Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 6

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
་གེ་བཞིན་དུ་ཡོངས་སུ་ཟོས། །ས། ཀུན་ནས་ནོར་བུ་གཙུག་ཏོར་གྱིས། །མཚམས་གཉིས་ལ་ནི་ཉེར་བརྟེན་ནས། །སྲོག་ནི་མི་གཡོ་བར་བྱས་པས། །སྟོང་དང་མི་སྟོང་པ་ནི་འགྲོ། །རྦ། གཡོན་པའི་རྩ་ནས་བཀུག་ནས་ནི། །དེ་ནི་མགོ་ནས་རྐང་མཐེ་བོར། །
སྲོག་གི་ཐིག་ལེ་དྲུག་གི་ཕྱེད། །གནས་ལ་བརྟེན་ཏེ་དབང་བ་ཉིད། །ཏྨ། བག་ཆགས་གནས་ནི་ཀུན་ཟོས་པས། །སྣང་བ་གསུམ་ནི་འབྱུང་བའི་ཕྱིར། །དབང་པོ་རྣམས་དང་བྲལ་བ་ཡིས། །སྡོང་བུ་ལས་སྐྱེས་པདྨ་གཉིས། །བྱ། སྨིན་མར་སོང་བའི་རྣལ་མ་དགོད། །ཆོ་ག་འདོད་པ་
རྣམས་ཀྱིས་གཟུང་། །མར་ཁུའི་དྲི་ནི་དྲི་ཞིམ་པ། །གཙོ་ནི་སྒྲུབ་པའི་ཐབས་ཀྱིས་བསྒྲུབ། །བུ། མཐོ་མིན་གནས་སུ་ཐིག་ལེ་ནི། །བགྲོད་མེད་ཏིང་དུ་བཟུང་བ་ནི། །ཞི་བྱེད་མཆོག་ཏུ་བརྟག་པ་སྟེ། །ཡིད་ལྟ་བུ་ཡིས་མཆོག་ནི་མནན། །སཱ། མཆོག་གི་སྦྱོར་བ་བསྒྲུབ་པར་བྱ། །ཀུན་རྫོབ་
བདེན་པར་ལྟ་བ་ཡི། །ཤེས་པ་ཡང་ནི་དེ་ལ་མེད། །ཡེ་ཤེས་སྙིང་པོ་བཏུས་པའོ། །ངྷ། ཆོས་དང་ཆོས་མིན་རྣམ་དཔྱད་པ། །མཁས་པ་རྣམས་ཀྱིས་མི་བྱའོ། །གང་གི་རྣམ་པ་ཀུན་གྱིས་ནི། །ཚིག་འདི་ཡིས་ནི་དངོས་པོ་མེད། །ཡེ། གང་དང་གང་གི་རྣམ་པ་ཡིས། །འཆི་བ་སྔོན་དུ་འགྲོ་བ་
དོར། །དེ་དང་དེ་ནི་ཐམས་ཅད་བྱ། །ལ་ལར་ལ་ལའི་ཅི་ཡང་མེད། །དེ་ལྟར་གནས་རྣམས་སུ་སྣ་ཚོགས་ཀྱི་མཆོག་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྒྱུའི་གནས་དང་འབྲས་བུ་སྒྲུབ་པའི་ཡང་གནས་གསུངས་པ། རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པ་འདིར་རྣམ་པར་དབེན་པ་ཞེས་བྱ་བ་ནི་
བདག་གི་ངར་འཛིན་པ་སྤངས་པ་སྟེ། སྔོན་གྱི་ཚུལ་གྱིས་སོ། །གནས་ཞེས་པ་ནི་གཅིག་གི་རྣམ་པའི་སེམས་ཀྱི་གནས་དེ་ལ་དེ་སྐད་ཅེས་བྱའོ། །འམ་ཞེས་པ་ནི་རང་གི་ལག་པ་གཉིས་བཟློག་པ་རྒྱབ་ཏུ་ཐལ་མོ་སྦྱར་བ་བཅིངས་པའི་སྦྱོར་བས་མགོ་གཟུང་ཞིང་ལྕེ་རིམ་ལས་བཟློག་པར་བྱ་སྟེ། དེ་བཞིན་

དུ་སྟེང་གི་རྐན་གྱི་མདུད་པ་ལ་རེག་པར་བྱེད་པའོ། །བྱེད་པ་དེས་སྲོག་གི་རླུང་དབྱུང་བ་དགུག་པའི་རྣམ་པར་གནས་ཏེ། སྣ་ཡི་དབུགས་དབྱུང་བ་དང་འཇུག་པ་མི་འགྲོ་སྟེ། གནས་དེ་རུ་རང་གི་སེམས་ཉེ་བར་མཚོན་པར་བྱས་པ་དེ་ནི་བསྒོམ་པ་དེ་བཞིན་དུ་འགྱུར་རོ། །རང་གི་སྐྱེད་མོས་ཚལ་ཞེས་པ་ལ་
སོགས་པ་ནི་སླར་ལ་ཡང་དཀྱིལ་འཁོར་བཅུ་པོ་རྣམས་རང་རང་གི་དུས་ཚོད་ལ་གང་དུ་སྐྱེས་པ་དེ་རྣམས་ལ་དེར་ལག་པས་མནན་པའོ། །འདིར་གསུངས་པ། གཙུག་ཏོར་དང་ནི་སྤྱི་བོར་གསུངས། །སྨིན་མའི་དབུས་དང་མགྲིན་པའི་མཚམས། །སྙིང་ག་དང་ནི་ལྟ་བའི་གནས། །རྒྱུ་ཞབས་ཉིད་
དང་གསང་བའི་རྩར། །ནོར་བུའི་བུ་ག་དེ་བཞིན་ཏེ། །ལྕེའུ་ཆུང་བ་ཡི་མདུད་པའི་རྩེར། །གནས་འདི་རྣམས་སུ་སྲོག་ནི་གང་། །སྐྱེས་པ་དེ་ནི་དགག་པར་བྱ། །ལག་པ་གཉིས་ནི་རྣམས་བཟུང་བས། །གནད་ཀྱིས་མཚམས་ནི་བརྩིར་བར་བྱ། །དཀྱིལ་འཁོར་རེ་རེ་རྒྱུ་བ་ཡིས། །འགྲོ་དང་འོང་བ་
འགོག་པ་ཉིད། །དེས་ནི་དགག་པ་དག་ནི་བྱ། །སྒོམ་པ་རྟོགས་པའི་སེམས་ཀྱིས་ནི། །སངས་རྒྱས་སྐུ་ལ་སོགས་པ་སྒོམ། །དེ་ནས་རྡོ་རྗེ་འཆང་ས་ཐོབ། །དེ་ལྟར་ས་ལ་རབ་བརྟེན་ཏེ། །ལོངས་སྤྱོད་རྫོགས་པའི་རྣམ་པར་བྱ། །བསམ་དུ་མེད་བསྒོམ་བསམ་པའི་ཕྱིར། །རང་བཞིན་ལས་འབྱུང་
ངོ་བོ་ཉིད། །སོགས་པའི་སྒྲས་ནི་ཕྱིའི་སྐྱེད་མོས་ཚལ་ལ་སོགས་པའི་དང་པོའི་གནས་སུ་བྱའོ། །དེ་ལྟར་རང་བཞིན་གྱིས་དྲི་མ་མེད་པའི་ཡེ་ཤེས་ཉིད། ཀུན་ཏུ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྣ་ཚོགས་ཕྱག་རྒྱ་ཞེས་པ་ནི་རང་བཞིན་གྱི་སྐུ་གང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་
པ་སྣ་ཚོགས་པ་རྒྱས་བཏབ་ཅིང་དེ་ལ་བརྟེན་པ་ཡང་འདིས་རྒྱས་བཏབ་སྟེ། དེ་ལྟར་ཕན་ཚུན་རྒྱས་པར་ཡིད་ཆེས་པར་བྱའོ། །དེས་ན་སྣ་ཚོགས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི་སྐུས་སྡོམ་པའོ། །ཀུན་དུ་སྣ་ཚོགས་སྡོམ་པ་ཞེས་པ་ནི་དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཀུན་གྱི་རང་བཞིན་གང་བརྟན་པ་དང་།
གཡོ་བ་ལ་སོགས་པ་སྣ་ཚོགས་པ་རྣམས་ཀྱི་ནང་དུ་འདུས་པས་ཀྱང་དངོས་པོ་ཐམས་ཅད་ཀྱང་སྡོམ་པའོ། །དེ་ཉིད་ཀྱི་རང་བཞིན་ཉིད་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་དུའི་སྒྲས་ནི་བ་ལ་སོགས་པའི་ལས་ཚོགས་རྣམས་བཟུང་ངོ་། །དེ་རྣམས་ཀྱི་སྣ་ཚོགས་ནི་སེམས་ཅན་སྣ་ཚོགས་པའི་དོན་

བྱེད་པའོ། །དེ་བཞིན་དུ་རང་གི་ངོ་བོ་ཉིད་དུ་བྱ་བ་ནི་འབྲས་བུའི་གཟུགས་དེ་ཉིད་འབྲས་བུའི་གོ་འཕང་ཐོབ་པའི་རྒྱུད་སྣ་ཚོགས་དྲི་མ་མེད་པའི་ཆོས་ཀྱི་རང་བཞིན་དུ་འགྱུར་རོ། །བསྒྲུབ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པའོ། །ཇི་ལྟར་བདེ་བར་ཞེས་པ་ནི་རང་རིག་པས་ཟབ་མོའི་ལོངས་
སྤྱོད་རྫོགས་པའི་སྐུ་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ནི་དངོས་པོ་ཐམས་ཅད་གཅིག་པའི་དངོས་པོའོ། །དངོས་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་ལུས་དང་ངག་
དང་སེམས་བསྡུས་པའི་གཟུགས་ནི་རྡོ་རྗེ་འཛིན་ཆེན་པོ་ཆོས་ཀྱི་སྐུའི་མཚན་ཉིད་ཧེ་རུ་ཀ་ལ་སོགས་པའི་གཟུགས་ཏེ། དེ་ཡང་རང་བཞིན་གྱི་སྐུ་ལས་བྱུང་བའོ། །སྟོང་པ་ཉིད་ཡེ་ཤེས་ཞེས་པ་ནི་སྣ་ཚོགས་མཐོང་བ་སངས་རྒྱས་ཀྱི་སྐུའོ། །དེ་བཞིན་དུ་ཡང་ཁྲོ་བོ་རྣམས་ཀྱིས་ཞེས་པ་ནི་རང་བཞིན་གྱི་དབང་གིས་
ཉིན་མོ་སྐྱེས་པ་རྣམས་ཏེ། འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་ཚུལ་གྱིས་སོ། །ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་བཅུ་པོ་རྣམས་རིམ་པ་བཞིན་དུ་བརྗོད་དོ། །གཤིན་རྗེ་གཤེད་ནི་གསང་བའི་རྩར། །བུ་ག་གཅིག་ནས་འབབ་ནང་དུ། །ས་ཡི་དཀྱིལ་འཁོར་མིང་ཅན་ལ། །སྣ་ཚོགས་
བྱ་བ་རྣམས་ནི་བྱེད། །ཤེས་རབ་མཐར་བྱེད་ཁྲོ་ཆེན་པོ། །ཆུ་སོའི་བུ་ག་བཤང་ལམ་ནང་། །ཆུ་ཡི་དཀྱིལ་འཁོར་མིང་ཅན་ལ། །དེར་ནི་རྒྱས་པའི་ལས་བྱེད་དོ། །པདྨ་མཐར་བྱེད་ལྟེ་རྩ་བར། །ཨ་ནི་འབྱུང་བའི་བུ་ག་རུ། །སེམས་ཅན་ཐམས་ཅད་བསད་པ་ནི། །མེ་ཡི་དཀྱིལ་འཁོར་ལ་ནི་བྱ། །སྙིང་གར་ཁྲོ་བོ་
བགེགས་མཐར་བྱེད། །བུ་ག་ཐིག་ལེ་འབབ་ནང་དུ། །རླུང་གི་དཀྱིལ་འཁོར་རྒྱུ་བ་ལ། །བསྐྲད་པའི་ལས་ནི་སྣ་ཚོགས་བྱེད། །མགྲིན་པར་ཁྲོ་བོ་མི་གཡོ་བས། །ཡིད་བཟངས་བུ་གའི་ནང་དུ་ནི། །དཀྱིལ་འཁོར་ནམ་མཁའི་མིང་ཅན་ལ། །དབང་གི་ལས་རྣམས་བྱེད་པ་ཡིན། །སྨིན་མའི་དབུས་སུ་དབྱུག་སྔོན་
ཅན། །མཛོད་སྤུའི་བུ་གའི་ནང་དུའོ། །གཡོན་པའི་ནམ་མཁའི་དཀྱིལ་འཁོར་ལ། །དགུག་པའི་ལས་ནི་སྣ་ཚོགས་བྱེད། །སྤྱི་བོར་འདོད་པའི་རྒྱལ་པོ་ནི། །བུ་ག་ཨ་ཝ་དྷཱུ་ཏཱི་འབབ། །རླུང་ཞེས་བྱ་བའི་དཀྱིལ་འཁོར་ལ། །རེངས་པའི་ལས་ནི་ཐམས་ཅད་བྱེད། །གཙུག་ཏོར་དུ་ནི་སྟོབས་པོ་ཆེ། །བུ་ག་

ནམ་མཁའ་འབྱུང་བ་རུ། །མེ་ཡི་དཀྱིལ་འཁོར་རྒྱུ་བ་ལ། །དགེ་བ་ཡི་ནི་ལས་རྣམས་བྱེད། །གསང་བའི་ལྟེ་བར་གནོད་མཛེས་ནི། །ཁུ་བ་འབྱུང་བའི་བུ་ག་རུ། །ཆུ་ཡི་དཀྱིལ་འཁོར་རྒྱུ་བ་ལ། །ལྐུགས་པ་ཡི་ནི་ལས་རྣམས་བྱེད། །ལྕེའུ་ཆུང་མདུད་པར་གཙུག་ཏོར་ནི། །བུ་ག་
བདུད་རྩི་ཐིག་ལེ་འབབ། །ས་ཞེས་བྱ་བའི་དཀྱིལ་འཁོར་ལ། །རྨོངས་པའི་ལས་ནི་ཐམས་ཅད་བྱེད། །དེ་ལྟར་ཁྲོ་བོ་མཆོག་ཐམས་ཅད། །སྒྱུ་མའི་རྣམ་པར་ལྟ་བུ་ཉིད། །འབད་པ་ཡིས་ནི་བསམ་བྱས་ནས། །དེ་ཉིད་རྣལ་འབྱོར་པ་རུ་འགྲུབ། །དེ་རྣམས་དབང་པོའི་གཞུ་ལྟ་བུར། །
རྣལ་འབྱོར་འཛིན་པས་བལྟ་བར་བྱ། །ས་བཅུ་ཡི་ནི་ནང་རྣམས་ལ། །གནས་ཀྱང་དེར་ནི་མི་མཐོང་ངོ་། །ཚོགས་ཀྱི་གྲངས་ནི་ཐོབ་པ་ཉིད། །གཞན་དུ་ཡི་ནི་གཡོ་བ་མིན། །དེ་ལྟར་རང་བཞིན་ཐམས་ཅད་ནི། །མཐོང་བ་ཡིད་ཀྱི་མཚན་ཉིད་དོ། །དེ་ནི་རྣམ་པར་བཅོམ་པའི་ཕྱིར། །
སངས་རྒྱས་ས་ནི་དྲི་མེད་འོད། །དེ་བཞིན་དུ་ཞི་བ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མོའི་ནི་ཞི་བའི་ལྷ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་། དེ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་སྐྱེའོ། །དེ་ལྟར་དེ་བཞིན་གཤེགས་པ་དང་
བྱང་ཆུབ་སེམས་དཔའ་བཅུ་པོ་རྣམས་སྔོན་དུ་གསུངས་པའི་གནས་སུ་སྲོག་རྒྱུ་བའི་དུས་ཀྱི་ཁྱད་པར་ལས་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱི་ལས་ནི་སྔོན་བཞིན་དུ་བྱའོ། །དང་གིས་ནི་སླར་ཡང་ཁྲོ་བོ་རྣམས་འབྱུང་བའི་དུས་སུ་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་དཀྱིལ་འཁོར་སོ་སོ་ལས་དང་ཆུ་དང་
མེ་དང་རླུང་གི་དཀྱིལ་འཁོར་གྱི་རང་བཞིན་གྱིས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྡོ་རྗེ་མ་ནམ་མཁའི་དཀྱིལ་འཁོར་ལའོ། །དེ་རྣམས་སྐྱེ་བའི་གནས་ནི་སྔོན་དུ་གསུངས་སོ། །འོན་ཀྱང་གནས་རེ་རེ་ལ་ཡང་སྤུའི་ཚད་ཙམ་གྱི་རྩ་ལྔ་ལྔར་འགྱུར་རོ། །དེ་བཞིན་དུ་མཚན་མོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣལ་
འབྱོར་མ་ལྔ་དཀྱིལ་འཁོར་ལྔ་ལ་རྒྱུའོ། །དེ་བཞིན་གཤེགས་པ་དང་རྣལ་འབྱོར་མ་བཅུ་པོ་འདི་རྣམས་ཀྱི་རྒྱུ་དང་འབྲས་བུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་དང་འབྲེལ་པ་གསུངས་པ། རྣམ་སྣང་མཛད་དང་རིན་ཆེན་གཙོ། །འོད་དཔག་མེད་དང་དོན་ཡོད་གྲུབ། །ས་སྙིང་ཕྱག་ན་རྡོ་རྗེ་དང་། །

མཁའ་སྙིང་འཇིག་རྟེན་དབང་ཕྱུག་དང་། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། །དེ་བཞིན་ཀུན་ཏུ་བཟང་པོའོ། །འདི་ཉིད་གཅིག་མ་ཚང་བའི་ཡིད། །ལྔ་བཅུ་ཐམ་པ་དག་གིས་བཤད། །དེ་རྣམས་ཀྱི་ནི་གཏན་དབབ་བརྗོད། །རྒྱུ་ཡི་ཕྱིར་ནི་གནས་ལ་སྤྱོད། །གཅིག་
མ་ཚང་བའི་ལྔ་བཅུ་ཡི། །རེ་མིག་རྣམས་ལ་རིམ་པ་བཞིན། །ཡི་གེ་རེ་རེའི་རང་བཞིན་ཡང་། །ཙ་ཡི་དེ་ཁོ་ནས་ཕྱེ་ཉིད། །དང་པོ་བདུན་གྲངས་དེ་བཞིན་བདུན། །བདུན་ལྔ་ཡི་ནི་རེའུ་མིག་ལ། །བཻ། །དྲི་མ་མེད་པའི་སྤྱི་བོར་གསུངས། །རོ། །གི་ཝང་འཆང་བ་རུ་ནི་འདོད། །ཙ། རྐང་
པའི་འོག་ཉིད་དུ་ནི་གཙོ། །ནམ། ཆུ་བ་རྣམས་ནི་ཡང་དག་གཡོ། །ཙ། ཐུགས་ཀྱི་འཁོར་ལོར་གང་ཕྲ་མོ། །ར། རོ་ཡི་ཁམས་དང་ཡང་དག་ལྡན། །ཏེ། དེ་རྣམས་ཉེ་བར་འབར་བྱེད་པ། ན། སྒྲ་ཙམ་ལ་ནི་ཉེས་ཐིམ་ཕྱིར། །ཥ། ཕུང་པོ་དྲུག་ལ་གང་ཕྲ་མོ། །མ། བདུད་རྩི་འབབ་པ་ཡིས་
ནི་རྩ། །མི། དབང་པོ་རྣམས་ལ་གང་ཕྲ་མོ། །ཏཱ། སྐར་མ་ལྟ་བུར་དྲི་མ་མེད། །བྷ། ལྟེ་བའི་རྩ་རྣམས་སུ་ནི་འབར། །མོ། །ཁམས་རྣམས་བསྐྱེད་པར་འགྱུར་བ་ཡིན། །གྷ། དྲིལ་བུའི་སྒྲ་ནི་རྩ་ནི་གང་། །སི། རང་འབྱུང་ག་བུར་འབབ་ཅེས་པ། །དྷི། ཉིས་བརྩེགས་སྙིང་དང་ལྟེ་དབུས་སུ། །ཀྵི། འོ་མའི་
རྒྱུན་ནི་འབེབས་བྱེད་པ། །ཏེ། སུམ་ཁྲེལ་གྱི་ནི་དབུས་ཀྱི་རྩེ། །ག། འགྲོ་བ་ཡིས་ནི་ཡིད་ནི་འཛིན། །རྦཱ། སྨིན་མའི་དབུས་སུ་འབབ་པ་གང་། །བ། རྩ་བ་དག་གི་རྩ་བར་འབབ། །ཛྲ། སུམ་གྲིལ་གྱི་ནི་དབུས་སུ་རོལ། །པཱ། སྡོང་བུ་ཡི་ནི་རྩ་བར་མེ། །ཎི། ཆུ་དང་ཀོ་སྐོ་དག་ཏུ་འབྱར། །ཁ། བྱ་བཞིན་
དུ་ནི་པུས་མོ་གཉིས། །ག། འགྲོ་བ་ཡི་ནི་བླ་ལམ་དུ། །བྷ། བྷ་གའི་དབུས་ཀྱི་རྩ་ནི་གང་། །ལོ། །བ་སྤུ་མཚམས་རྣམས་སུ་ནི་གཡོ། །ཀེ། སྐྲ་ཞེས་པ་ནི་གཙུག་ཏོར་དུ། །ཤྭ། དབུགས་ནི་ཐམས་ཅད་དུ་འགྲོ་བ། །ར། རྡུལ་འབབ་པ་ཡི་རྩ་ནི་གང་། །ཤྩ། སྟན་ལས་དང་པོ་ལངས་པ་ཉིད། །ས། ཚིགས་ཀུན་
དུ་ནི་རབ་འབབ་པ། །རྦ། བཤང་གཅི་འབེབས་པར་བྱེད་པའོ། །ཎི། བར་གྱི་དབུས་སུ་སྤྲུལ་པའོ། །བ། གང་དུ་ཚིགས་ནི་འབྱུང་བ་ཉིད། །ར། དགའ་ལ་སོགས་པ་ཡི་ནི་རྩ། །ན། ཆུ་ཡི་མཚམས་སུ་སོང་བར་ངེས། །བི། སྣ་ཚོགས་མདུད་པ་རབ་འཕྱད་པ། །སྐ། ཕྲག་པ་ལ་སོགས་རུས་པའི་འཕྲེང་། །བྷི། སེམས་ཀྱིས་ས་

བོན་ཡིད་ནི་འཕྲོག། །ད། དེ་ཡི་ཡང་ནི་གཞན་ནི་གང་། །ཐཱ། ནུ་མ་ཡི་ནི་རྡོག་མར་གཞག། །ས། མཚམས་ནི་སྔོན་འགྲོ་རྐེང་རུས་ཏེ། །མ། དེ་ཡི་དབུས་སུ་གཞན་མཚམས་ཉིད། །ཏ། སྣལ་མའི་གྲངས་མེད་ཕྲ་བ་ཉིད། །བྷ། ཚངས་པའི་གནས་སུ་དེ་ལས་གཞན། །ཏྲ། དབུ་མ་ལས་ནི་ཐམས་ཅད་འབབ། །ཀ་ཅི་དང་ཅི་འབབ་རྩ་ནི་གང་། །
དེ་ལ་བདེ་བ་བརྟེན་པའོ། །དེ་ལྟར་རེ་མིག་མཆོག་ནི་གསུངས། །བདུན་ཕྲག་བདུན་ཞེས་བྱ་བ་ཡི། །ལུས་ལས་རྟག་ཏུ་རྣམ་ཤེས་རྒྱུ། །རེ་མིག་བཞི་བཅུ་རྩ་དགུ་ལ། །ཡི་གེ་རེ་རེའི་དབུས་སུ་བསྒོམ། །ལྷ་མོ་བཟང་མོའི་གཟུགས་ཅན་ལ། །སྤྱན་མའི་བཀོད་པ་ཐ་དག་ནི། །ནམ་མཁའ་གང་བས་ཞི་བ་ཡི། །ལས་
ནི་དྲི་མ་མེད་པར་བྱ། །དེ་བཞིན་མཱ་མ་ཀཱི་སོགས་དང་། །དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས། །དེ་བཞིན་སངས་རྒྱས་གར་མཁན་ནི། །མ་ལུས་བསམ་མི་ཁྱབ་པར་བསམ། །སེམས་ཅན་གྲངས་ནི་བསམ་མེད་ཕྱིར། །དེ་བཞིན་དུ་ཡང་ལས་ནི་བྱ། །དེས་ན་དེར་ནི་ཐིམ་པར་འགྱུར། །རང་གི་རེ་མིག་འབྱུང་
གཉིས་མེད། །སྤྱན་མ་ལྷ་ཡི་མིག་ཏུ་འགྱུར། །མཱ་མ་ཀཱི་ནི་ཤེས་རབ་མིག །གོས་དཀར་ཡེ་ཤེས་མིག་ཏུ་གསུངས། །སྒྲོལ་མ་སངས་རྒྱས་སྤྱན་དེ་བཞིན། །ཤ་ཡི་མིག་ཏུ་བྱས་པའི་བདག །གཟུགས་ཀྱི་རྡོ་རྗེ་ལྷ་མོའོ། །ལྷ་ཡི་སྒྲ་སོགས་དེ་བཞིན་གཞན། །སྒྲ་སོགས་པ་ཡི་ལྷ་མོ་འདོད། །དེ་
ལྟར་ཡོན་ཏན་ཁྱད་པར་གྱིས། །རྣལ་འབྱོར་པ་ཡི་སེམས་ཉིད་མེད། །རེ་མིག་རྣམས་ལ་དེ་བཞིན་གཞན། །ལྷ་མོའི་རིགས་ནི་གྲངས་མེད་པའོ། །སྒྱུ་མའི་དེ་ཉིད་འདིར་གསལ་བར། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །སློབ་དཔོན་ལ་ནི་བསྙེན་བཀུར་བས། །རྒྱས་པ་དེ་ནི་ཤེས་
པར་བྱ། །རེ་མིག་མཐར་ནི་བྱུང་བ་དང་། །ཡི་གེ་རྣམ་པར་རྟོག་བསྒོམ་པ། །དེ་ནི་མེད་ཅིང་འདི་ནི་མེད། །རྐྱེན་གྱི་དོན་ནི་འབའ་ཞིག་གོ། །འོན་ཀྱང་ཐམས་ཅད་མཁྱེན་བགྲོད་པ། །མེད་པར་དེ་ནི་དམིགས་མི་འགྱུར། །དེ་ལྟར་ཡང་གསུངས་པ་བདག་གི་ཅི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །བཅོམ་ལྡན་
འདས་ཀྱི་རྒྱུད་ཐམས་ཅད་དུ། དཀྱིལ་འཁོར་གྱི་འཁོར་ལོའི་བསྒོམ་པ་ལ་སོགས་སྔོན་དུ་འགྲོ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་མ་ཡིན་ནམ། དེ་འདིར་ཇི་ལྟར་སངས་རྒྱས་གར་མཁན་གྱི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ་དེ་ཉིད་བསྟན་པའི་ཕྱིར། །ལྷའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཐམས་

ཅད་སེམས་ཀྱི་རྣམ་འཕྲུལ་ལོ་ཞེས་པ་ནི་སྒོམ་པ་ལ་སོགས་འདི་དག་ཐམས་ཅད་ཉེས་སེམས་ཀྱི་རྣམ་པར་རྟོག་པ་ཙམ་དུ་རབ་ཏུ་འགྲུབ་པོ། །སེམས་གཅིག་པུ་ཉིད་སྣ་ཚོགས་པ་རྣམ་པའི་སྒོམ་པ་ལ་དམིགས་པ་ལྷའི་གཟུགས་སྣང་བ་ཙམ་མོ། །དེས་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམས་སུ་གསུངས་པ་
དེ་དག་ནི་སེམས་ཀྱི་རྣམ་འཕྲུལ་རྣམས་སོ། །དེ་ཡང་གསུངས་པ། སྒོམ་པ་སེམས་དང་སེམས་འབྱུང་བ། །འཁྲུལ་བས་སྒྲུབ་པ་པོ་ནི་རྨོངས། །སྒོམ་པ་ཉིད་ཀྱིས་རྟག་ཏུ་གྲོལ། །གང་ཕྱིར་རྟོག་པ་རྣམས་འཆིང་བྱེད། །རྟོག་པ་བདེན་པར་འགྱུར་མ་ཡིན། །སེམས་དང་སེམས་ལས་བྱུང་བ་གཞན། །སེམས་ཀྱང་དེར་ནི་ཡོད་མིན་ན། །
སེམས་ལས་བྱུང་བ་སྨོས་ཅི་དགོས། །སེམས་ཀྱི་ཐོག་མེད་བག་ཆགས་ཀྱི། །རྟོག་པ་ལས་ནི་ལུས་བྱུང་སྟེ། །ལུས་ལ་སེམས་ནི་གནས་པ་ཡིན། །འདི་དག་སྒྱུ་མ་རུ་ནི་གསུངས། །དེ་བཞིན་བསྒོམ་པ་ལ་སོགས་ནི། །དེ་ལྟ་བུར་ནི་ཡོངས་སུ་བརྟག །སངས་རྒྱས་སྐུ་རུ་སྐྱེ་བར་འགྱུར། །དེ་ཕྱིར་སངས་རྒྱས་འདི་སྒྱུ་མ། །སྔོན་གྱི་
བག་ཆགས་ལས་ཉིད་ཀྱིས། །སེམས་ཅན་རྣམས་ནི་དེ་དེ་བཞིན། །གཞན་ལས་སངས་རྒྱས་འབྱུང་བ་མིན། །སེམས་ཅན་ཉིད་ཀྱང་སེམས་ཅན་མིན། །རྣམ་པར་རྟོག་པས་རྣམ་རྟོག་འབྱུང་། །དེ་བཞིན་སངས་རྒྱས་ཉིད་ཤེས་བྱ། །སངས་རྒྱས་མིན་བདེན་བ་རུ་འདོད། །འོན་ཀྱང་སེམས་ཅན་དེ་སྒྱུ་མ། །ཇི་སྲིད་ཁམས་གསུམ་
གནས་ཀྱི་བར། །དེ་སྲིད་སངས་རྒྱས་སྒྱུ་མ་ཡང་། །སྙིང་རྗེའི་རྐྱེན་གྱིས་བཞུགས་པ་ཡིན། །དེ་ཀུན་དེ་ཉིད་ཉམས་དགའ་གནས། །བཅུ་དྲུག་པ་ཡི་ཆར་མི་ཕོད། །སེམས་དང་སེམས་བྱུང་སངས་རྒྱས་ཀྱིས། །དངོས་པོ་རུ་ནི་གདོད་ནས་བསྟན། །དེ་ལྟར་གཉི་ག་མི་བདེན་པར། །དེ་ཕྱིར་བསམ་མི་ཁྱབ་སངས་རྒྱས། །གར་མཁན་
གྱི་ནི་སྒྱུ་མ་ཉིད། །ཅེས་པ་ནི་སེམས་སྒོམ་པ་ལ་སོགས་པའི་ངེས་པའོ། །དེ་བཞིན་དུ་སེམས་ཅན་རྣམས་གཞུག་པའི་དོན་དུའོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གིས་ཞེས་པ་ནི་ཤཱཀྱ་ཐུབ་པ་བདག་གིས་སོ། །རྒྱུད་དུ་ཞེས་པ་ནི་ཁ་སྦྱོར་འདི་ལ་སོགས་པ་རྣམས་སོ། །སེམས་ཅན་ཞེས་པ་ནི་དེ་རྣམས་
ལ་ཕན་གདགས་པའི་དོན་དུའོ། །གང་གི་ཕྱིར་སྔོན་ནས་རིགས་གཅིག་པའི་དངོས་པོ་འོད་གསལ་བའི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའ་ཞེས་པ་དེ་ཉིད་རྟོག་པའི་དབང་གིས་རིགས་མཐའ་ཡས་ཏེ། སེམས་ཅན་གྲངས་མེད་པའི་ཕྱིར་རོ། །དེས་ན་མདོར་བསྡུས་ན། རིགས་ནི་རྣམ་པ་ལྔ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །

བཤད་ཅེས་པ་ནི་སྔོན་དུ་གསུངས་པའི་རིགས་པས་རིགས་གཅིག་གོ། །སྟོང་པའི་རྡོ་རྗེ་ཅན་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་བསམ་དུ་མེད་གཉིས་མེད་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པའི་ཕྱིར་ཞེས་དགོངས་སོ། །ད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་སོགས་པའི་སྒོམ་པ་
སྐྱེད་པ་དང་རྫོགས་པའི་རིམ་པ་སྒྲུབ་ཐབས་སྣ་ཚོགས་པའི་མན་ངག་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་ཞེས་པ་ནི་ཅི་གསོལ་ཞེ་ན། འདི་ཞུས་པའོ། །བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་ཞུས་པའོ། །དགྱེས་པ་
ཆེན་པོ་ཞེས་པ་ནི་ཟབ་མོ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཡང་ཇི་ལྟར་ལོངས་སྤྱོད་རྫོགས་པ་དང་། ལྷན་ཅིག་སྐྱེས་པའི་སྐུ་དག་རོ་གཅིག་པར་འགྱུར་བས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་འབྲས་བུའི་རང་བཞིན་ནོ། །དེས་ན་ཟབ་མོར་གསུངས་སོ། །དེ་ལྟར་འཇིག་རྟེན་ལས་འདས་
པའི་ཀུན་རྫོབ་ཀྱི་ཕྱོགས་ལ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་སུ་འགྲུབ་བོ། །དོན་དམ་པར་ནི་རྒྱུ་དང་འབྲས་བུ་དག་འགོག་པ་ཡོད་དེ་མི་བདེན་པའི་ཕྱིར་རོ། །དེ་བཞིན་དུ་གཙོ་བོ་ཞེས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ལྟར་གཙོ་བོ་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ལ་འདི་ཞུས་པ་སྟེ། གང་
གིས་ཞེས་པ་ནས་ཆོ་ག་ཞེས་པའི་མཐར་ཐུག་པའོ། །འདིས་ནི་དེ་ལྟ་བུའི་སྒྲུབ་པ་པོའི་སེམས་ཅན་འགྲུབ་པའོ། །གང་གིས་ཞེས་པ་ནི་དངོས་པོའི་རྣམ་པས་སོ། །དེ་བཤད་དུ་གསོལ་ཞེས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ལན་གྱི་
ཚིག་གོ། །དེ་བཞིན་དུ་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་མཐུན་པའི་ཆོས་ཀྱི་རྗེས་སུ་འབྲངས་པ་རྣམས་ཀྱིས་བསྒོམ་པ་འདི་བྱའོ། །གང་གི་ཕྱིར་ཐོག་མ་མེད་པ་ནས་འཇིག་རྟེན་གྱི་ཆོས་བུམ་པ་དང་རས་དང་ཤིང་རྟ་སོགས་པ་རྣམས་ལ་སེམས་འཇུག་གོ། །དེས་ན་
དེ་དག་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་གྱིས་འཇུག་པ་འདིའི་ཚེ་བསྐལ་པ་བཟང་པོ་འདི་ལ་རྣམ་པར་གཟིགས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་སྟོན་པ་མཛད་ཅིང་ཤཱཀྱ་ཐུབ་པས་ཀྱང་ཟབ་མོའི་ཆོས་བསྟན་ཏོ། །དེའི་ཕྱིར་ཡང་ཟབ་མོའི་ཆོས་སྟོན་ཏོ། །དེ་བཞིན་དུ་ཡང་

དང་པོ་ཞེས་པ་ནི་རྫོགས་ལྡན་གྱི་དུས་སུའོ། །བྱམས་པ་བསྒོམ་པར་བྱ་ཞེས་པ་ནི་དེ་ལ་འཇུག་པའོ། །དེར་གཉིས་པར་ཞེས་པ་ནི་གསུམ་ལྡན་ལ་སྙིང་རྗེའོ། །གསུམ་པ་ཞེས་པ་ནི་གཉིས་ལྡན་ལ་དགའ་བའོ། །ཀུན་གྱི་མཐར་ནི་ཞེས་པ་ནི་དུས་གསུམ་གྱི་མཐར་
རྩོད་པའི་དུས་སུ་བཏང་སྙོམས་བསྒོམ་པ་ནི་དེ་ལ་འཇུག་པའོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྒོམ་པའི་དུས་སུ་བྱ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དང་པོ་སྒོམ་པའི་དུས་སེམས་ཀྱི་མཐའ་དག་རྫོགས་པར་བྱས་ཏེ། ལངས་པའི་གནས་སྐབས་སུ་རང་གི་དོན་དང་གཞན་གྱི་དོན་
ལ་བརྩོན་པ་དེས་ནི་འབྲས་བུ་ཡང་དག་པར་རྫོགས་པ་ཐོབ་སྟེ། སེམས་དང་སེམས་ལས་བྱུང་བའི་དངོས་པོའི་ཕྱིར་རོ། །དེ་ཡང་བྱམས་པ་ནི་ཤིན་ཏུ་བརྩེ་བའི་བདག་ཉིད་དེ། དེའི་ཚེ་དང་པོའི་སངས་རྒྱས་བྱམས་པའི་བདག་ཉིད་ཀྱི་རང་བཞིན་སྐྱེའོ། །དེས་ན་རྫོགས་ལྡན་གྱི་དུས་ཀྱི་སེམས་ཅན་
རྣམས་ཕན་ཚུན་བྱམས་པའི་རང་བཞིན་དུ་འགྱུར་རོ། །དེས་ན་འབྲས་ཀྱི་འབྲུ་ལ་སོགས་པ་ཡང་དག་པར་རྫོགས་པར་འགྱུར་རོ། །དེའི་ཕྱིར་རང་བཞིན་གྱིས་བྱམས་པ་གྲུབ་སྟེ། དཔེར་ན་སྐྱེས་བུ་འགའ་ཞིག་ལྟ་བ་དྲུག་པ་དང་བྲལ་བ་རྨོངས་ཏེ་ཡོན་ཏན་མེད་ཀྱང་དེའི་ཚེ་སེམས་ཅན་རྣམས་ལ་ཕན་
པ་བྱེད་དེ་རང་བཞིན་གྱིས་བརྩེ་བའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་བྱམས་པའི་རང་བཞིན་གྱི་གྲུབ་པ་དེས་ན་དང་པོར་བྱམས་པ་བསྟན་ཏེ། རྩོད་པའི་དུས་སུ་ཡང་སྒྲ་ཙམ་གྱིས་མངོན་དུ་བྱེད་དེ་རྫོགས་ལྡན་གྱི་དུས་སུ་ནི་སྒྲ་ཙམ་མ་
ཡིན་ནོ། །དེ་བཞིན་དུ་གསུམ་ལྡན་གྱི་དུས་སུ་ཆོས་ཀྱི་ཆ་གཅིག་དང་བྲལ་ཏེ། སེམས་ཅན་རྣམས་དྲག་པོའི་བློ་དང་ལྡན་པས་དེའི་ཚེ་རང་བཞིན་གྱིས་སྙིང་རྗེའི་རང་བཞིན་གྲུབ་སྟེ་སྔོན་ལ་ལྟོས་པས་སངས་རྒྱས་རྣམས་བསྒོམ་པའི་དུས་སུ་ཡང་བགེགས་བསྐྲད་པའི་ཕྱིར་ཁྲོ་བོའི་ཏིང་ངེ་འཛིན་ལ་
དམིགས་པ་ནི་རྨི་ལམ་གྱི་གནས་སྐབས་ཉིད་དུ་འགྱུར་རོ། །དེའི་ཚེ་སྙིང་རྗེའི་རང་བཞིན་དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྩོད་པའི་དུས་སུ་གསུང་གི་ཡི་གེ་བསྟན་པས་སེམས་ཅན་རྣམས་སྙིང་རྗེ་ལ་དམིགས་སོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་གཉིས་ལྡན་གྱི་དུས་

སུ་ཆོས་ཀྱི་ཆ་གཉིས་མེད་དེ། དེ་བཞིན་དུ་སངས་རྒྱས་རྣམས་ཀྱིས་སྔོན་དུ་བསྒོམ་པའི་དུས་སུ་བདག་དང་གཞན་གྱི་གནས་སུ་བསྲུང་བའི་འཁོར་ལོ་སོགས་པ་བསམ་པས་ཅུང་ཟད་སེམས་རྩེ་གཅིག་པས་སྔོན་གྱི་དངོས་པོ་དང་བྲལ་ཏེ། དེས་ན་རབ་ཏུ་དགའ་བའི་ཡིད་ཀྱིས་ཤིན་ཏུ་ཉལ་བའི་
གནས་སྐབས་སུ་འགྱུར་རོ། །དེས་ན་གཉིས་ལྡན་གྱི་དུས་སུ་སེམས་ཅན་རྣམས་དགའ་བའི་ཡིད་ཀྱིས་རང་བཞིན་གྱིས་རབ་ཏུ་དགའ་བ་གྲུབ་པོ། །དེ་བཞིན་དུ་རྩོད་པའི་དུས་སུ་བསྒོམ་པའི་དུས་སུ་ཡང་བཅོམ་ལྡན་འདས་ཀྱིས་གསུང་ཙམ་གྱིས་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྩོད་པའི་
དུས་སུ་ཆོས་ཀྱི་ཆ་གསུམ་མེད་དེ། སྔོན་དུ་སངས་རྒྱས་རྣམས་ཀྱི་བསྒོམ་པའི་དུས་སུ་རང་བཞིན་གྱིས་དག་པའི་ཕྱིར་ཨོཾ་སྭ་བྷཱ་ཝ་ཤུདྡྷཿཞེས་པའི་ཚིགས་བཅད་བརྗོད་པས་སེམས་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་ལོ། །དེས་ན་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་བློ་ཆུང་བ་འཁོར་བ་དང་མྱ་
ངན་ལས་འདས་པའི་བློ་དང་བྲལ་བ་སྟེ། ཇི་ལྟར་བསྒོམ་པའི་དུས་སུ་ཡིད་བརྟན་པ་དེ་ལྟར་དངོས་པོ་རྣམས་ལ་ཡིད་བརྟན་པའི་དངོས་པོ་རྣམས་ཉུང་ཞིང་འབྲས་ཀྱི་འབྲུ་ལ་སོགས་པ་ཉུང་བའོ། །དེས་ན་བཏང་སྙོམས་ཀྱི་རང་བཞིན་ནོ། །དེ་ཡང་སེམས་ཅན་རྣམས་ཕན་ཚུན་རྒྱུ་དང་འབྲས་བུ་
རྣམས་ལ་བཏང་སྙོམས་སུ་མི་བྱེད་དེ། དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ལ་མི་འཇུག་པར་བྱ་བའི་ཕྱིར་བཏང་སྙོམས་བསྟན་ཏོ། །དེ་བཞིན་དུ་རྫོགས་ལྡན་ལ་སོགས་པ་རྣམས་ཀྱི་ཚེ་རྣམས་ཀྱང་འཕེལ་བ་དང་འབྲི་བའོ། །དེ་ལྟར་ཚངས་པའི་
གནས་རྣམས་བསྒོམ་པའི་ཕྱིར་རོ། །དུས་འདིར་ཡང་གསལ་བ་ཉིད་དུ་བྱའོ། །སླར་ཡང་དེ་ལྟར་དུས་སོ་སོ་རེ་རེ་ལ་རྣམ་པར་བཞག་པ་དེ་བཞིན་དུ་བསྒོམ་པའི་དུས་སུ་ཡང་རྟག་ཏུ་ཉི་མ་རེ་རེ་བྱའོ། །དེ་ལྟར་ཡང་གསུངས་པ་སྔོན་དུ་སངས་རྒྱས་ལ་བསྐྲུན་པས། སེམས་ནི་ཉན་ཐོས་རྣམ་པའོ། །
རྫོགས་ལྡན་བྱམས་པའི་རང་བཞིན་ཏེ། ཕན་ཚུན་སེམས་ཅན་རྣམས་ནི་འཇུག །གསུམ་ལྡན་སྙིང་རྗེའི་རང་བཞིན་གྱིས། །ཁྲོ་ལ་བརྟན་པའི་ཆ་ནི་བྲི། །སེམས་ཅན་བགེགས་ལ་གསོད་པར་བྱེད། །དེས་ན་རང་སངས་རྒྱས་སུ་འགྱུར། །གཉིས་ལྡན་གནས་སོགས་བསྲུང་བ་སྟེ། །སེམས་

ནི་རྩེ་གཅིག་བསྒོམ་པ་ཡིས། །སེམས་ཅན་དེ་རྣམས་ཆ་ནི་བྲི། །རབ་ཏུ་དགའ་བ་བསྒོམ་པས་ནི། །ཐེག་པ་ཆེན་པོ་དེ་སངས་རྒྱས། །བཏང་སྙོམས་ཀུན་གྱི་མཐའ་མར་ཡང་། །ཆ་གསུམ་བྲི་བ་དེས་སངས་རྒྱས། །དག་པ་ཆོས་ཀྱི་བསྒོམ་པ་ནི། །སྔགས་ཀྱི་ཐེག་
ཆེན་དེ་སྒྲུབ་ཅིང་། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་ལ། །དེ་ལྟར་ཐམས་ཅད་བྱ་བ་ཉིད། །རྩོད་དུས་ལྷ་ཡི་སྒྲུབ་ཐབས་སོ། །མ་ཡིས་ཐམས་ཅད་འཇོམས་པ་སྟེ། གཏི་མུག་ལ་སོགས་སྡིག་འབྱུང་བ། །སེམས་ཅན་ཐམས་ཅད་དབང་བྱས་ཏེ། །འཚོ་བའི་ཚེ་ནི་བསླུ་བར་བྱ། །ཨེ་
ནི་དབང་པོ་ཐམས་ཅད་དེ། །ཤིན་ཏུ་ཚིམ་པ་ཡིས་ནི་གཞོམ། །ཉན་ཐོས་སྤྱོད་པ་བསྐྱང་བའི་ཕྱིར། །དབང་ཕྱུག་ཉིད་ནི་རྟག་ཏུ་འབྱུང་། །ཐམས་ཅད་སྐྲག་པར་མི་བྱེད་དེ། །སྲོག་ཆགས་རྣམས་ཀྱི་དངོས་པོ་རྣམས། །བསྐྱང་བ་དང་ནི་ཐར་པར་འགྱུར། །དེ་ལྟར་དྲི་བའི་མཚན་ཉིད་དོ། །ཨཱི།
འདི་དག་བུ་ནི་རྟག་ཏུ་བྱ། །སངས་རྒྱས་འདི་འདྲ་རྒྱུ་ནི་ཉིད། །སྡུག་བསྔལ་ལ་སོགས་དེ་བཞིན་དུ། །བདེན་པ་བཞི་ཡི་མཚན་ཉིད་རྣམས། །ཀ་ནི་ལས་རྣམས་བྱེད་པ་ཉིད། །གོང་དུ་འཛིན་པ་སྐྱེ་བ་ཡི། །རྒྱུ་དང་འབྲས་བུ་ཞེན་པའི་ཕྱིར། །གྲངས་ལས་འདས་པ་སེམས་ནི་ཉིད། །རུ། དེར་ནི་
གཉིས་ཀ་ཡོད་མིན་ཏེ། །རྣལ་འབྱོར་ཞི་བའི་དོན་འབའ་ཞིག །སེམས་དང་བྲལ་ཡང་རུ་བྱེད་དེ། །འདོད་ཆགས་འབའ་ཞིག་གིས་ནི་བཙོས། །ཎཱ། བྱ་བ་རྣམ་པ་གཉིས་ནི་འཇོམས། །ཉན་ཐོས་རང་སངས་རྒྱས་དེ་བཞིན། །སེམས་ཅན་རྣམས་ལ་ཕན་བྱེད་པ། །ཐེག་པ་ཆེན་པོ་འཇོམས་པར་བྱེད། །
མུ་ནི་སྡུད་པ་ཉིད་ཡིན་ཏེ། །དགའ་བའི་བདེ་བ་ཡི་ནི་རྒྱུད། །དེ་ཉིད་དུ་ནི་གྲོལ་བྱེད་པ། །རྣམ་པར་འདྲེས་རྟོགས་ཕ་རོལ་འགྲོ། །དེ་ཉིད་ཕྱེད་ཆས་སད་བྱས་པས། །ཡེ་ཤེས་བདུད་རྩི་འདུས་པའི་ཕྱིར། །སེམས་དང་སེམས་ལས་བྱུང་བ་སྤངས། །འདི་ཡི་ཤིང་རྟ་ལ་ནི་ཞོན། །ཏཱ། ཇི་སྲིད་མཁའ་ཡི་མཐའ་
ཀླས་པ། །དེ་སྲིད་སངས་རྒྱས་ཉིད་བྱེད་པའོ། །གཞན་གྱི་བྱ་བ་རྣམས་བྱེད་པ། །སྲིད་པའི་རྒྱ་མཚོ་ལས་ནི་གྲོལ། །ཨུ། གློ་བུར་བ་ནི་འབྱུང་བ་ཀུན། །ལུས་ཀྱི་རྒྱུ་བ་སྤངས་པ་ནི། །དེས་ནི་དེ་ཡི་རང་བཞིན་འགྲོ། །རྣལ་འབྱོར་པ་ནི་སངས་རྒྱས་རྩེ། །བེ། དེ་ཉིད་བདུད་རྩི་ལྟ་བུ་ཉིད། །བདུད་རྩི་མྱ་

ངན་འདས་པ་ཉིད། །བླ་མའི་བཀའ་ཡང་བདུད་རྩི་སྟེ། །ཚེ་ཟད་པ་ཡང་འཚོ་བའོ། །ཀྵ་ནི་དངོས་པོ་ཟད་པ་སྟེ། །སེམས་ཀྱི་རྣམས་རྨོངས་ཐམས་ཅད་ཉིད། །སེམས་ནི་ཟད་པའི་རྒྱུ་ཡིས་ན། །དེ་ཉིད་རྣམ་པར་རྟོག་པའང་ཟད། །ད་ནི་འདྲ་བའི་ཆོས་ཉིད་ཀྱི་ཕྱིར། སྒོམ་པ་པོའི་སྟོང་པ་ཉིད་
ཀྱི་བྱང་ཆུབ་ཀྱི་མཚན་ཉིད་བརྗོད་དེ། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། །སླར་ཡང་ཞེས་པ་ནི་འདིར་སངས་རྒྱས་རྣམས་བསྒོམ་པའི་དུས་སུ་ཨོཾ་སུ་བི་ཤུདྡྷཿཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱི་རྗེས་ཐོགས་སུ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་དེ། འདིར་
ཁམས་གསུམ་པ་མཐའ་དག་སྟོང་པར་དམིགས་སོ། །དེས་ན་བྱང་ཆུབ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དེ། དེ་དེ་བཞིན་དུ་རྩོད་པའི་དུས་ཀྱི་མཐར་ཐམས་ཅད་སྟོང་པར་འགྱུར་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་དངོས་པོ་ཉིད་དོ། །དེའི་ཕྱིར་དེས་རང་བཞིན་སྟོང་པ་ཉིད་དུ་འགྲུབ་པོ། །དུས་དེར་
སེམས་ཅན་དབྱིབས་ཆུང་ངུའི་བདག་ཉིད་ཅན་རྣམས་ཕན་ཚུན་སྟོང་པའི་སེམས་སུ་འགྱུར་ཏེ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །དེ་བཞིན་དུ་གཉིས་པ་ལ་ནི་སྟོང་པ་ཉིད་ཀྱིས་སྒོམ་པ་ལགས་སོ། །ས་བོན་བསྡུ་ཞེས་པ་ནི་བྱང་ཆུབ་ཀྱི་ཚོགས་ཀྱི་རྒྱུས་སེམས་ཙམ་ལ་ལྷག་པར་གནས་
པའོ། །སེམས་ཅན་རྣམས་ལ་ཡང་རང་བཞིན་གྱིས་སེམས་ལ་སོ་སོར་རྟོགས་པར་འགྱུར་ཏེ། དང་པོའི་ཏིང་ངེ་འཛིན་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་གསུམ་པ་ལ་ནི་ཞེས་པ་ནི་བསྒོམ་པའི་སེམས་ཙམ་ལས་སོ། །གཟུགས་སོགས་ཞེས་པ་ནི་གཞལ་ཡས་ཁང་ལ་
གཟུགས་ལ་སོགས་པ་མཐའ་དག་སེམས་ཀྱིས་མངོན་དུ་བྱེད་ཅིང་རྫོགས་པའི་རྒྱུར་ཞེས་པ་སྟེ་ངེས་པའོ། །སེམས་ཅན་རྣམས་ལ་ཡང་རྨི་ལམ་བཞིན་རྒྱུ་དང་འབྲས་བུ་རྣམས་ལ་སེམས་བསྐྱེད་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཡང་བཞི་པ་ལ་ནི་ཞེས་པ་ནི་དེ་ལྟར་
སེམས་བསྐྱེད་ཅིང་བསྒོམས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་ལ་ཡིད་ཆེས་པས་རང་གིས་ལུས་ཀྱི་དབྱིབས་ནམ་མཁའ་བཞིན་དུ་བལྟ་སྟེ་ཡི་གེ་དགོད་པའི་གཟུགས་དམིགས་པས་གསལ་བར་འགྱུར་ཏེ་འདི་ནི་ངག་གི་མིང་ཞེས་དགོངས་སོ། །སེམས་ཅན་རྣམས་ལ་ཡང་ལུས་ཀྱི་

དངོས་པོ་ལས་ངག་གསལ་བ་ཉིད་དུ་འགྱུར་ཏེ། སྔོན་ལ་ལྟོས་པའི་རང་གི་འདུ་ཤེས་ཀྱིས་འཛིན་པའི་ཕྱིར་རོ། །དེའི་ཕྱིར་མདུན་དུ་ར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལྟར་དེའི་དུས་སུ་རྣལ་འབྱོར་པ་དེ་རྣམས་ཀྱི་སེམས་ཉིད་རྗེས་སུ་ཆགས་པས་
རའི་རྐྱེན་དུ་འགྱུར་རོ། །དེས་ན་ར་ལས་ཉི་མ་ཡེ་ཤེས་འོད་གསལ་བའི་གཟུགས་བརྙན་སེམས་ཉིད་ཉི་མའི་རྣམ་པར་སྣང་ངོ་། །མདུན་དུ་ཞེས་པ་ནི་རང་གི་ལུས་ལ་ལྟོས་པའི་མདུན་དུ་སྣང་བའོ། །བསྒོམ་ཞེས་པ་ནི་རྗེས་སུ་འཇུག་པའོ། །དེ་ལྟར་ཡང་འདིར་ཉི་མ་དེར་ཞེས་པ་ནི་སྒྱུ་མའི་རྣམ་པའི་
ཉི་མའོ། །ཧཱུཾ་བྱུང་ཞེས་པ་ནི་སེམས་ཀྱང་འདོད་ཆགས་ཀྱིས་དཀྲིས་པ་དེ་ཉིད་གཅིག་གི་རྣམ་པའོ། །དེས་ན་ཧཱུཾ་གི་རྐྱེན་གྱིས་བདག་ཉིད་ཞུ་ཞིང་དེར་ཐིམ་པ་ཉིད་ཀྱིས་འབྲས་བུའི་དབང་གིས་རྒྱུ་ཉམས་ཏེ་ས་བོན་དང་མྱུ་གུ་བཞིན་ནོ། །དེས་ན་དེའི་བདག་ཉིད་སྣ་ཚོགས་རྡོ་རྗེ་ཞེས་པ་ནི་དེ་བཞིན་
དུ་སེམས་གཅིག་ཉིད་ཡེ་ཤེས་ལྔའི་བདག་ཉིད་དོ། །རྡོ་རྗེ་ཡང་སྙིང་པོའི་གཟུགས་ཏེ་ཁྱད་པར་ཅན་གྱི་ཤེས་རབ་ཀྱི་མཚན་ཉིད་ཆོས་ཀྱི་འབྱུང་གནས་རྟེན་བཞིན་ནོ། །དེའི་ཕྱིར་དེ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་རྣམས་སྤྲོས་པའོ། །སེམས་
ཀྱང་སྣ་ཚོགས་པའི་རྣམ་པར་སྣང་སྟེ། སྨིག་རྒྱུའི་དྲ་བ་བཞིན་མཐོང་བས་ཡིད་ཆེས་པས་བརྫུན་པ་བསྒོམ་པ་ལ་ཞེན་པའི་ཕྱིར་རོ། །དེ་ལྟར་དེ་རྣམས་རྡོ་རྗེ་སྟེ་རྒྱུ་དང་རྐྱེན་མང་པོའི་དོན་གྱི་རྡོ་རྗེའོ། །དེ་ཡིས་བསྒོམ་པར་བྱ་བ་ནི་འཇུག་པར་བྱའོ། །ར་བ་དང་ནི་དྲ་བ་ཞེས་པ་ནི་སྔོན་དུ་བྱ་བ་སྟེ། ཇི་ལྟར་
ཆོས་རྣམས་ཐམས་ཅད་ཀྱི་སྔོན་དུ་སྔ་ནས་ཆོས་ཀྱི་དབྱིངས་ཀྱི་རྣམ་པ་དེ་བཞིན་དུ་བྱ་བ་ཞེས་པ་ནི་ར་བའོ། །དེ་བཞིན་དུ་དྲ་བ་ནི་ཀུན་ནས་སྔོན་དུ་སྤྲུལ་པའི་སྐུས་སེམས་ཅན་སྣ་ཚོགས་པ་རྣམས་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ཕྱིར་བྱང་ཆུབ་བསྐྱེད་པའོ། །རིགས་སྣ་ཚོགས་ཀྱི་དབང་གི་
ཆོས་ཀྱི་སྐུ་ལ་སོགས་པ་དེ་རྣམས་ཀྱང་གྲངས་མེད་པའོ། །དེས་ན་རྡོ་རྗེའི་གུར་ཉེ་བར་གནས་པར་འགྱུར་ཞེས་དགོངས་སོ། །ཆོ་ག་ནི་བཞིན་ཞེས་པ་ནི་ཆོ་ག་འདིས་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུ་གསུངས་པ། འདིར་ཡང་སླར་ལ་རྫོགས་ལྡན་གྱི་དུས་འབྱུང་བར་འགྱུར་ཏེ། དེའི་དུས་

སུ་བྱམས་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཏེ། སྔོན་བྱམས་པའི་གནས་སྒོམ་པའི་ཕྱིར་རོ། །དེ་ཡང་འདོད་ཆགས་ཀྱི་རྐྱེན་གྱིས་དེ་བཞིན་དུ་འདིར་དུས་དེར་བསོད་ནམས་ཀྱི་དབང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སྣང་བའི་ཕྱིར་མཐོང་ངོ་། །དེ་ལ་བསྙེན་བཀུར་
བྱས་པའི་ཕྱིར་ཉི་མ་དང་ཧཱུཾ་ལས་སྐུ་བཞིན་དུའོ། །དེ་ལྟར་སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དེ་བཞིན་དུ་སེམས་ཅན་སྣ་ཚོགས་པ་དྲི་མ་མེད་པ་ཉིད་ཀྱིས་གཅིག་ལ་གཅིག་རྩེ་བ་དང་བཅས་པས་སྤྱོད་པའི་ངང་ཚུལ་ཅན་ནོ། །དེས་ན་རྡོ་རྗེ་བཞིན་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱིར་ཞེས་པ་ནི་དྲི་བ་ལ་
སོགས་པར་བལྟའོ། །དེ་ལྟར་རྩིག་པ་རྟེན་ཏེ་རང་ཉིད་དང་གཞན་བླ་མ་དང་བྲལ་བ་ཡང་ཡེ་ཤེས་སྣང་བར་འགྱུར་ཞིང་བྱང་ཆུབ་ཀྱི་ལམ་དུ་ཉེ་བར་འགྲོའོ། །དེས་ན་གུར་བཅིངས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་དང་པོར་རོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་
དང་པོར་ཞེས་པ་ཉེ་བར་བཏགས་པ་ཙམ་མོ། །འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་འཁྲུལ་པ་སྤངས་པ་བསྒོམ་པ་ཉིད་ཀྱི་ཡེ་ཤེས་སོ། །རོ་ནི་བསྒོམ་པར་བྱ་ཞེས་པ་ནི་སེམས་བརྟན་པའི་དངོས་པོའོ། །མར་ལས་མར་བཞིན་རྐྱེན་གྱི་སྣ་ཚོགས་རྡོ་རྗེ་དང་གུར་ར་པ་དང་། སངས་
རྒྱས་ཀྱི་རང་བཞིན་རྣམས་ཀྱི་དབུས་སུ་ཨེའི་རྣམ་པའི་ཆོས་ཀྱི་འབྱུང་གནས་ཀྱི་གཟུགས་བསམས་པའོ། །དེ་ཉིད་ཀྱིས་ནི་སངས་རྒྱས་དག་པའི་ཡོན་ཏན་གྱིས་བདག་ཉིད་དེ་རྣམས་རང་བཞིན་གྱི་སྐུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཁས་པས་ཞེས་པའི་རྐྱེན་ནོ། །དེའི་ཕྱིར་རོ་
ནི་དག་པའི་སེམས་ཆོས་ཀྱི་སྐུའི་རང་བཞིན་ལས་རང་བཞིན་ཉིད་འཕྲོ་བ་དང་དེ་དག་རོ་གཅིག་པའི་གཟུགས་ནི་རོའོ། །ཇི་ལྟར་ལུས་དང་སེམས་དག་འཆི་བའི་གནས་སྐབས་ཀྱི་དུས་སུ་སེམས་ཅན་རྣམས་ཀྱི་རིལ་པོ་གཅིག་ཏུ་འགྱུར་ཏེ་སྣ་ཚོགས་དང་བྲལ་བས་སོ། །དེ་
བཞིན་དུ་འདིར་ཡང་དེ་ལ་དེ་སྐད་ཅེས་བྱའོ། །དེའི་སྟེང་རྣལ་འབྱོར་པ་འདུག་སྟེ་ཞེས་པ་ནི་འདིར་སོ་སོའི་སྐྱེ་བོའི་གནས་སྐབས་སུ་རྣལ་འབྱོར་པ་ཞེས་པ་ནི་ལས་དང་པོ་བ་སྒོམ་པ་པོ་དབང་པོ་རྟུལ་པོ་གཉིས་མེད་པ་མངོན་སུམ་དུ་བྱེད་མི་ནུས་པ་སྟེ། ཕྱིའི་ཡུལ་རྣམས་

ལ་དབང་པོ་རྣམས་ལོངས་སྤྱོད་ཅིང་ཆགས་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱི་ཕྱོགས་ལ་དེའི་སྟེང་དུ་ཞེས་པ་ཆོས་ཀྱི་འབྱུང་གནས་ལ་སོགས་པར་བཏགས་པའི་གཟུགས་ཅན་ལ་གནས་ཀྱི་དོན་དམ་པ་ལ་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་དོན་
དམ་པར་ཁམས་གསུམ་པ་རོའི་རྣམ་པར་མི་རྟོག་པ་དེའི་དངོས་པོ་ཡང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་ཉིད་ནི་རྟག་པའི་རང་བཞིན་ཏེ། དེས་ན་མི་གཡོ་བའི་ཏིང་ངེ་འཛིན་གྱིས་དེའི་སྟེང་དུ་གནས་པ་ནི་རྣལ་འབྱོར་པའོ་ཞེས་སྦྱར་རོ། །དེ་ལྟར་དུས་རྣམས་ཀྱི་
གོ་རིམས་བཞིན། ཧེ་རུ་ཀ་ཉིད་རྣམ་པར་བསྒོམ་ཞེས་པ་ནི་འདིར་རྫོགས་ལྡན་གྱི་དུས་སུ་སེམས་ཅན་ཐམས་ཅད་སྐལ་པ་ཕུན་སུམ་ཚོགས་པ་ནི་སྔོན་དུ་སྒོམ་པའི་དུས་སུ་བྷ་ག་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཡང་གྲུབ་པའི་རྣལ་འབྱོར་པའི་རང་བཞིན་གྱིས་དེའི་སྟེང་དུ་འདུག་སྟེ།
ནང་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །དེ་ཡང་། རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ། །དེ་ལྟར་མདོར་བསྡུས་ཏེ་གསུངས་པ་དུས་དང་དུས་ལ་ཡང་དང་ཡང་རྟོགས་པར་བྱའོ། །དེ་བཞིན་དུ་རབ་ཏུ་སྦྱོར་བ་ཡང་ཤེས་
རབ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །དེའི་ཕྱིར་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཕྱིར་ཡང་ཧེ་རུ་ཀ་ལ་སོགས་པའི་བསྒོམ་པ་ལ་སོགས་པར་དམ་བཅའོ། །དེ་ལྟར་ཤེས་རབ་ཀྱི་དངོས་པོ་བསྒོམ་པར་བསྟན་ནས་དེ་བཞིན་དུ་ཐབས་ཀྱི་དངོས་པོ་བསྟན་པའི་ཕྱིར། རང་གི་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། འདིར་རང་གི་སྙིང་གར་ཞེས་པ་ནི་རང་གི་སེམས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེའི་བསྒོམ་པར་བྱ་བ་ནི་སྙིང་རྗེའི་རྐྱེན་གྱིས་རྗེས་སུ་འཇུག་པའོ། །དེ་ཡང་རེ་བ་ཞེས་པའི་མིང་གིས་ཀུན་གཞི་རྣམ་པར་ཤེས་པ་དངོས་པོ་རྣམས་ཀྱི་རྒྱུ་མི་བྱེད་པའོ། །དེ་ཡང་རྟག་བཞིན་པ་
ཞུ་བ་ལས་ཏེ། དེ་བྱུང་ཉི་མ་ཞེས་པ་ནི་གཟུགས་སྣང་བ་ཙམ་སེམས་ཉིད་དེའི་རྣམ་པ་ཉིད་ཀྱི་ཕྱིར་ཉི་མའི་དཀྱིལ་འཁོར་སྔོན་བཞིན་ནོ། །དེ་སྟེང་ཞེས་པ་ནི་དེ་བཞིན་དུ་ཆགས་པའི་ཡེ་ཤེས་ལས་ཆགས་པ་དང་བྲལ་བའི་ཡེ་ཤེས་འབྱུང་ངོ་། །དེ་ཡང་ཧཱུཾ་ཞེས་བྱ་བ་ནི་ཞེས་པ་ལ་ཧཱུཾ་གི་ཆ་བྱད་ནི་མིང་

ཙམ་མོ། །དེ་ལྟར་ཡང་འདོད་ཆགས་དང་བྲལ་བ་དག་འདྲེས་པར་འགྱུར་བའོ། །དེ་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ལ་ཡིད་ཆེས་ཁ་དོག་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོ་རྡོ་རྗེ་ཞེ་སྡང་ཏིང་ངེ་འཛིན་ཡེ་ཤེས་ཀྱི་རང་བཞིན་བསྐྱེད་པ་དེའི་
ཚེ། ཧཱུཾ་ལས་ཐ་མལ་པའི་ཞེ་སྡང་ཟད་པ་ཆགས་བྲལ་ལོ། །དེས་ན་ཡང་ཞེ་སྡང་ཆེན་པོའི་རང་བཞིན་གྱིས་རྡོ་རྗེའོ། །དེས་ན་ནག་པོའོ། །འཇིགས་པ་ཆེན་པོ་ཞེས་པ་ནི། སྔོན་གྱི་ཞེ་སྡང་གི་བག་ཆགས་སྡུད་པའི་གཟུགས་འབར་བའི་རྡོ་རྗེར་ལྔའི་བདག་ཉིད་ནམ་མཁའ་ལྔ་མཆོག་གི་གཟུགས་
དེས་འགྲོ་བ་ལྔ་འགོག་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་རྡོ་རྗེ་ལྟེ་བའི་དབུས་གནས་པ། །ཞེས་པ་ནི་མིའི་མིང་ཅན་དབུས་ཀྱི་རའོ། །ཧཱུཾ་དེ་ཉིད་ཅེས་པ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ངོ་བོ་རང་གི་རང་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་ཉེ་བར་མཚོན་པར་བྱ་ཞེས་པའི་དོན་ཏོ། །
དེ་ལྟར་དེ་ནི་ཡོངས་སུ་ཤེས་པ་ནི་རྡོ་རྗེ་དང་ཧཱུཾ་སེམས་དཔའ་དང་རྡོ་རྗེའམ་རྡོ་རྗེ་སེམས་དཔར་གྱུར་ཞེས་པ་ནི་འགྲོ་བ་ལྔ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་པར་བལྟའོ། །ཞེ་སྡང་བདག་ཉིད་ཅེས་པ་ནི་རྒྱུ་དང་འབྲས་བུ་ལྷན་ཅིག་པ་གཅིག་གི་དངོས་པོ་མི་བསྐྱོད་པའི་མིང་ཅན་
ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་པ་བསྡུས་པའི་གཟུགས་སོ། །བསྒོམ་པར་བྱ་ཞེས་པ་ནི་ལུས་ལྷར་བྱ་ཞེས་པའི་དོན་ཏོ། །དེ་ཡང་རྡོ་རྗེ་ལུས་ཏེ་དཔའ་བོ་ཆེ་ཞེས་པ་ནི་འགྲོ་བ་ལྔ་ཡང་རྡོ་རྗེ་ལ་གནས་པའི་ཕྱིར་ཏེ། གང་གི་ཕྱིར་
ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུའོ། །དེ་ཡང་མི་ཕྱེད་པས་རྡོ་རྗེ་སེམས་དཔའ་ཉིད་དེ། དེ་ལས་བླ་མར་གྱུར་བ་འབྱུང་བ་ཆེན་པོའི་བདག་ཉིད་ཀྱིས་སོ། །དེས་ན་རྩེ་ལྔ་དང་བཅས་པར་ལྔའི་བདག་ཉིད་རྡོ་རྗེ་དེ་ཉིད་འགྲོ་བ་ལྔ་ཞེས་པའི་དོན་ཏོ། །ཚུལ་འདིས་
རྡོ་རྗེ་ལས་སྐྱེས་པའི་ཧཱུཾ་སེམས་དཔའི་གཟུགས་མི་ཕྱེད་པ་ནི་རྡོ་རྗེའོ། །རྟག་པའི་རང་བཞིན་ཉིད་ཀྱི་མི་བཟད་པའི་ཕྱིར་དཔའ་བོའོ། །སླར་ཡང་འདམ་སྐྱེས་སྔོན་པོ་ཞེས་པ་ནི་ཁུ་བྱུག་སྒྲའོ། །ལྟ་བུ་ཞེས་པ་ནི་ཁ་དོག་དེ་དང་འདྲ་བ་སྟེ་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ། །ཁམས་

ནི་ཁའི་རྐྱེན་ནོ། །དེ་ཡང་བདག་དང་བདག་གི་དང་བྲལ་བ་མ་འཁྲུལ་པ་ཉམས་སུ་མྱོང་བ་ཉིད་དོ། །ཡང་ན་དོན་ཡང་རྟོགས་པའོ། །དེས་ན་ཅུང་ཟད་དམར་སྣང་བ། །ཞེས་པ་ནི་ཇི་སྲིད་ནམ་མཁའི་མཐར་ཐུག་པར་འགྲོ་བའི་དོན་བྱེད་པའི་ཕྱིར་སྔོན་པོའི་
རང་བཞིན་ཅུང་ཟད་དམར་བར་སྣང་བར་འདོད་པ་གང་ཡིན་པའོ། །སྔོན་པོ་ཅུང་ཟད་དམར་བར་སྣང་བ་འདི་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་པའི་དོན་ཏོ། །དད་པས་ངེས་པར་བསྒོམ་པར་བྱ། །ཞེས་པ་ནི་འདིར་དུས་ཀྱི་གོ་རིམས་བཞིན་རང་ཉིད་འགྲུབ་སྟེ། རང་
གི་ངོ་བོ་ལ་ཡོངས་སུ་རྟོགས་པས་སོ། །འོན་ཀྱང་དད་པས་བེམས་པོ་ཉིད་ཀྱི་དེ་རྣམས་ལྟ་བ་གཞན་རྣམས་ལ་འཇུག་གོ། །དེ་བཞིན་དུ་སྔོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པ་ལ་ཆགས་པའི་བདག་ཉིད་དེས་ན་དེ་བཞིན་གཤེགས་པ་དད་པ་སྔོན་
དུ་འགྲོ་བས་ཆོས་སྟོན་ཏོ། །ངེས་པར་ཞེས་པ་ནི་གདོན་མི་ཟ་བར་ཞེས་པའི་དོན་ཏོ། །ད་ནི་རྩོད་པའི་དུས་འབའ་ཞིག་གིས་རྣམ་པར་གཞག་པ་དེར་མཆོད་པའི་རིམ་གྲོ་བསྟན་པའི་ཕྱིར། །ནམ་མཁར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཞེས་པ་ནི་རྩོད་པའི་
དུས་ནི་ནམ་མཁའི་རང་བཞིན་ནོ། །ཚེས་དང་ནམ་མཁའི་རང་བཞིན་ནོ། །སེམས་ཅན་ཡང་དེའི་རང་བཞིན་དེའི་ཚེ་དེའི་བདག་ཉིད་ཀྱིས་ནམ་མཁའ་རྗེ་བཙུན་ཞེས་པ་ནི་བདག་ཉིད་སྒྲུབ་པའི་དུས་སུ་རྫོགས་ལྡན་གྱི་དུས་སའི་ཁམས་ཀྱི་རང་བཞིན་ཏེ། རང་གི་ལུས་ལ་ས་
ཉིད་ཉམས་པར་འགྱུར་རོ། །དེ་བཞིན་དུ་གསུམ་ལྡན་དང་གཉིས་ལྡན་ནི་ཆུ་དང་མེའི་རང་བཞིན་ཏེ། རང་གི་ལུས་ལ་བསྒོམ་པའི་དུས་སུ་ཆུ་དང་མེ་ཉམས་པར་འགྱུར་རོ། །དེས་ན་རྩོད་པའི་དུས་ནི་རླུང་དང་རྣམ་པར་ཤེས་པའི་རང་བཞིན་ནོ། །དེས་ན་ནམ་མཁའི་མིང་
དུ་འགྱུར་ཏེ། རང་གི་ལུས་ཀྱི་ཁམས་རྣམས་གསལ་བ་ཉིད་དུ་འགྱུར་རོ། །དེས་ན་བཅོམ་པའི་རང་བཞིན་ཉིད་ཀྱི་ཕྱིར་རྗེ་བཙུན་སེམས་ཀྱི་དངོས་པོ་གསལ་བའི་གཟུགས་དམིགས་པ་ནི་ལྟ་བ་སྟེ། བསྒོམ་པར་བྱ་བ་དང་སྒོམ་པ་པོ་དག་ཆུའི་ཟླ་བ་བཞིན་སྣང་བའོ། །

ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལས་སྐྱེས་ཞེས་གསུངས་ཏེ། །དེས་ན་སྔོན་ཉིད་དུ་བཤད་ཟིན་ཏོ། །བརྩེ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་སེམས་ཀྱི་སྤྲུལ་པའི་སྐུ་འཛིན་པ་དུས་ཕྱིས་བསྟན་པའི་ཕྱིར། འདིས་མཆོད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་
མཆོད་པའི་ཚིག་ནི་བླ་ན་མེད་པའི་ཡེ་ཤེས་བདག་གིར་བྱེད་པའི་ཕན་ཚུན་ལུས་ཀྱི་དངོས་པོ་སྟེ། གཽ་རཱི་མ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་སོ། །དེ་ཡང་རྣམ་པར་ཤེས་པ་རྣམ་པ་བརྒྱད་ཀྱི་དངོས་པོ་དང་ཆོས་མཐུན་པའི་ཕྱིར་ཞེས་དགོངས་སོ། །རྒྱན་ཐམས་ཅད་འཛིན་པའི་
ལྷ་མོ་ཞེས་པ་ནི་རྣལ་འབྱོར་མ་རང་རང་རྣམས་ཀྱི་རང་བཞིན་ཁམས་ཀྱི་ཁྱད་པར་གྱིས་བརྒྱན་པ་སྟེ། ཁམས་རེ་རེ་ལ་ཁམས་ཐམས་ཅད་ཀྱིས་ཁྱབ་པ་ཉིད་ཀྱིས་ན་དངོས་པོའི་རྒྱན་ཏེ། གཞན་ཡང་རྒྱན་ཉིད་ནི་རང་གི་བདེ་བ་འཛིན་པའི་ཕྱིར་ཞེས་སོ། །དེ་ཡང་གཽ་རཱི་ལ་སོགས་
པ་རྣམས་ཏེ། དེས་གཽ་རཱིའི་ཞེས་བྱ་བ་ནི་འགྲོ་བའི་ངང་ཚུལ་ཅན་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལ་བརྟེན་པའི་བདེ་བའོ། །རི་དགས་ཀྱིས་མཚན་ཞེས་པ་ནི་ཇི་ལྟར་རི་བོང་གི་རྒྱས་བཏབ་པའི་ཟླ་བ་དེ་བཞིན་དུ་བདེ་བས་རྒྱས་བཏབ་པ་ཁུ་བ་དེ་ཉིད་འཛིན་པའོ། །གང་
གི་རྣམ་པར་ཤེས་པས་དེ་འགྲོ་བ་ལ་བརྩོན་པའི་ཕྱིར་གཽ་རཱི་ཞེས་སྦྱར་རོ། །དེ་ཅི་ལྟར་མོ་རྟགས་ཡིན་ཞེ་ན། རང་བཞིན་གྱི་དབང་གིས་ཏེ་སེམས་ཉིད་ཀྱི་བདེན་པ་སྒྱུ་མའི་རྣམ་པ་དེས་ནི་གཽ་རཱིའོ། །དེ་ལྟར་སྒྲ་ཉེ་བར་འགྲོ་བ་ཞེས་སོ། །དེ་བཞིན་དུ་ཙཽ་རཱི་ཞེས་པ་
ནི་གཡོ་བའི་ཡིད་ཀྱིས་ཁྲག་གི་ཁམས་ཀྱི་རང་བཞིན་ཆགས་པ་ཆེན་པོ་དེས་ན་དེ་ཉིད་འགོག་པའི་མཚན་ཉིད་དོ། །ཉི་མའི་སྣོད་ཅེས་པ་ནི་དེ་ཉི་མའི་འོད་ཟེར་རྣམས་ཏེ་བདེ་བ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཉི་མ་འཆར་བའི་དུས་སུ་ཡང་པདྨ་ཁ་ཟུམ་པ་ཁ་བྱེ་བ་དེ་བཞིན་དུ་ཆགས་པ་
ཆེན་པོ་མ་སད་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་བག་ཆགས་ཀྱིས་སད་པར་བྱེད་པ་དེ་ཉིད་ཀྱི་རང་གི་ཡན་ལག་ཅན་ཞེས་པའི་དོན་ཏོ། །དེ་བཞིན་དུ་བེ་ཏཱ་ལཱི་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རྒྱུན་ཐག་པ་བཞིན་བརྟན་པའི་མིང་སེམས་དང་སེམས་ལས་བྱུང་བའི་དངོས་པོ་རང་བཞིན་གྱི་ངོ་བོའོ། །

ཆུ་ཞེས་པ་ནི་འཇུ་བའི་དངོས་པོ་དེའི་རང་བཞིན་འོག་དང་སྟེང་དུ་འགྲོ་བ་དེས་འཛིན་པ་དག་གཞན་མ་ཡིན་པ་མི་བསྐྱོད་པའི་བདེ་བ་མི་གཡོ་བ་ཞེས་པའི་དོན་ཏོ། །འོན་ཀྱང་སེམས་ཉིད་རྒྱལ་བའི་གནས་སྐབས་སྐྱེས་པ་དེས་མངོན་དུ་བྱེད་པར་ཐལ་བ་མིན་པ་ནི་རོ་ལངས་
མོའོ། །དེ་བཞིན་དུ་གྷསྨ་རཱི་ཞེས་པ་ནི་སྨན་འཛིན་པ་ལྟར་རྣམ་པར་སྣང་མཛད་ཀྱི་ཁམས་འཛིན་པ་དེའི་ཐ་མལ་པའི་དྲི་འགོག་པས་ཟོས་པས་ཕྱིར་ལྷའི་དྲི་འཛིན་ཏོ། །དེ་བཞིན་དུ་དྲི་ཆུ་ལ་ཡང་ངོ་། །གྷསྨ་རཱི་ཞེས་པ་ནི་འདུ་བྱེད་ཀྱི་ཡེ་ཤེས་ལ་འགྲོ་བ་མི་དྲན་པའི་ལྷའི་ཡེ་ཤེས་ཀྱི་དྲི་འཛིན་པའི་ཕྱིར་ཞེས་
དགོངས་སོ། །དེ་བཞིན་དུ་པུཀྐ་སཱི་ནི་དྲིའི་ཕྱག་ཅེས་པ་ནི་འདིར་ཁུ་བ་དང་ཁྲག་དང་དྲི་ཆུ་དང་དྲི་ཆེན་གྱི་ཁམས་རྣམས་ཟད་པའི་ཕྱིར། ཤའི་ཁམས་སུ་མི་འགྱུར་ཏེ་རོ་གཅིག་པའི་ཕྱིར་རོ། །དྲི་ཞེས་པ་ནི་བླ་ན་མེད་པའི་དྲི་འཛིན་པའོ། །དེ་ཡང་། ཁམས་རྣམས་ཐམས་ཅད་ཟད་བྱེད་
དེ། །སྣ་ཚོགས་གཞན་ཡང་ནམ་མཁར་སོང་། །མཁའ་ལ་ཀ་ཤིའི་མེ་ཏོག་བཞིན། །རྟག་ཏུ་འཁོར་བར་གནས་པའི་ཕྱིར། །དེ་ཉིད་ཀྱིས་ནི་དྲི་ནམ་མཁའ་ཁྱབ་པར་བྱེད་དེ་གནས་པ་མེད་པ་ཡང་དེ་ལྟ་བུར་ཤེས་པར་བྱའོ། །དེའི་ཕྱིར་རོ་འཛིན་ཤ་བ་རཱི། །ཞེས་པ་ནི་རོ་ཡང་ནམ་མཁའི་
ཁམས་ཀྱི་མཚན་ཉིད་དོ། །དེས་ན་དེའི་བདག་ཉིད་ཀྱི་རོའི་དངོས་པོ་སེམས་ཀྱི་རྣམ་པ་རོ་བཞིན་དུ་ཤེས་པར་བྱའོ། །ཤ་བ་རཱི་ཞེས་པ་ནི་དབུགས་ཀྱང་རོའི་རང་བཞིན་ལྟར་རྒྱུ་བས་ཁམས་སྣ་ཚོགས་པ་རྒྱུ་བ་དེས་འགོག་པ་དེ་ཐམས་ཅད་ཀྱང་ནམ་མཁའི་མཚན་ཉིད་དུ་ཟ་བ་དེ་ལ་དེ་སྐད་
ཅེས་བྱའོ། །དེ་བཞིན་དུ་ཙཎྜ་ལཱི་ནི་ཅང་ཏེའུ་བརྡུང་། །ཞེས་པ་ནི་འདིར་རྣམ་པ་དྲུག་ཏུ་རྣམ་པར་གཞག་པ་གསུངས་པ་སྟེ། དེ་རྣམས་མེའི་ཁམས་ཀྱིས་སྐལ་པ་ཉེ་བར་མཚོན་པས་ཨའི་ཡི་གེ་ཕྱེད་པ་ཉིད་ཀྱིས་རླུང་དང་རྣམ་པར་ཤེས་པ་ཐ་དད་པའི་གཟུགས་སུ་འགྱུར་ཏེ། དེས་ན་
རབ་ཏུ་འབར་ཏེ། གཏུམ་མོའི་གཟུགས་ཀྱི་ཕྱིར་རོ། །དེ་ཅི་ཞེ་ན། ཨཱ་ལི་ཞེས་པར་ཤེས་པར་བྱའོ། །དེའི་ཚེ་མི་ཤིགས་པའི་སྒྲ་སྐྱེས་པའོ། །དེས་ན་རྒྱུན་མི་འཆད་པར་བརྡུངས་པའོ། །ཅང་ཏེའུ་ཞེས་པ་ལ། ཌ་ནི་ནམ་མཁར་འགྲོ་བར་བྱེད་པའོ། །ནམ་མཁའ་ཡང་དེ་

བཞིན་དུ་མི་འཆི་བའི་ཕྱིར་རོ། །མཁའ་འགྲོ་མ་ཐམས་ཅད་དེ་ལ་བརྟེན་པ་ཉིད་ཀྱིས་ན་ལྷའི་སྒྲ་བྱེད་དེ། ཀཾ་གི་རྐྱེན་གྱི་དོན་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་གཡུང་མོས་རང་གི་ལུས་ལ་འཁྱུད་པར་གསུངས་སོ། །དེ་ཡང་སྲོག་གི་རླུང་རྡོ་རྗེ་ལྟ་བུ་སྟེ། ཁམས་རྣམ་པ་བདུན་གྱི་ནང་
དུ་འདུས་ཏེ། ཆོས་རྣམས་ལ་གོམས་པ་ཉིད་ཀྱིས་ན་དེའི་གོ་འཕང་ཐོབ་པའོ། །འཁྱུད་པ་ཉིད་ནི་མེད་དེ་གཞན་དུ་འཁྱུད་པས་བསྟན་པ་ནི་བསྟན་པ་ཙམ་དུ་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཡང་སྔོན་དུ་གསུངས་པ་ཏེ། མཆོད་པ་ཞེས་པ་ནི་
རང་ལ་ཡིད་ཆེས་པ་རྟོགས་པར་བྱའོ། །ཆོ་ག་ཞེས་པ་ནི་གསུངས་པ་གང་ངོ་། །རྒྱས་པ་ཞེས་པ་ནི་འདིར་མདོར་བསྡུས་པའི་ཁམས་བདུན་གྱིས་སོ། །རྒྱས་པར་ནི་ཁམས་སྣ་ཚོགས་པར་ཡོངས་སུ་ཤེས་པའི་ཕྱིར་གཞན་དུ་རྙེད་སླ་བས་དེས་ན་འདིར་མ་གསུངས་ཏེ། དེ་རྣམས་ཀྱིས་མཆོད་
དེ། དེ་ཡང་ཡང་དག་པར་ཉམས་སུ་མྱོང་བའི་མཚན་ཉིད་ཀྱིས་སོ། །གཙོ་བོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་རང་གི་ལུས་ལ་ཡིད་ཆེས་པས་ཇི་སྲིད་ཡིད་ཆེས་པ་མེད་པ་བྱེད་ཀྱི་བར་དུ་བླ་ན་མེད་པའི་མཆོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་
ཚིག་ཅེས་པ་ནི་མཆོད་པའི་ཚིག་གོ། །རྣམ་གྲོལ་ཞེས་པ་ནི་ལུས་དང་ལུས་གཉིས་མེད་པའི་དངོས་པོ་གཉིས་དང་བྲལ་བའི་ལྟ་བ་སྟེ་སྔོན་བཞིན་དུ་རིགས་པ་ལས་སོ། །དེའི་ཕྱིར། ཆོས་ཀུན་བདག་ཉིད་བསྒོམ་པར་བྱ། །ཞེས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་རྩོད་པའི་དུས་ནི་ཆོས་ཀྱི་སྐུར་རྣམ་
པར་གཞག་གོ། །རྫོགས་ལྡན་གྱི་དུས་སུ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་དུ་གསུམ་ལྡན་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གཉིས་ལྡན་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ལྟར་རྩོད་པའི་དུས་ལ་གནས་པའི་རྣལ་འབྱོར་པ་རྣམས་ནི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་བཞིན་དུ་སླར་ཡང་
སྤྲུལ་པའི་སྐུ་གཟུང་བའི་ཕྱིར་བསྐྱེད་པའི་རིམ་པ་གསུངས་པ། ཨཱ་ལིའི་ཟླ་བས་ཞེས་པ་ལ་སོགས་པ་ནི་འདིར་སྔོན་དུ་བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་གནས་པ་ཉིད་ཀྱིས་དང་པོའི་སྨོན་ལམ་རྫོགས་པར་བྱ་བའི་ཕྱིར་རང་གི་སེམས་ཉིད་ལས་དངོས་པོ་རྣམས་འབྱུང་བར་འགྱུར་ཏེ། དེ་ཡང་ཐམས་ཅད་སེམས་ཀྱི་རྣམ་

འཕྲུལ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་འདིའི་ཡི་གེའི་དོན་བརྗོད་དེ། ཨཱ་ལིས་ཟླ་བ་ཞེས་པ་ནི་ཨཱ་ལ་སོགས་པའི་ཡི་གེ་བཅུ་དྲུག་ཡོངས་སུ་གྱུར་པ་ནི་ཟླ་བའོ། །དེ་བཞིན་དུ་ཀཱ་ལིས་ཉི་ཞེས་པ་ནི་ཀ་ལ་སོགས་པ་ཧའི་མཐར་ཐུག་པའི་
ཡི་གེ་ཡོངས་སུ་གྱུར་པ་ནི་ཉི་མའོ། །དེ་ལྟར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དག་གམ་མཚན་དང་དཔེ་བྱད་ཀྱི་རང་བཞིན་དེ་དག་གི་དབུས་སུའོ། །ས་བོན་ཞེས་པ་ནི་ཧཱུཾ་ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ལྟར་བསམ་པར་བྱ་ཞེས་པ་ནི་
སྔོན་གྱི་རྣམ་པར་རྟོག་པའང་ཤེས་པར་བྱའོ། །ཡང་ངེས་པའི་དོན་ནི་ཨཱ་ལིས་འཇུག་པའི་རང་བཞིན་ཏེ་འོང་བའི་མཚན་ཉིད་ཀྱི་ཕྱིར་ཟླ་བའོ། །དེ་བཞིན་དུ་ཀཱ་ལིས་འགྲོ་བའི་རང་བཞིན་ཏེ་འགྲོ་བའི་མཚན་ཉིད་ཀྱི་ཕྱིར་ཉི་མའོ། །དེ་དག་སྔོན་དུ་འགྲོག་པས་སེམས་ལ་བརྟེན་པའི་ཧཱུཾ་གི་ས་
བོན་ནོ། །དེ་ཡང་རང་གི་རང་བཞིན་རྨི་ལམ་བཞིན་དུ་ལྟའོ། །དེ་ཉིད་ཀྱིས་ན་དེ་ཉིད་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་ཧཱུཾ་སེམས་ཀྱི་ས་བོན་ནོ། །སེམས་པ་ཞེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་བརྟན་པ་དང་གཡོ་
བ་རྣམས་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་སེམས་པའོ། །བརྗོད་ཅེས་པ་ནི་ཡེ་ཤེས་དང་ཤེས་བྱ་དག་དབྱེར་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཡང་ན་བརྗོད་ཅེས་པ་ནི་ཡིད་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དེ་ཉིད་མཆོག་ཏུ་དགའ་བའི་རང་བཞིན་ཞེས་པ་ནི་སད་པའི་གནས་
སྐབས་ལས་རྨི་ལམ་གྱི་གནས་སྐབས་ཤེས་པར་བྱེད་དོ། །བཞི་པའི་གནས་སྐབས་གཟུང་བས་བཀུག་པའི་ཆོས་ཀྱི་སྐུ་ཉིད་ཉལ་བའི་གནས་སྐབས་སྒྲུབ་པར་བྱེད་པའོ། །དེ་ལ་རྨི་ལམ་གྱི་གནས་སྐབས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དུ་རིག་པར་བྱ་དེའི་ཕྱིར་
ཡང་སྤྲུལ་པའི་སྐུ་བཞི་པ་ལས་འདས་པར་བསྒྲུབ་པར་བྱ་ཞེས་དགོངས་སོ། །དེས་ན་རང་ལུས་ཞེས་བྱ་བ་ལ་སོགས་པ་ནི་མི་འདོར་བཞིན་དུ་ཡང་རྣམ་པར་ཤེས་པའི་འོད་ཟེར་རྣམས་འགྲོ་བའོ། །རང་ལུས་ལས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་ལུས་ལས་མི་དམིགས་པའི་

ཕྱིར་ནམ་མཁའ་ལས་གློག་འབྱུང་བ་དེ་བཞིན་དུ་འོད་ཟེར་རྣམས་སྤྲོ་བའོ། །སླར་ཡང་སྙིང་གར་བསྡུས་བཀུག་ནས། །ཞེས་པ་ནི་འོད་ཟེར་དེ་རྣམས་ནི་མར་མེའི་རྩེ་མོ་བཞིན་ནང་དུ་ཐིམ་པར་གྱུར་པ་གསལ་སྣང་བཞིན་མཐོང་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཡོད་པའོ། །དེས་ན་རྣལ་འབྱོར་
ཞེས་པ་ནི་དམིགས་པ་མེད་པའི་སེམས་སོ། །ཞེ་སྡང་བདག་ཉིད་འགྱུར་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་མི་བསྐྱོད་པའི་ཁམས་ཀྱི་རང་བཞིན་ནོ། །འགྱུར་ཞེས་པ་ནི་དེ་ལྟར་ཞེས་པའི་དོན་ཏོ། །དེས་ན་སྙིང་གར་ཞེས་པ་ནི་གཉིས་མེད་པའི་ཡེ་ཤེས་ཉིད་ཀྱིས་གཅིག་ཏུ་
བྱས་པའི་ཕྱིར། དེ་ལྟར་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་རྩོད་པའི་དུས་ཀྱི་རྐྱེན་གྱིས་འབྱུང་བ་ནི་རྫོགས་ལྡན་ནོ། །ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དག་ལས་བཞི་པ་ལས་འདས་པའི་ཁྱད་པར་གྱི་ཡེ་ཤེས་ཀྱི་སྐུ་སྐྱེད་
པར་བྱེད་པས་སོ། །ནམ་མཁའི་དབྱིངས་ཞེས་པ་ནི་མི་བསྐྱོད་པ་ཕྲ་མོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་གཟུགས་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ན་མེད་པ་ཐོག་མ་དང་དབུས་དང་མཐའ་མར་གནས་པ་རྟག་པ་ཞེས་པའི་དོན་ཏོ། །
དེ་ཡིས་ཡིད་ཆེས་པའི་བདག་ཉིད་ཕྱིའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་གཟུགས་སོ། །དེ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་དང་འདུས་པས་ཕྱག་རྒྱ་ཆེན་པོ་མཐོང་ངོ་ཞེས་སོ། །དེས་ན་ཕུལ་དུ་བྱུང་བའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཐོབ་ཀྱི། ཉན་ཐོས་ལ་སོགས་པས་ཡོངས་སུ་
བརྟགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་མ་ཡིན་སྙམ་དུ་དགོངས་སོ། །དེས་ན་དབུས་གནས་པར། ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །ཞེས་པ་ནི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གསལ་བའི་དངོས་པོར་འགྱུར་ཏེ། གང་གིས་སེམས་ཅན་ཐམས་ཅད་
ཀྱིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེས་ན་དེར་ཞེས་པ་ནི་རྒྱུ་དེ་ན་རྣལ་འབྱོར་སྒོམ་པ་བྱེད་པ་སྟེ། ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ཞེས་དགོངས་སོ། །དེ་ཉིད་གསུངས་པ། དེར་ནི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ། ཧཱུཾ་ནི་སྔོན་དུ་རྡོ་རྗེ་

ལྟེ་བའི་དབུས་སུ་བསྟན་པ་སྟེ། དངོས་པོ་དེ་ལས་ཀྱང་སེམས་གསལ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལས་ཀྱང་། སྐྱེས་པ་སྔོན་པོ་ཅུང་ཟད་དམར་འདྲ་བར། །ཞེས་པ་ཉིད་དུ་བསྟན་ཟིན་ཏོ། །རྒྱན་ཐམས་ཅད་ཀྱིས་ཀླུབས་པ་ཞེས་པ་ནི་རང་ཉིད་སངས་རྒྱས་ཀྱི་
ཡོན་ཏན་རྣམས་ཀྱིས་བརྒྱན་ཞིང་བྱ་བ་རྣམས་ཀྱིས་བརྒྱན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་རང་གི་བག་ཆགས་རྣམས་ཀྱིས་རྫོགས་ལྡན་གྱི་དུས་སུ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པའི་སེམས་ཅན་རྣམས་འབྱུང་སྟེ། སྔོན་གྱི་བསྒོམས་པའི་རྐྱེན་གྱིས་སོ། །
དེ་བཞིན་དུ་ཕྱག་གཉིས་ཞེས་པ་ནི་དེའི་དུས་སུ་གཉིས་ཀྱིས་དངོས་པོ་མེད་དེ་དེས་ན་དེ་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞལ་གཅིག་ཅེས་པ་ནི་མྱ་ངན་ལས་འདས་པ་འབའ་ཞིག་ལ་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཐེག་པ་གསུམ་ལ་མངོན་པར་ཕྱོགས་
པར་འགྱུར་བའོ། །དེ་བཞིན་དུ། སྐྲ་ནི་སེར་པོ་གྱེན་བརྫེས་དང་། །ཞེས་པ་ནི་ལྡེམ་པོ་སྣ་ཚོགས་པ་ཉིད་ཀྱིས་སྔགས་ཀྱི་ཐེག་པ་ཆེན་པོ་གཅིག་ཏུ་མཐར་ཕྱིན་པའོ། །དེས་ན་དང་ནི་ངེས་པར་གཟུང་བའོ། །དེ་བཞིན་དུ་གདུགས་ལྟར་ཞེས་པ་ནི་སྲིད་པ་གསུམ་སྡུད་ཅིང་ཟ་བ་ལ་སོགས་པའི་
ལྟ་བའོ། །བརྒྱད་གཉིས་ལོའི་ཚད་ཅེས་པ་ནི་ལོའི་བཅུ་དྲུག་སྟེ། གཟུགས་ཁམས་བཅུ་དྲུག་གི་ལྷའི་གནས་རྣམས་ཀྱི་ཚེ་རུ་ཡོངས་སུ་བརྟག་པའོ། །རྫོགས་ལྡན་གྱི་དུས་དེར་མངོན་ཤེས་དང་ལྡན་པ་ལྷུན་གྱིས་གྲུབ་པ་འབྱུང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་མཐོང་བའི་སྟོབས་
ཀྱིས་ནུས་པ་སྐྱེས་ཏེ། གང་གི་ཕྱིར་ཐམས་ཅད་ཉིད་ཡོངས་སུ་དག་པའི་རང་བཞིན་གྱི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ཡང་འཇིགས་བྱེད་ཞབས་ཀྱིས་མནན་ཞེས་པ་ནི་མྱ་ངན་ལས་འདས་པ་དམ་པ་གཅིག་གི་མཚན་ཉིད་མནན་ཏེ། དེའི་རང་བཞིན་གྱིས་ན་འབྲས་བུའི་དབང་གིས་འབྱུང་
བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་ཕྱག་གཡོན་པ་ནི་ཁ་ཊྭཱཾ་ག་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་དང་མཚན་མ་མེད་པ་སྟོན་པར་བྱེད་པར་དགོངས་སོ། །ཐོད་པ་ཡང་ནི་བསྣམས་པ་སྟེ། །ཞེས་པ་ནི་སངས་རྒྱས་ཀྱང་ཐོད་པའི་མིང་ཅན་ཏེ།

རང་རིག་པའི་རིགས་སོ། །དེ་ཡང་བརྫུན་པ་དང་བདག་ཏུ་འཛིན་པ་སྤངས་པའོ། །གཡོན་ན་ཞེས་པ་ནི་སོང་བའི་དོན་སྟོན་པའོ། །དེ་བཞིན་དུ། གཡོན་དུ་རྡོ་རྗེ་ནག་པོ་བསྣམས། །ཞེས་པ་ནི་དེའི་དུས་སུ་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་རང་གི་རང་བཞིན་མཐོང་བས་ཏེ། རྡོ་རྗེ་ཞེས་པ་
ནི་སྒོམ་པ་ལ་གནས་པ་ཉིད་ཀྱི་སེམས་སོ། །ནག་པོ་ཞེས་པ་ནི་སྙིང་རྗེའོ། །དེ་ལྟར་མཐོང་བས་སད་པ་དེའི་སྐད་ཅིག་གཉིས་ལ་མྱ་ངན་ལས་འདས་པ་ཉེ་བར་འགྲོ་སྟེ། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་ཡང་ཧཱུཾ་ཞེས་པ་ལ་སོགས་པ་ལ་འདོན་པའི་བདག་ཅེས་པ་ནི་དེ་ལྟར་རྣལ་འབྱོར་
པ་རྣམས་ཀྱི་བསྒོམ་པ་དང་བྲལ་བའི་དུས་སུ་རང་བཞིན་སྣ་ཚོགས་པ་སྤངས་པའི་ཕྱིར་ཧཱུཾ་ཞེས་པ་འདོན་པ་ནི་དངོས་པོ་ཐམས་ཅད་སྤངས་པ་འབའ་ཞིག་གི་སེམས་ཙམ་དེ་ལ་དེ་སྐད་ཅེས་བྱའོ། །གཙོ་བོ་དུར་ཁྲོད་དུ་ནི་རོལ། །ཞེས་པ་ནི་དབུགས་གནས་པས་ན་དུར་ཁྲོད་དོ། །འདིར་ཡང་།
ཤ །རོ་ཡི་ཡོན་ཏན་དབུགས་དེ་རྣམས། །མ། །ཡིད་ཀྱིས་འཁྲུལ་པ་རྒྱས་པ་ཉིད། །ཤ །བགས་ཀྱིས་དེས་རྣམས་རྫོགས་ལྡན་གྱི། །ན། །དུས་སུ་མི་ཡི་མཆོག་ནི་འགྲོ། །དེ་ཡི་ཕྱིར་ནི་རོལ་པ་ཐབས། །དུས་འདི་རུ་ནི་སེམས་ཀྱིས་སྤྲུལ། །དེ་ཉིད་རོལ་མོ་དེར་མགོན་པོ། །སེམས་ཅན་
རྣམས་ཀྱི་སེམས་ཞུགས་པའོ། །ཡང་ན། དབུགས་དབྱུང་ཞེས་པའི་རིགས་འདི་ཡིས། །དུར་ཁྲོད་ཅེས་སུ་བརྗོད་པའི་ཡིན། །འདིའི་དོན་བརྗོད་དེ། ཤྭ ། རང་གི་པདྨའི་སྣོད་ལ་སྟེ། །སྙིང་གར་གསང་བ་ལྔ་ལ་ནི། །སྦྱོར་བ་ཡི་ནི་གནས་སྐབས་ལྔ། །ཟད་པའི་མཚམས་སུ་
རིམ་གྱིས་འབྱུང་། །ས། རོ་ལངས་རྣམས་ནི་རྒྱུ་བ་སྟེ། །འོག །དུ་མ་ལ་སོགས་ཤི་བ་བརྒྱད། །དེ་བཞིན་ལྕེ་བརྒྱད་ཤེས་པར་བྱ། །རྩ་བརྒྱད་ཉིད་ནི་འབར་བྱེད་པའོ། །ཏཱི། །མེ་གནོན་པོ་ཡིས་རབ་གདུངས་པས། །གནས་མཚམས་སུ་ནི་དེས་ན་དཔའ། །གང་གི་ཀེང་རུས་ཡང་འདིས་
འབྱུང་། །མི་རྟོག་དགའ་བ་ངོ་མཚར་བའོ། །ཏྱ་ནི་གར་བྱེད་དཔའ་བོ་སྟེ། །མིག་ལ་སོགས་པའི་དབང་པོ་རྣམས། །བསྲེག་ལ་སོགས་པའི་གནས་བརྟེན་ཏེ། །རང་ལུས་རིག་པའི་བདེ་བའི་བདག །ནྱ་ནི་རྗེས་སུ་གཟུང་བའི་དོན། །མཉེས་པ་ཡང་ནི་ཤེས་རབ་ཕྱིར། །འདིར་ནི་རྣམ་

ཤེས་བརྒྱད་པོ་ཉིད། །སྐྲག་པས་བདག་གི་རྟག་ཏུ་གསད། །ཡ། དེར་ནི་གང་སུ་རུང་མཁའ་འགྲོ། །སྣ་ཚོགས་རྩར་ནི་ཡོངས་བརྟགས་ཕྱིར། །འཇིགས་པའི་སྒྲ་ནི་སྒྲོགས་པས་ཟ། །ཡིད་ཅན་རྣམས་ཀྱི་རང་འདོད་པའོ། །ཡུ། རྣལ་འབྱོར་པ་ནི་ལང་ཚོའི་ཚོགས། །དེ་
ཡི་དབུས་སུ་འོངས་ནས་ནི། །གཞན་གྱི་ལུས་ལ་རོལ་པར་བྱེད། །ནུས་པ་ཡི་ནི་རང་བཞིན་མཆོག །ཀཱ་ནི་རྣམ་གསུམ་ཤེས་བྱ་སྟེ། །བྱ་རོག་བྱ་བཞིན་འུག་པ་རྣམས། །གང་ཅིའང་རུང་བའི་སེམས་སྤངས་པའི། །ཤ་ནི་དེ་རྣམས་ཐམས་ཅད་ཟ། །ཤ། །སྟན་ལ་འགྱེལ་བའི་རོ་རྣམས་
ནི། །ཁུ་བ་བཏུང་བས་རྒྱལ་བའོ། །མ། ཚེག་ཚེག་ཅེས་འབར་དབུས་སུ་ནི། །ཐོད་པ་ཅན་ནི་ངེས་པར་གཟུང་། །ཤ་ཕྱོགས་ཀྱི་གོས་ཅན་རྣལ་འབྱོར་མ། །རོ་ཡི་རྣམ་པས་གར་བྱེད་དོ། །བློ་ལྡན་གཟུང་དང་འཛིན་པ་ཡི། །ཆང་ནི་ཕན་ཚུན་འཐུང་བར་བྱེད། །ན། ཤི་བ་ཁྱེར་བཞིན་
པ་ཡི་ནི། །སེམས་ནི་རྣལ་འབྱོར་མ་སྡུག་པའོ། །ཟད་བྱེད་ཀྱིས་ནི་མེས་བསྲེགས་ནས། །མཁའ་སྤྱོད་ཉིད་དུ་ངེས་པར་འགྲོ། །ཏྱ། ལྷ་ལྔ་ལ་སོགས་རོལ་མོ་རྣམས། །མི་ཤིགས་རྣལ་འབྱོར་བརྒྱུད་པའོ། །སྡུད་པའི་རྣལ་འབྱོར་སྔོན་འགྲོ་བས། །ཕུང་པོའི་བུད་ཤིང་ཙམ་
ཡང་ངོ་། །བྷི། ཞིག་པའི་ལུས་ལས་སྐྱེས་པ་ཡི། །རྣམ་ཤེས་ལུས་ནི་ཐམས་ཅད་འགྲོ། །ལན་བདུན་འཁོར་བའི་ཁམས་རྣམས་ཀྱི། །དེས་ནི་ཉི་མ་བདུན་པར་བརྟགས། །དྷི། ལྷ་ཡི་མངོན་ཤེས་སྔོན་འགྲོ་བས། །བརྟན་པ་ཉིད་ནི་ཡང་དག་འཐོབ། །བྱང་ཆུབ་བརྒྱུད་པས་བག་
ཆགས་ནི། །འདིར་ནི་སླར་ཡང་སྡུད་པར་བྱེད། །ཡ། སེམས་ཀྱི་བག་ཆགས་བཟང་པོ་ཡིས། །འདིར་ནི་གཤིན་རྗེ་སྐྱོང་བར་བྱེད། །ཟབ་མོའི་ཆོས་ནི་བསྟན་ཐོས་པས། །ཆུ་བོ་ཆེན་པོའི་ཕ་རོལ་འགྲོ། །ཏེ། དེ་རྣམས་ཡང་ནི་སྐྱེས་ནས་སུ། །སྲིད་པའི་རྒྱ་མཚོ་བརྩེ་བཞིན་པས། །
སེམས་ཅན་རྣམས་ཀྱི་ལུས་བརྟན་ཏེ། །ཐམས་ཅད་དུ་ནི་སྐྱོབ་པར་བྱེད། །དེ་བཞིན་དུ་ལྷ་མོ་བརྒྱད་ཅེས་པ་ནི། གཽ་རཱི་ལ་སོགས་པས་བསྐོར་ཏེ་རོལ་བའོ། །ཅིའི་ཕྱིར་ཞེ་ན། གཽ་རཱི་གཟུགས་ཀྱི་ཕུང་པོར་འགྱུར། །ཆོམ་རྐུན་མ་ནི་ཚོར་བར་བརྗོད། །རོ་ལངས་མ་ནི་འདུ་ཤེས་ཉིད། །དེ་

བཞིན་ཟ་ཕོད་མ་འདུ་བྱེད། །རྣམ་ཤེས་ཕུང་པོའི་རང་བཞིན་ནི། །བཅོམ་ལྡན་འདས་སུ་ཡོངས་སུ་བརྟགས། །པུཀྐ་སཱི་ནི་ས་ཉིད་དེ། །རི་ཁྲོད་ཆུ་ཡི་ཁམས་སུ་བརྟགས། །གཏུམ་མོ་མེ་རུ་ཤེས་པར་བྱ། །གཡུང་མོ་རླུང་དུ་རབ་ཏུ་བརྟགས། །བདག་མེད་ནམ་མཁའི་ཁམས་
སུའོ། །དེ་ལྟར་ཁམས་རྣམས་དང་མཉམ་པས། །སངས་རྒྱས་འབྱུང་བ་བརྗོད་མི་ལང་། །འགྲོ་བའི་གཉེན་གྱི་རང་བཞིན་གྱིས། །འགྲོ་བའི་གཙོ་བོ་རོལ་པར་འགྱུར། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་མཚན་ཉིད་དོ། །བསྒོམ་པར་བྱ་ཞེས་པ་ནི།
དབང་པོ་རྟུལ་པོའི་རྣལ་འབྱོར་པས་སོ། །རྣལ་འབྱོར་ཀུན་གྱི་བདུད་རྩི་མཆོག །ཅེས་པ་ནི། འབྲིང་དང་ཆེན་པོ་ལ་སོགས་པ་རྣལ་འབྱོར་ཐམས་ཅད་ཀྱི་ནང་ནས་ལས་དང་པོ་བ་དང་པོ་སློབ་མ་རྣམས་ཀྱི་རྣལ་འབྱོར་མཆོག་བདུད་རྩི་དང་འདྲ་བ་བདུད་རྩི་བཞིན་ཐམས་ཅད་ལ་ཁྱབ་པར་བྱེད་པ་
པོ་མི་ཟད་པར་བྱེད་པའི་ཕྱིར་བདུད་རྩི་ལྟ་བུ་མི་འཇིགས་པ་སངས་རྒྱས་ཀྱི་མཛད་པ་ཞེས་པའི་དོན་ཏོ། །དེས་ན་མཆོག་ནི་གཉིས་མེད་པའི་དངོས་པོར་མི་འདོད་པའོ། །དེ་ལྟར་རྩོད་པ་དང་རྫོགས་ལྡན་གྱི་ངེས་པའོ། །འོན་ཀྱང་རྩོད་པའི་དུས་སུ་ཡང་གལ་ཏེ་དབང་པོ་འབྲིང་དང་ཆེན་པོའི་
རྣལ་འབྱོར་པར་འགྱུར་བ་དེའི་ཚེ་འདི་ཉིད་ལ་རང་ཉིད་ཀྱི་དངོས་གྲུབ་མངོན་དུ་བྱེད་པའོ། །དེ་ལྟ་མོད་ཀྱི་རྣམ་པ་དང་བཅས་པའི་སྒོམ་པ་ལྷག་པར་མོས་པས་སོ་ཞེས་པ་ནི་ངེས་པའོ། །ད་ནི་གསུམ་ལྡན་གྱི་ངེས་པར་བརྗོད་པ་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་
ཉིད་ཅེས་པ་ནི་སྔོན་དུ་གསུངས་པའི་ཕྱག་རྒྱ་གཉིས་པའི་ཧེ་རུ་ཀ་རྣལ་འབྱོར་པ་དེ་ཉིད་བཅོམ་ལྡན་འདས་ཏེ་བསྒོམ་པ་གསལ་བས་བཅོམ་ལྡན་འདས་ཀྱི་སྐུར་གྲུབ་པའོ། །དེས་ན་རྣལ་འབྱོར་པ་ཞེས་པ་ནི་སྒྱུ་མའི་རྣམ་པ་གཉིས་ཀྱིས་སྣ་ཚོགས་ཀྱི་དོན་བྱེད་པའི་ཕྱིར་སེམས་ཅན་གྲངས་མེད་པ་
རྣམས་སྙིང་རྗེའི་སྒོ་ནས་ལུས་གསུམ་ལྡན་ལས་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱིས་སངས་རྒྱས་རྙེད་པའི་ཕྱིར། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཧེ་རུ་ཀའི་གཟུགས་སྔོན་ནས་དམིགས་པར་ངེས་པའོ། །དེས་

ན་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པ་ཟད་པར་མ་གྱུར་པའོ། །སེམས་དཔའ་ནི་རིགས་ཏེ་དེ་རྣམས་ལ་རིགས་གཅིག་གིས་ཁྱབ་པར་བྱེད་པ་ཉིད་ཀྱིས་ནི་གཅིག་ཏུ་འགྱུར་རོ། །ཡང་སེམས་དཔའ་ཞེས་པ་ནི་དུས་བཞིའི་ནང་དུ་ཐིམ་པ་རྟག་
པའི་གཟུགས་དེས་གྲུབ་པའི་སྣ་ཚོགས་ལ་ཁྱབ་པར་བྱེད་པ་ཆོས་ཀྱི་སྐུ་དབྱེར་མི་ཕྱེད་པའི་རྡོ་རྗེ་སྟེ། དེ་ཉིད་རྟག་པའི་གཟུགས་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པས་སེམས་དཔའོ། །ཡང་ན་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་རྣལ་འབྱོར་པ་ལས་གཞན་དངོས་པོ་མེད་ཅེས་པའི་དོན་ཏོ། །
དེས་ན་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྒོམ་པའི་དུས་སུ་ཡང་རང་བཞིན་གྱིས་སྙིང་རྗེ་བ་དེས་ན་གསུམ་ལྡན་གྱི་སེམས་ཅན་ཡང་ཅུང་ཟད་ཁྲོ་བོའི་གཟུགས་ཅན་ཡིན་པ་དེས་ན་དེ་རྣམས་གདུལ་བའི་དོན་དུའོ། །ཁྲོ་བོའི་གཟུགས་ནི་འཛིན་པའི་མཆོག །ཅེས་པ་ནི་སྙིང་རྗེ་ཆེན་
པོ་ལས། ཁྲོ་བོ་ཆེན་པོའི་དངོས་པོ་མངོན་དུ་གནས། །ཞེས་པ་ནི་ཁྱད་པར་རོ། །དེ་བཞིན་དུ་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཡོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཐོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཏེ། དེ་ཡང་སངས་རྒྱས་སོ། །འོན་ཀྱང་ཆོས་རྣམས་
ཐམས་ཅད་གསོག་གོ། །སྔོན་དུ་ཡང་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་དུས་སུ་དགེ་བའམ་མི་དགེ་བ་གང་ཡང་བྱས་པ་དེ་སྤངས་པའོ། །དེས་ན་ཐོད་པའི་མཚན་མས་སེམས་ཅན་རྣམས་སད་པར་བྱེད་པའོ། །ལྷ་དང་ལྷ་མིན་གྱི་ཁྲག་གིས་གང་བའི་ཐོད་པ་ཞེས་པ་ནི་གསུམ་ལྡན་གྱི་
དུས་དེར་ལྷ་དང་ལྷ་མ་ཡིན་རྩོད་པར་འགྱུར་ཏེ། ཆགས་པའི་ཉེས་པས་སོ། །དེ་རྣམས་ཀྱིས་ཐོད་པ་མཐོང་བའི་ཕྱིར་རང་གི་སེམས་དྲན་པར་འགྱུར་རོ། །དེ་ལས་བྱུང་བའི་ཆགས་པའི་སེམས་དེ་ཉིད་དང་བྲལ་ཏེ། དེ་ལྟར་མ་རུངས་པའི་སེམས་དང་ཆགས་པ་དག་པར་རྣམ་པར་བཅོམ་པའི་
ཕྱིར་ཁྱད་པར་ཅན་དུ་འགྱུར་རོ་ཞེས་དགོངས་སོ། །དེ་བཞིན་དུ་གཡས་སུ་ཞེས་པ་ནི་ཞེ་སྡང་འཇིགས་པར་བྱེད་པའི་རྡོ་རྗེའོ། །དེ་ཡང་འབར་བའི་བཞིན་ཏེ་འབར་བའི་གཟུགས་སོ། །གང་གི་ཕྱིར་ཞེ་སྡང་གི་མེ་ནི་ཡེ་ཤེས་ཀྱི་མེས་འཇོམས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་གཞན་

ཞེས་བྱ་བ་ལ་སོགས་པ་ལ་ཕག་མོ་བཅོམ་ལྡན་གཟུགས་ཅན་ཞེས་པ་ནི་འདིར་ཤེས་རབ་ནི་ཤེས་བྱའི་རྣམ་པའོ། །དེས་ན་སེམས་ཅན་རྣམས་ལ་ཡང་དག་པའི་ཤེས་བྱའི་བློ་ཉེ་བར་འགྲོ་བ་སྟེ། ཇི་ལྟར་བདག་དེ་ལྟར་སེམས་ཅན། །ཞེས་པའོ། །དེས་ན་བཅོམ་ལྡན་འདས་ཀྱི་གཟུགས་
ཅན་ཏེ། སེམས་ཅན་ཐམས་ཅད་དེའི་བདག་ཉིད་དུ་བྱ་ཞེས་པའོ། །བསྒོམ་པར་ཞེས་པ་ནི་རྗེས་སུ་འཇུག་པར་བྱའོ། །བྱ་ཞེས་པ་ནི་དེ་ལྟར་གསུངས་ཞེས་པའི་དོན་ཏོ། །ད་ནི་གཉིས་ལྡན་གྱི་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་ཉིད་ཅེས་
པ་ནི་ཆོས་ཀྱི་སྐུའི་རང་བཞིན་ལྷན་ཅིག་སྐྱེད་པ་དང་ལོངས་སྤྱོད་རྫོགས་པ་གཉིས་ལས་བྱུང་བ་འདྲེས་པའི་ཆོས་གཉིས་ལྡན་གྱི་དུས་སུ་སྟོང་པ་ཆོས་ཀྱི་སྐུའི་མིང་ཅན་དུ་སྔོན་དུ་གསུངས་ཏེ། དེས་ན་དམ་ཚིག་སེམས་དཔའ་བསྒོམས་པས་དངོས་གྲུབ་ཏུ་འགྱུར་བའམ། སྟོང་པ་ཉིད་ཙམ་
བསྒོམས་པས་སོ། །དེ་ཉིད་ཀྱི་ལྟེ་བའི་ཆ་མེད་པ་ལ་ཞེས་པ་ནི་དམ་ཚིག་སེམས་དཔའ་དེའི་སྙིང་གི་འདབ་མ་བརྒྱད་ཀྱི་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་རང་བཞིན་གྱི་ཡི་གེ་ཨ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །རྩ་གཡོན་པའི་སྲོག་རྒྱུ་བའི་དུས་སུ་ཨ་བ་དྷཱུ་ཏཱི་ལ།
དམིགས་པས་སྲོག་ཐམས་ཅད་འགག་པར་འགྱུར་ཏེ་རྩ་ཐམས་ཅད་ཀྱི་གཅིག་པ་ཉིད་ཀྱིས་སྲོགས་དང་ལྷན་ཅིག་རི་བོང་ཅན་འོངས་ནས་ཨ་བ་དྷཱུ་ཏཱིའི་དབུས་སུ་གནས་པ་དེའི་ཚེ་དཀྱིལ་འཁོར་གྱི་མིང་དུ་བརྗོད་དེ། དེའི་དབུས་སུ་གནས་པའི་ཧཱུཾ་ཡེ་ཤེས་ཀྱི་མིང་ཅན་རང་རིག་པའི་ཡེ་ཤེས་ཞེས་
པའི་དོན་ཏོ། །དེ་ལ་ཡང་སྔོན་དུ་གསུངས་པའི་དམ་ཚིག་སེམས་དཔའ་ཕྱག་བཞི་པའོ། །སྙིང་གར་ཡེ་ཤེས་སེམས་དཔའ་དེ་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་ཞལ་གཡོན་དམར་པོ་གཡས་དཀར་པོ་ཅུང་ཟད་དམར་བར་སྣང་བ་ཞལ་དབུས་མ་སྔོན་པོ་སྔོན་དུ་གསུངས་
པའི་ཁམས་གསུམ་པའི་བདག་ཉིད་ཀྱི་རོ་མནན་པ། ཕྱག་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཕྱག་གཡོན་པའི་དང་པོ་ལ་རྩེ་གསུམ། གཉིས་པ་ན་དྲིལ་བུ། དེ་བཞིན་དུ་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་གྲི་གུག་གོ། །ལྷག་མ་ཕྱག་གཉིས་ཀྱིས་ཤེས་རབ་མ་

རྡོ་རྗེ་ལུ་གུ་རྒྱུད་མ་བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ་ལ་འཁྱུད་པ་སྟེ། དེའི་གཡས་དང་གཡོན་ན་གྲི་གུག་དང་ཐོད་པའོ། །ཞལ་གསུམ་ཡང་ཆགས་པ་ཆེན་པོ་དང་ཞེ་སྡང་ཆེན་པོ་དང་གཏི་མུག་ཆེན་པོའོ། །དེ་ཡང་གཉིས་ལྡན་གྱི་དུས་ཀྱི་གཏི་མུག་ཆེན་པོ་ལས་ལྷན་
ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུའི་མཚན་ཉིད་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ཏེ། དེ་ཡང་གཙོ་བོ་ཞལ་གསུམ་ཕྱག་དྲུག་པའི་དོན་བསྟན་པའོ། །ད་ནི་སླར་ཡང་རྣལ་འབྱོར་མའི་རྒྱུད་ཀྱི་མིང་ཅན་ཟབ་ཅིང་རྒྱ་ཆེ་བའི་མཆོག་གི་རྡོ་རྗེ་སེམས་དཔའི་སྒོམ་པ་སྔོན་
དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་ལོ་བརྗོད་དེ། དེ་རུ་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་པ་ནི་པདྨའི་ལྟེ་བའི་དབུས་སུ་ཧཱུཾ་བསྒོམས་པ་ཞེས་པའི་དོན་ཏོ། །དེ་ལྟར་སེམས་ཀྱི་ས་བོན་ཡེ་ཤེས་ཀྱི་རྣམ་པ་ནི་མེ་ལོང་གི་གཟུགས་བརྙན་བཞིན་རང་བཞིན་གྱིས་དྲི་མ་མེད་པར་སྣང་སྟེ། ཇི་ལྟར་
ཆུ་དང་བའི་ནང་དུ་ཉ་སྐྱེ་བ་དེ་བཞིན་དུ་སེམས་གསལ་བ་ལས་སེམས་ལས་བྱུང་བ་ཧཱུཾ་གི་རྣམ་པ་བསལ་བ་རྐྱེན་གྱིས་བདག་ཉིད་རྒྱུ་དང་འབྲས་བུའི་ཕྱིར་རོ། །དེ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་པདྨའི་ལྟེ་བར་ཨཱ་ལི་དང་ཀཱ་ལི་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་ལས་རྡོ་རྗེ་དེའི་ལྟེ་བར་ཧཱུཾ་གི་འོད་
ཟེར་རྣམ་པ་ལྔ་ནམ་མཁའི་ངོས་སུ་འཕྲོས་ཏེ། འོད་ཟེར་དེ་རྣམས་ཀྱིས་ལྷའི་ཚོགས་བཀུག་ལ་ས་བོན་དེ་ཉིད་དུ་བསྡུ་བར་བྱའོ། །དེ་ལྟར་མཐའ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷའི་གཟུགས་སུ་བལྟ་སྟེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ནི་དྲང་བའི་དོན་
ཏོ། །སླར་ཡང་ངེས་པའི་དོན་གསུངས་པ་འདིར་གཉིས་ལྡན་ལས་རྩོད་དུས་སྤྲུལ་པའི་སྐུ་བསྟན་པའི་ཕྱིར་དེ་ཉིད་དུས་དུས་སུ་འབྱུང་བར་འགྱུར་རོ། །དེ་ཡང་སྔོན་བསྒོམས་པ་གོམས་པ་དང་སྔོན་དུ་གསུངས་པའི་ཚུལ་གྱིས་ཏེ། དེས་ན་སངས་རྒྱས་རྣམས་མངལ་དུ་རིམ་གྱིས་འཇུག་
པར་བརྗོད་དོ། །འདིས་ནི་པདྨ་འདབ་མ་བརྒྱད་པར་ཞེས་པ་མའི་སྐྱེས་གནས་སུའོ། །དེའི་རང་བཞིན་གྱི་ཁ་དོག་ནི་རང་བཞིན་གྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་དཀར་མོའི་བསམ་གཏན་ལ་རྟག་ཏུ་ཆགས་པའོ། །དེ་ཡང་རྣམ་པ་བརྒྱད་དེ་འདི་ལྟ་སྟེ། ཞིང་བརྒྱད་དུ་ནི་རྩ་ནི་

བརྒྱད། །རྩ་བརྒྱད་ཀྱི་ནི་སྣ་ནི་གནས། །དེ་ཉིད་རི་བོང་ཅན་རབ་རྫོགས། །རྟག་ཏུ་མི་འཛག་པར་ནི་གནས། །གསང་བའི་སྙོམས་པར་འཇུག་པ་འདིས། །དཀར་པོའི་བསམ་གཏན་ཡང་དག་སྤྱོད། །རྩ་ནི་རེ་རེ་ཡི་ནི་གྲངས། །རྣལ་འབྱོར་དུས་སུ་བརྗོད་པ་ཡིན། །དེས་ན་རྣམ་པ་
བརྒྱད་ཡིན་ཏེ། །སྐད་ཅིག་ཀྱང་ནི་རྣམ་པ་བརྒྱད། །དེ་ནི་ཐུན་ནི་བརྒྱད་པོ་ཉིད། །དུས་བསྡུ་བ་ནི་སྔོན་འགྲོ་བའོ། །དུས་རྣམས་ཀྱང་ནི་གཟའ་བརྒྱད་དེ། །དེ་རྣམས་བསྡུས་པ་ནག་པོ་ཉིད། །དེ་ལྟར་བསམ་གཏན་ཆགས་དེ་ཡང་། །ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །དེས་ན་སྤྲུལ་
པའི་དངོས་པོར་འགྱུར། །སངས་རྒྱས་རྣམས་ཀྱི་ཡུམ་སྒྱུ་མ། །བདེན་པ་མ་ཡིན་བརྫུན་མ་ཡིན། །རྣལ་འབྱོར་མ་ནི་མཆོག་རྨད་འབྱུང་། །དེའི་ཟླ་བ་ཞེས་པ་ནི་པདྨའི་རིགས་ཅན་གྱི་བྷ་ག་བཟང་མོར་དགོངས་སོ། །དེ་བཞིན་དུ་དེར་ནི་ཞེས་བྱ་བ་ལ་སོགས་པ་ལ། ད་ར་ཞེས་པ་ནི་སྔོན་དུ་
བསྟན་ཏེ། དེ་བཞིན་དུ་སྔོན་གྱི་མཚན་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནི་བསམ་གཏན་དུ་འདུས་པའི་ཕྱིར། སྒྱུ་མ་ཉིད་སྒྱུ་མ་ཆེན་པོ་སྔོན་དུ་གསུངས་པས་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་གིས་མི་འདོད་བཞིན་དུ་འདོད་པ་རྣམས་འབྱུང་
བའོ། །དེའི་ཕྱིར་བསམ་གཏན་གྱི་སྟོབས་ཀྱིས་བསྒྲུབས་པའི་རྣལ་འབྱོར་གྱི་སེམས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་བསྒོམ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པའོ། །རྗེས་སུ་འཇུག་པ་དེ་ཅི་ཞེ་ན། གསུངས་པ་སེམས་དང་སེམས་ལས་བྱུང་བ་འདིར་འགྱུར་ཏེ། དེར་ཕ་དང་མ་
ཡང་དག་པར་སྦྱོར་བའི་ཕྱིར་ཧཱུཾ་ཞེས་པ་ནི་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་གྱི་མིང་ཅན་ནོ། །བསྒོམ་པར་བྱ་ཞེས་པ་ནི་དེར་གནས་པའོ། །དེ་ཡང་ལྷའི་གཟུགས་ཞེས་པ་ནི་ཕ་དང་མ་ཡང་དག་པར་སྦྱོར་བས་རང་རིགས་པའི་ཡེ་ཤེས་ཏེ། བསྲུབ་པ་དང་བསྲུབས་པ་ལས་ཀུན་གཞི་རྣམ་
པར་ཤེས་པ་འཇུག་པ་དེ་དང་ལྷན་ཅིག་རོ་མཉམ་པར་གྱུར་པའོ། །དེ་ཡང་ཞལ་གསུམ་པ་ཞེས་པ་ནི་ཁྲག་དང་ཁུ་བ་དག་གི་དབུས་སུ་དང་པོ་ནག་པོ་ཞེས་པ་རླུང་དང་རྣམ་པར་ཤེས་པའི་རང་བཞིན་ཀུན་གཞི་རྣམ་པར་ཤེས་པའོ། །དེ་བཞིན་དུ་གཡས་དཀར་པོ་ནི་ཁུ་བའོ། །ཞི་བ་ཞེས་

པ་ནི་རང་རིག་པའི་བདག་ཉིད་དོ། །གཡོན་དམར་བ་ལྟ་བུ་ཞེས་པ་ནི་ཁྲག་གི་ཁམས་སོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཞལ་གསུམ་ལ་སྤྱན་དགུའོ། །དེ་ཡང་རྩ་དགུ་སྐྱེས་པའི་དུས་སུ་ས་དགུ་མངོན་དུ་བྱེད་པའི་ཕྱིར་རོ། །མཛེས་པའི་གཟུགས་ཞེས་པ་
ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་ལྟར་ཡང་དེ་རྣམས་ལ་སྲོགས་ལ་སོགས་པའི་རླུང་སུམ་ཅུ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཕྱག་དྲུག་ཅེས་པ་ནི་ལུས་ལ་ཁམས་དྲུག་རྫོགས་པའོ། །དེ་ལྟར་ཡང་གསུངས་པ། མ་ལས་གྱུར་པ་རྣམ་པ་གསུམ། །དེ་བཞིན་ཕ་ལས་
གྱུར་པ་གསུམ། །སྦུབས་དྲུག་གི་ནི་གོང་བུ་འདི། །ལུས་ཀྱི་ཁམས་སུ་བཏགས་པ་ཡིན། །དེ་ཉིད་བསྟན་པ། པགས་པ་ཤ་དང་དེ་བཞིན་ཁྲག །མ་ཡི་གཡོན་གྱི་ཕྱག་ནི་གསུམ། །དེ་བཞིན་རུས་པ་ཚིལ་རྒྱུས་པ། །ཕ་ཡི་གཡས་ཀྱི་ཕྱག་ནི་གསུམ། །རྒྱན་རྣམས་ཀུན་
ནི་རབ་ཏུ་རྫོགས། །ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པའོ། །འོན་ཀྱང་ས་བཅུ་གཅིག་པ་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་སྟེ་དེས་བརྒྱན་པའོ། །དེ་ཡང་། སྔོན་དུ་གསུངས་པའི་མཉམ་ཉིད་གཟུགས། །ཞེས་བྱ་བ་ལ་སོགས་པ་ལས་རྟོགས་པར་བྱའོ། །ཐོད་པའི་
གདན་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡང་དག་པའི་མཐའ་གཉིས་མེད་པའི་རྣམ་པའོ། །དེས་ན་ཐོད་པའི་གདན་ནོ། །དེ་ལྟར་ཡང་གསུངས་པ། ཀ་ནི་གང་ན་ཡང་ཆོས་མེད་དོ། །པཱ་ནི་ཡེ་ཤེས་མེ་ཡིས་རྟག་ཏུ་བསྲེགས། །ལ། རྙེད་དང་མ་རྙེད་རྣམ་པར་སྤངས། །ས།
ལྷན་ཅིག་སྐྱེས་རྣམས་ངོ་བོ་ཡིས། །ན། མི་ནི་སྤྲུལ་པའི་གཟུགས་ཅན་ཏེ། །སཾ། །དར་ནི་རྫོགས་སངས་རྒྱས་བཞུགས་སོ། །སྠི། མངོན་པར་