Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 6
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
ེ་སྙིང་པོ་མངོན་པར་བྱང་ཆུབ་པའི་བརྟག་པ་སུམ་ཅུ་ཐམ་པ་ ལ་སོགས་པའོ། །གར་དང་བཅས་པའི་ཁྱད་པར་གསུངས་པ། ཆོས་འབྱུང་གྲོང་ཁྱེར་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྒྲུབ་པའི་དམ་ཚིག་ནི་པདྨ་དང་དེ་ལས་བྱུང་བ་སྟེ། རྡོ་རྗེ་གོ་འཕང་ཉིད་དང་། གླུ་དེ་རྣམས་ཀྱིས་ལྷ་མོ་བསྟེན་པར་བྱས་ནས་བྱ་བ་ཡིན་ཏེ། གྲོལ་བར་འགྲོ་བའི་ཐབས་ཉིད་ཀྱི་ཕྱིར་ ནའོ། རྫ་རྔ་སྒེག་སོགས་ཐ་མར་ཏེ། །ཞེས་པ་ནི། གཞུག་ཏུ་རྫ་རྔ་ལ་སོགས་པས་ཀྱང་རོལ་པར་བྱའོ། །བདུན་པོ་རྣམ་པར་དག་པར་བྱ། ཞེས་པ་ནི། སངས་རྒྱས་གནས་བཞི་རྣམ་རྫོགས་པར། །རྣམ་པ་ལྔ་པོ་བསྒོམ་བྱས་ལ། །ཀུན་དུ་བཟང་པོ་ལས་བྱུང་ བའི། །རང་ལྷག་ལྷ་ཡི་སྒྲུབ་པའི་ཐབས། །དཀྱིལ་འཁོར་དེ་བཞིན་དགོད་པར་བྱ། །མཆོད་བསྟོད་བདུད་རྩི་མྱང་ལ་སོགས། །རིམ་པ་ཡིས་ནི་བསྒོམ་བྱ་སྟེ། །ཡན་ལག་དྲུག་ཏུ་སྦྱོར་བར་བྱ། །ཞེས་པ་ཡིན་ནོ། །བརྒྱད་པ་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་སྟེ། དེ་ནི་ཕྲ་མོའི་རྣལ་འབྱོར་ ཏེ་བཤད་ཟིན་ཏོ། །རང་བྱིན་གྱིས་བརླབ་པའི་རིམ་པ་གཞན་གསུངས་པ། མགུལ་ཞེས་པ་ལ་སོགས་པ་སྟེ། ལན་ཅིག་གིས་བཏོན་ན་ཞེས་པ་ནི། སྟེང་དུ་འཐོན་པར་བྱེད་པའོ། །དེའི་ཁྱད་པར་གསུངས་པ། འཕྲལ་དུ་ཞེས་པ་ལ་སོགས་པའོ། །ས་སྤྱོད་མ་དང་ཞེས་པ་ལ་སོགས་ པ་ལ། འོ་ན་ས་སྤྱོད་མ་ནི་གསུང་གི་རྡོ་རྗེའི་ཕྱིར་དང་། ས་འོག་ན་གནས་པ་ནི་སྐུའི་རྡོ་རྗེར་བཤད་པའི་ཕྱིར་ན། འདིར་སྔར་བཤད་པ་ལས་གཞན་དུ་སྨྲ་པ་འདི་མི་འགལ་ཞེས་ཟེར་ན། མ་ཡིན་ཏེ་ས་སྤྱོད་མ་དང་སྐུའི་རྡོ་རྗེར་ཡང་འབྲེལ་པ་མེད་ལ། ས་འོག་ན་གནས་པ་དང་གསུང་གི་རྡོ་རྗེ་ ཡང་འབྲེལ་པ་མ་ཡིན་ཏེ། ཉེ་བ་མ་ཡིན་པ་མཐོང་བའི་ཕྱིར་ནའོ། །འབྱུང་བ་བཞི་པོ་རྣམས་ཀྱི་རང་བཞིན་མཚམས་ཀྱི་ལྷ་མོ་རྣམས་ཀྱིས་གསུངས་པ། བྱང་ཆུབ་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་ཏེ་བུམ་པ་ཞེས་པ་ནི། ཆུའི་ཁམས་ཀྱི་རང་བཞིན་ནི་རི་ཁྲོད་མའོ། །རི་ཞེས་པ་ནི་ སའི་ཁམས་ཀྱི་རང་བཞིན་ཏེ། སྦོས་བྱེད་མའོ། །མེ་ཐབ་ཅེས་པ་ནི། མེའི་ཁམས་རྣམ་པར་དག་པ་སྟེ་དྲག་འཛིན་མའོ། །རྒྱལ་མཚན་ཆེ་ཞེས་པ་ནི། རླུང་གི་རང་གི་ངོ་བོ་སྟེ། སྨེ་མའོ། །དཀྱིལ་འཁོར་གྱི་གོ་རིམས་བསྟན་པ་ཡང་། དྲག་འཛིན་མ་དང་། སྦོས་བྱེད་མ་དག་གིས་སྐུལ་བར་ བྱེད་པ་དང་། བྱམས་པ་དང་སྙིང་རྗེའི་དངོས་པོར་ཡང་ཉེ་བར་བསྟན་པའོ། །འདིས་ནི་དོན་འདིར་ཡང་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་ཞེས་པ་ནི་འཛག་པའོ། །རི་ཞེས་པ་ནི་པདྨའོ། །མེ་ཐབ་རྒྱལ་མཚན་ཆེ་ཞེས་པ་ནི་འཇུ་བར་བྱེད་པའི་ཕྱིར་ནི་རྡོ་རྗེའོ། །ལེའུ་གསུམ་པ་ལ་ནི་ཞལ་ནས་ བརྒྱུད་རྒྱུ་མེད་པས་ན་མ་བཀོད་དོ། །དེ་དག་ནི་ལེའུ་བཞི་པའི་ཞལ་ནས་བརྒྱུད་པའོ།། །།ལེའུ་ལྔ་པའི་ཞལ་ནས་བརྒྱུད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་རྣམས་ཀྱི་འབྱུང་གནས་ཡིན། །ཞེས་པ་ནི། ལྷ་རྣམས་ཀྱི་སྐུའི་དཀྱིལ་འཁོར་བསྡུས་པ་ རྣམས་སོ། །དེ་བཤད་པ་གསུངས་པ། བརྒྱད་བརྒྱད་ཀྱི་ནི་དབུས་བཞུགས་སམ། །ཞེས་པ་སྟེ། བརྒྱད་བརྒྱད་པའི་ལྷ་མོ་རྣམས་གང་ཡིན་པའི་སོ་སོ་རེ་རེའི་གཙོ་བོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བརྒྱད་བརྒྱད་པོ་རྣམས་སོ། །དེ་རྣམས་ཀྱི་དབུས་ན་གནས་པའི་དཀྱིལ་འཁོར་གཞན་ པ་ཡང་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་རྣམས་ཇི་ལྟ་བ་བཞིན་དུ་བྲིས་ཏེ། ཡང་དེ་རྣམས་ཀྱི་དབུས་སུ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་པ་དགུའི་བདག་གཉིད་དུའོ། །དཀྱིལ་འཁོར་དབུས་མའི་ཤར་ལ་སོགས་པའི་ཕྱོགས་ རྣམས་སུ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་གནས་དང་། པདྨ་གར་གྱི་དབང་ཕྱུག་དང་། རྟ་མཆོག་གི་དཀྱིལ་འཁོར་རྣམས་དགུ་དགུའི་བདག་ཉིད་ཅན་ནོ། །དེ་ལྟ་བུར་གང་དང་གང་གི་བདག་པོ་དེ་དང་དེའི་རྣམ་པར་འདོད་དོ། །དེ་ལྟ་བུར་བྲིས་པའི་དཀྱིལ་འཁོར་དེ་རྣམས་ཀྱི་དབུས་ མའི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བྲི་བར་བྱའོ། །ཡང་ན་འབྱུང་བ་ལྔ་རྣམས་སུ། །ཞེས་པ་ནི། གང་གི་ཚེ་རིམ་པ་གཉིས་པ་རྣམས་དང་ལྡན་པའི་དཀྱིལ་འཁོར་རྣམས་ཉིད་ལ་འདོད་པའི་ཚེ། རིམ་པ་གཉིས་རྣམས་དང་ལྡན་པར་བྲིས་ཏེ། དེའི་དབུས་ ཀྱི་རིམ་པ་དེ་ལྔའི་བདག་ཉིད་དང་ལྡན་པ་ཉིད་དུ་བྱའོ། །དབུས་མ་དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཡང་འདི་རྣམས་ཀྱིས་རིམ་པ་དབུས་མའི་ཡང་ལྔ་ལྔའི་བདག་ཉིད་དུ་སོ་སོར་བྱས་པས། ཉི་ཤུ་རྩ་ལྔར་གནས་པའི་ལྷའི་དཀྱིལ་འཁོར་དུ་བྱའོ། །གཞན་གཉིས་པོ་ཡང་ དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དགུ་དགུའི་བདག་ཉིད་ཅན་དུ་འགྱུར་བ་དང་། བདག་མེད་མའི་དཀྱིལ་འཁོར་བཅུ་གསུམ་པའི་བདག་ཉིད་དུ་བརྗོད་དེ། དེ་ཉིད་ཆར་ཡང་བསྡུས་པའི་དཀྱིལ་འཁོར་ཡིན་ནོ། །དཀྱིལ་འཁོར་གཉིས་པོའི་སྒོ་སྐྱོང་མ་རྣམས་ཀྱིས་བསྟན་པའི་དཀྱིལ་འཁོར་ གསུངས་པ། སྒོ་སྐྱོང་རྣམས་ཞེས་པ་ལ་སོགས་པ་སྟེ། སྒེག་མོ་དང་། གར་མཁན་མ་ལ་སོགས་པ་རྣམས་དགོད་དོ། །གླང་པོ་ལ་སོགས་རབ་ཏུ་གྲགས། །ཞེས་པ་ནི། གོང་དུ་བཤད་པའི་ཧེ་རུ་ཀའི་ཕྱག་མཚན་རྣམས་སོ། །ནམ་མཁའི་དབྱིངས་ཞེས་པ་ནི་ཆོས་ ཀྱི་འབྱུང་གནས་སོ། །དེའི་མཁའ་ནི་ནམ་མཁའ་ཉིད་དེ། དེའི་རང་གི་ངོ་བོ་ནི་མཆོག་ཏུ་གྲོལ་བའི་གནས་སོ། །དེ་དག་ནི་ལེའུ་ལྔ་པའི་ཞལ་ནས་བརྒྱུད་པའོ། །དྲུག་པ་ནི་མ་བཤད་དོ། །ཁྲག་དང་ཁུ་བ་ལས་བྱུང་ལུས། །ཞེས་པ་ནི། ཉེ་བར་མཚོན་པ་ཙམ་སྟེ། སྐྱོན་གྱི་ཁམས་ཀྱི་དྲི་མ་འདི་ རྣམས་སུ་ཡང་འབྱུང་བར་འགྱུར་ཏེ། དེར་འགྱུར་པ་ཇི་ལྟར་གཟུགས་དང་། གཟུགས་མེད་པའི་ཁམས་སུ་འབྱུང་བ་ནི་མ་ཡིན་ནོ། །གང་གི་ཚེ་ཁམས་གསུམ་པ་རྣམས་སུ་སྐྱེ་བར་འགྱུར་བ་ནི། ས་འོག་དང་ས་སྟེང་དང་། མཐོ་རིས་ལས་བཞི་པ་ཡོད་པ་མ་ཡིན་ལ། དེ་ན་གནས་པ་རྣམས་ ཀྱི་སྐྱེ་བའི་རྒྱུ་ནི་དེ་ཡིན་པར་སྨྲ་བ་དེའི་ཚེ་ན་རྣམ་པར་མྱོས་པའི་སེམས་ཀྱིས་སྨྲས་པ་ཇི་བཞིན་དུ། འདི་ནི་འཇིག་རྟེན་པའི་གྲགས་པ་ལ་ལྟོས་ནས་སྨྲས་པ་ཡིན་གྱི། བསྟན་བཅོས་ལས་གྲགས་པ་ནི་མ་ཡིན་ནོ། །བཞིན་མཛེས་ཞེས་པ་ལ་སོགས་པ་དང་། པདྨ་མེ་ཏོག་གིས་རབ་ ལྡན། །ཞེས་པ་ནི། གསང་བའི་དབང་བསྐུར་བ་ཅུང་ཟད་སྨྲས་པའོ། །པདྨ་དམར་པོས་ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་སུ་གསུངས་པའོ། །དེ་དག་ནི་ཞལ་ནས་བརྒྱུད་པའི་དེ་ཁོ་ན་ཉིད་ཀྱི་བཤད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་སྟོད་ན་གང་དཀའ་བ་རྣམས་བཀྲོལ་ བའོ། །མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀའ་འགྲེལ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཉི་མ་སྦས་པ་ཞེས་བྱ་བ་ཨ་ཝ་དྷཱུ་ཏཱི་པའི་ཞལ་སྔ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར། །༄༅༅། །རྒྱ་གར་སྐད་དུ། ། ཨཱརྱ་ཌཱ་ཀི་ནཱི་བཛྲ་པཉྫ་ར་མ་ཧཱ་ཏནྟྲ་རཱ་ཛ་ཀལྤ་ནཱ་མ་མུ་ཁ་བནྡྷ། བོད་སྐད་དུ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ་དང་པོའི་རྒྱལ་པོའི་བཤད་སྦྱར། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ནག་པོ་ཤེས་རབ་ལས་རིང་བ། །གང་ཞིག་ སྙིང་རྗེ་རྣམ་བཟུང་བ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བའི། །འདྲེན་སྐྱོབ་དེ་ལ་ཕྱག་འཚལ་ཞིང་། །ཐང་མཆོག་དབང་ཕྱུག་རྩོལ་བ་ཡི། །སློབ་དཔོན་ཞབས་ལ་ཕྱག་འཚལ་ནས། །མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །དྲན་ཕྱིར་ཅུང་ཟད་བཤད་པར་བྱ། །ནམ་མཁའ་ལ་ཞེས་བྱ་བ་ལ་ སོགས་པས་དོན་དམ་པར་དངོས་པོ་ཐམས་ཅད་ཀྱི་དོན་དམ་པ་དང་། ཀུན་རྫོབ་ཀྱིས་དཔྱད་ན་ཐམས་ཅད་དུ་བཞུགས་ཏེ། སྟོན་པ་པོ་བཅོམ་ལྡན་འདས་མཁའ་འགྲོ་མའི་རྡོ་རྗེ་གུར་གྱི་བསྒྲུབ་བྱའི་རིགས་པ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་མཛད་པའི་ཕྱིར་རེ་ཞིག་གསལ་བར་བྱའོ། །སྡུད་པར་ བྱེད་པ་རྡོ་རྗེ་སྙིང་པོས་ཀྱེའི་རྡོ་རྗེ་གཡོ་བ་དང་གནས་པར་ཁྱབ་ཅིང་བཞུགས་པ་ཞེས་བྱ་བ་དེ་བརྗོད་དོ། །དེ་ལ་གཞུང་གི་ནང་དུ་བཤད་པའི་ཕྱིར་འབྱུང་བ་ཆེན་པོ་ལྔ་རྣམས་ཀྱི་བསྐྱེད་པའི་རིམ་པའི་འབྲེལ་པ་དང་། དེའི་བག་ཆགས་ཀྱི་བདག་པོ་དེ་དང་པོར་རེ་ཞིག་བཤད་པར་བྱ་སྟེ། དེ་རྣམས་ཀྱི་ནང་ ནས་ནམ་མཁའ་ནི་མི་གསལ་བའི་ཕྱིར་དེ་ཉིད་ལ་སོགས་པ་བརྗོད་པར་བྱའོ། །ནམ་མཁའ་ལ་ཞེས་བྱ་བ་ནི་སྒྲིབ་པ་མེད་པ་ལའོ། །བེམས་པོ་ལ་ཞེས་བྱ་བ་ནི་སྲ་བའི་ཚུལ་དང་ས་ལའོ། །དང་བ་ལ་ཞེས་བྱ་བ་ནི་ཁུ་བ་དང་ཆུ་ལའོ། །གོ་སྐབས་མེད་པ་ལ་ཞེས་བྱ་བ་ནི་སྲེད་པར་བྱེད་པ་དང་། གོ་སྐབས་རབ་ཏུ་མི་སྟེར་བའི་ཕྱིར་མེ་ལའོ། །འབྱེད་པ་ལ་ཞེས་བྱ་བ་ནི་མིག་དང་ཡུལ་དང་རླུང་ལའོ། །འདི་རྣམས་ཉིད་ལ་སོགས་པ་ཡང་པུཀྐ་སཱི་ལ་སོགས་པར་འགྱུར་ཏེ། ཡང་ན་ས་ནི་པུཀྐ་སཱི་རུ་བཤད། །ཆུ་ཁམས་རི་ཁྲོད་མར་ནི་བརྗོད། །དྲོད་ནི་གདོལ་པ་མོར་ཤེས་བྱ། །རླུང་ནི་གཡུང་ མོར་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ཀུན་དུ་འཛིན་པ་དང་། གང་དག་རྣམས་ཀྱི་གནས་སུ་དངོས་པོ་རྫོགས་པའི་རིམ་པའི་སེམས་དཔའི་མན་ངག་གསུངས་སོ། །སྣ་ཚོགས་ལ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཁྱབ་པར་མཛད་ པའི་ཕྱིར་ནམ་མཁའ་ལའོ། །རྡོ་རྗེ་བཞི་ལ་ཞེས་བྱ་བ་ནི་སྣ་ཚོགས་འདུལ་བ་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའི་གནས་ཐམས་ཅད་དང་། དབང་ཆེན་གྱི་དཀྱིལ་འཁོར་ལའོ། །གནས་ཁང་ལ་ཞེས་པ་ནི་དེའི་གཞལ་མེད་ཁང་དང་ཆུའི་དཀྱིལ་འཁོར་ལའོ། །སེམས་ཅན་ཁམས་ལ་ཞེས་བྱ་བ་ ནི། དེའི་སྟེང་དུ་འདིས་མེའི་དཀྱིལ་འཁོར་ལའོ། །ཡིད་དུ་འོང་བ་ལ་ཞེས་བྱ་བ་ནི་ཡིད་ཀྱིས་ཡིད་སྡུད་པའོ། །དེ་རྣམས་ཀྱི་གནས་དང་རླུང་གི་དཀྱིལ་འཁོར་ལ་འབྱུང་བ་ཆེན་པོའི་སྤྲོས་པ་དེ་ལ་གནས་པ་སྟེ། སེམས་ཅན་ཆེན་པོ་ལ་ཞེས་བྱ་བ་ནི་འཚོ་བའི་འཇིག་རྟེན་ལའོ། ། སྣོད་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་གནས་དང་ས་ལ་སོགས་པ་དག་ལའང་སྤྲོས་པ་བརྗོད་དོ། །ས་ལ་ཞེས་བྱ་བ་ལ་སོགས་པས་ནི་ས་འོག་དང་མི་ཡུལ་དང་མཐོ་རིས་སུ་བདེ་བར་སྣང་བ་ལའོ། །འཇིག་རྟེན་ཐམས་ཅད་ཁྱབ་པར་གནས་པ་གསུངས་པ། ཡིད་ལ་ཞེས་བྱ་བ་གསུངས་པ་ནི་འདི་རྣམས་ ལ་ལྷ་མོ་རྣམས་སུ་གནས་པ་ཡིན་ཏེ། དེ་ནས་མཁའ་སྤྱོད་མ་ནི་ཐུགས་ཀྱི་རྡོ་རྗེ་དང་། གསུང་གི་རྡོ་རྗེ་ལས་སྤྱོད་མ་དང་། སྐུ་ལ་ཞབས་འོག་གནས་མ་སྟེ། ཨོཾ་ཨཱཿཧཱུཾ་གི་སྙིང་པོ་ལས་བྱུང་བའོ། །སྐུ་ལ་སོགས་པའི་བྱ་བ་ཡང་གསུངས་པ་གཅིག་ལ་གཉིས་ལ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་ པའི་རྣམ་པར་ཤེས་པ་ལའོ། །མཁའ་བདེ་ལ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དང་། དེ་ནམ་མཁའ་ལ་ཞེས་བརྗོད་དེ། །ཡེ་ཤེས་འདི་ཉིད་ཆེན་པོ་སྟེ། ཐམས་ཅད་ལུས་ལ་རྣམ་པར་གནས། གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་པོ་མེད་པའི་གཙོ། ། རིགས་དྲུག་པོ་འདི་རྣམས་རྣམ་པར་དག་པར་གྱུར་པ་འདི་བརྗོད་པར་བྱ་སྟེ། དྲུག་ལ་ཞེས་བྱ་བ་ནི་དེ་ནས་ཡང་རིགས་དྲུག་པོ་རྣམས་མངོན་པར་བརྗོད་པར་ཤེས་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དམ་ཚིག་སེམས་ཅན་ནོར་བུ་སྟེ། །འདོད་པའི་ཐར་པ་རབ་སྒྲུབ་པ། །འདི་རྣམས་ རིགས་ནི་དྲུག་ཏུ་བརྗོད། །བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའི་རྫས་སུ་བཙལ་ན་གང་ཞིག་འགྲོ་བ་དེ་ཡིས་ཁྱབ་པར་བྱེད་པ་བརྟན་པར་བྱ་སྟེ། ལྔ་པ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་འདི་རྣམས་ལྷ་རྣམས་སུ་འགྱུར་བ་སྟེ། དེ་ནས་ཡང་། གཟུགས་ཕུང་ལ་ནི་རྡོ་རྗེ་ཡིན། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེ་སྡང་ལ་སོགས་པ་ཡང་ལྔ་པོ་བསྟན་ཏོ། །དེ་རྣམ་པར་དག་པ་ཡང་ལྷ་མོར་གྱུར་པ་སྟེ། དེ་ཡང་། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་བདག་ རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་སྟེ། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ཞེ་སྡང་ལ་སོགས་སྦྱོང་བའོ། །གཟུགས་ཀྱི་ཕུང་པོ་སྤྲོས་པ་ལ་སྐྱེ་མཆེད་བཅུ་གཉིས་ལ་གནས་པར་རིག་པར་བྱ་སྟེ། དྲུག་གཉིས་ལ་ཞེས་བྱ་བ་ནི་འདི་རྣམས་ལྷ་མོ་ རྣམས་སུ་དབྱེ་བར་བྱ་ཞིང་དེ་ཡང་། མིག་ལ་གཏི་མུག་རྡོ་རྗེ་དགོད། །ཞེ་སྡང་རྡོ་རྗེ་རྣ་བ་ལ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །རེག་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་བསྒོམ་པར་བྱ། །གཟུགས་ལ་དཀར་མོ་ཡང་དག་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། ། དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་ལས་སྤྱོད་མར་ནི་བཤད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །བྱེ་བྲག་ཏུ་སྨྲ་བའི་གཞུང་གི་སྐྱེ་མཆེད་རྣམས་ཀྱང་འབྱུང་བ་དང་འབྱུང་བའི་བདག་ཉིད་ཅན་གྱི་རང་བཞིན་གྱི་སྐྱེ་མཆེད་དེ། དེ་ལ་གཞུང་རྗེས་སུ་བཙལ་བས་འགྲོ་བ་ལ་གནས་པ་འདི་ རྣམས་ཀྱིས་ལྷ་རྣམས་དང་ལྡན་པར་ཐམས་ཅད་དུ་གནས་པར་བརྗོད་པ་ཉིད་དོ། །མདོ་སྡེ་པའི་གཞུང་གིས་ནི་འབྱུང་བ་རྣམས་ཉིད་འགྱུར་བ་ཞེས་བྱ་བ་ནི། གཟུགས་དང་རེག་བྱ་ལ་སོགས་པ་ལ་ཟེར་རོ། །བཞི་ལ་ཞེས་བྱ་བ་ནི། གཟུགས་དང་། རོ་དང་། དྲི་དང་། རེག་བྱ་ལ་སྟེ། འདི་རྣམས་ཉིད་ ལ་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འདོད་ཁམས་ལ་སོགས་པའི་རང་བཞིན་དུ་གནས་པར་གསུངས་པ། སྐྱེ་འགྲོ་ལ་ཞེས་བྱ་བ་ནི་བཞི་ལ་ཡང་ཞེས་བྱ་བ་ཡིན་ཏེ། དེ་ལ་འདོད་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འཇིག་རྟེན་གྱི་ མཆོག་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ནི་འགྲོ་བ་གསུམ་ལའོ། །གཟུགས་ཀྱི་ཡེ་ཤེས་ཀྱི་སྤྲོས་པ་ལ་སོགས་པ་ལ་གསུངས་པ། གཅིག་གིས་ཉི་ཤུར་མ་ཚང་བའམ། །ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་གདོད་མ་ནས་མ་སྐྱེས་པའི་རང་བཞིན་ཞེས་བྱ་བ་ནི། གཅིག་གིས་ཉི་ ཤུར་མ་ཚང་བའོ། །དེ་ཡང་དབང་པོ་དང་། ཡུལ་ཉིད་དང་། དབང་པོའི་རྣམ་པར་ཤེས་པ་ཉིད་དོ། །རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་བཤད། །རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་དེ་བཞིན་བརྫུན་པ་མིན། །ཐམས་ཅད་ཆུ་ཟླ་ལྟ་བུ་སྟེ། །རྣལ་ འབྱོར་མ་ཡི་འདོད་ཤེས་གྱིས། །ཁམས་བཅོ་བརྒྱད་རྣམ་པར་དག་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པར་ཤེས་པར་བྱ་སྟེ། རང་བཞིན་གྱིས་མ་སྐྱེས་པ་ནི་གཅིག་ཏུ་དག་པ་སྟེ། དེ་ཉིད་ཀྱིས་གཞན་ཇི་སྙེད་པ་སྦྱོང་བར་བྱེད་པའོ། །དེ་རྣམ་པར་དག་ པ་ཇི་ལྟ་བུ་ཞེ་ན། དེ་ཁྱད་པར་དུ་ཉེ་བར་བསྟན་པའི་ཕྱིར་མདོར་བྱས་པ། ཁམས་གསུམ་ལ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་འདོད་པའི་ཁམས་སུ་རབ་ཏུ་དགའ་བར་གཉིས་གཉིས་འཁྱུད་པ་དང་། ལག་བཅངས་དང་། དགོད་པ་དང་། བལྟ་བར་བརྗོད་དེ་སེམས་ཅན་རྣམས་ཀྱི་སེམས་པ་ཉིད་ དང་ཕ་དང་བུ་དང་མ་མོ་རྣམ་པར་གནས་པ་ཞེས་བརྗོད་དོ། །ཕ་དང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཁམས་སུ་བརྗོད་དོ། །ཕྱི་རོལ་གྱི་དོན་ལ་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་ཀྱི་རང་བཞིན་སྤངས་པའོ། །ནང་ལ་ཞེས་བྱ་བ་ཡང་གཟུགས་མེད་པའི་ཁམས་སུ་ཡེ་ཤེས་ཙམ་ལའོ། །བཙུན་མོ་ ཀུན་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མཆོག་དང་ལྷ་མོའི་འཁོར་ལའོ། །ཆོས་ལ་ཞེས་བྱ་བ་ནི་དེའི་ཚོགས་ལའོ། །ལས་ཐམས་ཅད་ལ་ཞེས་བྱ་བ་ནི། དེའི་བྱ་བ་ཕལ་པ་ལ་སོགས་པ་ནི་གྲུབ་པ་ཚད་མ་གཅིག་ཏུ་འདིར་མི་སྨྲ་ཞིང་། དེ་རྣམས་ཀྱི་རང་བཞིན་ཡང་དེ་རྣམས་བརྗོད་པར་བྱ་སྟེ། བདག་མེད་ པ་ལ་ཞེས་བྱ་བ་ནི། གང་ཟག་ལ་བདག་མེད་པ་ནི་བདག་མེད་པའོ། །འདིར་ནི་འཁོར་བར་འབྲས་བུ་དང་། བྱེད་རྒྱུ་ཙམ་གྱི་བདག་མེད་པར་ཡང་བསྒོམ་པ་དང་། དགྲ་བཅོམ་པ་ལ་རྣམ་པར་གནས་པའི་གནས་སྐབས་གསུངས་པ། འབྲས་བུ་ལ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་ པ་རྣམས་འབྲས་བུར་སྒྲུབ་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་བདག་མེད་པ་སྒོམ་པ་ལ་སོགས་པ་བྱེད་པ་ལས་སྐྱེ་བའི་ཕྱིར་རོ། །བྱེད་རྒྱུ་ཉིད་འབའ་ཞིག་ནི་རྒྱུ་མ་ཡིན་ནོ། །བྱ་བའང་ཤེས་པར་བྱ་བའི་ཕྱིར་རོ། །རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་ལ། བྱ་བ་ཞེས་བྱ་བ་ནི་བྱ་བའི་མིང་ངོ་། །གཉིས་པོ་དེ་ཡང་སོ་སོར་ བསྒྲུབ་བྱ་དང་། སྒྲུབ་པའི་རང་བཞིན་གྱི་ཕྱིར་གྲུབ་པ་གསུངས་པ། བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་ལ། །ཞེས་བྱ་བ་ནི། དེ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བསྒྲུབ་པར་བྱ་བ་ནི་བདག་མེད་པའི་བསྒོམ་པ་ལས་སྐྱེས་པའི་ཕྱིར་རོ། །སྒྲུབ་པའི་ཐབས་ཀྱང་བདག་མེད་པར་བསྒོམ་ པས་ཤེས་པར་བྱ་བའི་ཕྱིར་རོ། །བདག་མེད་པར་བསྒོམ་པ་ལ་སོགས་པ་ཡང་རྒྱུ་དང་བསྒྲུབ་པར་བྱ་བ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཤེས་པར་བྱ་བའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་བྱེད་པ་པོ་ཉིད་ཀྱི་ཕྱིར་སྒྲུབ་པའི་ཐབས་སོ། །རྣལ་འབྱོར་སྤྱོད་པའི་ གཞུང་གིས་ཀྱང་སྐྱེ་འགྲོའི་གནས་པ་གསུངས། དེ་བཞིན་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། ཀུན་གཞི་རྣམ་ཤེས་ཞེས་བྱ་བ་ནི་བདག་དང་སེམས་ཅན་དང་དོན་ནུབ་ཅིང་བག་ཆགས་སྤངས་པ་ལའོ། །ཆོས་ཀྱི་དབྱིངས་ལ་ཞེས་པ་ནི་ཆོས་རྣམས་ཀྱི་བདག་ལ་སོགས་ པར་འཛིན་པ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་དང་། རྒྱུ་ཉོན་མོངས་པ་ཅན་གྱི་ཡིད་ལའོ། །མ་བྱུང་ཞེས་བྱ་བ་ནི་འདིར་དབྱེར་མེད་པའི་རང་བཞིན་གྱི་ཕྱིར་སོ་སོར་སྐྱེ་བ་སྤངས་པའོ། །བདག་མེད་པ་རྣམས་ཀྱི་སྤྱོད་པ་རྣམ་པར་ཤེས་པ་རྒྱུ་དང་འབྲས་བུ་ཙམ་གྱིས་འཁོར་བར་དགྲ་བཅོམ་པའི་ གནས་སྐབས་གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་དང་རྒྱུའི་རྣམ་པར་འབྲེལ་པ་གསུངས་པའོ། །བྱ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་དང་བྱ་བ་དུ་བ་ལ་སོགས་པ་མེ་ལ་སོགས་པས་མེད་པའི་ཕྱིར་རོ། །བསྒྲུབ་བྱ་དང་གཏན་ཚིགས་མེ་དང་དུ་བས་ཤེས་པར་ བྱ་བའི་ཕྱིར་འདི་གཉིས་ཀའང་སྒྲུབ་ཐབས་སོ། །དེ་ཡང་དུ་བ་ལ་སོགས་པས་སྒྲུབ་པའི་ཐབས་སུ་ཤེས་པར་བྱའོ། །ཕྱི་རོལ་ལ་སོགས་པའི་སྒྲུབ་ཐབས་དང་། བྱེད་པ་པོར་ཆ་ཤས་མེད་པར་བདག་ཉིད་ཀྱི་བློས་མ་ལོག་པར་མཐོང་བས་གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་དབྱེ་བ་ཅན་ ལྟ་བུར་བརྟག་པར་བྱ་སྟེ། འདི་དག་ནི་ཚིག་ཙམ་ཉིད་དོ། །སྐྱེ་འགྲོ་ལ་སོགས་པ་གསུངས་པ། སེམས་ཅན་ལ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཀུན་གཞི་རྣམ་པར་ཤེས་པ་གཅིག་ལས་གཅིག་ཉིད་ཅེས་བྱ་བ་ལ་སོགས་པའི་དགོངས་པ་སྟེ། འདིས་འདིའི་དོན་དུ་མངོན་པར་འདོད་པའོ། །དེ་ལ་ནམ་ མཁའི་ཁམས་ཞེས་བྱ་བ་ནི་སེམས་དཔའི་ཁམས་སོ། །དེ་ལས་གཞན་པ་རྣམས་ཀྱི་བདག། །ཅེས་བྱ་བའི་ཁྱད་པར་གསུངས་པ། བདག་མེད་པ་དང་བདག་ཅེས་བྱ་བ་དང་། ཞེས་བྱ་བ་ནི་དབུ་མའི་གཞུང་གིས་སྐྱེ་འགྲོ་གང་ཞིག་དེའི་གནས་སུ་གསུངས་པའོ། །དངོས་པོ་མེད་དང་ཞེས་བྱ་བ་ནི་ དོན་དམ་པ་ལས་སོ། །དངོས་མེད་མིན་ཞེས་བྱ་བ་ཡང་ཀུན་རྫོབ་ཀྱི་དངོས་པོའི་ཚུལ་གྱི་ཕྱིར་རོ། །ཉེ་བར་ཐོབ་པའི་གནས་ཀྱི་ཁྱད་པར་གསུངས་པ། བདེ་བ་ཅན་དུ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་བའི་ནང་དུ་བྱིང་བའི་གནས་སྐབས་བཞིན་དུ་རྣལ་འབྱོར་རྣམ་པར་སྤྱོད་པའོ། ། ཨ་སྐྱེས་ཞེས་བྱ་བ་ནི། ཨ་ཞེས་བྱ་བ་ལ་སོགས་པའི་ཟླ་བའི་དཀྱིལ་འཁོར་ལའོ། །སྐྱོན་བྲལ་ལ་ཞེས་བྱ་བ་ནི་ཀ་ཞེས་བྱ་བ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་ལའོ། །རྡུལ་བྲལ་ཞེས་བྱ་བ་ནི་རྡོ་རྗེ་ལའོ། །སྡིག་བཅོམ་ཞེས་བྱ་བ་ནི་རྡོ་རྗེའི་ང་རྒྱལ་ལའོ། །དབའ་རླབས་མེད་པའི་རང་བཞིན་ལ། ། ཞེས་བྱ་བ་ནི་ཀུན་དུ་བཟང་པོའི་རྣམ་པ་ལ་ལྷ་གནས་པར་བརྗོད་པའོ། །ལྷའི་སྤྲོས་པ་གསུངས་པ། གསང་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གསང་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཧེ་རུ་ཀའི་དཀྱིལ་འཁོར་འདི་ནི་བསྒྲུབ་པར་བྱ་བའོ། །མཆོག་ནི་འདི་སྐད་དུ་ སོ་སོར་རྟོག་པའི་ཡེ་ཤེས་པདྨ་གར་གྱི་དབང་ཕྱུག་གིའོ། །དགྱེས་པ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དེ་རྡོ་རྗེ་ཉི་མ་ལའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དོ། །སངས་རྒྱས་ཀུན་ཁྱབ་ཅེས་བྱ་བ་ནི་རྟ་མཆོག་གིའོ། །སེམས་ དཔའ་ཞེས་བྱ་བ་ནི་བྱ་བ་ནན་ཏན་ལའོ། །ལྷའི་བདག་པོ་ཞེས་བྱ་བ་ནི་སྐྱེས་བུའི་ཁྱད་པར་གྱི་བྱ་བའོ། །ལྷའི་བདག་པོ་ཞེས་བྱ་བ་ནི་སྐྱེས་བུའི་ཚིག་ལས་གསང་བ་ཞེས་བརྗོད་པ་རྒྱས་པར་གསུངས་པའོ། །ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་མདོར་བསྟན་པའི་རིམ་པའི་རྗེས་སུ་ཡང་ ཧེ་རུ་ཀའི་དཀྱིལ་འཁོར་ལ་ལྷའི་རིམ་པ་མཆོག་རྒྱས་པར་གསུངས་པ། དཀར་མོ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྲུ་བཞི་པ་འཕར་མ་གཅིག་པར་ལྷ་མོ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ནི་ཤར་གྱི་སྒོ་ལ་སོགས་པ་སྲུང་བའོ། །པུཀྐ་སཱི་ལ་སོགས་པ་ནི་དབང་ལྡན་ལ་སོགས་པའི་ མཚམས་སུ་ཡང་དག་པར་གནས་པའོ། །དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་སྐམ་པ་མ་ལ་སོགས་པ་ནི་སྒོ་སྲུང་མའོ། །མེ་ཏོག་མ་ལ་སོགས་པ་ནི་མཚམས་ཀྱི་ཆ་ལའོ། །དེ་བཞིན་དུ་ཉི་མ་ལ་སོགས་པ་ནི་སྒོ་ལའོ། །ལཱ་སྱ་དང་ཕྲེང་བ་མ་དང་དེ་བཞིན་དུ་གར་མ་དང་གླུ་མ་རྣམས་ནི་ མཚམས་སུའོ། །དེ་བཞིན་དུ་པདྨ་ལ་སོགས་པ་ནི་སྒོར་གནས་པའོ། །གླིང་བུ་མ་དང་པི་ཝང་མ་དང་། རྫ་རྔ་མ་དང་། མུ་ཀུནྡ་རྣམས་ནི་མཚམས་སུ་ཤེས་པའོ། །རྡོ་རྗེ་སྒོ་ལྕགས་མ་ལ་སོགས་པ་ནི་སྒོར་གནས་པའོ། །སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ནི་མཚམས་ སུའོ། །གང་དུ་བཤད་པ་ཞེས་བྱ་བ་ནི། སངས་རྒྱས་དཀྱིལ་འཁོར་དཀྱིལ་འཁོར་ཉིད། །རྡོ་རྗེ་ཅན་གྱི་ཟླ་ཕྱེད་མཚུངས། །རྡོ་རྗེ་ཆོས་ཀྱི་པདྨ་འདྲ། །ཉི་མའི་ཡིད་བཞིན་ནོར་བུ་བཞིན། །རྟ་མཆོག་ཅེས་ནི་བྱ་བ་ཡི། །བདེ་གཤེགས་ཀུན་གྱི་གྲུ་གསུམ་མོ། །དེ་ནས་དེ་རྣམས་ཀྱི་སྙིང་པོའི་ འཕར་མའི་དགོངས་པས་འདི་རྣམས་ཀྱི་འཕར་མ་གཉིས་པོ་རྣམས་སུ་ཡང་འགྱུར་རོ། །སྐྱེ་འགྲོ་མི་ཟད་མགྲོན་གཉེར་ཕྱིར། །ཞེས་བྱ་བ་ལ། མི་ཟད་པ་ཞེས་བྱ་བ་ནི། ཐར་པ་ཟད་པ་མེད་པའོ། །མགྲོན་གཉེར་ཕྱིར་ཞེས་བྱ་བ་ནི། །མགྲོན་དུ་གཉེར་བའི་དོན་ཏོ། །མི་ཟད་པ་དེས་བཟའ་ བའི་ཕྱིར་འགྲོ་བ་ལ་གུས་པ་དང་བཅས་པའོ། །སྟོང་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡང་ཐམས་ཅད་ཉེ་བར་བཤད་པ་དངོས་པོའི་མཚན་ཉིད་དང་བྲལ་བའོ། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཞེས་བྱ་བ་ནི་ལུས་བསྐྱེད་པའི་སྦྱོར་བ་ལས་ཀུན་རྫོབ་ཏུ་ཡང་བརྫུན་པའོ། །བདག་ཞེན་བསམ་པ་ ཟློག་པའི་ཕྱིར། །ཞེས་བྱ་བ་ནི་བདག་ལ་མཆོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆོས་སུ་འཛིན་པ་དང་། ཆོས་ཀྱི་རང་བཞིན་དུ་འཛིན་པ་ཚར་བཅད་པའི་ཕྱིར་ཀུན་རྫོབ་ཏུ་ཐམས་ཅད་རིགས་སོ་ཞེས་བྱ་བར་དགོངས་སོ། །དེ་ནས་ཡང་འདི་ཉིད་དུ་བཤད་པ། སངས་རྒྱས་ ཀྱི་ང་རྒྱལ་དུ་དམིགས་ནས་ཆོས་ཀྱི་དབྱིངས་འོད་གསལ་བ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་མཆོད་པའི་ཁྱད་པར་གསུངས་པའོ། །ཡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དག་པའི་གནས་ཞེས་བྱ་བ་ནི། འཁོར་ལོ་ཆེན་པོ་ལའོ། །གནས་ཆེན་པོ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ ལའོ། །སངས་རྒྱས་ཀུན་གྱིས་རབ་གང་བ། །ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལའོ། །རྡོ་རྗེ་རིན་ཆེན་ཀུན་ཁྱབ་པ། །ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ལའོ། །ཕན་པའི་གྲོང་ཁྱེར་ཞེས་བྱ་བ་ནི་སྐུའི་འཁོར་ལོ་སྟེ་ལུས་ལའོ། །གསུང་དང་ཐུགས་དག་ལས་རྣམ་པ་དེ་ལྟར་བྱུང་བའི་རང་བཞིན་ རྒྱས་པར་བསྟན་པའོ། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ནི་ནང་གི་ཕྱི་རོལ་སངས་རྒྱས་ཐམས་ཅད་ཀྱི་སྒྱུ་མ་ཆེན་པོ་སྟེ་ཕྱི་རོལ་དང་ནང་གི་བསྙེན་པའོ། །དེ་ལྟར། ལྕགས་སྒྲོག་རྡོ་རྗེ་བཅིང་བར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྒྲུབ་པའོ། །དགའ་ལྡན་དུ་ནི་ལྡེག་པར་འགྱུར། ། ཞེས་བྱ་བ་ནི་སྒྲུབ་པའོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་ཡང་འབྲས་བུ་ཐོབ་པར་གསུངས་པའོ། །འདོད་པ་ཐོབ་ཅེས་བྱ་བ་ནི་འདིར་ཡང་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ལ་གནས་པ་གསུངས་པའོ། །བྱམས་པ་ཞེས་བྱ་བ་ལ་སོགས་པ་ནི། ལྕགས་ཀྱུ་ མ་ཞེས་བྱ་བ་ལ་སོགས་པས་སྟོབས་ཀྱིས་བསྒྲུབ་པ་གསུངས་པའོ། །འབུམ་ཕྲག་ལྔ་བྲིས་པ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ལ་སོགས་པ་ནི་སྟོང་ཕྲག་སུམ་ཅུས་གར་གྱི་ཁྱད་པར་དང་ལྷན་ཅིག་གསུངས་པའོ། །ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྒྲུབ་པའི་དམ་ཚིག་ གོ། །པདྨ་ནི་དེའི་བྷ་ག་སྟེ་དེ་ཉིད་བུད་མེད་དོ། །གྲོལ་བར་འགྱུར་བའི་ཐབས་ཀྱི་གླུ་ཡིས་རྡོ་རྗེ་ཉིད་བསྐྱེད་པའོ། །མཐར་ནི་རྫ་རྔ་ལཱ་སྱེ་སོགས་ཞེས་བྱ་བ་ནི་མཐར་རྡོ་རྗེ་རྫ་རྔ་ལ་སོགས་པས་རྩེ་བའོ། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་བྱ་བ་ནི། སངས་རྒྱས་གནས་ནི་རྣམ་རྫོགས་དང་། ། རྣམ་པ་ལྔ་པོ་བསྒོམ་པ་དང་། །ཀུན་དུ་བཟང་པོའོ་རང་བཞིན་དང་། །རང་གི་ལྷག་པའི་ལྟར་སྒྲུབ་དང་། །དཀྱིལ་འཁོར་རྣམས་ཀྱི་དགོད་པ་དང་། །མཆོད་བསྟོད་བདུད་རྩི་ལ་སོགས་པ། །རིམ་པས་རྗེས་སུ་བསྒོམ་པར་བྱ། །རྣལ་འབྱོར་ཡན་ལག་དྲུག་ཏུ་དགོད། །རང་བྱིན་གྱིས་བརླབ་པའི་ རིམ་པའི་ཡང་དྲུག་པའོ། །དེ་ཡང་ཕྲ་མོའི་རྣལ་འབྱོར་དུ་བཤད་ན། རང་བྱིན་གྱིས་བརླབ་པའི་རིམ་པ་གཞན་གསུངས་པའོ། །འགུལ་ཞེས་བྱ་བ་ལ་སོགས་པ་ནི་བཏོན་པ་སྟེ། སྟེང་དུ་སྤྱོར་པའི་ཁྱད་པར་དུ་གསུངས་པའོ། །འཕྲལ་དུ་ཞེས་བྱ་བ་ལ་སོགས་པ་ནི་ས་སྤྱོད་མ་ཞེས་བྱ་བ་ པ་སོགས་པ་སྟེ། ངེས་པར་ས་སྤྱོད་མ་ནི་གསུང་གི་རྡོ་རྗེ་དང་ཞབས་འོག་གནས་མ་ནི་སྐུ་ཞེས་བཤད་པ་འདི་ཇི་ལྟར་གོང་འོག་འགལ་བར་འགྱུར། །ཞབས་འོག་གནས་མ་ཞེས་འབྲེལ་བའི་ཕྱིར་ས་སྤྱོད་མ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མ་ཡིན་ཏེ་ངེས་པ་མེད་པར་ཉེ་བར་བསྟན་པའི་ ཕྱིར་རོ། །མཚམས་ཀྱི་ལྷ་མོ་རྣམས་ཀྱི་འབྱུང་བ་བཞིའི་རང་བཞིན་གསུངས་པ། བྱང་སེམས་བུམ་པ་ཞེས་བྱ་བ་ནི། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཆུའི་ཁམས་ཀྱི་རང་བཞིན་ནི་རི་ཁྲོད་མའོ། །རི་རབ་ཅེས་བྱ་བ་ནི་སའི་རང་བཞིན་ཏེ་པུཀྐ་སཱིའོ། །མེའི་ཐབ་ཁུང་ཞེས་བྱ་བ་ནི་དྲོད་ རྣམ་པར་དག་པ་སྟེ་གདོལ་པ་མོའོ། །རྒྱལ་མཚན་ཆེན་པོ་ཞེས་བྱ་བ་ནི་རླུང་གི་རང་བཞིན་ཏེ་གཡུང་མོའོ། །དཀྱིལ་འཁོར་རྣམས་ཀྱི་རིམ་པ་རྒྱས་པར་བསྟན་པ་ཡང་རི་ཁྲོད་མ་དང་། པུཀྐ་སཱི་ཡིས་བསྐུལ་ལ་བྱམས་པ་དང་སྙིང་རྗེ་བྱེད་པ་ཉེ་བར་བསྟན་པ་འདིས་དོན་འདི་ཡང་བརྗོད་དོ། །བྱང་སེམས་ བུམ་པ་རི་རབ་དང་། །ཞེས་བྱ་བ་དང་། པདྨ་དང་ནི་རྒྱལ་མཚན་ཆེ། །ཞེས་བྱ་བ་ནི་ཁུ་བའི་ཕྱིར་རྡོ་རྗེའོ། །དཀྱིལ་འཁོར་རྣམས་ཀྱི་འབྱུང་གནས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ལུས་ཀྱིས་བསྡུས་པའི་དཀྱིལ་འཁོར་རྣམ་པར་འགྲེལ་པ་གསུངས་པའོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཞེས་བྱ་བ་ ནི་སོ་སོར་ལྷ་རྣམས་བརྒྱད་པོ་དག་གི་གཙོ་བོ་བྱིན་གྱིས་བརླབ་པ་རྣམས་ཀྱི་བརྒྱད་བརྒྱད་དེ། དེའི་དབུས་སུ་གནས་པའི་དཀྱིལ་འཁོར་གྱི་མཆོག་བསྒོམ་པ་ཞེས་བྱ་བའི་དོན་ཏེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་ཇི་ལྟ་བར་དང་པོར་བྲིས་ནས་ཀྱང་དེའི་དཀྱིལ་དུ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ དཀྱིལ་འཁོར་དགུའི་བདག་ཉིད་ཅན་ནོ། །དབུས་ཀྱི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་དང་། རྡོ་རྗེ་ཉི་མ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྟ་མཆོག་གི་དཀྱིལ་འཁོར་རྣམས་ནི་སོ་སོ་དགུའི་བདག་ཉིད་ཅན་རྣམས་ཏེ། དེ་ལྟར་བལྟས་ནས་གང་ཞིག་བདག་ པོར་འདོད་པ་དེའི་དཀྱིལ་འཁོར་བྲིས་ནས། དེའི་དཀྱིལ་འཁོར་དེ་ཉིད་ཀྱི་དཀྱིལ་འཁོར་རོ། །ཤར་ལ་སོགས་པའི་ཕྱོགས་སུ་དེ་རྣམས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །ཡང་ན་ཉི་ཤུ་རྩ་ལྔ་རུ། །ཞེས་བྱ་བ་ནི། གང་གི་ཚེ་དཀྱིལ་འཁོར་འདི་རྣམས་འཕར་མ་གཉིས་པ་རྣམས་སུ་འདོད་པ་དེའི་ ཚེ་དཀྱིལ་འཁོར་འཕར་མ་གཉིས་པོ་བྲིས་ནས། དེའི་དབུས་ཀྱི་འཕར་མ་ལ་དེ་ཉིད་ཀྱི་ལྔའི་བདག་ཉིད་ཅན་གྱི་དབུས་ཀྱི་འཕར་མ་ལའོ། །དེའི་ཤར་ལ་སོགས་པའི་ཕྱོགས་སུ་གཞན་རྣམས་ཀྱི་སྙིང་པོའི་འཕར་མ་རྣམས་སོ་སོར་ལྔའི་བདག་ཉིད་ཅན་རྣམས་སོ། །ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་ འཁོར་ལས་གཞན་པར་གྱུར་པ་གཉིས་པོ་དག་ལ་ཡང་གཞན་དག་ཧེ་རུ་ཀའི་དཀྱིལ་འཁོར་དགུའི་བདག་ཉིད་ཅན་དང་། བདག་མེད་མའི་དཀྱིལ་འཁོར་ཡང་བཅུ་གསུམ་གྱི་བདག་ཉིད་ཀྱི་གསུངས་སོ། །བསྡུས་པའི་དཀྱིལ་འཁོར་གཉིས་པོ་དག་ལ་དཀྱིལ་འཁོར་གཉིས་ པོ་དག་གི་གནས་སུ་དཀྱིལ་འཁོར་གྱི་སྒོ་སྲུང་དགོད་པར་བྱ་བ་གསུངས། སྒོ་སྲུང་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ། །གླང་པོ་ལ་སོགས་རབ་ཏུ་གྲགས། །ཞེས་བྱ་བ་ནི་གོང་དུ་གསུངས་པའི་ཧེ་རུ་ཀའི་ཕྱག་མཚན་རྣམས་སོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཏེ། དེའི་མཁའ་ནི་ནམ་མཁའ་ཉིད་དོ། །དེའི་རང་བཞིན་ནི་ཐར་པ་མཆོག་གི་གནས་ཏེ། ཁྲག་དང་ཁུ་བས་ཁྱབ་པའི་ལུས། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ། །གཞན་རྣམས་ཀྱི་ཡང་དྲི་མ་རྣམས་འབྱུང་བའི་ཕྱིར་སྐྱོན་གྱི་ཁམས་སོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་མ་བྱུང་བའི་ཕྱིར་དེ་ ཡང་འབྱུང་ངོ་། །གལ་ཏེ་ཡང་ཁམས་གསུམ་གྱི་འབྱུང་བ་སྤངས་ནས། ས་དང་ས་འོག་བར་སྣང་ཞེས་བྱ་བ་ནི། འདིར་གནས་རྣམས་གསུངས་པའོ། །ཇི་ལྟར་རླུང་གིས་དཀྲུགས་པའི་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་གྱི་གྲགས་པར་གསུངས་པ་སྟེ། བསྟན་བཅོས་ཀྱི་གྲགས་པ་ནི་མ་ཡིན་ནོ་ ཤིན་ཏུ་བཞིན་མཛེས་ཞེས་བྱ་བ་ལ་སོགས་པ་དང་། པདྨ་མེ་ཏོག་ཡང་དག་ལྡན། །ཞེས་བྱ་བ་ནི་པདྨ་དང་། མེ་ཏོག་གིས་ཡང་དག་པར་ལྡན་པ་ཞེས་བྱ་བ་གསང་བའི་དབང་ཅུང་ཟད་གསུངས་སོ། །པདྨ་དམར་པོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་གསུངས་པའོ།། །།འཕགས་པ་ མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པའི་བཤད་སྦྱར་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་ཛཱ་ལི་པཉྫ་ཏནྟྲ་རཱ་ཛ་སྱ་ཏཏྟྭ་པཽཥྚཱི་ཀ་པཉྫི་ཀཱ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རླབས་ཚོགས་ གཡོ་བའི་མཚོ་ཡི་ཆུ་ནི་ཆུ་སྐྱེས་དམར་པོའི་སྟེང་གནས་ངང་པ་ཡི། །ཕྲེང་བས་བརྒྱན་ལྟར་གང་གི་ཕྱག་རྣམས་ཐོད་པའི་ཕྲེང་བས་ཤིན་ཏུ་མཛེས་བྱས་ལ། །འཕྲལ་གྱི་ཆར་སྤྲིན་ལྟ་བུར་སྔོ་ཞིང་ལྕུག་མའི་ནགས་བཞིན་བཅུ་དྲུག་ཕྱག་གིས་གནས། །མཆེ་བ་དང་བཅས་ཞལ་དང་སྐུ་རུ་ལྡན་པའི་གར་ མཛད་དེ་ལ་རབ་འདུད་ཅིང་། །ཟབ་ཅིང་ཤིན་ཏུ་གཏིང་དཔག་དཀའ་ལ་དོན་དམ་རིན་པོ་ཆེ་ཡི་གནས་སུ་གྱུར་པ་ཡི། །དམ་པའི་ཆོས་ཀྱི་གཞུང་ལུགས་རྟོགས་པར་ནུས་པའི་རྣམ་དག་བློ་དང་ལྡན་པ་གང་། །བཤེས་གཉེན་དམ་པའི་ཞབས་ཀྱི་པདྨར་གུས་ཕྱག་འཚལ་ཏེ་ཡང་དག་རིམ་པ་ལས། ། དེ་ཁོ་ན་ཉིད་དྲན་པར་བྱ་ཕྱིར་དེ་ཉིད་རབ་གསལ་དཀའ་འགྲེལ་བྲི་བར་བྱ། །མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ། མཁའ་ཞེས་བྱ་བ་ནི་པདྨའི་རང་བཞིན་ཏེ། རིག་པ་བཞིའི་ཆོས་འབྱུང་བའི་ཕྱག་རྒྱ་ཁ་དོག་དཀར་པོ་གྲུ་གསུམ་པ་སྨད་ཞུམ་ཞིང་སྟོད་ཡངས་པ་སྣ་ཚོགས་རྡོ་རྗེ་དང་པདྨས་ ནང་མཚན་པའོ། །བེམས་པོ་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ཏེ། ཁ་དོག་སེར་པོ་གྲུ་བཞི་ལ་གར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལཾ་ལས་བྱུང་བའོ། །དང་བ་ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་ཏེ་ཁ་དོག་དཀར་ལ་ཟླུམ་པ་བུམ་པས་མཚན་པ་པཾ་ལས་བྱུང་བའོ། །གོ་སྐབས་མེད་ཅེས་བྱ་བ་ནི་ ཁྱབ་པར་རྒྱུ་ཞིང་སྐབས་མེད་པས་ན་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་དུད་ཀ་གཞུ་ལྟ་བུ་ལ་རྒྱལ་མཚན་གྱིས་མཚན་པ་ཡཾ་ལས་བྱུང་བའོ། །གསལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་འོད་འབར་བའི་ངོ་བོ་ཉིད་ཀྱི་ཕྱིར་མེའི་དཀྱིལ་འཁོར་ཏེ། ཁ་དོག་དམར་པོ་གྲུ་གསུམ་འབར་ བས་མཚན་པ་རཾ་ལས་བྱུང་བའོ། །སྣ་ཚོགས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིའི་འོག་ན་གནས་པའི་སྣ་ཚོགས་པདྨའོ། །རྡོ་རྗེ་གཞི་ཞེས་བྱ་བ་ནི་རྡོ་རྗེའི་མཆོག་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་སྣ་ཚོགས་རྡོ་རྗེའོ། །གནས་ཁང་ཞེས་བྱ་བ་ནི་ཁང་བུ་བརྩེགས་པ་སྟེ། བྷྲཱུཾ་དང་འཁོར་ལོ་ལས་ བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ནས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་གྱུར་པའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་དེ་ཉིད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འཕྲོ་བས་ཡོངས་སུ་གང་བའི་ཕྱིར་རོ། །ཡང་དེ་ཉིད་ནི་ཡིད་དུ་འོང་བ་ ཞེས་ཀྱང་བྱ་སྟེ་ཤིན་ཏུ་བཟང་ཞིང་གསལ་བའི་རིན་པོ་ཆེ་རྣམས་ལས་བསྒྲུབས་པའི་ཕྱིར་རོ། །ཡང་ན་དེ་ཉིད་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་ཡོངས་སུ་གང་བས་ན་ཡིད་འོང་བའོ། །དེ་དག་གིས་ནི་འདི་སྐད་དུ་ཆོས་འབྱུང་བའི་ནང་དུ་སོན་པའི་སྣ་ཚོགས་རྡོ་རྗེ་དང་ པདྨ་ལ་གནས་པ་ཁང་བུ་བརྩེགས་པ་བསྒོམ་པར་བསྟན་པའམ། གཞལ་ཡས་ཁང་ལྔའི་ནང་ངོ་། །ཁ་ཅིག་ནི་འོག་ནས་འབྱུང་བའི་རྒྱུད་ཀྱི་རིམ་པས་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་བྱེད་དོ་ཞེས་ཟེར་རོ། །མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ སྡུད་པར་བྱེད་པའི་བདག་མེད་མའོ། །བེམས་པོ་ཞེས་བྱ་བ་ནི་སའི་ཁམས་ཀྱི་རང་བཞིན་པུཀྐ་སཱིའོ། །དང་བཞེས་བྱ་བ་ནི་ཆུའི་ཁམས་ཀྱི་རང་བཞིན་ས་བ་རཱིའོ། །གོ་སྐབས་མེད་ཅེས་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ཌོམྦི་ནཱིའོ། །གསལ་བ་ཞེས་བྱ་བ་ནི་མེའི་ཁམས་ཀྱི་རང་བཞིན་ཙཎྜ་ལཱིའོ། ། སྣ་ཚོགས་ཞེས་བྱ་བ་ནི་ལུས་དང་ལོངས་སྤྱོད་གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། གཟུགས་ཀྱི་རང་བཞིན་རྡོ་རྗེ་མའོ། །རྡོ་རྗེའི་གཞི་ཞེས་བྱ་བ་ནི། རྡོ་རྗེ་རྣམས་ཀྱི་རྟེན་ཏེ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ དང་། ཚོར་བའི་རང་བཞིན་ནང་གི་གཽ་རཱི་མའོ། །གནས་ཁང་ཞེས་བྱ་བ་ནི་གཟུང་བ་གཟུགས་ལ་སོགས་པའི་རང་བཞིན་གྱི་གཉེན་པོ་རྣམ་པར་རྟོག་པ་ཐམས་ཅད་ཐིམ་པར་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེས་དང་། འདུ་ཤེས་ཀྱི་རང་བཞིན་བ་རཱི་ཌཱ་ཀི་ནཱིའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་ གདུལ་བྱའི་སེམས་ཅན་གྱི་ཁམས་སྣ་ཚོགས་འདུལ་བར་བྱེད་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། འདུ་བྱེད་ཀྱི་རང་བཞིན་བཛྲ་ཌཱ་ཀི་ནཱིའོ། །ཡིད་འོང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིད་དུ་འོང་ཞིང་འགུགས་པར་བྱེད་པ་སྟེ། དད་པ་དང་གཟུགས་ ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གཽ་རཱི་མའོ། །སེམས་ཅན་ཞེས་བྱ་བ་དེ་དག་འཇུག་པ་སྟེ། བརྩོན་འགྲུས་དང་སྒྲའི་སྐྱེ་མཆེད་ཀྱི་རང་བཞིན་ཙཽ་རཱིའོ། །སྣོད་ཅེས་བྱ་བ་ནི་གནས་སུ་བསྐྱེད་ཅིང་འཆིང་བ་སྟེ། དྲན་པ་དང་། དྲིའི་སྐྱེ་མཆེད་ཀྱི་རང་བཞིན་བེ་ཏཱ་ལཱིའོ། །འཇིག་རྟེན་ཞེས་བྱ་བ་ནི་དོན་སྣ་ ཚོགས་ལ་ལྟ་ཞིང་མཉེས་པར་བྱེད་པ་སྟེ། ཏིང་ངེ་འཛིན་དང་། རོའི་སྐྱེ་མཆེད་ཀྱི་རང་བཞིན་གྷསྨ་རཱིའོ། །ས་འོག་ས་སྟེངས་ས་བླ་ཞེས་བྱ་བ་ལ། ས་འོག་ནི་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ས་འོག་ན་རྒྱུ་བའོ། །ས་སྟེངས་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཏེ། སླར་ཡང་བདག་མེད་ མ་ཉིད་དེ་བསྟན་པའོ། །ས་བླ་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མཁའ་ལ་རྒྱུ་མའོ། །ར་བ་ཞེས་བྱ་བ་ནི་ལོགས་སུ་རྒྱུ་བ་མ་ཡིན་གྱི་སྟེང་དང་འོག་ཏུ་འགྲོ་བ་ཞེས་བྱ་བའི་བར་དུའོ། །དེས་ནི་བདག་མེད་མའི་འཁོར་ལོ་བསྟན་ཏོ། །ཡང་གོང་དུ་ཐལ་བའི་འཕྲོ་བཤད་པར་བྱ་སྟེ། སེམས་ ཅན་སྣོད་ཀྱི་འཇིག་རྟེན་དང་། །ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་འགྱུར་བ་སྟེ། དེ་ལ་སྣོད་ཅེས་བྱ་བ་ནི་གནས་སུ་སྣང་བ་ཡོངས་སུ་གྱུར་པའི་ཁང་བུ་བརྩེགས་པ་སྔར་བཤད་པ་ཉིད་དོ། །སེམས་ཅན་འཇིག་རྟེན་ཞེས་བྱ་བ་ནི་རྟག་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་ པའི་ལུས་དང་ལོངས་སྤྱོད་དུ་སྣང་བ་གནས་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ས་འོག་ས་སྟེངས་ས་བླ་དང་། །ཞེས་བྱ་བ་ནི་སྐམ་པ་མ་སྟེ། ས་འོག་དང་ས་སྟེངས་ས་བླ་ན་གནས་པའི་འདུག་པ་རྣམས་ཀྱི་མགྲིན་པ་འདོན་པའི་ཕྱིར་རོ། །བར་དང་ཞེས་བྱ་བ་ནི་ཞགས་པ་མ་སྟེ། གདུག་པ་རྣམས་བཙལ་ནས་ནང་དུ་འཆིང་བར་བྱེད་པའི་ཕྱིར་རོ། །ཡིད་ཅེས་བྱ་བ་ནི་འཚོད་པ་མ་སྟེ། གདུག་པ་རྣམས་བཙལ་ནས་འཇིག་རྟེན་དག་པའི་ཡིད་ཀྱི་ཡང་དག་པའི་དྲ་བས་བསྡམས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི་ལྕགས་ཀྱུ་མ་སྟེ། གདུག་པའི་ལུས་ཕུག་ནས་འགུགས་ པའི་ཕྱིར་རོ། །ངག་ཅེས་བྱ་བ་མེ་ཏོག་མ་སྟེ། བྱང་ཆུབ་ཀྱི་ཡན་ལག་ལ་དམ་པའི་མེ་ཏོག་གི་ཟ་མ་ཏོག་འབུལ་བའི་གསུང་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེ་ཏོག་མའོ། །གཅིག་ཅེས་བྱ་བ་ནི་བདུག་སྤོས་མ་སྟེ། ཆོས་ཐམས་ཅད་ཟག་པ་མེད་པའི་བདུག་པས་གཅིག་ཏུ་སློན་པའི་ཕྱིར་རོ། ། གཉིས་ཞེས་བྱ་བ་ནི་མར་མེ་མ་སྟེ། སྙིང་རྗེའི་སྣུམ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མེས་གཉིས་ཀྱི་རབ་རིབ་བཟློག་ནས་སངས་རྒྱས་ཀྱི་ཡོན་ཏན་སྣང་བར་བྱེད་པའི་ཕྱིར་རོ། །མཁའ་བདེ་ཞེས་བྱ་བ་ནི་བྱུག་པ་མ་སྟེ། ནམ་མཁའ་མ་ལུས་པར་རྒྱས་པའི་བླ་ན་མེད་པའི་དབྱིངས་ ཀྱི་དྲི་ལ་དགའ་ཞིང་གྲགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟག་པའི་དཀྱིལ་འཁོར་པ་རྣམས་སོ། །དྲུག་དང་ལྔ་དང་ཞེས་བྱ་བ་ནི། རྡོ་རྗེ་ཉི་མ་སྟེ། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་དང་། སྒྲིབ་པ་ལྔའི་གཉེན་པོ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། ། དྲུག་གཉིས་ཞེས་བྱ་བ་ནི་ལག་ན་ཉི་མ་མ་སྟེ། ཉི་མ་བཅུ་གཉིས་བསྡུས་པའི་སྣང་བས་མ་རིག་པའི་མུན་ནག་བཟློག་པའི་ཕྱིར་རོ། །བཞི་ཞེས་བྱ་བ་ནི་མར་མེ་སྟེ་རྣལ་འབྱོར་བཞིའི་ཡེ་ཤེས་ཀྱི་སྣང་བས་རྣམ་པར་རྟོག་པའི་རབ་རིབ་སེལ་བར་བྱེད་པའི་ཕྱིར་རོ། །འགྲོ་བ་རྣམས་ཞེས་བྱ་བ་ནི་རིན་ཆེན་ སྒྲོན་མ་སྟེ། འགྲོ་བ་རྣམས་ཀྱི་མུན་པའི་དྲ་བ་འཇོམས་པར་བྱེད་པའི་ཕྱིར་རོ། །ཉི་ཤུར་གཅིག་གིས་མ་ཚང་བ། །ཞེས་བྱ་བ་ནི་ལག་ན་གློག་འཛིན་མ་སྟེ། ཁམས་བཅོ་བརྒྱད་དང་གང་ཟག་ཏུ་འཛིན་པ་སྟེ། རྣམ་པར་རྟོག་པ་བཅུ་དགུའི་ཆུ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བས་སེལ་བར་ བྱེད་པའི་ཕྱིར་རོ། །ཁམས་གསུམ་པོ་ནི་མ་ལུས་དང་། །ཞེས་བྱ་བ་ནི་སྒེག་མོ་སྟེ། ཁམས་གསུམ་མ་ལུས་པ་ཐམས་ཅད་ལ་ཕ་རོལ་པར་སྟོན་པའི་ཕྱིར་རོ། །ཕ་ཞེས་བྱ་བ་ནི་ཕྲེང་བ་མ་སྟེ། ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་བཅིང་བ་ལས་སྒྲོལ་བའི་ཕྱིར་དང་། དོན་དམ་པའི་རིན་པོ་ ཆེ་ལ་རོལ་ཅིང་འཛིན་པའི་ཕྱིར་རོ། །བུ་ག་ཞེས་བྱ་བ་ནི་གླུ་མཁན་མ་སྟེ། ཐར་པའི་གྲོང་ཁྱེར་དུ་འཇུག་པར་མཛད་ཅིང་། བླ་ན་མེད་པའི་ཆོས་སྟོན་པའི་དབྱངས་ཀྱིས་སྐྱོབ་པའི་ཕྱིར་རོ། །མ་ཞེས་བྱ་བ་ནི་གར་མཁན་མ་སྟེ། གར་གྱི་ཕྱག་རྒྱ་སྐྱོང་བས་བདུད་ཀྱི་རྒྱ་མཚོ་ལས་གྲོལ་བའི་ཕྱིར་ རོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་པ་རྣམས་སོ། །ཕྱི་རོལ་དོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་སྟེ། གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པས་བཅིངས་ཤིང་མནན་ནས་དོན་རྣམས་ལ་གཟིགས་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། ། ནང་དང་ཞེས་བྱ་བ་ནི་ལག་ན་པདྨ་སྟེ། སྙིང་རྗེ་ཆེན་པོའི་འདོད་ཆགས་ཆེན་པོས་ནང་ཞེས་བྱ་བ་པདྨའི་བདག་ཉིད་སྟོན་པའི་ཕྱིར་རོ། །བཙུན་མོ་ཀུན་གྱི་ཆོས་དང་ནི། །ཞེས་བྱ་བ་ནི་ལག་ན་ཆོས་འབྱུང་མ་སྟེ། བདེ་བ་ཆེན་པོ་སྤེལ་བར་བྱ་བའི་ཕྱིར་ཆོས་འབྱུང་བ་བསྣམས་པའོ། །ལས་ རྣམས་ཐམས་ཅད་ཅེས་བྱ་བ་ནི་ལག་ན་ལྕགས་སྒྲོག་མ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱམས་པས་འཆིང་བའི་ལས་བྱེད་པའི་ཕྱིར་རོ། །བདག་མེད་མ་ཞེས་བྱ་བ་ནི་ཀུན་དུ་འཁྱུད་མ་སྟེ། །བདེ་བ་ཆེན་པོ་ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང་། སངས་རྒྱས་རྣམས་ རྗེས་སུ་ཆགས་པ་འཆིང་བའི་ཕྱིར་བདག་ལ་ཀུན་དུ་འཁྱུད་པར་སྟོན་པའི་ཕྱིར་རོ། །འབྲས་བུ་ཞེས་བྱ་བ་ནི་གླིང་བུ་མ་སྟེ། བུ་ག་དང་ལྡན་པའི་གླིང་བུ་འབུད་པའི་ཕྱག་རྒྱས་ཆོས་རྣམས་སྟོང་པ་ཉིད་དུ་དྲལ་ཏེ། སྟོན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་པི་ཝང་མ་སྟེ། སྐྱེ་བ་དང་འགག་པ་ལ་སོགས་པའི་ སྒྲས་འདོད་ཆགས་ལ་སོགས་པ་བསལ་ཞིང་དོར་བར་བྱ་བ་ཉིད་དུ་སྟོན་པའི་ཕྱིར་རོ། །བྱ་བར་གྲགས་ཞེས་བྱ་བ་ནི་རྫ་རྔ་མ་སྟེ། རྫ་རྔའི་ཁ་ཅིག་ལ་བརྡུང་བའི་ཚུལ་གྱིས་བདག་མེད་པའི་བྱང་ཆུབ་ཏུ་བྱ་བ་སྟོན་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྔ་ཆེན་མ་སྟེ། མགྲིན་པར་བཏགས་ནས་ལག་པ་གཉིས་བརྡུང་བའི་ཚུལ་གྱིས་རྒྱུ་དང་བཅས་པའི་སྐུ་གསུམ་སྟོན་པའི་ཕྱིར་རོ། །པདྨ་གར་གྱི་དབང་ཕྱུག་པའི་དཀྱིལ་འཁོར་པ་རྣམས་སོ། །འདི་ལྟར་ཀུན་གཞི་རྣམ་ཤེས་འགྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་ རྟ་མཆོག་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་སྐུ་སྣ་ཚོགས་སྤྲུལ་ཞིང་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་ལྕགས་མ་སྟེ། ཟག་པ་མེད་པའི་དབྱིངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྲུང་བར་བྱེད་པའི་ཕྱིར་ རོ། །མ་བྱུང་དང་ཞེས་བྱ་བ་ནི་ལྡེ་ཀྱོག་འཛིན་མ་སྟེ། ཡེ་ཤེས་བཟུང་ནས་དེའི་སྒོ་བཅད་པས་ཉོན་མོངས་པ་ལ་སོགས་པའི་རྟོག་པ་འཇུག་པར་མི་བྱེད་པའི་ཕྱིར་རོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་གླེགས་མ་སྟེ། སེམས་ཅན་གྱི་ཁམས་ལྟར་ཡེ་ཤེས་སྐྱེས་པ་མི་འདོར་བ་དང་ ཉེས་པ་རྣམས་ཀྱི་སྐབས་མི་འབྱེད་པས་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་རྡོ་རྗེ་ཡོལ་བ་མ་སྟེ། རང་གི་འོད་ཀྱི་བཙུན་མོ་རབ་ཏུ་བསྲུང་བའི་ཕྱིར་ནམ་མཁའི་དབྱིངས་སུ་ཁྱབ་པའི་ཡོལ་བ་འཛིན་པའི་ཕྱིར་རོ། །བདག་མེད་ཅེས་བྱ་བ་ནི་སངས་རྒྱས་ སྤྱན་མ་སྟེ། སངས་རྒྱས་ཐམས་ཅད་སེམས་ཅན་གྱི་བདག་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །བདག་ཉིད་ཐ་སྙད་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ། གཉིས་པོ་རྣམ་པར་སྤྱོད་ན། གཉིས་མེད་པ་ནི་ཐ་སྙད་ཡིན་ལ། དེ་འདི་ལ་ཡོད་པས་ན་བདག་ གི་ཐ་སྙད་ཅན་ཏེ། དེ་གཉིས་པའི་ཆོས་ཡིན་པའི་ཕྱིར་རོ། །དངོས་དང་བྲལ་བ་ཞེས་བྱ་བ་ནི་གོས་དཀར་མོ་སྟེ། གཉིས་ཀྱི་དངོས་པོ་རྣམས་སྟོང་པ་ཉིད་ཀྱི་རྣམ་པར་དཔྱད་ནས་རྟོག་པ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དངོས་མེད་པ་ཞེས་བྱ་བ་ནི་སྒྲོལ་མ་སྟེ། སངས་རྒྱས་ཀྱི་ སྤྲུལ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཆོས་སྟོན་པ་འགྲོ་ཞིང་སྒྲིབ་པའི་དངོས་པོ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྟ་མཆོག་གི་དཀྱིལ་འཁོར་པ་རྣམས་སོ། །བདེ་བ་ཅན་ཞེས་བྱ་བ་ནི་གཽ་རཱི་སྟེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ ཡིན་ལ། དེ་དད་པས་སྲུང་ཞིང་འགུགས་པར་བྱེད་པའི་ཕྱིར་རོ། །གྲུ་གསུམ་ལ་ཞེས་བྱ་བ་ནི་ཙཽ་རཱི་སྟེ། དེ་ལ་ཁ་ཅིག་ན་རེ་ཁམས་གསུམ་ཟིལ་གྱིས་གནོན་པའི་གཟུགས་སྟོན་པར་བྱེད་པ་ཞེས་ཟེར་རོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གྲུ་ནི་གཉིས་སུ་ངེས་པ་ཡིན་ལ། གྲུ་གཅིག་ཏུ་ངེས་པ་ ཡིན་ན་ནི། དེ་ལ་གོམས་པར་འཛིན་པའི་ཕྱིར་རོ། །ཡང་ན་བརྩོན་འགྲུས་ཀྱི་ལུས་ལ་སོགས་པ་ལ་སྐུ་ལ་སོགས་པ་འཛུད་པའི་ཕྱིར་རོ། །རྡུལ་མེད་ཅེས་བྱ་བ་ནི་དྲན་པའི་རང་བཞིན་ནི་རོ་ལངས་མ་སྟེ། རྡུལ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་རྟོག་པ་ཡིན་ལ། གཉིས་པོ་སྟོང་པ་ཉིད་ཀྱི་དྲངས་ ལྕགས་སྒྲོག་གིས་གཅིག་ཏུ་བྱེད་པའི་ཕྱིར་རོ། །སྐྱོན་བྲལ་ཞེས་བྱ་བ་ནི་གྷསྨ་རཱི་སྟེ། རྡོ་རྗེ་དྲིལ་བུའི་སྒྲས་འབེབས་པར་བྱེད་ཅིང་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་རྣམ་པར་གཡེང་བའི་སྐྱོན་ཐམས་ཅད་བསལ་བའི་ཕྱིར་རོ། །རྡུལ་བྲལ་ཞེས་བྱ་བ་ནི་པུཀྐ་སཱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་དང་། སྙིང་རྗེས་སེར་སྣ་དང་། སྡང་བའི་ཉེས་པ་བསལ་བའི་ཕྱིར་ཏེ། ས་དང་པོ་རབ་ཏུ་དགའ་བ་དང་། སའི་ཁམས་ཀྱི་རང་བཞིན་ནོ། །སྡིག་བཅོམ་ཞེས་བྱ་བ་ནི་ས་བ་རཱི་སྟེ། ཚུལ་ཁྲིམས་དང་བྱམས་པས་ཚུལ་ཁྲིམས་འཆལ་པ་དང་། མི་བརྩེ་བའི་སྡིག་པ་བཅོམ་པའི་ཕྱིར་ཏེ། ས་དྲི་མ་མེད་པ་དང་། ཆུའི་ཁམས་ཀྱི་རང་བཞིན་ནོ། །ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་ཙཎྜ་ལཱི་སྟེ། དགའ་བ་དང་། བཟོད་པས་རྨོངས་ཤིང་ཞུམ་པ་དང་། ཁྲོ་བའི་གཉེར་མ་གསལ་བའི་ཕྱིར་ཏེ། ས་འོད་བྱེད་མ་དང་། མེའི་ཁམས་ཀྱི་རང་བཞིན་ནོ། །མཉམ་གཞག་པ་ཞེས་བྱ་བ་ནི་ ཌོམྦི་ནཱི་སྟེ། བཏང་སྙོམས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙོམ་ལས་དང་རྣམ་པར་གཡེང་བ་བཅོམ་པའི་ཕྱིར་ཏེ། ས་འོད་འཕྲོ་བ་ཅན་དང་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་ནོ། །ནང་གི་བདེ་བ་མཆོག་རིག་པ། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་སྟེ། ནང་གི་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དངོས་པོ་རྣམས་ཡིན་ལ་དེའི་བདེ་བ་ནི་རབ་ཏུ་ཞི་ཞིང་མི་འགྱུར་བར་དབང་དུ་གྱུར་པའོ། །མཆོག་ནི་མཛེས་ཤིང་ཡིད་དུ་འོང་བ་སྟེ། དེ་རིག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ནང་གི་བདེ་བ་མཆོག་རིག་པའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པ་རྣམས་སོ། ། འཁོར་ལོས་སྒྱུར་བ་ལྔ་པོ་དེ་དག་ཉིད་སླར་ཡང་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་ཞེས་བྱ་བ་ནི་དབེན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣ་ཚོགས་འདི་དག་ཉིད་ཀྱི་སྟོང་པ་ལས་བྱུང་བའི་ཕྱིར་གསང་བའམ། འདོད་ ཆགས་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་བོར་ཞིང་བཏང་བས་གསང་བ་སྟེ། དེ་ལ་གནས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་དུ་ཧེ་རུ་ཀ་སྟེ། དེའི་གནས་པ་ཡང་དེ་སྐད་ཅེས་བྱའོ། །མཆོག་ཅེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞལ་ཞིང་ཡོངས་སུ་བཅད་ནས་ངེས་ པར་བྱས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ནི་པདྨ་གར་གྱི་དབང་ཕྱུག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་མཉམ་ཉིད་དུ་རོལ་ཅིང་རྟོགས་པའི་ཕྱིར་དེ་ཉིད་ནི་རྡོ་རྗེ་ཉི་མ་སྟེ། དེའི་གནས་ ལ་ཡང་དེ་སྐད་ཅེས་བྱའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་རྟ་མཆོག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དེ་རྣམས་ཀུན་ཀྱང་བདུན་པའི་དོན་གྱི་མཐའ་ ཅན་བསྒྱུར་བར་བྱས་ལ། དང་པོའི་མཐའ་ཅན་དུ་རྟོགས་པར་བྱའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་སྐུ་གསུམ་གྱིས་མི་གཡོ་བར་བཞུགས་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པར་བཞུགས་པས་རྟག་ པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པས་རྟག་པའོ། །སངས་རྒྱས་དངོས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དང་གནས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྟག་པ་སྟེ་དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །སེམས་དཔའ་ ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཤེས་བྱའི་རང་བཞིན་གྱིས་སོ། །འདི་ནི་ཞེས་བྱ་བ་ནི་འདི་ལ་སྟེ། རྟག་ཏུ་ད་ལྟར་བྱུང་བས་སོ། །རང་བྱུང་ཞེས་བྱ་བ་ནི་དོན་དམ་པར་རྒྱུ་ལ་སོགས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བྷ་ག་ནི། དབང་ཕྱུག་ལ་སོགས་པ་ དྲུག་སྟེ། དེ་འདི་ལ་ཡོད་པས་ན་བཅོམ་ལྡན་འདས་སོ། །དེ་སྐད་དུ་ཡང་། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་དག་བཅོམ་པར་བཤད། །ཅེས་སོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་ མེད་པ་སྟེ། ཆོས་ཀྱི་སྐུའི་ཚུལ་གྱིས་སོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་ལྷག་པར་གྱུར་པའི་ལྷ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ཚུལ་གྱིས་སོ། །འབུམ་ཕྲག་ལྔ་པོ་ཧེ་བཛྲ་ཞེས་བྱ་བ་ནི་སྔར་བཤད་པའི་རྒྱུད་རྒྱས་པའོ། །དཀྱིལ་འཁོར་ལྔ་པ་ཞེས་བྱ་བ་ནི་འབུམ་ཕྲག་ལྔ་མདོར་ བསྡུས་པའི་རྒྱུད་ཀྱི་དཀྱིལ་འཁོར་ལྔ་པོ་གཙོ་བོར་གྱུར་པས་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ཞེས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་འདིར་མ་སྨོས་ཏེ། རྒྱུད་རྒྱས་པ་ལ་ལྟོས་པའི་ཕྱིར་རོ། །སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ། །སྣ་ཚོགས་ ཁ་དོག་ཆེར་འབར་མའོ། །ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་སྟེ། ཁ་དོག་དེ་དག་ཀྱང་བསྡུས་པའི་དཀྱིལ་འཁོར་ལས་སྟོན་པར་འགྱུར་རོ། །ཤིན་ཏུ་གཏི་མུག་ཆེ་ཞེས་བྱ་བ་ལ་གཏི་མུག་ནི་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ལ། དེ་ཤིན་ཏུ་གནོན་པས་ན་ཤིན་ཏུ་སྟེ། སེམས་ཙམ་གྱི་མཚན་ཉིད་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་ཀྱི་གཏི་མུག་དེ་གནོན་པའི་ཕྱིར་ཆེན་པོ་ཡིན་ནོ། །ཤིན་ཏུ་གཟི་བརྗིད་ཆེ་ཞེས་བྱ་བ་ལ། གཟི་བརྗིད་ནི་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་ དྲུག་གོ། །དེ་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གནོན་པས་ན་ཤིན་ཏུ་གཟི་བརྗིད་དེ་དེ་ཉིད་ཀྱི་ཕྱིར་གཟི་བརྗིད་ཆེན་པོའོ། །ཤིན་ཏུ་འདོད་ཆགས་འདོད་ཆགས་ཆེ། །ཞེས་བྱ་བ་ལ། འདོད་ཆགས་ནི་ཡུལ་རྣམས་ལ་ཞེན་པ་སྟེ། དེ་སོ་སོར་རྟོག་པའི་ཡེ་ཤེས་ ཀྱིས་གནོན་པས་ན་ཤིན་ཏུ་སྟེ། དེ་ཉིད་ཀྱི་ཕྱིར་འདོད་ཆགས་ཆེན་པོ་ཡང་ཡིན་ནོ། །ཕྲག་དོག་ཆེན་པོ་སྒྲིབ་པ་ཞེས་བྱ་བ་ལ་རང་གི་ངོ་བོ་ཉིད་རྟོགས་པའི་ཕྱིར་དང་། སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པས་ན། ཕྲག་དོག་ཆེན་པོ་སྒྲིབ་པ་ཆེ། །ཞེས་བྱ་བ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཅེས་བྱ་བ་ནི་བདག་ཏུ་ལྟ་བའི་རབ་རིབ་བོ། །ཐེག་པ་གཞན་ནི་རྣམ་པར་སྤངས། །ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་བཟློག་པའི་ཕྱིར་རོ། ། མི་བསྐྱོད་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་ལ། ཉོན་མོངས་པའི་རྟོག་པས་མི་གཡོ་བས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མི་བསྐྱོད་ཡེ་ཤེས་སོ། །འབྱུང་བ་ནི་དེ་ལས་སྐྱེས་པའོ། །སྐྱེ་འགྲོ་མི་ཟད་དོན་གཉེར་ཕྱིར། །ཞེས་བྱ་བ་ལ་འགྲོ་བ་ནི་སངས་རྒྱས་ རྣམས་ཏེ་མི་ཟད་པ་ནི་འབྲི་བ་མེད་པའོ། །དེ་རྣམས་ཀྱི་ཅི་ཞིག་ཅེ་ན། མགྲོན་དུ་གཉེར་བ་དེ་བསྟེན་ཞིང་རི་མོར་བྱ་བས་ན་མགྲོན་ནི་མཐར་ཕྱིན་པའི་ཤེས་རབ་ཡིན་ལ་དེ་བསྲུངས་པས་ན་གཉེར་བ་ནི་ཤེས་རབ་དང་སྙིང་རྗེ་ཆེན་པོའོ། །དེ་ཉིད་ནི་དོན་ཏེ་དགོས་པ་ཞེས་བྱ་བའི་བར་དུའོ། །སྒྲིབ་ པ་ལྔ་ནི་འཇོམས་པའོ། །ཞེས་བྱ་བ་ནི་དོན་དང་སེམས་ཅན་དང་། བདག་དང་རྣམ་པར་རྟོག་པ་དང་། འདུ་བྱེད་དང་འཇུག་པའི་རྣམ་པར་ཤེས་པ་ལྔ་པོ་འཇོམས་པ་སྟེ། དེ་ལ་དོན་དང་སེམས་ཅན་གྱི་དོན་རྣམ་པར་རྟོག་པ་འཇོམས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བདག་ཏུ་ལྟ་ བ་འཇོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །འདུ་བྱེད་ནི་སེམས་ཅན་རྣམ་པར་གཡེང་བ་ཉིད་དེ། དེ་འཇོམས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །འཇུག་པའི་ རྣམ་པར་ཤེས་པ་རྣམ་པ་ལྔ་འཇོམས་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། འཇོམས་པ་ནི་བཅོམ་པ་ལས་གྱུར་པའོ། །དབང་པོ་གང་དང་གང་ལམ་ནས། ཞེས་བྱ་བ་ནི། དབང་པོ་རྣམས་ཀྱི་ཡུལ་གང་དང་གང་རྙེད་པ་སྟེ་མངོན་སུམ་དུ་བྱ་བ་ཞེས་བྱ་བའི་དོན་ ཏོ། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ། མཆོག་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་རང་བཞིན་གྱིས་སོ། །ཕན་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་སོ། ། ཅི་སྟེ་གཟུང་བ་དང་འཛིན་པས་སྣང་བས་འཁྲུལ་པའི་རང་བཞིན་འབའ་ཞིག་ཡིན་ནོ་སྙམ་དུ་དོགས་པ་ལ། སངས་རྒྱས་ཀུན་གྱི་རང་བཞིན་འཇུག །ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཉིས་ཀྱིས་སྟོང་པ་ཉིད་ཀྱིས་གང་དང་གང་ཉམས་སུ་མྱོང་བ་དེ་དང་དེ། བརྫུན་ པ་ཉིད་དུ་ཡོངས་སུ་སྤྱོད་པས་འཁྲུལ་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གང་དང་གང་གིས་ནི། །ཞེས་བྱ་བ་ནི་རིགས་གང་དང་གང་གིས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་རིགས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ གི་རིགས་ལྔའི་བྱེ་བྲག་གིས་སོ། །དེས་ན་དེ་ཡི་རང་བཞིན་འགྲོ། །ཞེས་བྱ་བ་ནི་དེས་བྱང་ཆུབ་ཀྱི་རིགས་ལྔར་འགྱུར་བའོ། །སྣ་ཚོགས་གཟུགས་ཅན་ནོར་བུ་ཞེས་བྱ་བ་ནི་ནོར་བུ་ཤེལ་སྒོང་སྟེ། མཛའ་བའི་མེ་ཏོག་ལ་སོགས་པའི་ཁ་དོག་ཉེ་བར་བསྒྱུར་དུ་རུང་བའི་ཕྱིར་རོ། །ཐུགས་ཀྱི་རྡོ་རྗེ་ ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལས་སྐྱེས་པའི་ཕྱིར་རོ། །རང་གི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པའི་ལྟ་བ་སྟེ་གཉིས་བརྟགས་པའི་ཕྱིར་རོ། །རྣམ་དག་ཅེས་བྱ་བ་ནི་གློ་བུར་གྱི་དྲི་མ་རྣམས་དང་བྲལ་བའོ། །སེམས་དག་པ་ནི་བདེ་བ་ཡིན། །ཞེས་བྱ་བ་ནི། དྲི་མ་གསུམ་སྤངས་པ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོར་འགྱུར་བའི་ཕྱིར་རོ། །ཅི་སྟེ་མདོག་དང་མཚན་མ་ལ་སོགས་པའི་སྤྲོས་པས་གྲོལ་བའི་ཐབས་སུ་ཇི་ལྟར་འགྱུར་སྙམ་དུ་དགོངས་ནས། གལ་ཏེ་སྟོང་པ་ཐབས་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐབས་དང་ བྲལ་བའི་སྟོང་པ་འབའ་ཞིག་ལམ་དུ་འདོད་ན་དེའི་ཚེ་བསྐལ་པ་བྱེ་བས་ཀྱང་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ཞི་བའི་འབྲས་བུ་ཉིད་ཀྱིས་མི་ཁོམ་པ་ཐོབ་པར་འགྱུར་རོ། །འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལས་ཀྱང་འདོད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ཐབས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་སྟོང་པ་དེ་ཉིད་ལམ་གྱི་གནས་སྐབས་ན་ནི་ཐབས་ཡིན་ལ། སྨིན་པའི་གནས་སྐབས་ན་ ནི་འབྲས་བུ་ཡིན་ནོ་སྙམ་དུ་སེམས་ན། རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ལམ་དང་སྨིན་པ་གཉིས་ཀྱི་སྟོང་པ་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་འབྲས་བུ་འདོད་པ་བཞིན་དུ་སྟོང་པ་ཉིད་ཐབས་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་སྤྲོས་པའི་ངོ་བོ་ཉིད་དེ་དམིགས་ པ་དང་བཅས་པའི་ཕྱིར་རོ། །འབྲས་བུ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ་དམིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པར་གྲུབ་པོ། །དེའི་ཕྱིར་ཐབས་ནི་སྟོང་པ་ཉིད་འབའ་ཞིག་མ་ཡིན་པར་གྲུབ་པའོ། །འོ་ན་ཅིའི་ཕྱིར་སྟོང་པ་ཉིད་གསུངས་སྙམ་དུ་སེམས་ན། ཕྱིན་ཅི་ལོག་ བཟློག་པས་ཐབས་ཀྱི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར། ལྟ་བ་ལས་ནི་ལོག་པ་རྣམས། །ཞེས་བྱ་བ་ཆོས་ལ་བདག་མེད་པ་ལ་སོགས་པ་ལྟ་བ་ལོག་ཅིང་མི་མཐུན་པའོ། །བདག་ཏུ་ལྟ་བ་ཚོལ་བ་རྣམས་ཀྱིས་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ཚོལ་བ་སྟེ། བདག་ཏུ་འཛིན་པ་ལ་མངོན་ པར་ཞེན་པ་སྟེ། དེ་རྣམས་ཀྱི་བདག་ཏུ་འཛིན་པའི་ལྟ་བ་བཟློག་པའི་ཕྱིར་སྟོང་པ་ཉིད་རྒྱལ་བས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་ཅིང་ མགོ་སྦྱིན་པར་བཏང་བ་ལ་སོགས་པ་དཀར་བའི་སྤྱོད་པ་སྣ་ཚོགས་ཀྱིས་བྱང་ཆུབ་འགྲུབ་པར་བསྟན་པ་ཡིན་ན་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་ཅི་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་འཁོར་ལོ་ཞེས། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་འཁོར་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་དེ་དག་ཉིད་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་བསྡུས་པ་ཐབས་ཡིན་ཏེ། བདེ་བའི་ཐབས་ཞེས་བྱ་བ་ནི་དཀའ་བའི་སྤྱོད་པ་མ་ཡིན་པའོ། །སྡོམ་པ་ཞེས་བྱ་བ་ནི། བདེ་བ་ཉིད་དུ་བསྟན་པ་སྟེ། འདོད་ པའི་ཉེ་བར་སྤྱོད་པ་ཐམས་ཅད་སྤྱོད་ཅིང་དབང་པོ་གཉིས་ཀྱི་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པའོ། །སངས་རྒྱས་ང་རྒྱལ་ཞེས་བྱ་བ་ནི་ཐ་མལ་པའི་ང་རྒྱལ་དང་བྲལ་བའོ། །མྱུར་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །ཅི་སྟེ་སངས་རྒྱས་ཀྱི་སྐུ་ཆོས་ཀྱི་སྐུ་རྣམས་མེད་པའི་ཚུལ་གྱིས་བསྒོམ་ པར་བྱ་བའམ་ཞེ་ན། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་ནི་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱིས་གནས་པར་བསྟན་ཏོ། །རྣམ་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་ནི་དམ་པ་སྟེ། སྟོང་པ་ ཉིད་ཀྱི་རང་བཞིན་ནོ། །རྒྱ་ཆེ་བ་ནི་ཐབས་ཆེ་བའི་རང་བཞིན་ནོ། །དེས་སེམས་ཅན་རྣམས་འཁོར་ལོས་སྒྱུར་བ་ལྔ་ལ་འཇུག་པས་ན་སེམས་ཅན་འཇུག་པའོ། །དེ་གསལ་བར་བྱེད་པ་ན་ལེའུ་དང་པོའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་དང་པོའི་ རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་ལེའུ་དང་པོའི་རྗེས་ཐོགས་ལའོ། །འཇིག་རྟེན་གསུམ་ཐོབ་ཅེས་བྱ་བ་ནི་ས་གསུམ་མོ། །དེ་ལ་འདིའི་དགོངས་པ་ནི་ཕོ་བྲང་ཁང་བུ་སུམ་བརྩེགས་དང་ལྡན་པའོ། །དམ་ཚིག་མཆོད་པ་ཞེས་བྱ་བ་ནི་རང་རང་གི་འཁོར་ལོས་སྒྱུར་བའི་ དབྱེ་བས་ཕྱེ་བའི་མཆོད་པས་རྫས་རྣམས་ལས་འདའ་བར་མི་བྱའོ། །ཀུན་དུ་བཟང་པོའི་ས་བོན་བདག །ཅེས་བྱ་བ་ནི་ས་བོན་ཧཱུྃ་ལས་བསྐྱེད་པའོ། །བགྲང་བ་ཉིད་ཅེས་བྱ་བ་ནི་སྡིགས་མཛུབ་ཀྱིས་གསོད་པར་འཇུག་པ་སྟེ། གཡོན་པའི་སྡིགས་མཛུབ་ཅེས་པའི་དོན་ཏོ། །གཉིས་པོ་ དག་གིས་ཕྱག་རྒྱ་སྦྱོར། །ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བྱས་ནས་སྲིན་ལག་གཉིས་སྒྲིལ་དུ་སྦྲེལ་ལ་མཐེ་བོང་གཉིས་ཀྱིས་གུང་མོའི་སེན་མོ་གཉིས་མནན་ནས་མཛུབ་མོ་གཉིས་བསྐུམ་སྟེ་ཅུང་ཟད་དགུག་པ་ནི་རིན་པོ་ཆེའི་ཚུལ་དུ་བྱས་ནས། སྙིང་གར་གཞག་པའོ། །གནོད་སྦྱིན་མོ་དང་ ཀླུ་མོ་དང་། །ཞེས་བྱ་བ་ལ་གནོད་སྦྱིན་མོ་བསྒྲུབས་པས་གསེར་གྱི་སྟེགས་བུ་ལ་སོགས་པ་ཡི་གེ་ཀྵཾ་གི་འོད་ཟེར་གྱིས་བཀུག་ལ་བཅུག་ཏེ། གནོད་སྦྱིན་མོ་མདོག་སེར་མོ་གདུགས་དཀར་པོ་ཐོགས་པ། བསྐལ་པའི་མེ་ལྟ་བུ་གཤིན་རྗེ་མཐར་འཛིན་གྱི་མགོ་བོར་མནན་ཅིང་ཀྵཾ་གིས་སྙིང་ གར་མཚན་པ་བསྒོམ་པར་བྱའོ། །ཀླུ་མོ་ལ་ནི་ཡི་གེ་ནི་གྱིས་སོ། །སྟོབས་ཆེན་ཏིང་འཛིན་ལ་གནས་ནས། །ཞེས་བྱ་བ་ལ་སོགས་པ་ལ། པདྨ་འདབ་མ་བརྒྱད་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་དྲག་ཤུལ་གྱིས་བསྒྲུབ་པའི་དོན་དུ་རླུང་དང་མེ་དང་། ཆུ་ལ་སོགས་པའི་རིམ་གྱིས་ཀླུའི་ དཀྱིལ་འཁོར་བྲིས་པ་པདྨ་འདབ་མ་བརྒྱད་ལ་འདབ་མའི་མདོག་རྣམས་ཕྱོགས་ཀྱི་ཀླུ་བརྒྱད་ཀྱི་མདོག་ལྟར་བྲིས་པའོ། །ཀླུ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། ཤར་དུ་ནི་མཐའ་ཡས་ནག་པོ། ལྷོར་ནི་ནོར་རྒྱས་དཀར་པོ། ནུབ་ཏུ་ནི་འཇོག་པོ་དམར་པོ། བྱང་དུ་ནི་སྟོབས་ཀྱི་རྒྱུ་སྔོན་པོ་མེ་མཚམས་ དང་བདེན་བྲལ་གྱི་མཚམས་སུ་ནི་པདྨ་དང་པདྨ་ཆེན་པོ་སེར་སྐྱའོ། །རླུང་མཚམས་སུ་ནི་དུང་སྐྱོང་སེར་པོའོ། །དབང་ལྡན་དུ་ནི་རིགས་ལྡན་ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་ལྡིང་གདན་དུ་མཛད། །ཅེས་བྱ་བ་ནི་དེ་རྣམས་ཀྱི་མཇུག་མ་གཾ་ལས་སྐྱེས་པའི་ཁྱུང་གི་རྐང་པ་གཡོན་ བརྐྱང་བས་མནན་ཅིང་བསྐལ་པའི་མེ་ལྟར་འབར་ཞིང་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་དེའི་གདན་ལ་བཞུགས་པའི་ཀླུའི་བདག་པོ་ཞེས་བྱ་བ་ནི་མཐའི་ཡས་ལ་སོགས་པ་སྟེ། དེ་དག་ཉིད་ལག་པར་བསམས་ལ། ཧཱུྃ་དག་དང་ནི་སྤེལ་བ་ཡི། །ཡི་གེ་ཕུ་ཡི་སྔགས་བརྗོད་བྱ། །ཞེས་བྱ་བ་ནི་ཕྲེང་ སྔགས་ཀྱི་མཐར་ཧཱུྃ་ཕུ་ཧཱུྃ་ཕཊ་ཅེས་བརྗོད་པའོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི། །ནམ་མཁའི་ངོས་ལ་ཁྲོ་བ་ཡི། །འོད་ཀྱིས་རྨོངས་པར་གྱུར་པ་ཡི། །ཀླུ་རྣམས་ཀྱིས་ཆུའི་ཚོགས་འབེབས་པར་བསྒོམས་པའོ། །ངེས་པར་ཆར་འབབ་པོ། །སངས་རྒྱས་དེ་ཉིད་དབྱེ་བར་བྱ། །ཞེས་བྱ་བ་ནི་ སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །ལྷག་མ་ནི་གོ་སླའོ། །དོན་གྱི་ཁྱད་པར་གཞན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དག་པའི་གནས་ཞེས་བྱ་བ་ནི་དམ་པ་དང་པོ་ལ་སོགས་པའི་གནས་སོ། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ལ་སོགས་པ་ནི། དྲག་ཤུལ་ གྱིས་བསྒྲུབ་པའི་ཕྱིར་ལས་དགུག་པ་དང་བཅིང་པ་ལ་སོགས་པ་བསྟན་པའོ། །མཁའ་འགྲོ་མ་བཞི་ཞེས་བྱ་བ་ནི་གཽ་རཱི་ལ་སོགས་པ་དེ་དག་ཉིད་དོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་ཏེ། བསྒོམ་པ་དང་བཟླས་པ་ལ་ཞེན་པ་ལ་ཡང་སྤྱན་རས་ཀྱིས་མི་འཚོ་ན་དེའི་ཚེ་ཟླ་བ་དྲུག་ཙམ་དུ་མཆོད་པ་ཐམས་ཅད་ ཀྱིས་མཆོད་ལ་གནས་པར་གསོལ་ཏེ། ཡང་ཟླ་བ་དྲུག་ཏུ་སྙིང་གར་ལྕགས་ཀྱུས་དགུག་པ་ལ་སོགས་པ་བྱས་ནས་ཟླ་བ་གཞན་ལ་དྲག་ཤུལ་གྱི་ཕུར་པས་གདབ་པར་སྟོན་པར་འགྱུར་རོ། །སངས་རྒྱས་གར་མཁན་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་གར་མཛད་པའོ། །ཅི་སྟེ་གླུ་དང་རོལ་ མོ་ངག་འཁྱལ་པ་སྨྲ་བ་དང་འདྲ་བར་སྟོན་པས་སྡིག་པ་ཉིད་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རམ་ཞེ་ན། སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཅན་གྱི་བྱང་ཆུབ་སྒྲུབ། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་གར་གྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྱག་རྒྱ་དང་བྱེད་པ་ལ་སོགས་པའོ། །འདོད་ ཆགས་ཅན་ཞེས་བྱ་བ་ནི་ཡུལ་ལ་ཞེན་པ་རྣམས་ཏེ་འདོད་པ་ལ་ཆགས་པ་དང་ལྡན་པའོ། །བྱང་ཆུབ་སྒྲུབ་ཅེས་བྱ་བ་ནི་སངས་རྒྱས་ཉིད་དོ། །ལག་པ་དང་རྐང་པ་དང་ལྟ་སྟངས་དང་། ཕྱག་རྒྱ་རྣམས་ཀྱིས་བསོད་ནམས་ཡེ་ཤེས་སོགས་པར་མཛད་པ་སྟེ་ཇི་ལྟར་ལྕགས་ལ་སོགས་པའི་གོང་བུ་ཆུང་ ཡང་ཆུའི་ནང་དུ་འབྱིང་བ་དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར་པ་བཞིན་ནོ། དེ་བཞིན་དུ་ཡང་རྡོ་རྗེའི་གར་ལ་སོགས་པ་ནི་འདུས་བྱས་པའི་ཕྱག་དང་ཞབས་དང་། ཞལ་ཡིན་པའི་ཕྱིར་ཞལ་གཅིག་དང་ཕྱག་གཉིས་ཞབས་གཉིས་དང་ལྡན་པར་བྱའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་གང་ལ་ ཡོད་པ་དེ་ནི་རྡོ་རྗེ་འཆང་སྟེ་ཀྱེའི་རྡོ་རྗེའོ། །དེ་ལ་གཡས་ཀྱི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་རྡོ་རྗེའོ། །ཕྱག་གཡོན་པའི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་ཐོད་པ་དང་ཁ་ཊྭཱཾ་གའོ། །དེ་བཞིན་དུ་བསྟན་པ་ནི་རྟག་པའི་གཡས་སུ་ནི་འཁོར་ལོའོ། །ཉི་མའི་གཡས་སུ་ནི་རིན་པོ་ཆེའོ། །པདྨ་གར་གྱི་ དབང་ཕྱུག་གཡས་སུ་ནི་པདྨའོ། །རྟ་མཆོག་གི་གཡས་སུ་ནི་རལ་གྲིའོ། །གཡོན་པ་རྣམས་སུ་ཁ་ཊྭཱཾ་ག་དང་ཐོད་པའོ། །ཞབས་ནི་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པའོ། །ཕྱག་ལ་སོགས་པ་ཇི་ལྟར་བསྡུས་པ་བཞིན་དུ་མ་མོ་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཀྱང་བསྡུས་པར་བྱ་སྟེ། གཽ་རཱི་ལ་སོགས་པ་བསྡུས་པ་ནི་མཱ་མ་ཀཱིའོ། །སྐམ་པ་མ་ལ་སོགས་པ་བསྡུས་པ་ནི་སངས་རྒྱས་སྤྱན་ནོ། །ཕྱག་ན་པདྨ་ཅན་ལ་སོགས་པ་བསྡུས་པ་ནི་གོས་དཀར་མོའོ། །ཕྱག་ན་ཉི་མ་ཅན་དང་སྒོ་ལྕགས་མ་ལ་སོགས་པ་བསྡུས་པ་ནི་སྒྲོལ་མའོ། །ཁྲོ་བོ་རྣམས་དང་སྒོ་སྐྱོང་རྣམས་བསྡུས་པ་ ནི། ཁྲོ་བོ་མི་གཡོ་བའོ། །ཁ་ཅིག་ན་རེ་ཁྲོ་བོའི་འཁོར་ལོ་བསྡུས་པའོ་ཞེས་ཟེར་རོ། །མེ་ཏོག་སྙིམ་པ་རབ་སྦྱོར་བས། །ཞེས་བྱ་བ་ལ་ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེར་ཧཱུྃ་ལས་རྡོ་རྗེ་དཀར་པོ་བསྐྱེད་ལ་སོར་མོ་རྣམས་ཀྱང་རྡོ་རྗེའི་ཚུལ་དུ་མོས་ཏེ། མེ་ཏོག་གི་ཐལ་མོ་སྤྱི་ བོར་སྦྱར་ཏེ་ཕྱག་བྱ་བ་ནི་མེ་ཏོག་གི་སྙིམ་པའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་བདག་ཉིད་ངེས་པར་དབུལ་བ་ནི་རབ་ཏུ་སྦྱོར་བའོ། །དེ་ནས་འོག་ནས་འབྱུང་བ་བཞིན་དུ་སྨོན་ལམ་གདབ་པའོ། །འདུ་ཤེས་མེད་པ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ སོགས་པ་རྣམས་སོ། །ཧཱུྃ་ཞེས་བྱ་བ་ནི་ལུས་དང་བརྗོད་པ་དང་ཡིད་དེ། ལུས་ནི་ཧའོ། །བརྗོད་པ་ནི་ཨུའོ། །ཡིད་ནི་མའོ། །མི་བསྐྱོད་པ་ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྟོག་པས་མི་གཡོ་བའོ། །བདག་གི་སྟོབས་བཅོམ་པ་ཞེས་བྱ་བ་ནི། གཉིས་པོ་མེད་པས་སྣང་བ་ཙམ་ཡིན་པའི་ཕྱིར་རོ། ། ཨོཾ་ཞེས་བྱ་བ་ནི་དོན་གྱིས་སྟོང་པ་དང་ཡིད་དེ། སེམས་ཙམ་གྱི་ངོ་བོ་ཉིད་དོ། །ཚངས་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་འབར་བས་སྣང་བའི་ཕྱིར་རོ། །ཨཱ་ཞེས་བྱ་བ་ནི་ནམ་མཁའ་དང་མཚུངས་པའོ། །གར་གྱི་ དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ། གར་ནི་རྣམ་པར་རོལ་པའོ། །དབང་ཕྱུག་ནི་དེའི་གཙོ་བོ་སྟེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་ཅིང་རྣམ་པ་སྣ་ཚོགས་ཀྱི་གདུལ་བྱ་རྣམས་ལ་ལོངས་སྤྱོད་པའོ། །ཏྲཱཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་ཆགས་ ཤིང་མཉམ་པ་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱང་ཁོ་ན་ཉིད་ནི་ཡི་གེ་ཏའོ། །ཉམས་སུ་མྱོང་བས་ཆགས་པའི་མཉམ་པ་ནི་རའོ། །ཡིད་ནི་མའོ། །གདུགས་གཅིག་ཅེས་བྱ་བ་ནི་མཉམ་པར་འགེགས་པའོ། །ཚ་བ་སེལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་གདུང་བ་ སེལ་བའོ། །འཁོར་ལོའི་རྣམ་པ་ཞེས་བྱ་བ་ནི་ཉི་མ་ལྟ་བུའི་ཡེ་ཤེས་སོ། །ཁཾ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་སྤྲུལ་པའི་ཡིད་དེ་ཁཾ། རྡོ་རྗེ་མགྱོགས་འགྲོ་ཞེས་བྱ་བ་ནི་ཆོས་ཀྱིས་མགྱོགས་པར་འགྲོ་བ་སྟེ། དེ་དང་དེར་སྤྲུལ་པ་སྣ་ཚོགས་སྟོན་པའོ། །སྙིང་རྗེའི་ཆང་ཞེས་བྱ་བ་ནི་ གཉིས་ཀྱི་རྟོག་པ་བཞུས་ནས་རོ་གཅིག་མཉམ་པའི་རང་བཞིན་ནོ། །མཱ་མ་ཀཱི་ཞེས་བྱ་བ་ནི་གཉིས་ཀྱིས་སྒྱུ་མ་འཇོམས་པའི་ལས་ཏེ་མཱ་མ་ཀཱི་ནི་མི་བསྐྱོད་པའོ། །ཞི་བ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་རྣམ་པར་རྟོག་པ་ཞི་བའི་ཕྱིར་སེམས་ཙམ་ཉིད་དོ། །ཆགས་པ་ཞེས་བྱ་བ་ནི་གཉིས་ཀྱིས་ སྟོང་པའི་ཡེ་ཤེས་ཉམས་སུ་མྱོང་བར་ཡོངས་སུ་གཅོད་པར་གནས་པའོ། །དབང་མོ་ཆེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པ་རྣམས་ཀྱི་རྗེས་སུ་འཛིན་པའི་རང་བཞིན་ནོ། །མིག་ཡོན་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟ་བ་སྟེ། འཁོར་བ་དང་ཞི་བ་ལྟ་བའོ། །དེ་ལ་ཕྱོགས་གཅིག་ ཏུ་བསྟན་པ་ནི་ཁང་པ་སུམ་བརྩེགས་བྱས་ནས་ཁང་པ་འོག་མར་ནི་གར་བྱེད་པའི་གར་མཁན་རྣམས་གཞག་པའོ། །པར་མར་ནི་བཟའ་བཅའ་ལ་སོགས་པའི་ཡོ་བྱད་གཞག་གོ། །སྟེང་མར་ནི་དཀྱིལ་འཁོར་འཁོར་ལོའི་ཁར་བཞག་ལ་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་ལས། གོ་རིམས་ སྨོས་པ་བཞིན་ཏིང་ངེ་འཛིན་གསུམ་བྱ་སྟེ། སློབ་མ་བཞི་དང་རྣལ་འབྱོར་མ་བཞི་དང་བཅས་པས་རང་རང་གི་འཁོར་ལོས་སྒྱུར་བར་བཅོས་པར་བྱ་ཞིང་། རྣལ་འབྱོར་མ་མེད་ན་སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་གཟུགས་གཟུང་བ་ཁྲོ་བོ་དང་སྒོ་སྐྱོང་ཐམས་ཅད་མི་གཡོ་བར་བསྡུས་པ་དང་བཅས་ པས་བདུད་ཐམས་ཅད་གཞོམ་པར་བྱའོ། །བསྡུ་བ་དེ་ཡང་ཁང་བུ་བརྩེགས་པ་རྣམས་ནི་ཁང་པ་བརྩེགས་པ་ལའོ། །ཞལ་རྣམས་ནི་ཞལ་ལའོ། །ཕྱག་རྣམས་ནི་ཕྱག་ལའོ། །ཞབས་རྣམས་ནི་ཞབས་ལའོ། །གླང་པོ་ཆེ་ལ་སོགས་པའི་ཐོད་པ་རྣམས་ནི་བཅོས་མའི་རྡོ་རྗེ་ལའོ། །དེ་བཞིན་དུ་རྨ་ བྱའི་ཐོད་པ་ལ་སོགས་པ་རྣམས་ནི་འཁོར་ལོ་ལའོ། །སྣོད་ལ་སོགས་པའི་ཐོད་པ་རྣམས་ནི་རིན་པོ་ཆེ་ལའོ། །དོམ་ལ་སོགས་པའི་ཐོད་པ་རྣམས་ནི་པདྨ་ལའོ། །ས་ལ་སོགས་པའི་སྣོད་རྣམས་ནི་རལ་གྲི་ལའོ། །དེ་བཞིན་དུ་གཡོན་པའི་མཚན་མ་རྣམས་ནི་ཁ་ཊྭཱཾ་ག་དང་ཐོད་པ་ལ་བསྡུའོ། །དེ་ལ་ དང་པོར་ཡོལ་བས་བཅད་ལ་སློབ་དཔོན་གཅིག་པུ་མེ་ལོང་མདུན་དུ་བཞག་སྟེ། རང་རང་ལྷའི་ཞལ་དང་། ཕྱག་དང་། བཅོས་མའི་རྡོ་རྗེ་དང་ཁ་ཊྭཱཾ་ག་དང་ཐོད་པ་དང་ལྡན་པ་ནོར་བུ་ལ་སོགས་པའི་མདོག་ཏུ་ཚོན་གྱིས་བྱུག་ཅིང་། བཅོས་མའི་མཆོད་ཕྱིར་ཐོགས་པ་ལ་སོགས་པའི་རྒྱན་གྱིས་བརྒྱན་ལ། རྐང་པའི་མཐིལ་དུ་ཧཱུྃ་གིས་རྡོ་རྗེ་རྩེ་གཅིག་དང་རྩེ་གསུམ་དང་རྩེ་ལྔ་པ་དང་། ཨ་ཡིས་བསྐྱེད་པའི་རྡོ་རྗེ་རྒྱ་གྲམ་རྣམས་རིམ་བཞིན་དུ་བསམས་ལ་འོག་ནས་འབྱུང་བའི་རྡོ་རྗེའི་འགྲོས་རྣམས་དང་སྦྱར་བར་བྱའོ། །དེ་བཞིན་དུ་ཁྲོ་བོ་ཆེན་པོའི་ཁྲོ་གཉེར་གྱིས་སྨིན་མ་བཅུམས་པའི་ལྟ་བ་མིག་ གཡོན་པར་ཊ་ལས་བྱུང་བའི་ཟླ་བ། གཡས་པར་མ་ལས་བྱུང་བའི་ཉི་མ་ལ་ཧཱུྃ་ཞེས་བྱ་བ་བཀོད་ནས། འབར་བའི་ལྟ་བ་དང་ཧེ་རུ་ཀའི་ང་རྒྱལ་གྱིས་ཧཱུྃ་ཞེས་བྱ་བ་བརྗོད་ནས་འོག་ནས་འབྱུང་བའི་རྡོ་རྗེ་འགྲོས་ཀྱིས་བསྐོར་བར་བྱའོ། །དེ་ཡང་དང་པོ་ཡོལ་བ་རིམ་གྱིས་བསལ་ཞིང་། ས་རབ་ཏུ་ དགའ་བ་ལ་སོགས་པའི་སྒྲིབ་པ་བསལ་ཞིང་བསྟན་པའི་ཕྱིར། རིམ་པ་བཞིན་དབུ་རྒྱན་དང་། དཔྲལ་བ་དང་སྤྱན་དང་ཀོ་སྐོ་དང་མགྲིན་པ་དང་། ཕྲག་པ་དང་། ཕྱག་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། ཞབས་ཀྱི་བར་དུ་བསྟན་པས་རྡོ་རྗེ་ཅན་ཕྱུང་སྟེ། ཕྱེད་ཀྲུང་བཅས་ ནས་གཡས་པ་མནན་ཏེ། མཉམ་པའི་འདུག་སྟངས་ཀྱིས་གནས་ལ། སྔར་སྨོས་པ་བཞིན་དུ་མེ་ཏོག་གི་ཐལ་མོ་སྤྱི་བོར་བཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བྱ་བས་ཕྱག་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཉིད་དབུལ་ལོ་ཞེས་ བྱ་བས་བདག་ཉིད་ཕུལ་ནས། འདི་སྐད་དུ་སེམས་ཅན་བསྡུ་བས་བསྡུས་པ་ཇི་སྙེད་པ་སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའམ་རྫུས་ཏེ་སྐྱེས་པའམ། མངལ་ལས་སྐྱེས་པ་ཡང་རུང་སྟེ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ་འདུ་ཤེས་ མེད་པའམ། འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པ་རྣམས་ཀྱང་རུང་སྟེ་དེ་དག་ཐམས་ཅད་བདག་གིས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་རབ་ཏུ་གཞག་པར་བྱའོ་ཞེས་སྨོན་ལམ་བཏབ་ལ། སེམས་ཅན་གྱི་ཁམས་རྣམས་མུན་པ་དང་འདྲེས་པར་ བལྟ་ཞིང་། ཨོཾ་ཀྲོ་ངྷ་དྲྀཥྚི་ཧཱི་ཞེས་བྱ་བ་དང་། ཧཱུྃ་གི་མིག་འབྲས་ཀྱི་འོད་ཟེར་འཇིག་པའི་མེ་ལྟར་འབར་བས་འགྲོ་བ་གསུམ་པོ་ཐལ་བར་བྱས་ནས་ཕྱེད་ཀྲུང་བྱས་པའི་གར་ལ་གནས་ཏེ། སླར་ཡང་རྒྱལ་མཚན་ཆེན་པོ་དང་། དྲིལ་བུའི་སྒྲས་བླངས་ལ་གར་ཆེན་པོའི་རོལ་པས་བསྐོར་བར་ བྱའོ། །གདམས་ངག་ལས་འོངས་པའི་རྡོ་རྗེ་འགྲོས་རྣམ་པ་བཞི་སྦྱར་བར་བྱ་སྟེ། རྐང་མཐིལ་གྱི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པས་ས་གཞི་ལ་གཞོག་ཅིང་རྡོ་རྗེ་དང་དྲིལ་བུ་རྐེད་པར་བཟུང་ལ་ཨོཾ་ཨེ་ཀ་སཱུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་ངྷ། བྷཉྫ་བྷཉྫ་སརྦ་དུཥྚཱཾ་ཨ་ས