནའོ། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཞེས་པ་ནི། བདག་ལ་མཆོག་ཏུ་འཛིན་པ་དང་། ཆོས་ཀྱི་རང་བཞིན་རྣམས་ལ་འཛིན་པ་རྣམས་ཀྱི་སྣང་བ་མེད་པར་བྱ་བའི་ཕྱིར་ཏེ། ཀྱེ་ཀུན་རྫོབ་པ་ཐམས་ཅད་རྣམ་པར་གསལ་བར་བྱའོ་ཞེས་པར་དགོངས་སོ། །
དེ་ལྟར་འདི་ཉིད་ལས་བཤད་པ། །སངས་རྒྱས་ང་རྒྱལ་དུ་དམིགས་ནས། །ཆོས་དབྱིངས་འོད་གསལ་བསྒོམ་པར་བྱ། །ཞེས་སོ། །ལེའུ་དང་པོའི་ཞལ་ནས་བརྒྱུད་པའོ།། །།མཆོད་པའི་ཁྱད་པར་གསུངས་པ། དེ་ནས་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། དག་པའི་གནས་ཞེས་པ་ནི་བདེ་
བ་ཆེན་པོའི་འཁོར་ལོའོ། །གནས་ཆེན་པོ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །སངས་རྒྱས་ཀུན་གྱིས་རབ་གང་བ། །ཞེས་པ་ནི། ཆོས་ཀྱི་འཁོར་ལོའོ། །དག་པའི་གྲོང་ཁྱེར་ཡིད་འོང་བ། །ཞེས་པ་ནི། སྐུའི་འཁོར་ལོ་སྟེ་ལུས་སོ། །ངག་དང་སེམས་ཀྱང་དེ་བཞིན་དུ་དངོས་པོར་འབྱུང་བ་མེད་
པའི་རང་བཞིན་དུ་བསྟན་པའོ། །རྡོ་རྗེ་ལུ་གུ་རྒྱུད་ཅེས་པ་ལ་སོགས་པ་ནི། ཕྱི་དང་ནང་གི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆེན་པོ་སྟེ། ཕྱིའི་བདག་ཉིད་ཀྱི་བསྙེན་པའོ། །དེ་བཞིན་དུ། རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ནས། །ཞེས་པ་ནི། ཉེ་བའི་བསྙེན་པའོ། །མཉེས་དང་ལྡན་པར་གཡོ་འགྱུར་ཏེ། །
ཞེས་པ་ནི་སྒྲུབ་པའོ། །སངས་རྒྱས་རྣམས་ཞེས་པ་ནི། སངས་རྒྱས་རྣམས་སུ་གྱུར་ཏོ་ཞེས་པ་སྟེ། སྒྲུབ་པ་ཆེན་པོའོ། །དེ་ལྟ་བུའི་འབྲས་བུ་ཐོབ་པ་ནི། །འདོད་བྱ་ཆེན་པོ་ཐོབ་པའོ། །ཞེས་དགོངས་སོ། །འདི་ལྟ་བུས་གནས་པ་ཡང་། བྱང་ཆུབ་སེམས་དཔའ་བླ་ན་མེད་པར་གནས་པ་ཡིན་པར་
གསུངས་པ། རྒྱལ་བ་མགོན་པོ་བྱམས་པ་ནི། །ཞེས་པ་ལ་སོགས་པའོ། །ཚར་བཅད་པའི་སྒྲུབ་པ་གསུངས་པ། རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །ཞེས་པ་ལ་སོགས་པའོ། །འབུམ་ཕྲག་ལྔ་པོ་ངེས་བསྡུས་པ། །ཞེས་པ་ནི། རྡོ་རྗ