Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 6

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
་ན་དེ་དག་ནི་
སུས་ཀྱང་མི་རྟོགས་ཤིང་། གཞིའི་དོན་གྱི་བྱ་བ་མི་ནུས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟ་བུ་ལགས། བཀའ་སྩལ་པ། སྲིད་གསུམ་མ་ལུས་ཡོངས་བསྒྱུར་ཅིང་། །གཟུང་དང་འཛིན་པ་རྣམ་སྤངས་པའོ། །ཞེས་པ་ལ། སྲིད་པ་གསུམ་ནི་ཁམས་གསུམ་སྟེ། དེ་ཉིད་ཧེ་རུ་
ཀའི་སྐུ་གསུང་ཐུགས་ཡོངས་སུ་གྱུར་པའོ། །གཟུང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །འཛིན་པ་ནི་སེམས་ཏེ་དེ་ཡང་ཡུལ་ངོ་བོ་ཉིད་ཀྱིས་མ་གྲུབ་ན་སེམས་ཀྱང་མ་གྲུབ་སྟེ། ཡུལ་སེམས་གཉིས་སྟོང་པ་ཉིད་དུ་གྱུར་པ་ནི་རྟོག་པ་ཐམས་ཅད་སྤངས་པའོ། །དངོས་སུ་རྩ་སུམ་ཅུ་རྩ་གཉིས་
ལ་སོགས་པ་ཡུལ་སྣང་བ་དང་། དེ་རྟོགས་པའི་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པར་གྱུར་པའོ། །གཞན་དུ་ལྷར་སྒྲུབ་པའི་ཐབས་ཡོད་དམ་སྙམ་པ་ལ། གཞན་དུ་ཐབས་རྣམས་ཐམས་ཅད་ནི། །དངོས་པོའི་མཚན་ཉིད་དག་ཏུ་བཤད། །ཅེས་པ་ལ་གཟུང་འཛིན་དག་པའི་ཐབས་ལས་
བཞན་པ། དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་དཔལ་ཧེ་རུ་ཀར་བརྟགས་ལ། དེ་ནི་མེ་ལོང་གི་གཟུགས་བརྙན་ལྟར་ངོ་བོ་ཉིད་མེད་པར་ཤེས་པའི་དོན། སྡོམ་པའི་དབྱེ་བས་བཤད་བྱ་སྟེ། །ཞེས་བྱ་བ་ནི། སྡོམ་པའི་ཚིག་སྟེ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནས། ཡ་ནི་སྒྲོལ་མ་དག་ཏུ་བཤད། །ཅེས་

བྱ་བས་ནི་སྤྱི་སྡོམ་བསྟན་ལ། དེ་དག་གི་དབྱེ་བ་ནི། སྤྲུལ་པའི་འཁོར་ལོ་བྱ་བ་ལས། །རྒྱུད་སྤྱིར་སྨོས་པར་ཤེས་པར་བྱའོ། །དེ་ལ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་ཞེས་བྱ་བ་ནི། ལྟེ་བའི་རྩའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ་སྟེ། འདབ་མ་ལ་ཀ་ཆེན་སུམ་ཅུ་རྩ་གཉིས་ཉིས་ལྡབ་ཏུ་བརྩིས་པའོ། །
དབུས་སུ་ཨ་བྲིའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་ལ། ཡབ་ཡུམ་བཞི་དབུས་སུ་ཧཱུཾ་དགོད་དོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པ་ལ། ཨ་ཆེན་བཅུ་དྲུག་བཀོད་ལ། དབུས་སུ་ཨོཾ་དགོད་དོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་
ལ། ཀ་ཆེན་སུམ་ཅུ་རྩ་གཉིས་བཀོད་ལ། དབུས་སུ་ཧ་དགོད། སྐད་ཅིག་མ་བཞི་ནི། རྣམ་པ་སྣ་ཚོགས་པ་དང་ཞེས་བྱ་བ་ནི། དགའ་བ་དང་སྦྱར་ཡབ་ཡུམ་གྱི་ཁ་དོག་དང་དབྱིབས་སྣ་ཚོགས་སུ་སྣང་བ་ལ་དགའ་བའི་དོན། རྣམ་པར་སྨིན་པ་ཤིན་ཏུ་དགའ་བ་དང་སྦྱར། རྣམ་པར་འཇོམས་པ་ནི་
མཆོག་ཏུ་དགའ་བ་དང་སྦྱར། རྣམ་པའི་མཚན་ཉིད་ནི་མཐར་ཐུག་པའི་དགའ་བ་དང་སྦྱར། འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་ནི་སྤྲུལ་པའི་འཁོར་ལོ་དང་སྦྱར། ལྷག་མ་ཡང་ཅི་རིགས་པར་སྦྱར་པར་བྱའོ། །བདག་གི་དེ་ཁོ་ན་ཉིད་ཅེས་སྨོས་པ་ལ། ལུས་དང་སེམས་
ལ་ཆ་ཤས་ཀྱིས་གཞིག་དང་ངོ་བོ་ཉིད་མ་གྲུབ་པའོ། །ལྷ་ནི་ལྷའི་བདག་ཉིད་ཆུའི་ཟླ་བ་ལྟར་ཤེས་པར་བྱའོ། །ཡིག་འབྲུ་གསུམ་གྱི་རང་བཞིན་མ་གྲུབ་པར་ཤེས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་ནི་རང་རིག་པའི་ཤེས་པ་མ་གྲུབ་པར་ཤེས་པར་བྱའོ། །དགའ་བ་རྣམས་གནས་བརྟན་པའི་སྡེ་
ལ་སོགས་པ་ནི་འོག་ནས་འབྱུང་བ་དང་འབྲེལ་པས་འདིར་མ་བྲིས་སོ། །དེ་དག་ཐམས་ཅད་ནི་ཨེ་ཝཾ་དུ་འདུས་སོ་ཞེས་བྱ་བ་ནི། གོང་འོག་ནས་ཨེ་ཝཾ་མ་ཡཱ་བཞི་དང་ཐབས་དང་ཤེས་རབ་ཏུ་སྦྱར་བར་ཤེས་པར་བྱའོ། །ཙཎྜ་ལཱི་ཡི་ལྟེ་བར་ལས། བདེ་གཤེགས་ལྔ་ནི་སྲེག་པར་བྱེད། །སྤྱན་སོགས་ལྔ་ནི་
བསྲེགས་ནས་ཀྱང་། །ཧཾ་བསྲེགས་ཤ་ཤའི་རྒྱུན་ཡང་འབབ། །ཅེས་པ་ལ། ལྟེ་བར་ནི་ཆགས་པ་ཆེན་པོ་མེ་འབར་བ་ཞེས་སྦྱར་རོ། །ཙཎྜ་ལཱི་ནི་རིགས་ངན་ཏེ། དེ་དང་སུ་ཡང་རེག་པར་མི་ནུས་པ་ལྟར། ཀར་ནི་ཀ་ལས་སུ་ཀ་བྱུང་བ་དེ་མཐར་ཐུག་པའི་དགའ་བ་འོད་གསལ་བ་ལས་བྱུང་བ་སྟེ། སུས་ཀྱང་

རྟོགས་པར་མི་འགྱུར་ཞིང་། རེག་པར་དཀའ་ཞེས་བྱ་བའི་དོན་ཏོ། །དེས་ནི་འབར་བ་སྟེ་སེམས་ཅན་གྱི་འདོད་ཆགས་ཀྱི་མེ་ཉིད་སྟོང་པ་ཉིད་དུ་འབར་བ་ཞེས་བྱའོ། །བདེ་གཤེགས་ལྔ་ནི་སྲེག་པར་བྱེད། །ཅེས་པ་ལ། དེས་རིགས་ལྔ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཡང་
བསྲེགས་ཏེ། ཡེ་ཤེས་སུ་ཞུ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཡུམ་ལྔ་ཡང་ཞུ་བའི་དོན་ཏོ། །ཧཾ་བསྲེགས་ཤ་ཤའི་རྒྱུན་ཡང་འབབ། །ཅེས་བྱ་བ་ནི། བདེ་བ་ཆེན་པོའི་གནས་ཚངས་པའི་སྒོར་ཧཾ་ཞེས་བྱ་བ་དོན་ཡོད་གྲུབ་པའི་རང་བཞིན་དེ་ལས་བདེ་བ་ཆེན་པའི་ས་བོན། ཟླ་བ་ཞུ་བ་ཉིད་ན་ཌི་སུམ་ཅུ་རྩ་
གཉིས་སུ་བྱུང་སྟེ། ཀ་ལོ་ཀའི་ཀར་ནི་ཀར་འོད་གསལ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་འབབ་པའི་དོན་ཏོ། །ཡང་ན་ཧཾ་བསྲེགས་ཞེས་བྱ་བ་ནི། སྤྱི་བོ་བདེ་བ་ཆེན་པོའི་གནས་སུ། ཕྱོགས་བཅུའི་སངས་རྒྱས་བསྡུས་ལ། བདེ་བ་ཆེན་པོ་ཉིད་དང་། སངས་རྒྱས་
རྣམས་འདྲེས་ཏེ་གཅིག་ཏུ་གྱུར་པ་དེ་ཧཾ་གི་བདག་ཉིད་དུ་གྱུར་ལ། དེ་ཉིད་ཟླ་བ་ཞུ་བའི་བདུད་རྩིར་གྱུར་པ། ན་ཌི་རྣམས་སུ་ཞུགས་ཏེ། གར་ནི་འདི་དབུས་སུ་འོད་གསལ་བར་འབབ་ཅེས་པའི་ཐ་ཚིག་གོ། །རྣམ་པ་གཞན་དུ་ན། ཙཎྜ་ལཱི་ཡི་ལྟེ་བ་འབར། །ཞེས་བྱ་བ་ལྟེ་བ་ནི་ཐབ་ཁུང་ཀ་ལོ་ཀའོ། །འབར་བ་ནི་
རང་རིག་པའི་ཡེ་ཤེས་འོད་གསལ་བའོ། །དངོས་སུ་སྙོམས་པར་འཇུག་པའི་ཡེ་ཤེས་ཀྱི་མེ་བྱུང་སྟེ་འབར་བའོ། །བདེ་གཤེགས་ལྔ་ནི་བསྲེག་བྱ་སྟེ། །ཞེས་པ་ནི། འདོད་ཆགས་ལ་སོགས་པའི་རྟོག་པ་ལྔ་དང་བྲལ་བའོ། །སྤྱན་སོགས་ལྔ་ཡང་བསྲེག་བྱས་ལ། །ཞེས་པ་ལ། ཁམས་ལྔའི་
རྟོག་པ་དང་བྲལ་བའི་ཐ་ཚིག་གོ། །ཧཾ་བསྲེགས་ཤ་ཤའི་རྒྱུན་ཡང་འབབ། །ཅེས་པ་ལ། སྤྱི་བོའི་ཧཾ་ཟླ་བ་ཞུ་སྟེ་ན་ཌེའི་ལམ་དུ་བྱུང་སྟེ་འོད་འབར་བས་ནམ་མཁར་བབ་པས་རྟོག་པ་ཐམས་ཅད་དང་བྲལ་སྟེ། རིགས་ལྔའི་ཕྱག་རྒྱ་ཆེན་པོ་འགྲུབ་པའི་དོན་ཏོ། །ཚིགས་སུ་བཅད་པ་འདི་ནི་མན་ངག་གི་
གནས་ཆེན་པོ་སྟེ། རྟོག་གེ་པ་རྣམས་དང་། ཐེག་པ་དམན་པ་ལ་ཞུགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དགོངས་པའི་དོན་རྣམས་སྦས་ཏེ་བཤད་པ་སྟེ། བླ་མའི་ཁ་ལས་ཤེས་པར་བྱའོ། །རྒྱུད་འདི་ཉིད་ཀྱི་ནང་ནས་ཀྱང་། །མཐར་ཐུག་གཞན་གྱིས་མི་རྟོགས་ཏེ། །གང་ལ་རྙེད་

པར་མི་འགྱུར་རོ། །བླ་མའི་ཐབས་རྒྱུད་བསྙེན་བཀུར་དང་། །བདག་ཉིད་བསོད་ནམས་ལྡན་པར་རོ། །ཞེས་འབྱུང་བས། མན་ངག་རྣམས་ནི་རྣ་བ་ནས་རྣ་བར་བརྒྱུད་དེ་སྟོན་གྱི་ཚིག་དང་ཡི་གེར་ནི་མ་བྲིས་སོ། །དེ་བས་ན་བླ་མ་དམ་པ་རྣམས་ཡུན་རིང་དུ་བསྙེན་བཀུར་བྱས་ཏེ། མན་ངག་ཐོབ་ནས་
བསྒྲུབས་ན་འགྲུབ། །ཅེས་པའི་ཐ་ཚིག་གོ། །ལེའུ་དང་པོའི་བཤད་པའོ།། །།དེ་ནས་གཉིས་པ་སྔགས་ཀྱི་ལེའུ་བཤད་པར་བྱ་སྟེ། གཏོར་མ་དང་། བསྐྱེད་པ་དང་། བཟླས་པ་དང་། སྒྲུབ་པ་ལ་སོགས་པའི་སྔགས་འཆད་པའི་དོན་ཏོ། །ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ནི་དང་པོ་སྔགས་ཀྱི་སྒོ་
སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་པའི་དོན་ཏོ། །ཨཱདྱ་ནུཏ་ཅེས་བྱ་བ་ནི་སྒོ་དེ་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །པནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། བྲུཾ་ཨཱཾ་ཛྲཱྀ་ཁཾ་ཧཱུཾ་ཞེས་བྱ་བ་ནི་རིགས་ལྔའི་ས་བོན་ཏེ་སྤྱི་བོ་དང་། མཚོག་མ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་ནས་བྱིན་གྱིས་བརླབ་
པོ། །ཨོཾ་དེ་ཝཾ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི། ཨོཾ་ནི་སྔགས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །དེ་བ་ནི་ལྷ་རྣམས་ཀྱི་དོན་ཏོ། །པི་ཙུ་ནི་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་པ་སྟེ། སྙིང་རྗེ་དེས་ལྷ་རྣམས་ཀྱི་སྐུ་དང་འོད་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་བསྡུ་ཞིང་བསྟིམ་པའི་དོན་ཏོ། །
བཛྲ་ནི་དེ་རྣམས་ཀྱང་རྡོ་རྗེ་ལྟར་ཅིས་ཀྱང་མི་ཤིགས་པའི་དོན། ཡང་ན་བདག་ཉིད་ལ་གོང་མ་རྣམས་བསྡུ་ཞིང་བསྟིམ་པའི་དོན། ཧཱུཾ་གསུམ་ནི་ལྷའི་སྐུ་གསུང་ཐུགས་གསུམ་གྱིས་སེམས་ཅན་དང་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཐ་ཚིག་གོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་
དུ་ཤེས་པར་བྱའོ། །ཟླ་ཚེས་དང་བིན་དུ་གསུམ་ནི་ཟླ་ཚེས་ནི་སྣོད་ཡིན་ལ། བིན་དུ་ནི་ཡེ་ཤེས་བདུད་རྩི་སྟེ། དེས་བདག་དང་འགྲོ་བའི་རྒྱུད་ལ་བསྟིམ་པའི་དོན་ཏོ། །ཕཊ་ནི་གནས་ཡིན་ལ། སྭཱ་ཧཱ་ནི་བརྟན་པར་བྱེད་པའི་དོན་ཏོ། །ཨོཾ་ཨ་སྭཱ་ཧཱ་ཕཊ། རྣམས་སྔགས་དང་སྤེལ་བ་ནི་མན་ངག་གིས་
བསྟན་པའོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྣ་ཚོགས་པདྨའི་ལྟེ་བ་ལ་བཞུགས་ཏེ། ཞལ་ལམ་ཞབས་བརྒྱད་དང་ལྡན་པའི་ཕྱིར་དང་། རྣམ་པར་ཐར་པ་བརྒྱད་ཀྱི་ཕྱིར་དང་། ལྷ་མོ་བརྒྱད་ཀྱི་འཁོར་གྱིས་བསྐོར་བའི་དོན་ཏོ། །ཨ་ཨཱ་ལ་སོགས་པ་ཡི་གེ་བཅུ་དྲུག་ནི་ཉིས་ལྡབ་ཏུ་བརྩིས་པས། དཔལ་

ཧེ་རུ་ཀ་ལ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་དོན་ཏོ། །ཡང་ན་སྔགས་གཉིས་གཉིས་ལྷ་མོ་བརྒྱད་ཀྱི་སྙིང་པོ་སྟེ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་བསྐྱེད་པའི་དོན་ཏོ། །འདིར་དྲིས་པ་སྔགས་འདི་རྣམས་ནི་ལྷ་མོ་བརྒྱད་ཀྱི་སྙིང་པོ་ཡིན་ན་ནི། དེ་བཞིན་གཤེགས་
པ་ལ་མཚན་སུམ་ཅུ་མེད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཐུགས་རྗེ་ཆེན་པོའི་དབང་གིས་མཚན་བཟང་པོ་ཉིད་ལྷ་མོའི་ཚུལ་དུ་བསྟན་པས་ན་མི་འགལ་ལོ། །ཨོཾ་ཏྲཻ་ལོ་ཀྱ་ཞེས་པ་ནི་ཨོཾ་གྱི་དོན་ནི་བཤད་ཟིན་ཏོ། །ཏྲཻ་ལོ་ཀྱ་ནི་འཇིག་རྟེན་གསུམ་ཞེས་བྱ་བའོ། །ཨ་ཀྵེ་པ་ནི་འདུ་བའམ་
སྡུད་པར་བྱེད་པའོ། །དངོས་སུ་འཇིག་རྟེན་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་སྐུ་དང་འོད་ལ་སོགས་པ། བདག་དང་སེམས་ཅན་ལ་བསྡུ་བའི་དོན་ཏོ། །ཧཱུཾ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཨོཾ་ཛྭ་ལ་ཛྭ་ལ་ཞེས་པ་ལ། ཛྭ་ལ་ནི་འབར་བ་སྟེ། དངོས་སུ་ཕྱག་བཞི་ལ་འོད་འབར་བའི་དོན། བྷྱོ་ཞེས་
བྱ་བ་ནི་སྒྲ་ལས་རྣམས་ཀྱིས་ཞེས་བྱ་བར་འདྲེན་ཏོ། །དངོས་སུ་འབར་བ་རྣམས་ཀྱིས་བདག་དང་གཞན་གྱི་བག་ཆགས་རྣམས་དག་པའམ། སྲེག་པར་བྱེད་པའི་དོན། ཕྱག་བཞི་པའི་སྔགས་སོ་ཞེས་བྱ་བ་ལ་གོང་མའི་སྔགས་དེས་དགྱེས་པའི་རྡོ་རྗེ་ཕྱག་བཅུ་དྲུག་པ་ལས། ཕན་ཚུན་གྱི་དང་པོ་གཉིས་
གཉིས་ཏེ། ཕྱག་བཞི་བསྐྱེད་པའི་དོན་ཏོ། །ཨོཾ་ཀི་ཊི་ཞེས་པ་ལ། ཀི་ཊི་ཀི་ཊི་ནི་བདུད་དམ། མ་རུངས་པ་དབང་དུ་སྡུད་པ་སྟེ། དངོས་སུ་དགྱེས་པའི་རྡོ་རྗེའི་ཞབས་བཞི་འམ་བརྒྱད་ཀྱིས་ལྷ་བརྒྱད་མནན་ཏེ། དེ་རྣམས་ཀྱི་ནོར་གླང་པོ་ལ་སོགས་པའི་ཐོད་པ་བརྒྱད་ཕྱག་གཡས་ན་བསྣམས་པ་དང་།
འབྱུང་བ་བཞིའི་ལྷ་དང་། ཉི་ཟླ་དང་། གཤིན་རྗེ་དང་། ནོར་སྐྱོང་གི་ཐོད་པ་ཕྱག་གཡོན་ན་བསྣམས་ཏེ་བསྡིགས་པས། དེ་རྣམས་ཀྱི་འཁོར་ལོ་གནོད་སྦྱིན་དང་བདུད་ལ་སོགས་པ་དབང་དུ་སྡུད་བའི་དོན། ཡང་ན་སྔགས་འདི་བརྗོད་པས་དགྱེས་པའི་རྡོ་རྗེའི་གཡས་གཡོན་གྱི་ཕྱག་འོག་མ་དྲུག་བསྐྱེད་
པའི་དོན། ཧཱུཾ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་ཉེ་བའི་སྙིང་པོའོ། །དེ་ཝ་པི་ཙུ་ལ་སོགས་པ་ནི་སྙིང་པོ་སྟེ་རྩ་བའི་སྙིང་པོའོ། །ལྷག་མའི་སྔགས་རྣམས་ནུས་པ་དང་། ལས་ནི་རྩ་བ་ཉིད་ལས་གསལ་ལོ། །ཀུ་རུ་ཀུལླེ་ཞེས་བྱ་བ་ནི་ལྷ་མོ་ཞིག་དྲག་པོའི་ལས་བྱེད་པ་ལ་མཐུ་ཆེ་བ་ཞིག་

སྟེ། དེ་བཟླས་པས་ལས་འགྲུབ་བོ། །གླང་པོའི་རྡུལ་བྱ་བ་ནི། ཆང་མང་པོ་བླུད་དེ་ལུས་བསྐྱོད་པ་དང་། འཕྲལ་བ་ལས་རྡུལ་འབྱུང་བ་ལ་བྱའོ། །ཞི་ག་ཁ་དགབ་ཅན་ནི། རྫ་ཕོར་ཏེ་དེའི་ནང་དུ་སྒྲུབ་རྫས་གཞུག་པའི་དོན། ཏི་ལ་ཀས་བཏབ་ལ་ཞེས་པ་ནི་སྒྲུབ་རྫས་ཏེ། མི་བསྐྱོད་པ་སྟེ་དྲི་ཆུ་
བརྟགས་པ་འཕྲལ་བར་ཐིག་ལེ་བྱའོ། །རྐང་པའི་འོག་ཏུ་བཅུག་ལ་བཟླས། །ཞེས་བྱའོ། །རྡོ་རྗེ་ཆུའི་ནང་ཞེས་པ་ནི་འབྲས་ལས་ཉི་ཟླའི་གཟུགས་བརྙན་བྱས་ཏེ། སྣོད་བཟང་པོར་རྡོ་རྗེ་ལས་བྱུང་བའི་ཆུའི་ནང་དུ་བཞག་ལ་བསྔགས་བཟླས་ཞེས་བྱ་བའི་དོན། ཨ་ལག་ཏའི་ཐང་ཆུ་ནི་དངོས་རྒྱ་སྐྱེགས་ཀྱི་
ཤིང་གི་ཐང་ཆུ་སྟེ། དེས་སློབ་དཔོན་གྱི་མཐེ་བོའི་ནང་གང་གི་ལྟོར་བསྐུ་བའི་དོན། ནོར་སྐྱོང་གི་ལག་པ་ནི་མི་འཇིགས་པ་སྦྱིན་པའོ། །རྡོ་རྗེ་མོ་དང་གཽ་རཱི་དང་མཁའ་སྤྱོད་དང་ས་སྤྱོད་ལ་སོགས་པའི་ལྷ་མོ་བདུན་ནི་ཁྱད་པར་དུ་གནོན་པ་དང་བསྐྲད་པ་དང་གསད་པ་དང་མངོན་སྤྱོད་ལ་སོགས་
པའི་ལས་བསྒྲུབ་པར་བྱ་བའི་དོན་ཏོ། །ལེའུ་གཉིས་པའི་བཤད་པའོ།། །།ད་ནི་ལེའུ་གསུམ་བའི་དོན་བཤད་པར་བྱ་སྟེ། ཐོག་མར་བྱམས་པ་བསྒོམ་པར་བྱ། །ཞེས་པ་ལ། ཚད་མེད་པ་བཞི་སྒྲུབ་པ་པོས་བསྒོམ་པའི་དོན། གཞན་ཡང་བྱང་ཆུབ་སྙིང་པོ་དང་། །ཞེས་པ་ལ། ཆོས་
ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་ནི་བྱང་ཆུབ་ཀྱི་སྙིང་པོའོ། །རྣམ་པ་གཅིག་ཏུ་ནི་ཡུམ་གྱི་མཁར་པདྨའི་འདབ་མ་བརྒྱད་བསྒོམས་ཏེ་ལྟེ་བ་ལ་ཧེ་རུ་ཀ་འདབ་མ་བརྒྱད་ལ་གཽ་རཱི་མ་ལ་སོགས་པའི་ལྷ་མོ་བརྒྱད་བསྒོམ་མོ། །དེ་ནས་ཧེ་རུ་ཀའི་ས་བོན་ལས་འོད་འཕྲོས་པས་ནམ་མཁའ་བཀང་སྟེ།
དེ་འདུས་པས་ལྟེ་བའི་དང་པོའི་གནས་སུ་བསྡུ་སྟེ། ཧེ་རུ་ཀ་འོད་དུ་ཞུ་སྟེ་སྟོང་པ་ཉིད་དུ་གྱུར་ཏོ། །དེ་ནས་ཕྱོགས་ཀྱི་ལྷ་མོ་བཞིས་བསྐུལ་བས། ཡི་གེ་ཧཱུཾ་བྱུང་བ་གཉིས་པ་ལ་ནི་ས་བོན་བསྡུ་ཞེས་བྱ་བའོ། །དེ་ནས་ཡི་གེ་གྱུར་པ་ལས་ཧེ་རུ་ཀའི་སྐུར་གྱུར་པ་ནི། གསུམ་པ་གཟུགས་བརྙན་ལེགས་པར་
རྫོགས། །ཞེས་བྱའོ། །བཞི་པ་ཡི་གེ་ངེས་པར་དགོད། །ཅེས་བྱ་བ་ནི། ཁྲག་འཐུང་གི་ཐུགས་ཀའི་ཉི་མའི་སྟེང་དུ་ཧཱུཾ་བསྒོམ་པར་བྱའོ། །མདུན་དུ་རཾ་ལས་ཉི་མ་བསྒོམ། །ཞེས་པ་ནི། བསྒོམ་པ་ལ་ཐོག་མར་འཇུག་པའི་ཚེ་དང་པོར་དམིགས་པ་སྟོན་པ་ཡིན་ནོ། །འདིར་འདྲི་བ་པོ་ན་རེ་སྒྲུབ་པ་པོས་

དུར་ཁྲོད་ལ་སོགས་པར་གནས་ཏེ། ཐོག་མར་བདག་ཁྲག་འཐུང་གི་སྐུར་དམིགས་ཏེ། སྙིང་གར་ཉི་མའི་སྟེང་དུ་རཾ་བསྒོམས་ལ། དེའི་འོག་ཏུ་ཚད་མེད་པ་བསྒོམ་ཞེས་འབྱུང་ན། འདིར་དང་པོར་ཚད་མེད་པ་འབྱུང་བར་ཅིའི་ཕྱིར། སྨྲས་པ་དེ་ནི་བདེ་ན་ཡང་མུ་སྟེགས་བྱེད་ལ་སོགས་
པ་ལ་གསང་བའི་ཕྱིར་དང་། གཏི་མུག་ཅན་དག་སློབ་དཔོན་ལ་རག་མི་ལུས་པར་གཟུ་ལུམས་འཇུག་པའི་ཕྱིར་དཀྲུགས་ཏེ་བསྟན་པ་ཡིན་ནོ། །མདུན་དུ་རཾ་ལས་ཉི་མ་བསྒོམ། །ཞེས་པ་ནི། རྣལ་འབྱོར་པའི་མདུན་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པའི་དོན། དེ་ནས་ཉི་ཧཱུཾ་ཀུན་རྡོ་རྗེ། །ཞེས་
བྱ་བ་ནི། ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བསྒོམ་པའི་རྡོ་རྗེའི་དཀྱིལ་དུ་ཧཱུཾ་དམིགས། རྡོ་རྗེ་ལས་རྡོ་རྗེ་མ་མོ་མང་པོ་སྤྲོས་པས་ནམ་མཁའ་བཀང་སྟེ། དེ་ལས་རྡོ་རྗེའི་ར་བ་དང་དྲ་བ་དང་ཕུར་བུ་ལ་སོགས་པས་མཚམས་བཅིང་བར་བྱའོ། །ཐོག་མར་ཤི་བ་བསྒོམས་ནས་ནི། །ཞེས་བྱ་བ་ལ། བདག་
གི་སྟན་དུ་ལྷ་དབང་ཕྱུག་ཆེན་པོ་བསྒོམ་པའོ། །དེ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་ཆོས་ཉིད་དུ་བསྒོམ་མོ། །རྣལ་འབྱོར་པས་དེའི་སྟེང་དུ་འདུག་ལ། ཧེ་རུ་ཀ་དཔལ་རྣམ་པར་བསྒོམ། །ཞེས་བྱ་བ་ལ་སོགས་པ་བརྡ་ཕྲད་སླའོ། །ལྷ་དབང་བསྐུར་བའི་ལེའུ་བཞི་པ་ཡང་བརྡ་ཕྲད་སླའོ།། །།
དེ་ནས་ལེའུ་ལྔ་པ་བཤད་པར་བྱ་སྟེ། མ་དང་སྲིང་མོ་ཞེས་བྱ་བ་ནི། ལོ་ཙ་ན་ལ་སོགས་པ་པའི་ཡུམ་རྣམས་ཀྱི་དམིགས་པ་བསྟན་ཏེ། འོག་ནས་འབྱུང་བ་དང་འབྲེལ་ཏོ། །དེ་ནི་འབད་པས་བསྙེན་བྱ་ཞིང་། །གང་ཡང་དབྱེ་བར་མི་བྱའོ། །ཞེས་བྱ་བ་ནི། ཡུམ་དེ་རྣམས་ཚུལ་བཞིན་དུ་མཆོད་
ཅིང་བཟང་ངན་ལ་སོགས་པའི་རྟོག་པ་མི་བྱ་ཞེས་པའི་དོན་ཏོ། །གསང་བ་མ་བྱས་སྦྲུལ་དང་མེ། །རྐུན་མ་འབྱུང་བས་སྡུག་བསྔལ་སྐྱེད། །ཅེས་བྱ་བ་ནི། དེ་ལྟ་བུ་བསྒྲུབ་པའི་ཡུམ་མཆོད་པའི་གསང་བ་དེ་སྣོད་དུ་མི་འགྱུར་བ་ལ་བཤད་དམ་བསྟན་ན། ཚེ་འདིར་སྦྲུལ་གྱིས་འཛིན་པ་དང་།
མེས་ཚིག་པ་དང་། གཞན་གྱིས་ནོར་ཕྲོག་པ་དང་། གདོན་གྱིས་འཛིན་པ་དང་། ནད་ལ་སོགས་པ་སྡུག་བསྔལ་མང་པོས་གཟིར་བར་འགྱུར་བའི་དོན། རིགས་ལྔ་ཡི་ནི་ཕྱག་རྒྱ་དག །ཐར་པའི་རྒྱུར་ནི་བཤད་པ་སྟེ། །རྡོ་རྗེའི་ཕྱག་རྒྱ་ལ་སོགས་པ་ལ་ཞེས་པ་རྡོ་རྗེའི་རིགས་ཀྱི་ཡུམ་མཱ་མ་ཀཱི་ལ་སོགས་

པའི་ཡུམ་ལ་བྱ་ལ། དེ་དག་ཡེ་ཤེས་སྐྱེ་བའི་བདག་ཉིད་ཡིན་པས། ཐར་པའི་རྒྱུ་ཞེས་བྱའོ། །རྡོ་རྗེའི་ཕྱག་རྒྱ་ནི་བདག་རིགས་གང་ཡིན་པར་དམིགས་ལ། དེ་དང་གཉིས་སུ་མེད་པར་མཆོད་པའི་ཚེ། །རང་གི་དབང་པོའི་རྡོ་རྗེ་ཉིད་ནི་རྡོ་རྗེའི་ཕྱག་རྒྱ་ཡིན་ལ། ཡུམ་གྱི་ཕྱག་རྒྱ་ལ་ཡང་ཕྱག་རྒྱ་ཞེས་བྱའོ། །སོགས་
ཀྱི་ཁོངས་སུ་ནི་རིན་པོ་ཆེའི་རིགས་ལ་སོགས་པ་ལ་བྱ་བའི་དོན་ཏོ། །དེ་དག་གི་དངོས་སུ་ཡབ་ཡུམ་གྱི་དབང་པོའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རིགས་དྲུག་དག་ཏུ་རབ་བཤད་པ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྔ་དང་། མི་བསྐྱོད་པ་དང་དྲུག་ལ་
བྱའོ། །ཚངས་པ་མྱ་ངན་འདས་སངས་རྒྱས། །ཞེས་བྱ་བ་ནི་དྲུག་པོ་རིགས་དང་སྦྱར་བ་སྟེ། ཚངས་པ་ནི་དེ་བཞིན་གཤེགས་པའི་རིགས་སོ། །ཁྱབ་འཇུག་ནི་རྡོ་རྗེའི་རིགས་སོ། །ཞི་བ་དགེ་བ་ནི་མ་ཧཱ་དེ་ཝ་སྟེ་ལས་ཀྱི་རིགས་སོ། །ཀུན་ནི་ཐམས་ཅད་བདག་ལ་གནས། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་
སོ། །དམ་པ་བདེ་སེམས་ནི་པདྨའི་རིགས་སོ། །རྣམ་པར་སངས་རྒྱས་ནི་ཨག་ཤོ་བྱཱའི་རིགས་སོ། །གང་ཡང་ལུས་ནི་ཡང་དག་ལྡན་བྱ་བ་ནི། རྣལ་འབྱོར་པའི་ལུས་ལྷ་གོང་མ་རྣམས་དང་ལྡན་པའི་དོན། དེ་ཉིད་ལྷར་གྱུར་ཅིང་ལྷའི་བདག་ཉིད་ཡིན་པས་ན། ལྷ་ཞེས་བཤད་པ་ཡིན་ནོ། །ལྷག་
མ་ནི་བརྡ་ཕྲད་སླའོ། །ཨཱ་ལི་ཀཱ་ལི་རྣམ་བརྟགས་པའི། །སྨྲས་པ་བཟླས་པ་ཞེས་པ་ལ། ཨཱ་ལི་དང་ཀཱ་ལི་ནི་སྔགས་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ལ། དེ་རྣམས་ལས་བཟླས་པའི་སྔགས་ཐམས་ཅད་འབྱུང་བ་ནི། སྨྲས་པ་བཟླས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་པ་ཡིས་བདེ་ཐོབ་པ། །ཞེས་བྱ་
བ་ནི། དཔལ་ཧེ་རུ་ཀ་ནི་ཐམས་ཅད་ཀྱི་འབྱུང་གནས་ཕའོ། །དེས་བདེ་ཐོབ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ། ཨེ་ཝཾ་ལས་ཐོབ་པས་བདེ་བ་ཐོབ་ཅེས་བྱའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཨེ་ཝཾ་གྱི་བདེ་བ་ལ་རྟག་ཏུ་གོམས་པར་བྱས་པས། ཧེ་རུ་ཀའི་དངོས་གྲུབ་ཐོབ་པས་ཟ་ཞེས་བྱའོ། །འཆི་བ་
གང་གིས་བདེ་བ་འདི། །ཞེས་པ་ལ། འཆི་བ་ནི་ཕྱི་རོལ་པ་ལ་སྦས་ཏེ་བསྟན་པ་སྟེ། རྒྱས་པར་བྱེད་པ་ཞེས་བྱ་བ་སྟེ་དངོས་སུ་བྱང་ཆུབ་ཀྱི་སེམས་བདེ་བའི་རོས་རྒྱས་པའི་བདེ་བ་ཞེས་བྱའོ། །དེ་བདེ་བསམ་གཏན་དག་གིས་གྲོལ། །ཞེས་བྱ་བ་ལ། དེ་ལྟ་བུའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་བྱས་པས། ཁམས་

གསུམ་ལས་གྲོལ་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་ན། ཇི་ལྟར་ཕ་ཡིས་བདེ་ཐོབ་པ། །ཞེས་བྱ་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕ་ནི་སློབ་དཔོན་ཡིན་ལ། རྡོ་རྗེ་སློབ་དཔོན་དེས་མཐར་ཐུག་པའི་བདེ་བ་ལས་སྐྱེས་པའི་དངོས་
གྲུབ་ཐོབ་པ་ལྟར། རྣལ་འབྱོར་པ་དེའི་མན་ངག་ཐོབ་ནས་བདེ་བ་ལས་སྐྱེས་པའི་དངོས་གྲུབ་ཐོབ་པས་ནི། དེ་བཞིན་རང་གི་བདེ་བ་ཟ། །ཞེས་བྱའོ། །འཆི་བ་ལ་མ་ར་ཎ་སྟེ་འཆི་བའོ། །འཆི་བའི་སེམས་གཅིག་ཏུ་གྱུར་པ་ལྟར། བདེ་བའི་དངོས་གྲུབ་བླང་བའོ། །ཡང་ན་མ་ར་ཎ་ཞེས་བྱ་སྟེ།
རྒྱས་པ་ལ་བྱ་ལ་དེ་ལྟ་བུའི་བདེ་བ་ལ་སེམས་གཅིག་ཏུ་འདུས་པས་རྒྱས་པར་བྱའོ། །འཆི་བ་གང་གིས་ནི་དེ་ལྟ་བུའི་བདེ་བས་རྒྱས་པའི་དངོས་གྲུབ་ནི་བདེ་བ་འདི་ཞེས་བྱའོ། །དེ་ལྟ་བུའི་བདེ་བ་ནི་རྟག་ཏུ་བདེ་བ་ཆེན་པོ་ལ་གནས་པས་ཐོབ་ཅེས་བྱ་བའི་དོན་ཏོ། །ལེའུ་ལྔ་པའི་བཤད་པའོ།། །།
ལེའུ་དྲུག་པ་ལས་འཁོར་བའི་ཚུ་རོལ་ནས། མྱ་ངན་ལས་འདས་པའི་ཕ་རོལ་ཏུ་འགྲོ་བའི་སྤྱོད་པ་སྟོན་ཞེས་བྱ་བའི་དོན་ཏོ། །ཅུང་ཞིག་དྲོ་བ་ཉིད་ཐོབ་ནས། །ཞེས་བྱ་བ་ནི། རྣལ་འབྱོར་པ་དེ་ལ་ཕྱི་ནང་གཉིས་ཀྱི་རྟགས་འོག་ནས་ག་བུར་ལ་སོགས་པའི་དྲི་འབྱུང་བ་དང་ངང་པ་ལ་སོགས་པའི་སྐད་འབྱུང་བ་
ནི་ཕྱིའོ། །ནང་གི་ནི་འགྲེལ་པ་ཉིད་དོ། །རྟགས་ཕྲ་མོ་འབྱུང་བ་སྟེ། རྣམ་པར་རྟོག་པ་ཆུང་བ་དང་། ཉོན་མོངས་པའི་ཤས་ཆུང་བ་དང་། ཁ་ཟས་ལ་དད་ཆུང་བ་དང་གཉིད་ལ་སོགས་པ་ཆུང་བ་དང་། རྨི་ལྟས་རྣོ་བ་ལ་སོགས་པ་འབྱུང་བ་ལ་བྱའོ། །དེ་ནས་རྟོག་པ་ཆུང་བ་དང་གོང་མའི་སྤྱོད་
ལམ་དག་སྐྱེ་བོས་ཁ་ན་མ་ཐོ་བ་མེད་པར་བྱའོ། །དངོས་གྲུབ་ཐོབ་ནས་ཅི་འདོད་པར། །ཞེས་བྱ་བ་ནི། དངོས་གྲུབ་ཀྱི་མཚན་མ་བྱུང་སྟེ་སྒྲུབ་པ་ཆེན་པོ་ལ་འཇུག་པའི་ཕྱིར། འོག་མའི་ཕྱག་རྒྱ་བླངས་ཏེ་སྒྲུབ། །ཅེས་བྱ་བའི་དོན། རྡོ་རྗེའི་བུ་མོ་མ་རྙེད་ན། །ཞེས་བྱ་བ་རྡོ་རྗེའི་རིགས་ཀྱི་བུ་མོ་སྟེ།
ཌོམྤིའོ། །དེ་ལྟར་མི་ལྡན་ན་རང་གི་ལྷའི་རིགས་ཀྱིས་ཀྱང་བྱ་སྟེ། གོང་དུ་སྨོས་པའི་རྡོ་རྗེའི་རིགས་ལ་སོགས་པས་བྱའོ། །ཡང་ན་རིགས་གཞན་པདྨའི་རིགས་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །ལུས་ཀྱི་སྦྱིན་པ་བཏང་ནས་ནི། །ཞེས་བྱ་བ་ལ། བདག་གིས་ལུས་འཕགས་པ་དང་འགྲོ་བ་

ཀུན་ལ་བཏང་བའོ། །དེ་ནས་སྔགས་ཀྱི་སྤྱོད་པ་བརྩམ་མོ། །སྐལ་ལྡན་སྐལ་མེད་ཁྱད་པར་གྱིས། །འདི་ལྟར་སྦྱིན་པ་སྦྱིན་མི་བྱ། །ཞེས་པ་ནི། སེམས་ཅན་གཅིག་གི་ཕྱིར་བདག་གི་ལུས་ལ་སོགས་པ་མི་གཏོང་བའི་དོན། ལྷག་མ་ནི་གོ་སླའོ། །སྒྲུབ་པ་ཐོབ་པའི་སློབ་མ་ཡིས། །ཡང་དག་
ཡེ་ཤེས་སྣང་བ་ལྡན། །བླ་མ་ལ་ནི་མངོན་པར་འདུད། །ཅེས་པ་ལ། སློབ་དཔོན་དངོས་གྲུབ་མ་ཐོབ་ལ་སློབ་མ་དངོས་གྲུབ་ཐོབ་ཀྱང་བླ་མ་ལ་ཕྱག་འཚལ་བ་ལ་སོགས་པ་མ་བྱས་ན་ལྟུང་ཞིང་ཉམས་པར་འགྱུར་བའི་དོན། ལེའུ་དྲུག་པའི་བཤད་པའོ།། །།ད་ནི་ལེའུ་བདུན་པ་བཤད་
པར་བྱ་སྟེ། འདི་ལས་རྣལ་འབྱོར་དང་ཕྱི་རོལ་པའི་མཚན་མ་བརྟག་པ་སྟེ། སོར་མོ་གཅིག་སྟོན་པ་ནི་མཛུབ་མོ་གཅིག་སྟོན་པའོ། །སོར་མོ་གཉིས་སྟོན་པ་ནི་མཛུབ་མོ་དང་གུང་མོ་གཉིས་སྟོན་པའོ། །རྒྱལ་མཚན་མཚོན་ཅན་མྲི་ཡང་དང་། །ཞེས་བྱ་བ་ནི། རྒྱལ་མཚན་ཏེ་མི་ཤིང་ལ་བཏགས་པའི་ཤི་བའི་ཤ་
དང་། མཚོན་གྱིས་བསད་པ་དག་བསྡུས་ལ། སམ་ཏ་སྟེ་བཟའ་ཞེས་པའོ། །ཡང་ན་སབ་ཏ་བར་ཏན་ནི་སྐྱེ་བ་བདུན་པའི་མཚན་མ་གྲིབ་མ་བདུན་སྣང་བ་ལ་སོགས་པ་མཐོང་ན། ད་སྒྲུབ་པའི་རྫས་སུ་སམ་ཏ་བར་ཏི་བྱ་བའི་དོན། ད་ལྟར་བྱ་བ་ཡང་རྟགས་བྱུང་ནས། དངོས་གྲུབ་ཀྱི་མཚན་མ་
བྱུང་ནས་སྙིང་རྗེ་ཆེན་པོས་བྱ་བ་ན། གཙོ་བོས་བྱ་བ་དང་། སྙིང་རྗེ་བསྐྱེད་པའི་དོན་ཏོ། །ལྷག་མ་ནི་གོ་སླ་བས་མ་བྲིས་སོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། བྱ་བ་ལ་ཆོས་ཐམས་ཅད་རང་བཞིན་མེད་ཅིང་འོད་གསལ་བའི་ཡེ་ཤེས་ལ་བྱའོ། །ཧེ་ནི་རྒྱུ་སོགས་ཞེས་བྱ་བ་ནི། དེ་ལྟར་མ་རྟོགས་
པས་རྒྱུ་དང་བྱེད་པ་པོར་རྟོགས་པ་རྣམས། ཕྱི་ནང་གི་རྟེན་འབྲེལ་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་མ་གྲུབ་པར་བསྟན་པའི་དོན། རུ་ནི་བཀོད་དང་བྲལ་བ་སྟེ། །ཞེས་བྱ་བ་ལ། བཀོད་པ་ནི་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བ་ལ་ཤེས་པར་བྱའོ། །ཀ་ནི་གང་ལ་གནས་པ་མེད། །ཅེས་བྱ་བ་
སྟེ། མཐོང་བའི་ཆོས་མྱ་ངན་ལས་འདས་པར་ཤེས་ཏེ། བླང་དོར་མེད་པས་གང་ལ་ཡང་མི་གནས། །ཞེས་བྱའོ། །རྡོ་རྗེ་ཐོད་པ་ཞེས་བྱ་བ་ནི། སྒྲུབ་པ་པོ་དེ་ཧེ་རུ་ཀའི་བརྟུལ་ཞུགས་ལ་གནས་ཤིང་ལག་ན་རྡོ་རྗེ་དང་ཐོད་པ་འཆང་བའི་མིང་ཡིན་ནོ། །ཇི་ལྟ་ཇི་ལྟར་སྐྱེ་འགྲོ་ཡི། །མཁས་པས་བྱས་

ཤ་ཏ་ཟོས་ནས། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་བྱ་བ་ནི། གླང་པོ་ལ་སོགས་པ་བསད་པ་མ་ཡིན་པ། ཁ་ན་མ་ཐོ་བ་མེད་པ། རང་བཞིན་གྱིས་ཤི་བའམ། གཞན་གྱིས་གསད་ཅིང་ཚོང་ཁང་ནས་བླངས་པའི་ཤ་སྒྲུབ་པ་པོའི་རྫས་སུ་ཉོས་ལ་མཆོད་པ་བྱས་ན། སེམས་
ཅན་དེ་དག་རྣམས་མཐོ་རིས་དང་བྱང་ཆུབ་ཐོབ་ཅེས་པའི་དོན། ཡང་ན་སྐྱེ་འགྲོ་ནི་ཡེ་ཤེས་སྐྱེས་པའི་སངས་རྒྱས་ཡིན་ལ། དེ་ཐུགས་རྗེས་གཞན་གྱི་དོན་ལ་སྐུ་ཐ་དད་པར་འགྲོ་བའི་དོན། མཁས་པའི་སྟེ་ཡེ་ཤེས་ལས་སྐྱེ་བར་ཤེས་པའི་དོན། ཟོས་ཞེས་བྱ་བ་ནི་དེ་དང་གཉིས་སུ་མེད་པས་སོ། །
དེ་སེམས་ཅན་དེ་ཞེས་བྱ་བ་ནི། ཧེ་རུ་ཀ་དེ་དབང་དུ་གྱུར་ཏེ། དེའི་དངོས་གྲུབ་ཐོབ་ཅེས་བྱ་བ་སྟེ། སྒྲ་ཇི་བཞིན་མ་ཡིན་པར་བཤད་པའོ། །དགོངས་པའི་དོན་རྣམས་བཤད་དེ་སྦས་པ་ནི། ཡུམ་དང་ཅི་རིགས་པར་བཤད་པའོ། །ལེའུ་བདུན་པའི་བཤད་པའོ།། །།ད་ནི་ལེའུ་བརྒྱད་པ་
རྣལ་འབྱོར་མའི་དཀྱིལ་འཁོར་བསྟན་ཏེ། མཁའ་དབྱིངས་བྷ་གའི་བསམ་གཏན་ནི། །ཞེས་བྱ་བ་ནི། འོག་མའི་ཟུར་གསུམ་བྱ་བ་དང་འབྲེལ་ཏོ། །ལྷག་མ་ནི་གོ་སླ་བས་མ་བྲིས་སོ། །རིམ་པ་གཉིས་པོ་ཞེས་བྱ་བ་ནི། དེ་དབང་ཆེན་ལ་སོགས་པ་བསྐྱེད་པའི་ཁང་པའི་དབུས་སུ་པདྨ་འདབ་མ་བརྒྱད་
པ་བྱའོ། །དེའི་ལྟེ་བ་ལ་ནི་ར་ཨཱཏྨ། འདབ་མ་ཕྱོགས་བཞི་ལ་ནི། རྡོ་རྗེ་མ་དང་། གཽ་རཱི་དང་བཱ་རཱ་ཧཱི་དང་མཁའ་འགྲོ་མ་བཞི་རིམ་པར་བཀོད་ལ། མཚམས་བཞིར་བྱང་ཆུབ་སེམས་སོགས་པས་བཀང་བའི་ཀ་པཱ་ལ་བཞི་བཀོད་དོ། །དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་པར་བྱས་ལ། གཽ་རཱི་ཙཽ་རཱི་བེ་ཏཱ་
ལཱི་གྷསྨ་རཱི་དང་། པུཀྐ་སཱི་དང་། ཤ་བ་རཱི་དང་། ཙཎྜ་ལཱི་དང་། ཌོམྦི་རྣམས་དགོད་དོ། །ཤར་དང་ནུབ་ཀྱི་སྒོ་ལ་མཁའ་སྤྱོད་དང་། །ས་སྤྱོད་གཉིས་དགོད་དོ། །དེ་རྣམས་ནི་འཁོར་བའི་ངོ་བོ་སྟེ། ཁ་དོག་དང་། མཚན་མར་ཡང་སྣང་ལ། དོན་དམ་པར་ནི་རང་བཞིན་མེད་པ་མྱ་ངན་ལས་འདས་པའི་
ངོ་བོར་ཡང་སྣང་བའི་དོན། ལྷག་མ་གོ་སླ་བས་མ་བྲིས་སོ། །གཞན་ནི་ཟུར་ནི་གསུམ་པར་བཤད། །ཅེས་བྱ་བ་ནི། གཞལ་ཡས་ཁང་དེའི་ཕྱི་རིམ་བཙུན་མོའི་བྷ་ག་ལ་བྱའོ། །དེའི་དབུས་སུ་ཡི་དགས་ཀྱི་གདན་བཅོ་ལྔ་དགོད། དེ་སྟེང་ཟླ་བ་དག་ཡིན་ཏེ། །ཞེས་བྱ་བ་ནི་དབུས་ཀྱི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཨ་

ཆེན་བཅུ་དྲུག་ཕྲག་གཉིས་དགོད། དེ་ན་ཀཱ་ལི་ཀ་ཆེན་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ། ཡ་ར་ལ་ཝ། ཤ་ཥ་ས་ཧ་དང་། ངྷ་ཌ་གཉིས་ཏེ་བཞི་བཅུ་རྩ་གཉིས་དགོད། །དེ་ཉི་མར་གྱུར་ཏེ། དངོས་སུ་ཨཱ་ལི་ཟླ་བ་སྟེ་ཐབས་ཀྱི་བདག་ཉིད་ཀཱ་ལི་ཉི་མ་སྟེ་ཤེས་རབ་ཀྱི་བདག་ཉིད་དོ། །དེ་ནས་ཉི་མ་མནན་ནས་ནི། །
ཞེས་པ་ལ། ཟླ་བའི་འོད་ཉི་མའི་འོད་ཀྱིས་མི་སྣང་ཞིང་གཅིག་ཏུ་གྱུར་པས་ཉི་མ་ཉིད་དུ་སྣང་ངོ་། །བདེ་བ་ཆེན་པོ་གཉིས་ཨཱ་ལི་ཀཱ་ལི་གཉིས་ལས། ཟླ་བ་དང་ཉི་མ་གཉིས་གཅིག་ཏུ་གྱུར་པའི་དོན། དེ་གཉིས་སུ་མེད་པ་ལས་འོག་མའི་གཽ་རཱི་ལ་སོགས་པར་གྱུར་པའི་དོན། དེ་ལ་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་
ཤེས་ཀྱི་རྟགས། དེ་གཉིས་སུ་མེད་པ་ཉི་མའི་དཀྱིལ་འཁོར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟགས་སོ། །བདུན་བདུན་ལ་ཞེས་པ་ནི། ཉི་མ་ལ་རྟ་བདུན་ཡོད་པ་ལ་བྱ་ཟེར་ན། སློབ་དཔོན་ལ་ལས་ནི་ལྷ་བཅོ་ལྔ་ལ་པདྨ་དང་སྒོ་ལ་བཀོད་པའི་ལྷ་མོ་བཅུ་བཞི་གནས། ཉི་མ་བདུན་བདུན་ཡིན་ཞེས་པ་དང་
སྦྱར་རོ། །དེ་གཉིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རང་གི་ལྷ་ཡི་ས་བོན་དགོད། །ཅེས་བྱ་བ་ལ། ལྷ་མོ་རྣམས་ཀྱི་ཡིག་འབྲུ་དང་ཕྱག་མཚན་ཟངས་གྲི་དགོད་པའི་དོན། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །སྐུ་ཡོངས་སུ་རྫོགས་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དེ།
སྐུ་ལྔ་ཉིད་དུ་གྱུར་པ་སྟེ། །ཞེས་བྱ་བ་ནི། ཟླ་བ་དང་ཉི་མ་དང་ཡིག་འབྲུ་དང་། ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་དང་། ལྔ་ལས་གྱུར་པའི་དོན་དེ་ལྟ་བུའི་ཆོ་ག་མཁས་པས་བཤད་དོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཏེ། །ཞེས་བྱ་བ་ནི། ཨཱ་ལི་ཀཱ་ལི་གཉིས་ལས་སྐུ་རྫོགས་པའི་ཚུལ་དུ་བྱུང་བས།
རྡོ་རྗེ་སེམས་དཔའི་བདག་ཉིད་དེ། སྐུ་རྫོགས་པའི་ཚུལ་དུ་བྱུང་བ་ཡིན་ལ། ཡི་གེ་ལས་མ་བྱུང་ཞེས་བྱ་བར་སྦྱར་རོ། །དེ་ནི་དངོས་ཧཱུཾ་ལས་གཙོ་བོ་བསྐྱེད་པ་དང་། ཕཊ་ལས་འཁོར་བསྐྱེད་པ་ལ་སོགས་པ་མི་དགོས་ཞེས་བྱ་བའི་དོན། སེམས་ཅན་གཟུགས་བརྙན་ལས་བྱུང་བ། །དཀྱིལ་
འཁོར་གཙོ་བོར་རྣམ་པར་བསྒོམ། །སྲས་ཀྱི་ཞལ་དང་མཚན་ལ་སོགས། །ཟླ་བ་ནོར་བུ་རིན་ཆེན་འོད། །ཅེས་པ་ལ། འདིར་སློབ་དཔོན་དག་མི་མཐུན་པར་སྟོན་ཏེ། པཎྜི་ཏ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་ནས་ནི། སེམས་ཅན་གྱི་སེམས་ཀྱིས་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་བོའི་བདག་

ཉིད་རྡོ་རྗེ་རྩེ་ལྔ་པར་སྣང་ལ། དེ་ལས་སྲས་ཀྱི་ཞལ་ཏེ། དབུས་ཀྱི་གཙོ་བོའི་སྐུ་བསྐྱེད་ཅེས་གསུང་ངོ་། །སློབ་དཔོན་གཞན་དག་ནི། སེམས་ཅན་གཟུགས་བརྙན་ལས་བྱུང་བ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཉིད་ལ་བྱའོ། །དེ་ཉིད་དཀྱིལ་འཁོར་ཉིད་ཀྱི་གཙོ་བོ་ཡིན་
པས་ན། གཙོ་བོ་བསྒོམ་ཞེས་བྱའོ། །སྲས་ཀྱི་ཞལ་དང་མཚན་ལ་སོགས། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལས་ཧེ་རུ་ཀ་འབྱུང་བས་ན་སྲས་ཀྱི་ཞལ་ཞེས་བྱའོ། །ཟླ་བ་ནོར་བུ་རིན་ཆེན་འོད། །ཅེས་བྱ་བ་ནི། ཟླ་བ་སྟེ་རྡོ་རྗེ་སེམས་དཔའ་དཀར་པོའོ། །ནོར་བུ་ནི་ཧེ་རུ་ཀ་ནོར་བུ་མཐོན་ཀ་ལྟ་བུའོ། །
རིན་ཆེན་འོད་ནི་གཉིས་ཀ་ཡང་འོད་འབར་བ་ཞེས་བྱ་བའི་དོན། འདི་ལྟར་ཐམས་ཅད་རྫོགས་པར་འབྱུང་བ་ནི། །ཨཱ་ལི་ཀཱ་ལི་ལས་འབྱུང་བས་ན། ཤེས་རབ་ཐབས་ཀྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོང་དུ་བསྟན་པས་འདིར་མ་བྲིས་སོ། །དང་པོ་ནག་པོར་བསྒོམ་པར་བྱ། །ཞེས་བྱ་བ་
ནས། དྲུག་པ་དཀར་གཟུགས་རྣལ་འབྱོར་པས། །ཞེས་བྱ་བའི་བར་ནི། གཟུགས་སྒྲ་ལ་སོགས་པ་ལྔ་དང་ཡིད་དང་དྲུག་གྱུར་པའི་ལྷ་མོ་ཞེས་བྱ་བའི་དོན། འདི་དག་གི་ཁ་དོག་ནི་དཀྲུགས་ནས་བསྟན་ཏེ། དང་པོ་ནག་པོ་བསྒོམ་ཞེས་བྱ་བ་ནི་ཆོས་ཀྱི་ལྷ་མོའོ། །གཉིས་པ་དཀར་པོར་ཞེས་བྱ་བ་ནི་
རེག་བྱའི་ལྷ་མོའོ། །གསུམ་པ་སེར་པོ་ཞེས་བྱ་བ་ནི་དྲིའི་ལྷ་མོའོ། །བཞི་པ་ལྗང་གུ་ཞེས་བྱ་བ་ནི་རོའི་འོ། །ལྔ་པ་སྔོན་པོ་ནི་སྒྲའི་འོ། །དྲུག་པ་དཀར་གཟུགས་ནི་གཟུགས་ཀྱི་ལྷ་མོ་དང་སྦྱར་ཏེ། དེ་དག་གི་ངོ་བོ་གང་ཡིན་པ་ནི་འོག་ཉིད་ནས་འབྱུང་ངོ་། །མཆོག་ཏུ་དགའ་མཐར་སྒོམ་ཞེས་པ་ནི། དེ་ལྟར་
གཟུགས་སྒྲ་ལ་སོགས་པ་དང་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་ལས་འདས་པའི་མཁའ་ལ་དམིགས་པའི་དོན། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པའི་རིམ་པ་ཞེས་པ་ལ། བསྐྱེད་པའི་རིམ་པ་ནི་གོང་དུ་གཞལ་ཡས་ཁང་བསྐྱེད་པ་ནས། སྙིང་གར་ཡིག་འབྲུ་བཀོད་པ་དང་། །གཙོ་བོ་
ནས་སྒོ་བ་ལ་སོགས་པ་བསྐྱེད་པ་ལ་བྱའོ། །རྫོགས་པ་ནི་གོང་མ་རྣམས་ཀྱང་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སྒོམ་པའོ། །རིམ་པ་གཉིས་པོ་ནི་བསྐྱེད་དང་རྫོགས་པ་གཉིས་ལ་བྱའོ། །དེ་བས་ན་དེ་བཞིན་གཤེགས་པས་རྣམ་པ་གཉིས་སུ་བཀའ་སྩལ་ཏོ། །གསང་བ་འདུས་པ་ཞེས་བྱ་

བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རྣམ་པ་གཉིས་སུ་ཞེས་བྱ་སྟེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེའོ། །དེ་བས་ན་རྒྱུད་འདི་གཉིས་རིམ་པ་གཉིས་ཀྱིས་རྒྱས་བཏབ་ནས་སྟོན་པའི་དོན། རྡོ་རྗེ་ཆོས་སུ་བསྟན་པ་
ནི། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བཤད། །ཅེས་སྦྱར་རོ། །དེ་ཡན་ཆད་བསྐྱེད་པའི་རིམ་པ་བསྟན་ནས། རྫོགས་པའི་རིམ་པ་བསྟན་པའི་ཕྱིར། མཁའ་དབྱིངས་འདི་ནི་པདྨ་སྟེ། །ཞེས་པ་ནི། མཁའ་ཉིད་ཡུམ་གྱི་བྷ་ག་ཡིན་པའི་དོན། དེ་སུས་རྟོགས་ཤེ་ན། ཡེ་ཤེས་བྷ་ག་
ཞེས་སྨྲས་སོ། །རྣམ་པར་དག་པའི་ཡེ་ཤེས་དང་ལྡན་པར། །རིགས་པས་ཡེ་ཤེས་བྷ་ག་ཞེས་སུ་བཤད། །ཅེས་བྱའོ། །མཉམ་ལྡན་བསམ་གཏན་ནི་ཨཱ་ལི་ཀཱ་ལི་གཉིས་སུ་མེད་པའི་བསམ་གཏན་ཏེ། དངོས་སུ་མཐར་ཐུག་པའི་དགའ་བ་དང་སྦྱར་རོ། །དེ་ཉིད་བདེ་བ་ཆེན་པོའི་འཁོར་ལོ་བས་བདེ་བ་
ཆེན་པོ་འཁོར་ལོ་ཞེས་བཤད་དོ། །ཀུན་རྫོབ་དོན་དམ་དབྱེ་བ་སྟེ། །ཞེས་པ་ལ། བྱང་ཆུབ་ཀྱི་སེམས་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ཟླ་བ་ཞུ་བའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་མཐར་ཐུག་པའི་དགའ་བའོ། །ས་བོན་དེ་ཡི་བདེ་བའོ། །ཞེས་བྱ་བ་ལ། ས་བོན་ནི་ཀུན་རྫོབ་བོ། །
བདེ་བ་ནི་དོན་དམ་པར་ཤེས་པར་བྱའོ། །ཤེས་རབ་ཡང་གོང་མ་བཞིན་ནོ། །གང་ཕྱིར་དགའ་བ་ལ་སོགས་པ། །བཞི་པོ་དག་ཏུ་རབ་ཏུ་ཕྱེ། །ཞེས་པ་ལ། དགའ་བ་དང་མཆོག་ཏུ་དགའ་བ་དང་དམ་པར་དགའ་བ་དང་། མཐར་ཐུག་པར་དགའ་བ་ནི། བཞི་པོ་དག་ཏུ་ཕྱེ་བའོ། །དེ་ན་མཐར་ཐུག་རིམ་
པ་བཞི་པོ་དེ་དག་ནི་རྫོགས་པའི་རིམ་པར་བཤད་ཅེས་བྱའོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བྲིས་སོ། །དགའ་བ་དང་པོ་སྲིད་པར་བཤད། །ཅེས་པ་ནི། དགའ་བ་དང་པོ་སྐྱེས་པ་ནི་སེམས་ཅན་རྣམས་ལ་ཡོད་པས་ན། དེ་ལས་སྲིད་པ་བསྐྱེད་པའི་དོན། རྣམ་པར་ཆགས་པ་ནི། ཆགས་པའི་
གནས་དེ་ཉིད་མ་སྐྱེད་པར་ཤེས་པ་ནི། མྱ་ངན་ལས་འདས་པ་ཞེས་བྱའོ། །དབུས་སུ་དགའ་བ་ཙམ་ཞིག་ནི། །འདི་ནི་མཐར་ཐུག་རྣམ་སྤངས་པའོ། །ཞེས་བྱ་བ་ལ་དགའ་བ་བར་མ་གང་ཡིན་པ་ནི་དབུས་སོ། །དེས་ཀྱང་མཐར་ཐུག་པ་མི་རྟོག་པས་ནི་སྤངས་ཞེས་བྱའོ། །དེའི་དོན་ནི་སུས་ཀྱང་མི་

རྙེད་ཅེས་བྱའོ། །འོ་ན་སྔགས་ཀྱིས་གྲོལ་བ་ཅིས་གྲོལ་ཞེ་ན། རྩ་བ་ལས། བླ་མ་ཐབས་རྒྱུད་བསྙེན་བཀུར་བ། །ཞེས་གསུངས་ཏེ། གང་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དད་པ་དང་བརྩོན་འགྲུས་དང་ལྡན་པ། དཀྱིལ་འཁོར་དུ་ཞུགས་ཤིང་དབང་རྣམ་
པ་བཞི་ཚུལ་བཞིན་དུ་ཐོབ་པ། དམ་ཚིག་གི་གནས་རྣམས་ལུས་སྲོག་ལ་ལྟོས་པ་མེད་པར་སྲུང་བ་དེས། བླ་མ་ལ་དུས་རྟག་ཏུ་བསྙེན་བཀུར་བྱས་པ་རྣམས་ཀྱིས་མན་ངག་ཐོབ་ནས་གདོད་རྟོགས་པས་ན། བདག་ཉིད་བསོད་ནམས་ལྡན་པར་ཞེས་བྱའོ། །ཐ་མ་ཕྲ་བའི་གཟུགས་ཡིན་ཏེ། །ཞེས་བྱ་བ་
ནི་མུ་སྟེགས་དང་ཐེག་པ་དམན་པ་རྣམས་ཀྱིས་མི་རྟོགས་ཞེས་བྱ་བའི་དོན། མཆོག་གི་དངོས་པོ་ཉིད་ཅེས་བྱ་བ་ནི། དབང་པོ་རྣོན་པོ་སྟེ་སྙིང་རྗེ་ཆེན་པོས་བློའི་རྒྱུད་སྦྱངས་པ། ཤེས་རབ་ཆེན་པོས་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་མཆོག་ཅེས་པའི་དོན་ཏོ། །བར་ནི་ཆུང་ངུ་དང་
ཆེན་པོ་མ་ཡིན་ནོ། །དབང་པོ་དྲུག་ཡུལ་དྲུག་ལ་གཡེང་བའི་སོ་སོའི་སྐྱེ་བོ་ལ་སོགས་པ་ནི་གཞན་ཞེས་བྱའོ། །མཉམ་ཞིང་མཚུངས་པའི་ལས་རྣམས་ནི། །ཞེས་པ་ལ། གཉིས་སུ་མེད་པ་ནི་མཉམ་པའོ། །མཐུན་པར་གྱུར་པ་ནི་མཚུངས་པའོ། །དེ་ལྟར་མཉམ་པ་དང་མཚུངས་པའི་ལས་
ལ་སྦྱོར་བ་ནི་ལས་ཞེས་བྱའོ། །དེ་ཉིད་རྟག་ཏུ་བསྟན་པ་ནི་རོ་བསྒོམ་པའོ། །དེ་ལྟར་མཉམ་པ་དང་མཚུངས་པ་མེད་པ་དེ་དོན་དུ་ཡང་སྤྱོད་པའི་ཚིག་ཏུ་བརྗོད་པས་མཚུངས་མེད་བརྗོད་པའོ། །དེ་ལྟ་བུའི་འཁོར་ལོ་སྟེ་སྔགས་པའི་དཀྱིལ་འཁོར་གྱི་རོང་རུ་བཤད་དོ། །ལྷག་མ་ནི་གོ་སླའོ། །འདོད་ཆགས་
ཞེ་སྡང་ཕྲག་དོག་དང་། གཏི་མུག་ང་རྒྱལ་དེ་བཞིན་ཏེ། །དེ་ཀུན་དེ་ཉིད་མཆོག་ལ་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ལ། དཔེར་ན་ཟླ་བ་ཚེས་བཅུ་དྲུག་ཆ་ནི་ཕྲ་མོ་ཞིག་ཡོད་པ་དེ་ཕལ་གྱིས་མི་རྟོགས་སོ། །དེ་བཞིན་དུ་དེ་ཉིད་མཆོག་སྟེ་མཐར་ཐུག་པའི་དགའ་བ་དེ་བཞིན་ཉིད་དེ་ལ་བཅུ་དྲུག་གི་
ཆ་ཙམ་དུ་ཡང་མི་ཕོད་ཅེས་བྱའོ། །ཡང་ན་འདོད་ཆགས་མ་ཧཱ་དེ་ཝ་དང་། ཞེ་སྡང་ཁྱབ་འཇུག་དང་གཏི་མུག་ཚངས་པ་དང་། ཕྲག་དོག་ལྷ་མ་ཡིན་ལ་སོགས་པའི་ལྷའི་ལོངས་སྤྱོད་ཐམས་ཅད་ཀྱིས། དེ་ཉིད་མཆོག་སྟེ་བདེ་བ་ཆེན་པོ་དེ་ལ་བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་པའི་དོན་དགོངས་པའི་དོན་

གཞན་དང་གཞན་དག་ཀྱང་འདིར་ཅི་རིགས་པར་སྦྱོར་ཅིག། །དེའི་དོན་དངོས་སུ་ཆོས་ཀྱི་དབྱིངས་ལས་བྱུང་བས་ན་ཆོས་ཀྱི་དབྱིངས་ལས་བྱུང་ངོ་། །དེའི་བདེན་པ་ནམ་མཁའ་དང་མཉམ་པས་ན་ཐབས་ལྡན་ནོ། །ལྷག་མ་ནི་བརྡ་ཕྲད་སླ་བས་མ་བྲིས་སོ། །རིག་བྱེད་གྲུབ་པའི་མཐའ་ཀུན་ནི། །
ཞེས་པ་ནི། འཇིག་རྟེན་པའི་ལམ་གྲུབ་པ་མཐའ་དག་ལ་བྱའོ། །རྫས་ལ་སོགས་པ་ནི་འདི་དང་སྤྱོད་པ་ནི་སྦྱིན་སྲེག་དང་གཏོར་མ་ལ་སོགས་པ་སྤྱོད་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་དག་གིས་ནི་སྲིད་པ་འཁོར། །ཞེས་བྱའོ། །གང་གིས་དགྱེས་རྡོར་མི་ཤེས་བྱ་བ་ནི། །གོང་མ་
གཉིས་ལ་བྱའོ། །དེ་ཉིད་དོན་མེད་པ་ཉིད་ཅེས་བྱ་བའི་དོན། ལེའུ་བརྒྱད་པའི་བཤད་པའོ།། །།ད་ནི་ལེའུ་དགུ་པའི་དོན་བཤད་པར་བྱ་སྟེ། གང་དང་གང་དུ་འཇིག་རྟེན་བཅིངས་པ་ལས། །དེ་དང་དེ་ཡི་འཆིང་ལས་རྣམ་གྲོལ་ཞིང་། །ཞེས་པ་ལ། གང་དང་གང་དུ་བཅིངས་པ་འདོད་
ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱིས་སོ། །དེ་དང་དེའི་འཆིང་ལས་རྣམ་གྲོལ་བྱ་བ་ནི། དཔེར་ན་དུག་སྨན་དང་སྔགས་ཀྱིས་མ་ཐུབ་པ་ནི། གསོད་པར་འགྱུར་ལ། དེ་ཐུབ་པ་ནི་བདུད་རྩིར་འགྱུར་བ་བཞིན་དུ། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡེ་ཤེས་སུ་མ་ཤེས་ན། ཉན་
ཐོས་ལ་སོགས་པ་ནི་འཆིང་བར་འགྱུར་ལ། དེ་ཉིད་ཤེས་པའི་རྣལ་འབྱོར་པས་ནི་དངོས་གྲུབ་ཏུ་འགྱུར་བས་ན། རྣམ་གྲོལ་ཞིང་ཞེས་བྱའོ། །དེ་ཡང་དཔལ་མཆོག་དང་པོ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་གྱུར་པ་ཡིན། དུག་
ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་གྱུར་པ་ཡིན། །ཞེའོ། །འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། གང་ཞིག་བླུན་པོ་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་གྲོལ་ཞེས། །བྱང་ཆུབ་
རྣམ་པར་བསྒོམས་ན་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག། །གང་གིས་རྨོངས་པ་འཆིང་འགྱུར་ཞིང་། །ངུ་འབོད་མཐར་ནི་དེ་འགྱུར་བ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང་། །ཞེས་འབྱུང་བས་ན། ཉོན་མོངས་པ་རྣམ་པར་དག་པ་ཤེས་པ་ནི། གྲོལ་བར་འགྱུར་ཞེས་བྱ་བའི་དོན། །འཇིག་རྟེན་རྨོངས་

པ་དེ་ཉིད་མི་ཤེས་བྱ་བ་ནི། སོ་སོའི་སྐྱེ་བོ་དང་མུ་སྟེགས་པ་དང་། སངས་རྒྱས་ཀྱི་མུ་སྟེགས་པས་མི་ཤེས་ཏེ། རྨོངས་ཞེས་བྱ་བའི་དོན། གོང་མ་དེ་རྣམས་ཀྱིས་བདེ་བ་ཆེན་པོའི་མན་ངག་མ་ཐོབ་པས། དེ་ཉིད་སྤངས་པ་ཞེས་བྱའོ། །དེ་ལྟར་བླ་མའི་མན་ངག་མ་ཐོབ་ཅིང་དེ་ཁོ<། ,་>
ནའི་དོན་མ་རྟོགས་ན། དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་བྱའོ། །གཏན་ཚིགས་དེའི་ཕྱིར་ནི་གཟུགས་སྒྲ་ལ་སོགས་པ་བེམས་པོ་རྟག་པ་ཐེར་ཟུག་ཏུ་རྟོགས་པ་ཐམས་ཅད་སྤངས་དང་འོད་གསལ་བར་ཤེས་ལ། སྐྱེ་འགྲོའི་དངོས་པོ་སྟེ། དེ་ལ་རྟོགས་པའི་སེམས་ཀྱང་འོད་གསལ་བར་ཤེས་
པས་ན། སྐྱེ་འགྲོའི་དངོས་པོ་ཡོངས་དག་ཅེས་བྱའོ། །ལེའུ་དགུ་པའི་བཤད་པའོ།། །།ད་ནི་ལེའུ་བཅུ་པའི་དོན་བཤད་དེ། ལེའུ་འདི་ལས་སློབ་མ་དབང་བསྐུར་བ་བསྟན་ཏོ། །དེ་ནས་ཡང་དག་བཤད་བྱ་བ་ལ་སོགས་པ་བརྡ་ཕྲད་སླ་བས་མ་བྲིས་སོ། །བྱང་ཆུབ་སེམས་དཔའི་ཁྱིམ་དང་
ནི། །ཞེས་པ་ལ། སྔོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་གནས་ཏེ། དངོས་སུ་རྡོ་རྗེའི་གདན་དང་། བྱ་རྒོད་ཕུང་པོའི་རི་དང་། རི་བོ་ཏ་ལ་ལ་སོགས་པར་བསྒྲུབ་ཅེས་བྱ་བའི་དོན་ཏོ། །ལ་ལ་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུའི་གཟུགས་བརྙན་བཞུགས་པས་ལྷ་
ཁང་ཉིད་ལ་བྱའོ་ཞེས་ཟེར་རོ། །ངེས་པར་བརྗོད་པ་བླ་མ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །རི་སུལ་དང་ནི་རི་རྩེ་དང་། ཆུ་བོ་ཆེན་པོའི་ངོགས་དག་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། ཤིང་གཅིག་དང་ནི་དགེ་བའི་གནས། །མ་མོའི་ཁྱིམ་མམ་དུར་ཁྲོད་དམ། །སྣ་ཚོགས་དབེན་པའི་
ས་ཕྱོགས་སམ། །ལྷ་ཁང་དང་ནི་མཆོད་རྟེན་དང་། ཁྱིམ་མམ་བཞི་མདོ་དག་ཏུ་ནི། །སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབས་ན། །འདོད་པ་ཀུན་གྱི་འབྲས་བུ་སྟེར། །ཞེ་འོ། །དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང་། དགོན་པ་ཆེན་པོའི་ངོས་ཕྱོགས་སམ། །རབ་ཏུ་རྣམ་པར་
དབེན་པ་དང་། རི་བོ་དབེན་པའི་ས་ཕྱོགས་སུ། །ཏིང་འཛིན་བྱས་ན་དངོས་གྲུབ་ཐོབ། །ཅེས་འབྱུང་བས་ན། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པ་དང་། སྒྲུབ་པ་ལ་འཇུག་པ་རྣམས་ནི། དགོན་པ་དང་ནགས་

འདབ་ལ་སོགས་པར་སྒྲུབ་ཀྱི། གཞན་དུ་གྲོང་དང་འདུ་འཛི་ལ་སོགས་པར་དཀྱིལ་འཁོར་ལ་སོགས་པའི་ལས་བྱས་ན། དམ་ཚིག་ཉམས་ཤིང་ངན་འགྲོ་རྣམས་སུ་སྐྱེ་སྟེ། དངོས་གྲུབ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་ཤིང་། རྣམ་པར་གྲོལ་བ་ཐོབ་པར་མི་འགྱུར་རོ། །དེ་བས་ན་འདི་ཉིད་ལས་
ཀྱང་ནགས་འདབ་ལ་སོགས་པ་དབེན་པ་དང་། ཁྱིམ་གྱི་དབུས་སུ་དཀྱིལ་འཁོར་བྱ། །ཞེས་འབྱུང་བས་ན་དགོན་པའི་ཁྱིམ་དུ་བྱའོ། །དེ་ལ་སྤྱིར་རྣལ་འབྱོར་ཆེན་པོའི་སྒྲུབ་པ་པོ་རྣམས་ཀྱི་གནས་ཁང་ནི་དགོན་པ་དང་། བས་མཐའ་ལ་སོགས་པར་རྣལ་འབྱོར་པའི་གནས་ཁང་བརྩིགས་ཏེ། དེ་ཡང་
ཁང་པ་སུམ་བརྩེགས་སུ་བྱས་ལ། འོག་ཁང་དུ་ནི་མཆོད་པ་ལ་སོགས་པ་ལོངས་སྤྱོད་ཀྱི་གནས་བྱའོ། །བར་ཁང་དུ་ནི་རྔ་དང་གླིང་བུ་དང་དུང་དང་ཆ་ལང་ལ་སོགས་པ་རོལ་མོའི་ཆ་རྐྱེན་དག་གཞག་གོ། །དེའི་སྟེང་དུ་ནི་རྣལ་འབྱོར་ཕོ་མོ་དང་། བླ་འཕན་དང་། སྐུ་དང་འདྲིས་ལ་སོགས་པ་བཀོད་དེ།
དེའི་དབུས་སུ་དཀྱིལ་འཁོར་དང་མཆོད་པ་ལ་སོགས་པ་ཞེས་འབྱུང་ངོ་། །དེ་བས་ན་འདི་ཉིད་ལས། ཁྱིམ་གྱི་དབུས་སུ་དཀྱིལ་འཁོར་ནི། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །དེའི་དབུས་ཏེ་གོང་མའི་ནང་དུ་བྱ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་སླའོ། །ཕྱག་རྒྱ་དེ་ཡིས་
བསྙེན་པ་ཡིས། །དེ་དུས་ཤུཀྲ་ལྡན་བྱུང་བ། །ཞེས་བྱ་བ་ནི་ལྷ་མོ་དེ་ཉིད་ཚུལ་བཞིན་དུ་བྱིན་གྱིས་བརླབས་ལ། སྙོམས་པར་ཞུགས་ཏེ་ཤུཀྲ་དབབ་པ་དེ་མཁའ་དེ་ཉིད་དུ་རོ་འཛིན་གྱིས་སློབ་མས་བླང་བའམ། ཤིན་ཏུ་མ་གོམས་པ་ཞིག་ན་ཁར་བླུགས་པར་བྱའོ། །དང་པོ་སྤྲིན་གྱི་ཚུལ་ཅན་
གྱི། །གྲུབ་ནས་སྒྱུ་མ་ལྟ་བུར་བྱ། །ཞེས་པ་ལ། རྣལ་འབྱོར་པས་ཐོག་མར་གནས་གོང་མ་ལྟ་བུར་ཚུལ་བཞིན་དུ་དབང་ཐོབ་པས། ཡུན་རིང་དུ་བསྒྲུབས་ཏེ་ཐོག་མར་གྲུབ་པའི་མཚན་མ། སྤྲིན་ལྟ་བུའི་སྣ་ཚོགས་པའི་འོད་དང་སྣང་བ་དག་འབྱུང་ངོ་། །དེ་གོམས་པ་ལས་སྒྱུ་མ་ལྟ་བུར་འགྱུར་
རོ། །དེར་ཡང་མཐར་ཐུག་རྨི་ལམ་ལྟ་བུ་སྟེ། །གཉིད་ལོག་མ་ལོག་མཐོང་བཞིན་དུ། །ཞེས་པ་ལ་མཐར་ཐུག་པའི་དགའ་བ་ལ་ཡུན་རིང་དུ་བཞག་སྟེ། དཔེར་ན་གཉིད་ལོག་པའི་རྨི་ལམ་ན་གཏེར་རྙེད་པ་རྨིས་པའི་གཟུགས་བརྙན། སད་ན་དངོས་པོ་མེད་ཀྱང་གཟུགས་བརྙན་ཡིད་ལ་ཡོད་

པ་ལྟར་གཉིད་ལོག་པ་དང་། མ་ལོག་པ་དང་འགྲོ་བ་དང་འདུག་པ་ཐམས་ཅད་དུ། མཐར་ཐུག་པའི་བདེ་བ་ལ་མཉམ་པར་གཞག་པའི་དོན། མཚན་མ་མཐོང་ནས་སྒྲུབ་པ་སྟེ། རྣལ་འབྱོར་ཕྱག་རྒྱ་གྲུབ་པར་གྱུར། ཞེས་བྱ་བ་ལ། དེ་ལྟར་ཡུན་རིང་དུ་བསྒོམས་པས་རྣམ་
པར་རྟོག་པ་ཐམས་ཅད་དང་བྲལ་ཏོ། རིམ་གྱིས་འོད་གསལ་བ་ཐོབ་པའི་མཚན་མ་རྒྱུད་ལས་བྱུང་བ་རྣམས་བྱུང་བ་ནི་རྣལ་འབྱོར་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་སླའོ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། དེ་ལས་ས་ནི་སྐྱེ་བར་
བྱེད། །ཅེས་པ་ལ་སྙོམས་པར་འཇུག་པའི་ཚེ་དབང་པོ་སྤྲད་པ་ལས་ཅུང་ཞིག་སྲ་བ་ནི་སའི་མཚན་མ་སྟེ། དེ་ལས་ནི་སྐྱེད་པར་བྱེད་ཅེས་བྱའོ། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་ལས། །ཆུ་རུ་ཡང་ནི་གྱུར་པ་ཡིན། །ཞེས་པ་ལ་ཤ་ཤི་ཞུ་བའི་རྒྱུན་བརླན་པས་ན་ཆུ་ཞེས་བྱའོ། །རེག་པ་
ལས་ནི་མེ་འབྱུང་སྟེ། །ཞེས་པ་ལ། གནས་སྐབས་དེ་ན་མེའི་ཚ་བ་བསྐྱེད་པ་ལ་བྱའོ། །རྒྱུན་འབབ་པ་ནི་རླུང་ངོ་། །བདེ་བའི་རོ་གང་གིས་བརྗོད་དུ་མེད་པས་ནམ་མཁའ་འོ། །དེ་ལྟར་བྱུང་བ་ལས་གྱུར་པའི་བདེ་བ་ནི་བདེ་བ་ཆེན་པོ་མ་ཡིན་ཏེ། ཡེ་ཤེས་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་ཆེན་
པོའི་སྒྲུབ་ཐབས་ལས་ཀྱང་། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེ་ཞེས་ཏེ། །རྒྱལ་བ་རྣམས་ཀྱིས་མ་གསུངས་སོ། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་ཉིད་མཁྱེན་ལ། །བདེ་བ་ཀུན་གྱི་གཙོར་གྱུར་ལ། །བདེ་བ་ཆེན་པོ་ཞེས་
བཤད་དོ། །བདེ་བ་དེ་ཡང་མི་སྤང་སྟེ། །ཆགས་དང་མཉམ་པའི་བདེ་མེད་དེ། །དེ་ནི་རྒྱལ་བ་རྣམས་ལ་དབུལ། །འདོད་པའི་དོན་ཀུན་ལོངས་སྤྱོད་ཅིང་། །སྨད་པ་དག་ཏུ་མི་བྱའོ། །ཞེའོ། །དེ་ལྟར་འབྱུང་བའི་བདེ་བ་ནི། །བདེ་བ་ཡིན་གྱི་ཆེན་པོ་ནི་མ་ཡིན་ཞེས་པའི་དོན། འོ་ན་གང་ཡིན་ཞེ་ན། མཐར་ཐུག་གིས་ནི་གང་བསྐྱེད་
པ། །དེ་ནི་མཐར་ཐུག་ཡིན་ཞེས་བརྗོད་པ་ནི། རྟོག་པ་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་སྐད་ཅིག་མ་ལ་བྱའོ། །ཐམས་ཅད་བདེ་བ་གཅིག་པུ་པ། །རང་བཞིན་མཐར་ཐུག་ཡིན་པར་བརྗོད། །ཅེས་པ་ལ། ཐམས་ཅད་བདེ་བ་ནི་རྟོག་པ་ཐམས་ཅད་དང་བྲལ་བས། ཐམས་ཅད་དང་

བྲལ་གཅིག་པུ་ཞེས་བྱའོ། །དེ་སུས་རྟོག་པ་ནི་བདེ་བ་གཅིག་པུ་ཡང་ཡིན་ལ། མཐར་ཐུག་པ་ཡང་ཡིན་པའི་དོན་དེའི་དངོས་པོ་གང་ཞེ་ན། ཕྱག་རྒྱའི་རྒྱུ་དང་རྣམ་བྲལ་ཞིང་། །ཞེས་པ་སྟེ། མཐར་ཐུག་པའི་སྐབས་སུ་སྔགས་དང་ཕྱག་རྒྱ་ལ་སོགས་པ་རྣམས་ལ་མི་རྟོག་པས་བྲལ་ཞེས་བྱའོ། །
སྙིང་རྗེ་ཐབས་ལྡན་རྣལ་འབྱོར་པས། །ཞེས་པ་ལ་སྟོང་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། རྟག་ཏུ་མི་འབྲལ་ཞིང་གནས་ཞེས་བྱའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི། །ཀུན་རྫོབ་དང་དོན་དམ་པའི་སེམས་ཏེ། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་དགོད་པའི་བསམ་པས་སྙོམས་པར་ཞུགས་
པའི་ས་བོན་ལས། སྐུ་དང་དཀྱིལ་འཁོར་ལ་སོགས་འབྱུང་སྟེ། འགྲོ་བའི་དོན་སྤྱད་པ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེའི་བདེ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི། དོན་དམ་པའི་བདེ་བ་ཆེན་པོ་སྟེ། དེ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །རྣམ་གཅིག་ཏུ་ན་ཧེ་རུ་
ཀའི་སྐུ་ཆུ་ཟླ་ལྟ་བུ་ཐམས་ཅད་ཀྱི་བདག་ཉིད་དུ་སྣང་བས། ཐབས་སྣ་ཚོགས་ཀྱིས་འགྲོ་བ་འདྲེན་པར་མཛད་པ་ནི། སྙིང་རྗེ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དོན་དམ་པར་སྒྱུ་མའི་མཁན་པོ་ལྟར་རྟོག་པ་ཐམས་ཅད་དང་བྲལ་བ་ལ་བྱའོ། །ཡང་ན་མཐར་ཐུག་པའི་བདེ་བ་ཆེན་
པོ་དེ་ནི་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་པའི་བདག་ཉིད་ཡིན་པས། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་། ཤེས་རབ་དང་ནི་སྙིང་རྗེ་གཉིས་ལྡན་ལ། །བྱང་ཆུབ་སེམས་ཞེས་བྱ་བ་ཤེས་པ་དང་། །སློབ་དཔོན་ཀླུ་སྒྲུབ་ཀྱི་
ཞལ་སྔ་ནས་ཀྱིས་རིམ་པ་ལྔའི་སྒྲུབ་པ་མཛད་པ་ལས་ཀྱང་། ཤེས་རབ་སྙིང་རྗེ་གཅིག་པ་ནི། །ཤེས་ནས་བློ་ནི་ངེས་བྱས་ཏེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ཏེ། །དེ་ནི་ཟུང་དུ་འཇུག་པའོ། །ཞེའོ། །དེ་བས་ན་མཐར་ཐུག་པའི་བདེ་བ་ཆེན་པོ་དེ་ནི། ཤེས་རབ་དང་སྙིང་རྗེའི་བདག་ཉིད་
ཡིན་པས་ན། བྱང་ཆུབ་ཀྱི་སེམས་ཞེས་པ་སྟེ། དེ་ལ་སྒྲུབ་པ་པོས་དང་པོར་ཐོག་མ་མེད་པ་ནས་ཀྱི་སྡུག་བསྔལ་དྲན་པར་བྱས་ལ། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང་ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་དུ་བསམ་

པར་བྱའོ། །གཉིས་པར་ནི་ཏིལ་འབྲུ་ཙམ་ལ་ཡང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ། །གསུམ་པར་ནི་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་བྱ་སྟེ། འདུ་ཤེས་གསུམ་པའི་ཚུལ་དུ་དམིགས་ཏེ། དེ་བས་ན་བྷུ་ཞེས་བྱ་བ་ནི་ཟས་ལ་
སྤྱོད་པ་སྟེ། དེ་ཙམ་ཞིག་རྗེས་སུ་དྲན་པ་དང་འདུ་འཛི་ཐམས་ཅད་སྤོང་བར་བྱེད་ཅིང་། དཀའ་ཐུབ་དང་བརྟུལ་ཞུགས་སོ་ཞེས་གང་ལ་ཡང་སེམས་པར་མི་བྱེད་ཅིང་རང་གི་སྒྲུབ་པའི་དོན་ལ་རྩེ་གཅིག་ཏུ་དམིགས་པའོ། །སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་རྣམ་པར་ཤེས་པ་འདི་དག་ལ་མ་རིག་པས་ཉེ་
བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་འདྲ་བ་དེས་རྣམ་པར་ཤེས་པ་གང་ལ་ཡང་འདྲེན་པར་མི་བྱེད་དེ། འོད་གསལ་བ་ཉིད་མངོན་སུམ་དུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་རྩེ་གཅིག་ཏུ་སེམས་པའོ། །ཀུ་ཞེས་བྱ་བ་ནི་བཤང་སར་འགྲོ་བ་སྟེ་བཤང་གཅི་དོར་བའི་ཕྱིར། དེ་ཙམ་
ཞིག་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་ཚོར་བ་དང་དབང་པོ་ལ་སོགས་པའི་ངོ་བོ་ཉིད་ལ་སེམས་པར་མི་བྱེད་ཅིང་། གང་སྒྲུབ་པའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བར་སྒྲུབ་ཅེས་བྱ་བའི་དོན་ཏོ། །སེམས་དེ་ལ་སྐད་ཅིག་དང་ཞག་དང་ཟླ་བ་དང་། ལོ་ལ་སོགས་པར་གནས་པར་
བྱས་ལ། ལྷུན་གྱིས་གྲུབ་སྟེ་དེའི་སྐབས་སུ་ནི་གསང་སྔགས་དང་དཀའ་ཐུབ་དང་། སྦྱིན་སྲེག་ལ་སོགས་པ་མི་དགོས་པའི་དོན་ཏོ། །མདོར་བསྡུས་སེམས་བསྡུས་ཚུལ་ཅན་ཏེ། །ཞེས་པ་ལ་དཔེར་ན་འཆི་བའི་སེམས་གཅིག་ཏུ་གྱུར་ཅིང་རྟོག་པ་ཆུང་བ་ལྟར། མཐར་ཐུག་པའི་སེམས་
དེ་ཡང་རྟོག་པ་དང་བྲལ་བ། ནམ་མཁའི་ངང་ཚུལ་ཅན་དེ་ལ་ནི་སེམས་བསྡུས་ཞེས་བྱའོ། །དེ་ལྟ་བུའི་ངང་དེར་སྤྱོད་ལམ་ཐམས་ཅད་དུ་རིག་པ་ལྔ་ཕྱི་དེ་ལ་འབབ་པས་ན། བཟླས་པའང་དེ་ཞེས་བྱའོ། །རྟོག་པ་ཐམས་ཅད་དང་བྲལ་བ་འོད་གསལ་བ་ནི། དཀྱིལ་འཁོར་སྙིང་པོ་ཡིན་ལ་དེ་ལ་
གཉིས་སུ་མེད་པའི་ཡེ་ཤེས་དང་། མཉམ་དུ་འཇུག་ཅིང་དབྱེར་མེད་པར་གྱུར་པ་ནི། དཀྱིལ་འཁོར་དུ་འཇུག་པ་ཡང་དེ་ཞེས་བྱའོ། །ལེའུ་བཅུ་པའི་བཤད་པའོ།། །།ད་ནི་ལེའུ་བཅུ་གཅིག་པ་བཤད་པར་བྱ་སྟེ། མཉམ་པའི་དྲག་ཤུལ་འཕྲལ་བར་གཏོད། །ཅེས་བྱ་བ་ནི། མིག་

དང་དབུགས་ལ་སོགས་པ་ནི་སྒྲུབ་པ་སྟེ། ཧེ་རུ་ཀའི་མིག་གཉིས་དྲང་པོར་བལྟ་བ་ནི་མཉམ་པའོ། །འཕྲལ་བར་གཏོད་པ་ནི་གྱེན་དུ་འཕྲལ་བའི་ཕྱོགས་སུ་བལྟ་བའོ། །དུས་ཀུན་ལྟུང་བྱེད་ཡིན་པར་བཤད། །ཅེས་བྱ་བ་ནི། དེ་ལྟར་བལྟས་པས་བསྒྲུབ་པར་བྱ་བ་ས་ལ་ལྟུང་བའི་དོན་ཏོ། །
མིག་འབྲས་གཉིས་པོ་གཡོན་དུ་གཏོད། །གཡོན་དུ་བལྟ་བ་དབང་བལྟ་བའོ། །ཞེས་བྱ་བ་ལ། གཡོན་ཕྱོགས་སུ་མིག་གཉིས་བལྟས་པས་དབང་དུ་འགྱུར་བའི་དོན། གཡས་སུ་བལྟས་པས་ཀྱང་བསྒྲུབ་པར་བྱ་བ་དབང་དུ་འགྱུར་བའི་དོན། ཡང་མིག་གཉིས་སྣ་བུག་གཉིས་ཀྱི་རྩེར་བལྟས་
པས་ནི། རྣམ་པར་གནོན་པའི་ལས་འགྲུབ་པོ། །དེ་ནི་ལྟ་སྟངས་བཞི་བསྒྲུབ་པའོ། །དབུགས་ཀྱིས་བསྒྲུབ་པ་ནི། དབུགས་ཕར་གཏོང་བས་ནི་ལྟུང་བར་བྱེད་པ་ཡིན་ལ། གནས་པས་ནི་དབང་དུ་བྱེད་པ་ཡིན་ནོ། །ཚུར་བརྔུབས་པས་ནི་འགུགས་པར་བྱེད་པ་ཡིན་ནོ། །དེ་དག་གི་དོན་གསལ་
བར་བསྟན་པའི་ཕྱིར། ལྟུང་བྱེད་ལྗོན་ཤིང་བཅུད་རྣམས་སུ། །ཞེས་བྱ་བ་ནི། སྒྲུབ་པའི་ཤིང་གི་བཅུད་རྣམས་འགུགས་པར་བྱེད་དོ། །དབུགས་གནས་པ་ནི་སྒྲུབ་པའི་མེ་ཏོག་རྣམས་དབང་དུ་བྱེད་དོ། །དབུགས་བརྔུབས་པས་ནི་རྡོ་རྗེའི་ཤིང་ཤྲི་ཀི་སྟ་བཅུད་རྣམས་སྡུད་པ་སྟེ། དེ་མཐུ་དང་ལྡན་
པས་བསྒྲུབས་ན། །ཟླ་དྲུག་གིས་འགྲུབ་ཅེས་པའི་དོན་ཏོ། །འདི་ལ་ཡིད་གཉིས་མི་བྱ་སྟེ། །སངས་རྒྱས་སྒྱུ་འཕྲུལ་མི་བསམ་མོ། །ཞེས་པ་ལ། འདི་རྣམས་སངས་རྒྱས་ཀྱི་སྒྱུ་འཕྲུལ་ཡིན་གྱི། བདག་གིས་ཐོབ་བམ་མི་ཐོབ་ཅེས་བསམ་པར་མི་བྱ་བའི་དོན་མཐོང་བ་བཞི་པོ་ཞེས་པ་ནི། གོང་
མ་བཞི་པོ་ལ་བྱའོ། །ལྷག་མ་ནི་གོ་སླ་བས་མ་བྲིས་སོ། །ན་སོགས་ག་སོགས་པ་ནི་ཞེས་པ་ནི་བཟའ་བ་དམ་ཚིག་སྟེ། ཐོག་མའི་ཤ་ཞེས་བྱ་བ་ནི། ཁྱིའི་ཤའོ། །ན་ནི་མིའི་ཤའོ། །ག་ནི་བ་ལང་གི་ཤའོ། །ཧ་ནི་གླང་པོ་ཆེའི་ཤའོ། །མཐར་ཐུག་ཤ་ནི་རྟའི་ཤ་སྟེ། དེ་རྣམས་ཟོས་ན་
འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིགས་བདུན་ནི་སྐྱེ་བ་བདུན་པའི་གྲིབ་མ་བདུན་ཡོད་པ་ཤི་བའི་ཤ་ཟོས་ན་འགྲུབ་པོ། །ཡང་ན་འདི་པ་ཤུ་འམ་ཕྱུགས་ཆེན་པོ་ཟེར་ཏེ། དེའི་ཤ་ལ་སོགས་བས་ལས་འགྲུབ་སྟེ། དེའི་མཚན་མ་ནི་གྲིབ་མ་བདུན་འཆར་བ་དང་། ལུས་ག་བུར་གྱི་དྲི་དང་

ལྡན་པ་དང་། བཤང་གཅི་གླ་རྩི་བྲོ་བ་དང་། དཀོན་མཆོག་ལ་དད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཀུན་དང་ལྡན་པ་ལ་སོགས་པའོ། །ཁ་ཅིག་དེ་གསད་པ་དེ་ཡིན་ཟེར་ན་མ་ཡིན་ཏེ། ངེས་པར་བརྗོད་པ་བླ་མའི་རྒྱུད་ལས། འདི་འདྲའི་རྣལ་འབྱོར་པས་མཐོང་ན། །གསད་
པའི་སྦྱོར་བ་མ་ཡིན་པས། །འཆི་བ་མེད་ལ་མི་བསྲེགས་ཤིང་། །སྲོག་ཆགས་སྣ་ཚོགས་གདུག་པ་དང་། །གང་ཡང་རུང་བ་ཟར་མི་གཞུག །དེ་ནི་མཚན་མོ་མ་མཐོང་བར། །མི་སྣང་བ་ཡི་དབང་ཕྱུག་མཆོག །འདི་འདྲ་སྔགས་པས་རྟོགས་ནས་ནི། །བདག་གིས་བསླངས་ཏེ་སྦྱིན་པ་སྤྱད། །
ཅེས་འབྱུང་བས། དེའི་ཤ་དང་རུས་པ་ལ་སོགས་པས་གྲུབ་པ་སྣ་ཚོགས་འབྱུང་ངོ་། །ཁྱད་པར་དུ་སྙིང་ག་ལྟེ་བ་སྤྱི་བོ་ན་ཡོད་དོ། །གོང་མའི་ཤ་དེ་རྣམས་ཀྱང་རང་བཞིན་གྱིས་ཤི་བའམ། རིགས་ངན་དང་ཤན་པ་ལ་སོགས་པ་ལས་ཡོན་བདག་གིས་ཉོས་ཏེ་ཟོས་པ་ནི་དམ་པ་རྣམས་དགྱེས་
པ་ཡིན་ལ། གཞན་དུ་སེམས་ཅན་ལ་གནོད་པས་གསད་དམ། གསོད་དུ་བཅུག་པའི་སྦྱོར་བ་ལ་སོགས་པ་རྣམས་ཀྱིས་བླངས་ཏེ་ཟོས་ན། ཉེས་པ་ཆེན་པོར་འགྱུར་ཏེ། དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྣལ་འབྱོར་པ་ནི་བདག་ཅེས་སྨྲ། །ཆོས་འདི་གཡོ་ཡིས་བྱེད་འགྱུར་
ཏེ། །སྲོག་ཆགས་གཞན་རྣམས་གསོད་པར་བྱེད། །དམ་ཚིག་རྣམས་ནི་དེ་མི་ཤེས། །རྣལ་འབྱོར་རྣལ་འབྱོར་དམན་པ་ཡི། །སྔགས་པ་རྣམས་ནི་འགྲུབ་མི་འགྱུར། །ཞེའོ། །རྒྱུད་འདི་ཉིད་ལས་ཀྱང་། སྲོག་གཅོད་པ་ཡི་སྦྱོར་བ་ཡིས། །དམ་ཚིག་ཉམས་པའི་མཆོག་ཏུ་འགྱུར། །
སེམས་ཅན་གནོད་པ་བྱས་ཙམ་གྱིས། །ཕྱག་རྒྱའི་དངོས་གྲུབ་ཐོབ་མི་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སེམས་ཅན་གནོད་པ་སྤང་བར་བྱའོ། །ཞེས་འབྱུང་བས། གོང་མའི་རྫས་རྣམས་བླང་ཞེས་བྱ་བའི་དོན། ཀུ་རུ་ཀུ་ལླེའི་སྒྲུབ་པ་བཤད། །ཅེས་པ་ལ་སོགས་པ་ནི་བརྡ་ཕྲད་སླ་
པས་མ་བྲིས་སོ། །ལེའུ་བཅུ་གཅིག་པའི་བཤད་པའོ།། །།འདི་མན་ཆད་བརྟག་པ་གཉིས་རྒྱུད་ཕྱི་མའི་ཕྱི་མ་འཆད་དེ། དེ་ལས་ཀྱང་ལེའུ་དང་པོ་བཤད་པ་སྟོན་ཏོ། །འདིར་སྐུ་གཟུགས་རབ་ཏུ་གནས་པའི་ཆོ་ག་བསྟན་པས་ན། སྒོ་བསལ་བས་ཅི་རིགས་པར་ཤེས་པར་གྱིས་ཤིག། །ད་ནི་

ལེའུ་གཉིས་པའི་བཤད་པ་བསྟན་ཏེ། འདི་ལས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་ག་སྟོན་ཏོ། །བཅོམ་ལྡན་ཆོས་རྣམས་ཐམས་ཅད་ཀྱི། །ཇི་ལྟར་རྒྱ་མཚོར་ཀུ་བ་བཞིན། །ཞེས་པ་ལ། འཁོར་བའི་དངོས་པོ་རྒྱ་མཚོ་ལས། །ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་
པས་ཞེས་བྱ་བར་སྦྱར་རོ། །དེ་ཡང་དཔེར་ན་རྒྱ་མཚོ་ནི་རྒྱ་ཆེ་ཞིང་ཟབ་ཀྱང་། ཐབས་མཁས་པའི་སྐྱེས་བུས་ཀུ་བ་གཉིས་གཤིབས་པ་ལ་ཞོན་ཏེ་སོང་ན། མཐར་གྱིས་ཕ་རོལ་གྱི་ངོགས་སུ་ཕྱིན་པ་ལྟར། ཆོས་ཀྱི་དབྱིངས་ལས་བྱུང་བའི་དངོས་གྲུབ་རྒྱ་ཆེན་པོ་སྟེ། ཇི་ལྟར་ཐོབ་པར་འགྱུར་ཞེས་
ཞུས་པའོ། །བཀའ་སྩལ་པ། བདག་མེད་པ་ཡིས་རྣལ་འབྱོར་བདག །ཡང་ན་དཔལ་ལྡན་ཁྲག་འཐུང་སྦྱོར། །ཞེས་པ་ལ། བདག་མེད་པ་ལ་འཇུག་པ་དང་། དཔལ་ཧེ་རུ་ཀའི་སྐུ་སྒྱུ་མ་ལྟ་བུ་ལ་སྐད་ཅིག་ཙམ་ཡང་མི་གཡེང་བའི་སེམས་ཀྱིས་གནས་ཤིང་བསྒོམས་ན། དངོས་གྲུབ་
ཐོབ་པོ་ཞེས་པའི་དོན། དེ་བས་ན་རྩ་བ་ལས། སྐད་ཅིག་ཙམ་ནི་གཞན་པའི་སེམས། །མི་གནས་དངོས་གྲུབ་འདོད་པའོ། །ཞེས་པ་དང་འབྲེལ་ཏོ། །ལྷག་མ་ནི་གོ་སླ་བས་མ་བྲིས་སོ། །རིག་པ་ལན་ཅིག་བྱས་པ་ཡིས། །རྟགས་ནི་དེ་མ་ཐག་ཏུ་འབྱུང་། །ཞེས་པ་ལ། ཤེས་རབ་དང་
མཉམ་པར་བཞག་པས་མཐར་ཐུག་པའི་དགའ་བ་ལས་ཡེ་ཤེས་འབྱུང་སྟེ། དངོས་གྲུབ་འབྱུང་ཞེས་བྱ་བའི་དོན། །ཟླ་བ་གཅིག་ཏུ་གསང་བ་སྤྱོད། །གང་ཡང་རུང་བའི་ཟླ་བ་ལ་སྒྲུབ་ཅེས་བྱས་ཏེ། རྟགས་བྱུང་ནས་དངོས་གྲུབ་བླངས་པའི་ཐབས་སོ། །གང་དུ་ཕྱག་རྒྱ་མི་རྙེད་ན། །དྲིན་གྱིས་
ཕོག་པའི་སྔགས་པ་ལ། འདི་ཞེས་བྱ་བའི་ཕྱག་རྒྱ་ལོང་། །ཞེས་བྱ་བ་ནི། གལ་ཏེ་སེམས་བྱང་ནས་དངོས་གྲུབ་ཏུ་གྱུར་མ་ཁད་ནས། རང་ལ་ཕྱག་རྒྱ་མེད་པ་ལ་འབྱོར་པ་རྣམས་ཀྱིས་མིང་འདི་ཞེས་བྱ་བ་ནི་ཕྱག་རྒྱ་སྟོན་པས་ན། དེ་རྟོག་པ་མེད་པར་བླངས་ལ་སྒྲུབ་ཅེས་པའི་དོན་ཏོ། །བདག་ཉིད་
མཐུ་ཡིས་བརྟགས་ནས་ཀྱང་། །ལོངས་སྤྱོད་ཕྱིར་ནི་སྤྱོད་མིན་བཤད། །ཅེས་པ་ལ། བདག་གི་སེམས་སྦྱངས་པ་དང་། རྟོག་པ་ཟད་ཅིང་མན་ངག་ཐོབ་པས་སྒྲུབ་ཀྱི། འདོད་པའི་ལོངས་སྤྱོད་ཀྱི་ཕྱིར་སྤྱོད་པ་ནི་མ་ཡིན་ནོ། །གལ་ཏེ་འདོད་པའི་ཕྱིར་སྤྱོད་ན་ནི། འཇིགས་པའི་གཟུགས་སུ་བཤད་

པ་སྟེ། སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བའི་དོན། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། གཞན་དུ་འདོད་པའི་ལོངས་སྤྱོད་ལ། །མངོན་པར་འདོད་པ་སྐྱེས་གྱུར་ན། །མ་གོམས་དབང་གིས་སྔགས་པ་ནི། །མནར་མེད་དམྱལ་བར་སྐྱེ་
བར་འགྱུར། །ཞེས་པ་དང་། གཞུང་གཞན་ལ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་གྲོགས་རིག་པ་དེ་དང་། བདག་སྒྲུབ་པ་པོ་གཉི་ག་ཡང་དབང་དང་དམ་ཚིག་ཏུ་ལྡན་པ། སེམས་ཤིན་ཏུ་བྱང་བ་མན་ངག་ཐོབ་པ་རྣམས་ཀྱིས་མཆོད་ཅིང་བསྒྲུབས་ན། དངོས་གྲུབ་ཏུ་འགྱུར་གྱི། གཞན་དུ་སྔགས་
ཚིག་ཙམ་དུ་བཟླས་ཏེ། གཟུ་ལུམས་སུ་སྤྱད་ན་བདག་ཀྱང་ངན་འགྲོ་ལ་སོགས་པ་རྣམས་སུ་བརླག་ལ། གཞན་ཡང་ཕུང་བར་བྱེད་པ་ཡིན་པས་ན། ཚུལ་བཞིན་དུ་སྒྲུབ་ཅིང་མཆོད་ཅེས་པའི་དོན། གསོལ་བ། བདག་མེད་རྣལ་འབྱོར་མ་སྦྱོར་བ། །ཕྱག་རྒྱ་རྣམས་ཀྱི་ཁྱད་པར་ཅི། །ཕྱག་རྒྱ་
ཕྱག་རྒྱ་གཉིས་པའོ། །ཞེས་པ་ལ། བདག་མེད་པ་ལ་སྤྱོད་བའི་རྣལ་འབྱོར་པས། །ཐབས་མེད་པར་ཤེས་རབ་གཅིག་པུ་ལ་མི་འགྲུབ་ལ། ཤེས་རབ་མེད་པར་ཡང་ཐབས་ཀྱིས་མི་འགྲུབ་སྟེ། དེ་བས་ན་དེ་གཉིས་བསྟན་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བས་ན། ཕྱག་རྒྱ་ཕྱག་རྒྱ་
གཉིས་པོ་ཞེས་བྱ་བའི་དོན་ཏོ། །འོ་ན་གོང་དུ་ལྷ་མོ་འབའ་ཞིག་གིས་དཀྱིལ་འཁོར་ལ་ཇི་ལྟར་དངོས་གྲུབ་སྐྱེ་ཞེ་ན། ལན་དུ། བུད་མེད་གཟུགས་ནི་སྤངས་ནས་ཀྱང་། །བཅོམ་ལྡན་གཟུགས་ནི་གཞན་བྱས་ཏེ། །ཞེས་པ་ལ་ལྷ་མོའི་གཟུགས་སྤངས་ནས་ཐབས་ཀྱི་གཟུགས་སུ་བྱ་བ་སྟེ། དེ་ཡང་ནུ་
མ་གཉིས་སྤངས་ཏེ་པདྨའི་སྒོར་སྦྱར་བས་རྡོ་རྗེར་གྱུར་ལ། ཅིག་ཤོས་ཀྱིས་སྒྲེའུར་གྱུར་ཏེ། ངོས་གཉིས་སུ་ནི་དྲིལ་བུ་ཡིས། །ཞེས་པའོ། །དེ་ནས་གཟུགས་རིལ་གྱིས་ཧེ་རུ་ཀར་གྱུར་པའི་དོན། དེ་ལྟ་བུའི་ཐབས་ཀྱིས་བསྒྲུབས་ན་དངོས་གྲུབ་ཏུ་འགྱུར་བའི་ཐ་ཚིག་གོ། །དེས་ཡོན་ཏན་ཅི་སྒྲུབ་ཅེ་ན།
སྐྱེ་བ་དང་འཇིག་པ་ལས་གྲོལ་ཏེ། ཤེས་རབ་ཐབས་ཀྱིས་གནོན་མི་ནུས། །ཞེས་བྱ་བའི་དོན་ཏོ། དེ་བས་ན་ཐབས་ཀྱིས་ནི་སྐྱེ་བའི་འཁོར་བ་མེད་པར་བྱེད་ལ། ཤེས་རབ་ཀྱིས་ནི་འཇིགས་པའི་འཁོར་བ་ལས་རྒལ་བས། སྲིད་མཐར་བྱེད་ཅེས་པའི་དོན། དེས་ན་འཇིགས་པ་མེད་ཅེས་བྱ་ལ།

དེ་ལྟར་ཐབས་དང་ཤེས་རབ་གཉིས་ལས་གྲུབ་པས་ནི། དངོས་པོ་འཁོར་བ་སྐྱེ་བ་དང་མཐུན་པ་ལས་ཐར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་ཅེས་པའི་ཐ་ཚིག་གོ། །བསྐྱེད་པའི་རིམ་པའི་སྦྱོར་བས་ནི་བྱ་བ་ནས། རྟག་ཏུ་སྦྱོར་བ་བྱས་པ་ཡིན། །ཞེས་བྱ་བའི་བར་ནི་བསྐྱེད་པའི་རིམ་པ་དངོས་
པོ་སྐྱེ་བ་ཐེར་ཟུག་ཏུ་རྟོག་པ་སེལ་ཏེ། ཚིག་གི་དོན་ནི་རྒྱུད་ལས་གསལ་བར་མ་བྲིས་སོ། །ད་ནི་དབང་བསྐུར་བའི་ཐབས་བསྟན་ཏེ། བདེ་བ་ནག་པོ་ལ་སོགས་པ་ནི། དངོས་པོ་ཐམས་ཅད་བདེ་བ་ཆེན་པོ་ལས་ལོགས་ན་མེད་ཅེས་བསྟན་པའོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །
བཅོམ་ལྡན་བདེ་ཆེན་མཆོག་དམ་ལས་ཐམས་ཅད་འབྱུང་ན། བསྐྱེད་པའི་རིམ་པ་གོང་དུ་བསྟན་པས་ཅི་ཞིག་བགྱི་ཞེས་ཞུས་པ་ལ་བཀའ་སྩལ་པ། དད་པའི་ཤུགས་ཅན་ཁྱོད་བདེན་མི་བདེན་ཡང་། བསྐྱེད་པའི་རིམ་པ་ལ་མ་བརྟེན་པར། རྫོགས་པའི་རིམ་པ་ལོགས་ན་མེད་དེ། དེ་བས་ན།
དངོས་མེད་ལུས་ལས་བདེ་བ་གང་། །བདེ་བ་ངག་གིས་བརྗོད་མི་ནུས། །གཟུགས་ཅན་ཁྱབ་པས་ཁྱབ་པ་ཡི། །འགྲོ་བ་རྣམས་ནི་བདེ་བས་ཁྱབ། །ཅེས་གསུངས་ཏེ། བདེ་བ་ནི་ལུས་ལ་བརྟེན་ནས་སྐྱེའི། དངོས་པོ་མེད་པ་ལས་ནི་མ་ཡིན་ནོ། །དེ་བས་ན་འགྲོ་བ་རྣམས་ནི་བདེ་བས་ཁྱབ། །ཅེས་
བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་ལེ་ལོས་ཟིལ་ནོན་བྱ་བ་ནི། དེ་ལྟའི་བདེ་བ་ཆེན་པོ་ནི་ལེ་ལོ་ཅན་སེམས་རྣམ་པར་གཡེང་བ། འདུ་འཛིའི་དབང་དུ་གྱུར་པས་མི་རྟོག་པའི་དོན། གྲུ་གསུམ་ཆོས་ཀྱི་ཕྱག་རྒྱ་དེ་ནི། སངས་རྒྱས་ལ་སོགས་པས་བཅུའི་ཁྱད་པར་གྱི་ཡོན་ཏན་དཔག་ཏུ་
མེད་པ་སྐྱེ་བས་ན། རིན་ཆེན་ཟ་མ་ཏོག་ཅེས་བྱའོ། །མཐར་ཐུག་དགའ་བའི་རང་ངོ་བོ། ཞེས་བྱ་བ་ནི། གསུམ་པ་སྤངས་པའི་དགའ་བའོ། །མཆོག་ཏུ་དགའ་བ་དང་། ཤིན་ཏུ་དགའ་བ་རྣམས་ནི་གོམས་པ་ལས། དཔེར་ན་མུན་པར་སྒྲོན་མ་བཏེག་ན་ཤིན་ཏུ་གསལ་བ་ལྟར། དགའ་བའི་སྣང་
བས་དངོས་པོ་ལ་རྣམ་པར་རྟོག་པའི་མུན་པ་བསལ་ནས། མཆོག་གི་དངོས་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ། །གསལ་བྱེད་ཀྱང་ནི་དེ་བཞིན་ནོ། །ཞེས་བྱ་བ་ལ། དགའ་བ་རྣམས་ཀྱིས་གྲུབ་པ་ཐོབ་པ་ལྟར། ཨཱ་ལི་ཀཱ་ལི་ཡི་གེ་རྣམས་ལས་ཀྱང་། །དངོས་གྲུབ་འབྱུང་ཞེས་པའི་ཐ་ཚིག་གོ། །ལྷག་མའི་

དཔེ་དོན་རྣམས་ནི་བརྡ་ཕྲད་སླའོ། །འདོད་ཆགས་ཉིད་བཅིངས་འཇིག་རྟེན་པ། །ཞེས་བྱ་བ་ནི། འདོད་ཆགས་འཁྲིག་པས་འཁོར་བར་འཆིང་བ་རྣམས་ནི། མན་ངག་བླ་མ་ལ་བསྙེན་བཀུར་བྱས་པས་ཐོབ་ནས། དགའ་བ་རྣམས་ལྟར་སྤྱད་པས། འདོད་ཆགས་
འཁོར་བར་སྐྱེ་བའི་མེ་འདོད་ཆགས་རྣམ་པར་དག་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཞི་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་ཞེས་པའི་དོན་ཏོ། །དེ་སུའི་སྤྱོད་ཡུལ་ཡིན་ཞེ་ན། ཟློག་པའི་བརྟག་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཅན་གྱིས་མིན། །ཞེས་བྱ་བ་སྟེ། དངོས་པོ་
ཉན་ཐོས་ཀྱི་རིགས་ཅན་ལྟ་བ་དང་། སྤྱོད་པ་དམན་པ་ལ་མོས་པ་དངོས་གྲུབ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ཀྱི་ཡུལ་མ་ཡིན་ཞེས་བྱ་བའི་དོན། འབྱུང་བ་རང་གཟུགས་ལྔ་པ་ནི། །བདེ་བ་ཆེན་པོ་ལྔ་རུ་འགྱུར། །ཞེས་བྱ་བ་ནི། བདེ་བ་ཆེན་པོ་ཟླ་བ་ཞུ་བ་ལ། འབྱུང་བ་ལྔ་ཚང་ལ་དེ་ལ་བདེ་བ་ལྔ་
ཞེས་བྱའོ། །ལྔ་པོ་རྣམས་ཀྱང་བདེ་བའི་དངོས་པོ་ནི་གཅིག་ལས་མེད་ཅེས་པའི་ཐ་ཚིག་གོ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །བྱ་བ་ལ་སོགས་པ་ལ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་སྐད་ཅིག་མ་ལ། འབྱུང་བ་ལྔ་དང་། ཉོན་མོངས་པ་ལྔ་དང་། རིགས་རྣམ་པ་ལྔ་ལ་སོགས་པ།
སྐད་ཅིག་མའི་ཚུལ་གྱིས་རྫོགས་པ་ནི་ཅི་རིགས་པར་ཤེས་པར་བྱའོ། །ལེའུ་གཉིས་པའི་བཤད་པའོ།། །།ད་ནི་ལེའུ་གསུམ་པའི་བཤད་པ་སྟོན་ཏེ། རྒྱུད་ཐམས་ཅད་ཀྱི་རྟོག་པ་བརྗོད་པ་ཞེས་བྱ་བ་ནི། ཐབས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པ་དང་། ཤེས་རབ་ཀྱི་རྒྱུད་ངེས་པར་
བརྗོད་པ་བླ་མའི་རྒྱུད་ལ་སོགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། མན་ངག་གསལ་བར་སྟོན་ཞེས་པའི་དོན་ཏོ། །དེ་ལས་ཁྱད་པར་དུ་རྣལ་འབྱོར་མ་སྟེ། ཤེས་རབ་ཀྱི་རྒྱུད་མཁའ་འགྲོ་སྒྱུ་མ་བདེ་མཆོག་ཅེས་བྱ་བ་ལ་སོགས་པའི་རྒྱུད་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར་རོ། །འདིའི་སྡོམ་པ་
དང་། དབང་བསྐུར་བ་ལ་སོགས་པ་སྟོན་པས་ན། དེ་ལ་སྡོམ་པ་བཤད་པར་བྱ། །ཞེས་བྱ་བའི་དོན་ཏོ། །སྡོམ་པ་སངས་རྒྱས་ཐམས་ཅད་དེ། །ཨེ་ཝཾ་ལ་ནི་རབ་ཏུ་བཞུགས། །ཞེས་བྱ་བ་ནི། རྣམ་པའི་སྡོམ་པ་ནི་སངས་རྒྱས་ཐམས་ཅད་དེ། སངས་རྒྱས་ནི་ཨེ་ཝཾ་ལ་འདུས་ཏེ། ཨེ་ནི་ཡུམ་ཡིན་

ལ། ཝཾ་ནི་ཡབ་ཡིན། བྱིན་དུ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། སེམས་དེ་བྷ་ག་ལ་བཞུགས་ཞེས་བྱའོ། །དེ་ཡང་དངོས་སུ་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་གསུམ་དགོངས་པའི་དོན་གྱིས་བཤད་པ་སྟེ། སྒྲུབ་པ་པོ་ནི་རྣལ་འབྱོར་པ། རང་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་བདག་
ཉིད་པ་ཡིན་ལ། སྒྲུབ་པ་ནི་ཡུམ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཨེ་ཡིན་ལ། བསྒྲུབ་པར་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། བྱིན་དུ་དང་སྦྱར་ཏེ། དེ་ལྟ་བུའི་མན་ངག་སློབ་དཔོན་གྱིས་ཕོག་ཅིང་དབང་བསྐུར་བ་ལ་བདེ་བ་ཆེན་པོ་གཅིག་པུ་བྱེད་ཅེས་བྱའོ། །གང་འདི་ཨེ་ནི་སྣ་ཚོགས་སྐུ། །ཞེས་
བྱ་བ་ལ་ཡི་གེ་ཨེ་སྟེ། མཁའ་དེ་ཉིད་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ལ། མཁའ་དེའི་དབུས་སུ་ཝཾ་སྟེ་ཐབས་དང་བྱང་ཆུབ་ཀྱི་སེམས་གནས་ཞེས་བྱའོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་
ལ། སངས་རྒྱས་ཀྱང་ཡིན་ལ་རིན་པོ་ཆེ་ཡང་ཡིན་པས་ན་རིན་ཆེན་ནོ། །ཟ་མ་ཏོག་ལྟར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའམ། གཞལ་ཡས་ཁང་གི་ཡོན་ཏན་དམ་པ་དང་ལྡན་པས་སངས་རྒྱས་རིན་ཆེན་ཟ་མ་ཏོག་སྟེ། དངོས་སུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་སྟེ།
ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བའི་དོན་ཏོ། །གནས་དེར་ནི་བདེ་བ་དང་དགའ་བ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན། དེ་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་དབྱེ་བའི་ཁྱད་པར་ཅན། །ཞེས་བྱ་བ་ནི། མཐར་ཐུག་པའི་ཡེ་ཤེས་སྐད་ཅིག་མ་ནི། གོང་མའི་
ཨེ་ཝཾ་ལས་སྐྱེས་པས་ན། ཨེ་ཝཾ་ལ་ནི་རབ་ཏུ་གནས། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་བཞི་པོས་སྟོན་ཏོ། །འདིར་རྣམ་པ་སྣ་ཚོགས་པ་ལ་སོགས་པ་བཞི་དང་། དགའ་བ་རྣམ་པ་བཞི་དང་། དབང་བསྐུར་བ་རྣམ་པ་བཞི་ལ་སོགས་པ།
མན་ངག་གི་གནས་ཆེན་པོ་བཅུ་གཉིས་ལ་སོགས་པ་ནི་བླ་མའི་བཀའ་ལས་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོས་གསོལ་པ། དམ་ཚིག་རྣམས་ནི་གང་ལ་གནས། །སྡོམ་པ་རྣམས་ནི་གང་ཞིག་ཡིན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་

གྱི་ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་བླང་བར་བྱ། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདིར་གང་ཟག་ཁ་ཅིག་གིས་སྒྲ་ཇི་བཞིན་དུ་བཟུང་སྟེ། སྲོག་གཅོད་པ་ལ་སོགས་པ་ལོག་པར་སྤྱོད་པ་ཡོད་དེ་སྲོག་གཅོད་པ་ནི་རང་བཞིན་
གྱིས་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ན་ཡང་ཆེས་རགས་པ་ཡིན་ཞིང་། ངན་སོང་གི་རྒྱུའི་གཙོ་བོར་གསུངས་པ་དང་། མི་དགེ་པ་ཆེན་པོ་ཡིན་ཞིང་སྟོན་པའི་བསྟན་པ་ལ་འགལ་བའི་རྩ་བ་ཡིན་ཏེ། དེ་བས་ན་བདེ་བར་གཤེགས་པའི་བཀའ་མཐའ་དག་ལས་སྲོག་གཅོད་པ་མི་འབྱུང་བར་ཤེས་པར་བྱའོ། །
སྲོག་གཅོད་པ་ནི་མུ་སྟེགས་ཀྱི་ཆོས་ཁ་ཅིག་ལས་འབྱུང་སྟེ། སྔོན་བྲམ་ཟེ་ཤ་ལ་དགའ་བ་དག་ཅིག་གིས་ཤ་འདོད་པའི་ཕྱིར། རི་དགས་དང་ཕྱུགས་ལ་སོགས་པའི་གཟུགས་བརྙན་བྱས་ནས་གཞན་གྱི་མིག་བྲིད་དེ། ཐ་མར་ཕྱུགས་དངོས་སུ་གསོད་ཅིང་དེ་ཉིད་ལྷར་སྐྱེ་བར་འགྱུར་རོ་ཞེས་
གཞུང་སྒྲུབ་པ་དག་ལ། མུ་སྟེགས་གཞན་གཙང་མར་སྤྱོད་པ་བརྟུལ་ཞུགས་ལ་གནས་པ་བསམ་གཏན་ལ་འཇོག་པ་དག་ཆོས་མ་ཡིན་པར་འདོད་དེ། དེ་ཡང་དྲང་སྲོང་རྒྱས་པས་རང་གི་བུ་བྲམ་ཟེ་ཁྱེའུ་ནེ་ཙོ་མཆོད་སྦྱིན་ལ་བཙུད་པ་དང་། ནེ་ཙོས་ཕ་ལ་འདི་སྐད་དུ། མཆོད་སྡོང་བཙུགས་པས་
ཕྱུགས་བསད་དེ། །ཁྲག་གི་དམ་ཚིག་བྱས་གྱུར་པ། །འདི་ཡིས་མཐོ་རིས་འགྲོ་ན་གོ། །དམྱལ་བར་རང་གིས་འགྲོ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་པས། སུན་ཕྱུང་བར་གྱུར་ཏོ་ཞེས་གྲགས་ན། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས། དེ་ལ་ཆོས་དང་ལྡན་པའི་
ལམ་ཞེས་ཇི་ལྟར་བགྲང་། །གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་དཔལ་གྱི་སྡེས་མཛད་པ་ལས། དེ་ལ་སྲོག་གཅོད་པ་ཞེས་བྱ་བ་ན། ཡེ་ཤེས་ཀྱི་རྡོ་རྗེས་སེམས་ཅན་གྱི་ཁམས་མ་ལུས་པ་མི་དམིགས་པར་བྱེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་བྱེད་པ་དེ་གང་ཡིན་པ་དེ། འདིར་སྲོག་
གཅོད་པ་ཞེས་བཤད་པ་དང་། དེ་ཡང་དེ་ཉིད་ཀྱི་ཊཱི་ཀཱ་ལས་ཀྱང་། སྲོག་ཅེས་བྱ་བ་རླུང་ཆེན་པོ་རྟག་ཏུ་འཇུག་པའི་མཚན་ཉིད་ཅན་ཏེ། བཀག་ཅིང་བསྡམས་པ་ལ་ནི་སྲོག་གཅོད་པ་ཞེས་བྱའི། སེམས་ཅན་བསད་པ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། དེས་ན་འདིའི་དོན་ཀྱང་སྲོག་དང་རྩོལ་བ་

བསྡམས་ནས། སེམས་ནང་དུ་བསྡུས་ཏེ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་སྲོག་གཅོད་པ་ཞེས་བྱའོ་ཞེས་དགོངས་སོ། །གསང་བ་འདུས་པའི་དཀའ་འགྲེལ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ལས་ཀྱང་། དེ་ལ་ཡེ་ཤེས་ཀྱི་རྡོ་རྗེས་སེམས་ཅན་གྱི་ཁམས་མ་
ལུས་པ་དངོས་པོ་མེད་པར་བྱེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པའི་དོན་ནི་སྲོག་གཅོད་པའོ་ཞེས་གསུངས་སོ། །གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བར་བྱེད་པ་ལས་ཀྱང་། སེམས་ཅན་ཐམས་ཅད་བསད་ན་ནི། །ཞེས་བྱ་བ་ནི། སྟོང་པ་ཉིད་དུ་བྱ་བས་རྣམ་པར་བཤིག་པའོ་
ཞེས་བཤད་པ་དང་། དགོངས་པ་ལུང་བསྟན་པའི་རྒྱུད་ལས། གང་གིས་ཕུང་སོགས་དངོས་མེད་པ། །ཞི་གནས་ལས་ཀྱང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱེད་པ་སྟེ། །ཐེག་པའི་མཆོག་ལ་གནས་པ་ཡིན། །ཞེས་གསུངས་སོ། །དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ལས།
རྡོ་རྗེ་གསང་བ་འདི་ལྟ་བུས། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ནི། བཤད་མ་ཐག་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས། བདག་གཞན་གྱི་རྒྱུད་དུ་གཏོགས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་
རྣམ་པར་བཤིག་སྟེ། མ་སྐྱེས་པར་བསྒོམ་པའི་དོན་ཏོ། །འབྲས་བུ་གསུངས་པ་ནི་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བའོ། །དེ་བས་ན་བསམ་གཏན་གྱི་སྦྱོར་བ་འདིས་སྐུ་དང་གསུང་དང་ཐུགས་མི་དམིགས་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྒོམས་ན། མི་བསྐྱོད་པའི་སངས་རྒྱས་
ཀྱི་ཞིང་དུ་སྐྱེ་བར་འགྱུར་བའི་དོན་ཏོ། །ལ་ལ་དག་ནི་སྲོག་གཅོད་པ་ནི་སེམས་ཅན་འཁོར་བ་ལས་བསྒྲལ་བ་ཡིན་ནོ་ཞེས་རྟོགས་ན། དེ་ལྟ་བུ་མ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚོགས་དཔག་ཏུ་མེད་པར་བསགས་ནས། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་
ལས་བྱང་ཆུབ་ཀྱི་སྐམ་ལ་འདོན་པ་ནི་སྒྲོལ་བ་ཞེས་བྱའི། གསོད་པ་ལ་ནི་མི་བྱ་སྟེ། གལ་ཏེ་སེམས་ཅན་བསད་པས་འཁོར་བ་ལས་བསྒྲལ་བར་ནུས་ན་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ་རྣམས་ཀྱིས་གསོད་པའི་སྦྱོར་བ་འབའ་ཞིག་གིས་སེམས་ཅན་གྱི་དོན་མཛད་པའི་

རིགས་ན། རྣམ་པ་དེ་ལྟ་བུ་གང་ནས་ཀྱང་མ་གསུངས། གང་དུ་མ་མཛད་པས། བསྒྲལ་བའི་ཚིག་གིས་དོན་ཡང་གསོད་པ་མ་ཡིན་ནོ། །དེ་བས་ན་སྲོག་གཅོད་པ་དང་འབྲེལ་པ་དང་འདི་ལ་ཆོས་སུ་བགྲང་བ་ནི། སངས་རྒྱས་ཀྱི་བསྟན་པ་མཐའ་དག་དང་འགལ་བ་ཉིད་ཡིན་
པས། བྱང་ཆུབ་ཀྱི་ལམ་དུ་མི་རུང་ངོ་། །སྤྲོས་པས་ཆོག་གི་དཀྱུས་མ་ཉིད་ལ་འཇུག་པར་བྱའོ། །དེ་བས་ན་རྒྱུད་ཉིད་ལས། སྲོག་ནི་སེམས་ཞེས་བཤད་པ་སྟེ། །གཅིག་པའི་སེམས་ནི་སྲོག་བཅད་ཡིན། །གསུངས་པ་སྟེ། བདག་གི་སེམས་འོད་གསལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་
སེམས་དང་ཆོས་ཐམས་ཅད་ཤེས་རབ་ཀྱི་མཚོན་གྱིས་སྐྱེ་བ་མེད་པར་ཤེས་པ་ནི་སྲོག་གཅོད་པ་ཞེས་བྱའོ། །བརྫུན་གྱི་ཚིག་ཏུ་སྨྲ་བ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར། འཕགས་པའི་ལམ་དང་འགལ་བ་ཡིན་པ་དང་། དངོས་པོ་བརྫུན་སྨྲ་བ་ནི་མ་ཡིན་ནོ། །སྣོད་དང་
བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཐམས་ཅད་ནི་བྱེད་པ་པོས་བྱས་པ་མ་ཡིན་ཞིང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟ་བུ་རྒྱུ་རྐྱེན་ལ་རག་ལས་པ་སླུ་བའི་ཆོས་ཅན་ཡིན་པར་སྟོན་པ་ནི་བརྫུན་དུ་སྨྲ་བའོ། །དེ་ཡང་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནང་དང་དེ་བཞིན་ཕྱི་རོལ་
དག །རྟེན་འབྱུང་གཉིས་སུ་སྟོན་པ་ནི། དེ་ནི་བརྫུན་སྨྲ་དགའ་བ་སྟེ། །གནས་མེད་ལ་གནས་རྣལ་འབྱོར་པའོ། །ཞེས་སྨྲས་པ་ནི་བརྫུན་དུ་སྨྲ་བའོ། །སེམས་ཅན་གྱི་ཁམས་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྐྱེད་པར་བསྒོམས་པས། སེམས་ཅན་གྱི་ཁམས་
མ་ལུས་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པའི་རྫས་ཕྲོགས་ཤིང་གསལ་བ་ནི། གཞན་གྱི་ནོར་འཕྲོག་པའོ། །དེ་ཡང་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །དེ་ནི་རྫས་སུ་ཤེས་བྱ་སྟེ། དེ་ཕྲོགས་ངང་ཚུལ་གང་ཡིན་པ། །
གཞན་གྱི་ནོར་ལ་ཆགས་