Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 6

Văn bản gốc(Tây Tạng)

Trang 12 / 21 (50.000 ký tự/trang)
་སོ། །དེས་ན་དེ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་མིའི་ཁྲག་དང་། ཙནྡན་ཡང་དག་པར་སྦྱར་ཞེས་པ་ནི་བཤད་པ་དང་ལྡན་པའི་མི་བསྐྱོད་པའོ། །དེ་བཞིན་སེམས་ལས་འབྱུང་བར་བཤད། །ཅེས་པ་ནི་ཡང་སྔོན་དུ་གསུངས་པའི་པདྨའི་སྣོད་ལ་གནས་པའོ། །དེ་དག་ཐམས་ཅད་བདུད་རྩི་ལྔའོ། །
དེ་ལྟར་དམ་ཚིག་གསུངས་སོ། །གཞན་ཡང་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པའོ། །དེ་བཞིན་དུ་སྔོན་དུ་གསུངས་པའི་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་ངོ་། །དེས་ནི་ངག་དག་པར་འགྱུར་རོ། །དེ་བཞིན་དུ་དེ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །
དེས་ནི་སེམས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བདག་དང་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་དབང་བླ་མའོ། །དེས་ནི་ཡེ་ཤེས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་གནང་བ་སྦྱིན་པའོ། །དེ་ལྟར་སློབ་མ་ལ་ཆོས་བསྟན་པ་སྨྲ་བར་བྱའོ། །
དེ་བཞིན་དུ་ཆོས་བསྟན་པ་ཐོས་ནས་རངས་པའི་སློབ་མས་འདི་བརྗོད་དོ། །དེ་རིང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གང་དང་གང་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་ཡོན་དང་བཅས་པ་སྦྱིན་པའོ། །གཞན་དེ་ཐམས་ཅད་ལ་གང་ཅུང་ཟད་མ་བསྟན་པ་དེ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་དོན་དེ་དེ་

བཞིན་འཆད་བཞིན་པས་བཤད་པར་བྱའོ། །དེས་ན་ཁ་ཅིག་ཏུ་དོན་གསལ་བར་ཁོང་དུ་ཆུད་པར་བྱ་ཞེས་པ་སྟེ། དྲང་བའི་དོན་ཏོ། །ད་ནི་འདི་ཉིད་ཀྱིས་བསྡུས་པའི་ངེས་པའི་དོན་བསྟན་པའི་ཕྱིར། ཁྲུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་རྐང་པ་ནས་ཇི་སྲིད་དུ་མགྲིན་པའི་མཐར་ཐུག་
པར་ཁྲུ་གསུམ་དང་སོར་བཅུ་གཉིས་ལྷག་པར་འགྱུར་རོ། །དེས་ནི་དབྱིབས་ཀྱི་རླུང་བསྟན་པའི་དོན་ཏོ། །བཞི་ཞེས་པ་ནི་ཀོ་སྐོ་ནས་སྣའི་བར་ལ་སོར་བཞིའོ། །འདིས་ནི་ལས་ཀྱི་རླུང་བསྟན་པའོ། །ཅིའི་ཕྱིར་བསྟན་ཞེ་ན་གསུངས་པ། རིག་མ་ཞེས་བྱ་བ་ལ་སོགས་པ་ནི་རིག་མ་ནི་སྤྱན་ལ་སོགས་པའི་
ལྷ་མོ་ལྔ་དཀྱིལ་འཁོར་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་ནོ། །དེ་ཡང་སྔགས་ཀྱི་ལམ་གྱིས་ཏེ། ཡི་གེ་གསུམ་གྱི་རང་བཞིན་གྱིས་རྡོ་རྗེ་བཟླས་པའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་ནང་དུ་ཐིམ་པར་བྱ་བའོ། །གང་གིས་སེམས་དབང་བསྐུར་བར་འགྱུར་བས་སྐད་ཅིག་ཐམས་ཅད་
དུ་བདེ་བ་ལ་དམིགས་པ་ཐོབ་བོ། །དེ་བཞིན་དུ་མངོན་སུམ་དུ་ཕུང་པོ་ཐམས་ཅད་ཀྱི་སྟེ། དེ་ལྟར་ཡང་ཇི་ལྟར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་བདག་ཉིད་དེ་བདེ་བའི་གནས་སོ། །དེ་ལྟར་སེམས་བདེ་བ་ཉིད་དུ་ཡོངས་
སུ་བརྟགས་ཏེ། དེ་ལས་བྱུང་བའི་ཕྱིར་ཞེས་དགོངས་སོ། །དེའི་ཕྱིར་ཇི་ལྟར་སེམས་དབང་བསྐུར་བར་འགྱུར་བ་དེ་བཞིན་དུ། འཇིག་རྟེན་ཁམས་ནི་མཐའ་ཡས་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་དེ་ཐམས་ཅད་བློས་གཟུང་བར་བྱའོ། །
འདིས་ནི་ཀུན་རྫོབ་ཀྱི་བདེན་པ་རང་བྱིན་གྱིས་བརླབས་པའི་བདག་ཉིད་འཐོབ་པོ། །དེས་ནི་ཁམས་གསུམ་པ་སྣ་ཚོགས་པའི་རང་བཞིན་བསྐྱེད་དོ། །དེས་ཀྱང་འགྲོ་བའི་དོན་བྱེད་དེ་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཆེན་པོ་བསྲུངས་པའི་ཕྱིར་འགྲུབ་བོ། །དེ་བཞིན་དུ་སྔགས་ཀྱི་ལམ་གྱིས་དོན་དམ་
པ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་རྡོ་རྗེ་ལྟ་བུའི་སྲོག་འཇུག་པར་འགྱུར་རོ། །དེའི་ཚེ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་རྣམས་སྐྱེད་པར་འགྱུར་བ་ནི་དོན་དམ་པའི་དམ་ཚིག་གོ། །འདི་དོན་ཐམས་ཅད་ནི་དབང་གི་དོན་ཏེ་རྒྱལ་བའི་བདག་ཉིད་གང་གིས་ཡང་དག་པར་ཐོབ་པོ། །མདོར་

ན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རྣལ་འབྱོར་གྱི་རྡོ་རྗེ་སློབ་དཔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོན་ཏན་གྱི་རྒྱ་མཚོ་བཞིན་ཞེས་སོ། །དེས་ན་མ་ལ་སོགས་པ་རྣལ་འབྱོར་མ་བཞི་རིམ་པས་བཟློག་པས་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པས་སྒྲུབ་པར་བྱེད་དོ། །ཡང་ན་ཕྱག་རྒྱ་གཅིག་
བསམ་གཏན་གྱི་ཁྱད་པར་གྱིས་ཇི་ལྟར་ཐོབ་པ་དེ་དང་ལྷན་ཅིག་བྱ་ཞེས་དགོངས་སོ། །གང་དེ་ལྟར་མི་འགྱུར་བ་དེའི་ཚེ་གཞན་རིག་མ་བརྒྱད་པ་ཞེས་པ་བྲམ་ཟེ་མོ་ལ་སོགས་པའོ། །དེ་རྣམས་ཀྱི་ཡང་ཡི་གེའི་དོན་བརྗོད་དེ་རྣལ་འབྱོར་པའི་རྒྱུད་རྒྱས་པ་རྣམས་ལས་ཇི་ལྟ་བ་བཞིན་གསུངས་པ། དྭི། ལྕེ་གཉིས་
འདུས་པའི་གནས་སུའོ། །ཛ། རྒོད་མ་ཡི་ནི་མེ་ནི་འབར། །དྷ། ཡེ་ཤེས་ཐིག་ལེ་འོང་བར་འགྱུར། །རཱ། འདོད་ཆགས་ལ་སོགས་ལྔ་ཟད་པས། །མ། དྲེགས་པ་འབབ་པའི་རྩ་ནི་གང་། །ཐ། ནུ་མའི་དབུས་སུ་རྣམ་པར་གཟུང་། །བཱ། བག་ཆགས་དམ་པ་ཤེས་པར་བྱ། །རཱ། འདོད་ཆགས་ཕུལ་
དབྱུང་བྱེད་པ་ཡིན། །ཛ། རིགས་འབྱུང་དེ་ནི་རྣམ་པར་འཇོམས། །ཀཱི། སྐྲ་ཡི་མཚམས་སུ་སོང་བའི་རྩ། །ཨ། མ་མཆུའི་བདུད་རྩི་བཟའ་བའོ། །ཐ། གང་ཚེ་མགྲིན་པར་འདར་ཞིང་འདར། །བཱ། ཚིག་གི་ཚོགས་མི་འགོག་པའོ། །ཙཾ། བདུད་རྩིའི་རོ་ནི་མྱང་བའོ། །ཌྷ། ཚངས་སྒོ་ཞེས་པ་ཚོལ་འགྲོ་
བ། །ལི། དེར་ནི་མི་ཤིགས་པ་ལ་འཁྱུད། །ཀཱ། དུས་དང་དུས་མིན་གཉིས་དུས་མིན། །དོཾ། སྦྲུལ་བཞིན་དུ་ནི་ཤུགས་འགྲོ་མ། །བཱི། ས་བོན་གཟུགས་ནི་བདུད་རྩིར་སོང་། །མ། ནོར་བུའི་བུ་ག་གཉིས་ལས་གཡས། །ཎི། དེ་འགྲོ་བར་ནི་སེམས་ཅན་སྦྲུལ། །ཀུ། རིགས་དང་རུས་ནི་རབ་ཏུ་
སྐྱེས། །ལ། དབང་ནི་ཐམས་ཅད་ཐོབ་པ་ཡིན། །ཛ། སྤྲུལ་པ་པོ་ནི་རྟག་ཏུ་འབྱུང་། །ཨ། འབྱུང་བ་ཐམས་ཅད་རྣམས་ནི་གནས། །ཐ། བརྟན་པ་ལ་སོགས་གཡོ་དང་བཅས། །བཱ། ཨ་ཝ་དྷཱུ་ཏཱིའི་སྟེང་དུ་འགྲོ། །རཱ། འདོད་ཆགས་བདུད་རྩི་མི་འཛག་ཕྱིར། །ཛྙཱི། རྟག་ཏུ་བདག་ནི་ཤེས་རྣམ་པ། །ན།
ཤེས་པ་མེད་ཅིང་ཤེས་བྱ་མེད། །ཊ། སྒྲུབ་ཐབས་ཐམས་ཅད་དྲན་བཞིན་ཏེ། །ད། དངོས་གྲུབ་ཐམས་ཅད་འོང་བར་འགྱུར། །རཱ། རྒྱལ་པོ་དགྲ་ཡིས་འཇིགས་ཐམས་ཅད། །ཤིལ། མདུན་ནས་དལ་བ་ཉིད་དུ་སོང་། །པི། སེམས་ཅན་གང་དག་སྤྲོ་ཆུང་བ། །ཀ། འདི་ལྟ་བུ་ཡི་མཆོག་ནི་བྱེད། །མ། ཡིད་ཅན་གྱིས་ནི་

ཡོད་མེད་བྱེད། །ཐ། སྲོག་ནི་རྡོ་རྗེ་ལྟ་བུར་བརྟན། །བཱ། བག་ཆགས་བདེ་བ་ཙཾ་ནི་ཉིད། །རྡོ་རྗེ་རླུང་བུ་བསྟན་པ་ཡིན། །འདི་ནི་སྦྱོར་བའི་ལམ་ཡིན་ནོ། །དེ་ནས་མཐོང་བའི་ལམ་གསུངས་པ། །རི་དགས་མིག་ལ་སོགས་པ་ཡི། །འདིར་རི་དགས་བཞིན་དུ་རྣལ་འབྱོར་མིག །བསྒོམ་པ་རྟོག་པ་ཡི་ནི་སེམས། །
རྒྱ་ཆེ་བར་ནི་ལྟ་བའི་ལུས། །དབུ་མ་ཕྲ་མ་སྤངས་པའོ། །བདེ་དང་སྡུག་པ་རོ་སྨད་ཉིད། །ཆོས་ཀྱི་དབྱིངས་ནི་རྒྱ་ཆེའི་ཕྱིར། །ནུ་མ་མཐོན་པོ་ཞེས་པ་འདིར། །སྲིད་དང་མྱ་ངན་འདས་པ་ཉིད། །ལྟ་བའི་སྡོང་པོ་སྤངས་པ་ཉིད། །དེ་དག་གཉིས་མེད་མཆོག་ཏུ་འགྱུར། །སྐལ་བཟངས་ཞེས་པ་འདི་ནི་གསུངས། །
སུ། །བདེར་གཤེགས་འཆིང་བ་དང་ནི་བྲལ། །བྷ། རང་གི་བག་ཆགས་ཀྱིས་ནི་འཁོར། །གཱ། སེམས་ཅན་རྣམས་ཀྱི་རིགས་ནི་གཟུང་། །དེ་ཡང་བསམ་མེད་གཉིས་སུ་མེད། །སྒྱུ་མ་ཉིད་དེ་སྒྱུ་མའི་སྒྱུ། །འཁྲུལ་བས་སྨིག་རྒྱུའི་ཚོགས་ལ་ནི། །ཆུ་ཡི་རྣམ་པ་ཉིད་དུ་མཐོང་། །འཁྲུལ་བའི་ཕྱིར་ན་ཆུ་ནི་མེད། །
དེ་ལྟར་ཐམས་ཅད་དུ་ནི་དོར། །ཟབ་མོའི་ཆོས་ཀྱི་དབྱིངས་ནི་ཉིད། །བཅོམ་པའི་གཟུགས་ལ་འདས་པའི་སྒྲ། །བསྐལ་པའི་དང་པོར་རྟག་ཏུ་གནས། །དམ་ཚིག་ཅེས་པ་དུས་མི་འགྱུར། །སྤྱད་པས་གཉིས་མེད་རབ་ཏུ་འཐོབ། །དེ་ལྟར་ཤིན་ཏུ་གུས་གནས་སུ། །དེ་ཉིད་བརྗོད་མེད་མཆོག་མདུན་དུ། །སྔགས་
དང་རྒྱུད་སོགས་ཐམས་ཅད་ནི། །སྨིག་རྒྱུ་བཞིན་དུ་རྟག་ཤེས་བྱ། །འདི་དག་གཉིས་མེད་བུ་མོ་ཡང་། །གཉིས་མེད་ཆོས་ཉིད་དུ་ནི་གསུངས། །ལུས་ངག་གསུམ་གྱི་སྲིད་གསུམ་དུ། །རིན་ཐང་མེད་པ་བསྒོམ་པའི་བདག །འདི་ཉིད་ཀྱིས་ནི་སེམས་ཅན་ཀུན། །དབང་བསྐུར་ཉིད་བདག་དེ་ཡི་དངོས། །དེ་
ལྟར་བདག་ཉིད་དངོས་གྲུབ་ནི། །ཆོས་རྣམས་ཀྱིས་ནི་རིག་རིམ་གྱིས། །ཡང་ན་ཇི་ལྟ་ཕྱག་རྒྱ་ནི། །ཟབ་མོའི་ཆོས་ཀྱི་ངེས་པས་སོ། །ད་ནི་རྒྱུ་བ་གསུང་པ་སྟེ། །ལོ་ནི་བཅུ་དྲུག་མ་ལ་སོགས། །ལོ་ནི་བཅུ་དྲུག་མ་ཞེས་པ། །འདི་ནི་དགོངས་བཤད་གཞན་ཉིད་ཀྱིས། །འཕོ་བ་བཅུ་དྲུག་ཏུ་ནི་བརྗོད། །དེ་ཡིས་
རྣལ་འབྱོར་མ་རྒྱུ་འགྱུར། །གནས་ནི་བཅུ་དྲུག་གནས་སུའོ། །འཁོར་ལོ་རྩིབས་ནི་བཅུ་དྲུག་ཏུ། །ཐམས་ཅད་དུ་ནི་སྲོག་རྣམས་རྒྱུ། །དེ་བཞིན་འཁོར་ལོའི་དོན་ནི་གསུངས། །ཐིག་ལེ་ལྔ་པ་ལྔ་ཉིད་དེ། །ཕྲེང་བ་བཞིན་དུ་ཡོངས་སུ་གྲགས། །ཟུར་བཞིའི་ཐིག་ལེ་རྣམས་དང་ནི། །དབུས་ཀྱི་ཐིག་ལེ་

ཉིད་ཀྱང་དབྱེ། །ཐམས་ཅད་དུ་ནི་དོར་བྱ་སྟེ། །ཆ་ནི་བཅུ་དྲུག་རྒྱུ་བའི་ཕྱིར། །ཐུན་མཚམས་བཞིའི་ཐིག་ལེ་བཞི། །སྟོང་པའི་ཐིག་ལེ་རྣམས་སུ་བརྟག །གནས་ལྔའི་བུ་ག་རྣམས་སུ་ནི། །ཐིག་ལེའི་གནས་སོགས་སྔོན་འགྲོ་བ། །མཆོག་གི་དེ་ཉིད་ཤེས་པར་བྱ། །ལྔ་གསུམ་
གཅིག་ལ་རྒྱུ་བའི་ཕྱིར། །དེ་ཡང་པད་འདབ་བཞིན་ཞེས་བྱ། །དང་པོ་ཐིག་ལེ་གཙུག་ཏོར་མིང་ཅན་ལས། །ཉི་མའི་ཆ་ནི་བྱུང་ནས་སུ། །གཉིས་པ་ཡི་ནི་དང་པོར་འགྲོ། །ཡང་ནི་གསུམ་པའི་གཉིས་པར་འོང་། །བཞི་པ་ཡི་ནི་དང་པོར་སོང་། །ལྔ་པ་ཡི་ནི་གཉིས་པར་འགྲོ། །དེ་བཞིན་བཞིཔའི་གསུམ་པར་
འགྲོ། །ཡང་ནི་ལྔ་པའི་བཞི་པར་འོང་། །བཞི་པ་ཡི་ནི་ལྔ་པར་འགྲོ། །དེ་ནས་གསུམ་པའི་བཞི་པར་རོ། །གཉིས་པ་ཡི་ནི་ལྔ་པར་འགྲོ། །དེ་ནས་དང་པོའི་བཞི་པར་རོ། །གཉིས་པ་ཡི་ནི་གསུམ་པར་འགྲོ། །དང་པོའི་ཐིག་ལེའི་གཉིས་པར་འགྲོ། །རྟག་ཏུ་གཡས་ནས་བསྐོར་བ་རུ། །ཡང་དག་པར་
ནི་བྱེད་པར་འདོད། །དེ་བཞིན་རིམ་པ་བཞིན་ཤེས་བྱ། །རྐང་པའི་མཐེ་བོང་གཡོན་པ་ནས། །ཕྲག་པ་གཡོན་པའི་མཚམས་སུ་འགྲོ། །བདུད་རྩི་ཡི་ནི་གནས་སུ་འོང་། །ལག་པའི་མཐེ་བོང་ཚིགས་སུ་འགྲོ། །ཡང་ནི་ལྕེ་ཡི་རྩེ་མོར་འོང་། །རྐང་པ་གཡས་པ་རུ་ནི་འགྲོ། །ཕྲག་པ་ཡི་ནི་མཚམས་
སུ་འགྲོ། །དེ་ནས་མཚན་མའི་འབྲས་བུར་འགྲོ། །དེ་ལས་རྩ་བའི་བུ་གར་རོ། །མགྲིན་པ་ནས་ནི་རྐན་དུ་འགྲོ། །དེ་ལས་དྲེགས་པ་འབར་བར་འགྲོ། །སྣ་ཡི་བུ་ག་དག་ཏུ་འགྲོ། །དེ་ལྟར་འཕོ་བ་བཅུ་གཉིས་ནི། །པདྨ་འདབ་མ་བརྒྱད་དུ་གྲགས། །ཕྱོགས་བཞི་རུ་ནི་ཐིག་ལེ་བཞི། །ཤར་ལ་སོགས་
པའི་འདབ་མར་གནས། །འཆར་བ་དང་ནི་ནུབ་པའི་རྒྱུས། །ཕུན་སུམ་ཚོགས་པའི་རིམ་ཤེས་བྱ། །ཉི་མ་འཆར་དང་ཟླ་བ་འཆར། །དེ་བཞིན་སྒྲ་གཅན་ཐིག་ལེ་ཡང་། །དེ་རྣམས་འཛིན་པ་སྔོན་འགྲོ་བ། །དེ་རྣམས་གནས་ནི་རིམ་པ་བཞིན། །དངོས་གྲུབ་རྒྱུ་རུ་བསྟན་པར་བྱ། །ལ་ལ་ནཱ་ཡི་ཁོང་
སྟོང་གནས། །དང་པོ་རྟག་ཏུ་ཤེས་པར་བྱ། །གཉིས་པ་ར་ས་ནཱ་དབུས་ཉིད། །གསུམ་པ་ཨ་ཝ་དྷཱུ་ཏཱིའི་གནས། །བཞི་པ་མགོ་བོ་ཡི་ནི་མཚམས། །འདི་ནི་མཆོག་གི་དེ་ཉིད་དེ། །རྣལ་འབྱོར་མ་ཡི་ཚོགས་རྒྱུ་ཕྱིར། །རབ་ཏུ་འབད་དེ་ཤེས་པར་བྱ། །དུས་དང་དུས་ཚོད་ཉེར་མཚོན་པ། །དེ་ཡང་

གྲངས་ནི་བཅུ་དྲུག་ལ། །སྲོག་དང་རྩོལ་བ་ཉེར་བརྟག་ཕྱིར། །དཀྱིལ་འཁོར་དེ་ཉིད་རླུང་གིས་ནི། །རྣལ་འབྱོར་པ་ཡི་གྲངས་བགྲང་བ། །དབུགས་ནི་དྲུག་བརྒྱ་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས། །ཆ་ནི་རིམ་པར་རྣམ་ཤེས་པས། །རྒྱུ་བ་དེ་ཉིད་རྒྱ་ཡིས་གདབ། །དེ་དག་བཅུ་དྲུག་ལྷ་ཆེན་མོ། །
དེ་ཡི་དབུས་དུ་གྲངས་མེད་པ། །རང་བཞིན་དང་ནི་སྐྱེས་བུར་ཤེས། །སེམས་ཀྱི་གཟུགས་ནི་མཐོང་བའི་ཕྱིར། །དེ་ཡང་ནག་མོ་གཅིག་ལ་སོགས། །གདན་བཞི་པ་ལས་ཤེས་པར་བྱ། །དེ་བཞིན་རྡོ་རྗེ་མཁའ་འགྲོ་རུ། །དུས་ཀྱིས་རྣལ་འབྱོར་མས་ཤེས་བྱ། །ཡེ་ཤེས་རོ་མཉམ་གྱུར་པ་ཡི། །བདུད་
རྩིའི་རྒྱུན་ནི་འབབ་པར་འགྱུར། །འདིས་ནི་འབབ་པར་ཤེས་བྱ་སྟེ། །གནས་བཅུ་དྲུག་ཏུ་འཛག་ཕྱིར་རོ། །དེ་བཞིན་ཨ་ཝ་དྷཱུ་ཏཱིའི་ཆ། །གཞོན་ནུ་ལ་སོགས་ལེགས་བྱེད་ཕྱིར། །དེ་ཡི་ཆ་ནི་དེ་ཚེ་ཤེས། །དུས་ཀྱི་རྩ་ནི་བརྟགས་པ་ཡིན། །དེ་ཉིད་ཀྱིས་ནི་དང་པོར་འགྱུར། །ལང་ཚོ་ནད་མེད་འཕེལ་བའི་
ཕྱིར། །དེ་ལྟར་ཕྱག་རྒྱར་རྟག་ཏུ་བཤད། །སངས་རྒྱས་པ་ནི་འདོད་བཟང་ལྷ། །འདི་ལྟ་བུ་ཡི་ཕྱག་རྒྱས་གདབ། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །དེ་ཡི་གཟུགས་ཀྱིས་ཕྱི་རོལ་སྡུད། །གསུམ་ལ་སྐྱབས་འགྲོ་སོགས་དོན་བཞིན། །འོན་ཀྱང་སེམས་ཅན་དོན་དབང་ལས། །ཕྱི་རུ་དོན་ཉིད་བསྟན་པ་ཡིན། །
རང་རིག་བདག་ཉིད་ལས་ནི་གཞན། །གཞན་དུ་ཕྱག་རྒྱ་བརྗོད་པ་མིན། །དེ་ལྟར་འདི་ནི་བསྟན་པ་ཡང་། །སློབ་མ་རྣམས་ལ་བརྩེ་དབང་གིས། །དེ་ཡང་སྔ་མ་བཞིན་དུ་འབྱུང་། །མི་བསྐྱོད་ལ་སོགས་བདེ་གཤེགས་དྲུག །འདིར་ནི་བསྟོད་པ་ཡང་ནི་བྱེད། །བདུད་ཅེས་བྱ་སོགས་ཚིགས་བཅད་ཀྱིས། །
སྟོང་པ་དངོས་པོ་ཀུན་གྱི་མཆོག། །དེ་ཡི་སྙིང་པོ་རྫོགས་ལོངས་སྤྱོད། །དེ་ཡང་ལྷན་ཅིག་སྐྱེས་པ་ཙམ། །རྟོག་པ་ཡི་ནི་དྲ་བ་སྤངས། །འོད་གསལ་ཞེས་པའི་ཆོས་འདི་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ། །ཡེ་ཤེས་ཀྱི་ནི་སྐུ་དེ་ཡིས། །བླ་མ་དམ་པ་ཕྱག་འཚལ་བསྟོད། །མི་བསྐྱོད་དངོས་
པོའི་གཟུགས་ཀྱིས་ནི། །རྟག་ཏུ་གཙོ་བོ་ཀུན་དུ་བཞུགས། །སླར་ལ་ཡང་ནི་རྣམ་སྣང་མཛད། །མགོན་པོ་དམིགས་པ་ཡི་ནི་མཆོག །དེ་ཡི་བསྟོད་པའི་ནང་ཆུད་པ། །སངས་རྒྱས་གངྒཱའི་བྱེ་མར་འདོད། །འགྲོ་བ་ཞེས་སོགས་ཚིགས་སུ་བཅད། །དེ་ལྟར་སེམས་ཅན་ཐམས་ཅད་ནི། །དེ་རྣམས་ལ་ནི་

བསྟན་པའི་ཆོས། །རིན་ཆེན་འོད་ཟེར་སྙིང་གསང་བ། །རྡོ་རྗེ་མི་ཕྱེད་བྱེད་པ་ནི། །སེམས་དཔའ་རྟག་ཏུ་རྒྱུན་ཆགས་པས། །ཆོས་ཀྱི་དབྱིངས་ནི་དེ་ཡི་གཞི། །དེ་ལྟར་རིན་ཆེན་རྡོ་རྗེ་ཆེ། །བླ་མ་སྟོན་པ་འགྲོ་བའི་གཙོ། །མ་བྱོན་རྡོ་རྗེ་སེམས་དཔའ་ནི། །དངོས་པོ་ཀུན་གྱིས་ཕྱག་
འཚལ་ལོ། །ཡང་ནི་དཔག་མེད་རྡོ་རྗེ་རུའི། །ཡང་དག་བཞུགས་པ་ཁྱོད་དཔའ་བོ། །རྫོགས་སངས་རྒྱས་དག་ཐོབ་ཕྱིར་དང་། །སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར། །དེ་བཞིན་བྱང་ཆུབ་སེམས་བསྒྱིངས་ནས། །དེ་ཉིད་ལ་སོགས་ཡང་དག་བསྟན། །དེ་ལྟར་ཡང་ནི་ལུས་ལ་ནི། །བྱང་ཆུབ་སེམས་
ནི་འབྱུང་བ་ནི། །དོན་དམ་པ་ཡི་གཟུགས་ནི་ཉིད། །དེ་ཡི་རང་བཞིན་ཅན་ཕྱག་འཚལ། །དེ་བཞིན་དཀོན་མཆོག་གསུམ་ལ་སོགས། །ཐེག་པ་ཆེ་ལ་སོགས་ཆོས་ཉིད། །ལུས་ལས་ཡང་དག་འབྱུང་བ་ཡིན། །དོན་ཡོད་གྲུབ་པ་དབང་བསྒྱུར་བས། །བསྟན་པ་དང་ནི་གཡོ་སྣ་ཚོགས། །གཙོ་བོ་ཁྱོད་
ཀྱིས་སྤྲུལ་བྱེད་ཅིང་། །ཁམས་གསུམ་ལ་སོགས་བསྐྱེད་པ་དང་། །འདུ་བྱེད་ཞི་བར་བྱེད་པའོ། །དེ་ལྟར་སྐུ་སོགས་རྡོ་རྗེ་གསུམ། །དཔའ་བོ་ཡིས་ནི་ཕ་རོལ་འགྲོ། །དཔའ་བོ་འགྲོ་བའི་བྱ་བ་སྤྱོད། །དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །རྡོ་རྗེ་སེམས་དཔའ་
བདག་དངོས་ཀྱིས། །གཙོ་བོ་ཁྱོད་ནི་ཡང་དག་བཞུགས། །རྡོ་རྗེ་སེམས་དཔའ་འགྲོ་བ་ཉིད། །གཟུགས་བརྙན་བཞིན་དུ་མཛད་པའོ། །དེས་ན་ཁྱོད་ཀྱི་སྐུ་ཉིད་ནི། །འདོད་པ་ཡི་ནི་དངོས་གྲུབ་སྟེ། །དཔལ་ལྡན་ལ་སོགས་གོ་སླའོ། །དེ་བཞིན་གཤེགས་པ་དྲུག་རྣམས་ཀྱིས། །སྲས་པོ་གཉིས་ལ་
ཕྱག་འཚལ་བསྟོད། །ཡོན་ཏན་ལ་སོགས་གོ་སླའོ། །ཞེས་པ་ནི་ངེས་པའོ། །ད་ནི་ཏིང་ངེ་འཛིན་ཡང་དག་པའི་སྦྱོར་བས་བྱང་ཆུབ་སེམས་ཀྱི་གསང་བའི་དབང་བརྗོད་པའི་ཕྱིར། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སློབ་དཔོན་ནི་སྔོན་ནས་གྲུབ་པའི་ཕྱིར་དེའི་ལུས་ཀྱི་དཀྱིལ་འཁོར་
དང་པོའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ཕྱག་རྒྱའི་སྦྱོར་བས་བསྐྱེད་པར་བྱའོ། །སླར་ཡང་དེ་ཉིད་ནི་གཅིག་སྟེ་བདག་གི་དངོས་པོའོ། །གཉིས་པ་ནི་གཞན་ལ་ཕན་པའོ། །གང་བདག་གི་དངོས་པོ་དེ་ཡང་ནང་གི་བླ་མའོ། །དེའི་ཕྱིར་པདྨའི་སྣོད་ཨ་ཝ་དྷཱུ་ཏཱིའི་དབུས་སུ་འོངས་ཏེ། ལྟེ་

བའི་དབུས་སུ་ངལ་བ་སོས་པའི་བྱང་ཆུབ་སེམས་སོ། །རྒྱལ་བ་བདག་ཉིད་སྐྱེས་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་བདག་ཉིད་དོ། །ཨུ། མཆོག་གི་དེ་ཉིད་འབྱུང་བར་འགྱུར། །དྷཱུ། ཕོ་ཉ་ཕོ་ཉ་མོ་རང་བཞིན། །ཏ། དེ་ནི་བདེན་པ་ཆེན་པོའི་སེམས། །ཙ། སྒྱུ་མ་ཡིས་ནི་སྡུད་པར་བྱད། །མ། ཡིད་ཀྱིས་དབང་
བསྐུར་བ་ནི་སྦྱིན། །རཻ། འདི་དག་ཚོགས་ཀྱི་དཀྱིལ་འཁོར་ཏེ། །ཚྭ། བདེ་བའི་སྐུ་ཡི་དྲི་མ་ཉིད། །ཏཻ། ཁམས་གསུམ་སྤྲོ་བ་ཉིད་ཀྱིས་ནི། །གཱ བདེ་བ་ཕུན་སུམ་ཚོགས་པ་གཟུང་། །ཐཱ། གནས་དང་གནས་མིན་ཉམས་དགའ་བ། །མ། བཀྲ་ཤིས་ཡིད་ཅན་རྣམས་ཀྱིས་ཡོངས་སུ་རྫོགས། །ག། གསང་
བའི་དུས་སུ་སོང་ནས་ནི། །ལ། བདེ་བ་དམིགས་པ་བརྒྱུད་པ་ནི། །གྷི། རི་བོ་ཡི་ནི་ཕྱིར་མཆོད་པ། །ཏི། ཏིལ་ལས་མར་ཁུ་འབྱུང་བ་བཞིན། །བྷི། འབྱུང་བའི་རྩིག་པ་ལ་ནི་བརྟེན། །དེ་ལྟར་ཕྱག་རྒྱ་ཕྱག་རྒྱ་ཆེ། །ལྡན་པ་རྣལ་འབྱོར་པ་དེ་ནས། །སློབ་མ་དབང་བསྐུར་བྱ་ཞེས་པ། །དེ་ནི་འབྱུང་ཆེན་བདག་ཉིད་
ལས། །འབྱུང་ལས་གྱུར་པའི་དངོས་པོ་འབྱུང་། །དེ་ཐམས་ཅད་ནི་སློབ་མར་འགྱུར། །འགྲོ་བའི་གཙོ་བོར་ཞེས་པ་ནི། འགྲོ་བའི་གཙོ་བོར་བྱ་བའི་ཕྱིར་རོ། །བྱ་ཞེས་པ་ནི་སློབ་དཔོན་གྱིས་དབང་ངོ་། །དེ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །དེའི་ཕྱིར་མཆོག་གི་དབང་ཕྱུག་ཏུ་འགྱུར་ཏེ། སངས་
རྒྱས་ཉིད་དུ་ངེས་པའོ། །ད་ནི་དེ་རྣམས་ཀྱི་རྟེན་བརྗོད་པའི་ཕྱིར། །བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པར་བྱ་ཞེས་པ་ནི་ཕྱིའི་རྣལ་འབྱོར་མ་ཞིང་སྐྱེས་དང་སྔགས་སྐྱེས་དང་ལྷན་ཅིག་སྐྱེས་མ་གནས་ལས་སྐྱེས་པ། འཆད་བཞིན་པ་རྣམས་ཀྱི་མངལ་དུ་འཇུག་པར་འགྱུར་ཏེ། དེ་བཞིན་དུ་དེ་ཡང་གལ་ཏེ་
རྣལ་འབྱོར་པ་སྔོན་དུ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་རྣམ་པར་མོས་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་འགྱུར་བ་དེའི་ཚེ་རྒྱུ་དེས་ནི་ཕ་དང་མ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་དག་གི་རིགས་ལས་སྐྱེ་བར་འགྱུར་ཞེས་སྦྱར་རོ། །འོན་ཏེ་རྣལ་འབྱོར་གྱི་རྒྱུད་གཅིག་པུ་ལ་མོས་པ་དེས་ན་ཕ་ནི་དཔའ་བོ་ལ་སོགས་
པ་ཡོན་ཏན་གྱིས་བརྒྱན་ཅིང་། མ་ནི་ཐ་མལ་པའི་བུད་མེད་དོ། །དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་ལ་མོས་པ་དེས་ན་མ་ནི་དཔའ་མོ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་ཏེ་ཕ་ནི་ཐ་མལ་པའི་སྐྱེས་པའོ། །དེས་ན་ཅུང་ཟད་མ་གྱུར་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་

གཟུང་བར་བྱའོ། །དེས་ན་དག་པའི་སེམས་དེ་སྦྱིན་པར་བྱ་ཞེས་སྦྱར་རོ། །དེས་ན་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ལྟར་དམ་ཚིག་ཅེས་པ་ནི་བརྡའི་སྐད་ཀྱིས་གསུངས་པའོ། །ཉམས་དགའ་ཞེས་པ་ནི་རང་རིག་པའི་བདག་ཉིད་དོ། །བཟང་པོ་ཞེས་པ་ནི་སྣ་ཚོགས་པ་ཉིད་ཀྱི་
རང་བཞིན་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའོ། །འདུས་བྱས་ཞེས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་དེའི་གནས་སོ། །ཁྲག་ཆེན་པོ་ཞེས་པ་ནི་འདིར་དེའི་རང་གི་ངོ་བོ་ལས་བྱུང་བའི་སེམས་དེ་མ་ཡིས་ཀྱང་རྣལ་འབྱོར་གྱི་ནུས་པས་དེའི་དུས་སུ་མཐོང་ངོ་། །དེའི་ཚེ་རང་གི་བདག་ཉིད་ཆགས་
པ་ཆེན་པོའི་ཏིང་ངེ་འཛིན་ལ་དམིགས་པར་བྱ་སྟེ། དེས་རང་བྱུང་གི་མེ་ཏོག་བསྐྱེད་པ་དེ་ནི་ཁྲག་ཆེན་པོའོ། །དེ་དང་ག་བུར་བཅས་ཞེས་པ་ནི་རང་རིག་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ། དེ་ཡང་དེ་བཞིན་དུ་བསྐྱེད་ཅེས་པའི་དོན་ཏོ། །འོན་ཀྱང་ཙནྡན་དམར་པོ་དང་སྦྱར་ཞེས་པ་ནི། ཕ་ཆགས་པ་
ཆེན་པོ་སྐྱེས་པ་དེས་ན་རྣལ་འབྱོར་མ་བསྐུལ་ཏེ། དེས་ཀྱང་འཁྱུད་པ་ལ་སོགས་པ་བྱེད་དོ། །དམར་པོ་ནི་ཆགས་པས་མཆོད་པའི་ཕྱིར་དེའི་ཚེ་ཙནྡན་དྲི་བཞིན་བྲི་བའོ། །ཇི་ལྟར་ཕྱིའི་རྣམ་པར་རྟོག་པས་རྡུལ་ཕྲ་རབ་ལྟ་བུའི་སེམས་ཅན་རྣམས་ཤིན་ཏུ་ཕྲ་བར་འགྱུར་ཏེ། དྲི་སྣོམ་པས་ན་དྲི་ཟའོ། །དེ་བཞིན་
དུ་འདིར་ཡང་ཐ་མལ་པའི་བྱང་ཆུབ་སེམས་ནི་དྲི་མ་མེད་པ་སྟེ། ཐ་མལ་པའི་བག་ཆགས་ཀྱི་དབང་གིས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དེ་ལྟ་བུ་མ་ཡིན་ཏེ། ཆགས་པ་ཆེན་པོའི་བདག་ཉིད་ཙནྡན་བཞིན་དུ་དྲི་ཤེས་པར་བྱ་སྟེ། བག་ཆགས་ཁྱད་པར་ཅན་ལས་རང་རིག་པ་ཉིད་དུ་འགྱུར་རོ། །དེ་བཞིན་
དུ་ཡང་ཇི་ལྟར་ཙནྡན་གོ་ཤིཪྵའི་དྲི་བསྣམས་པ་ཙམ་གྱིས་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་དུ་རང་རིག་པའི་བདེ་བ་ཉེ་བར་མཚོན་པ་ཙམ་གྱིས་འཁོར་བའི་བག་ཆགས་རྣམས་ཀྱི་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །དེ་ཡང་དེ་ཉིད་བག་ཆགས་སུ་འགྱུར་ཏེ། དེའི་ཚེ་
དྲི་ནི་སེམས་ཅན་ཐམས་ཅད་ཀྱི་མིང་ཅན་དེ་དེ་བཞིན་ནོ། །མ་དང་ཕའི་དྲི་ཞིམ་པོའི་ཙནྡན་བཞིན་དུ་དེ་དག་གི་དྲི་བསྣམས་ཞེས་པ་སྟེ་ངེས་པའོ། །རྡོ་རྗེ་ཆུ་དང་བཅས་པ་ཞེས་པ་ནི་ཕའི་བྱང་ཆུབ་སེམས་འཛག་པའི་དུས་སུའོ། །ལྔ་པ་སེམས་ལས་བྱུང་བ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་

འཁོར་གྱི་སེམས་ཅན་དེ་ཡང་རྣལ་འབྱོར་པ་རྣམས་ཀྱི་སེམས་ཁྱད་པར་ཅན་ལས་བྱུང་བ་དེ་ཉིད་མ་དང་ཕའི་བདེ་བ་དང་ལྷན་ཅིག་རོ་གཅིག་པར་གྱུར་པ་སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར། འདི་དེ་དམ་ཚིག་ཡང་དག་འདོད། །ཅེས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཀྱི་མཚན་
ཉིད་དེ་ཡང་དེ་བཞིན་གཤེགས་པས་དཔལ་འདུས་པ་ལ་སོགས་པའི་རྒྱུད་ཐམས་ཅད་སངས་རྒྱས་ཐམས་ཅད་ཡང་དག་པར་བཞེད་པ་གསུངས་སོ། །དེ་རྣམས་ཀྱང་ཐོག་མ་མེད་པའི་དུས་སུ་གསུངས་སོ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་བཟང་པོ་བསྐྱང་བར་བྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་
དུ་སྡོམ་པ་ནི་གྲུབ་པའི་རྣལ་འབྱོར་པས་སྲོག་ཆགས་གསད་མི་བྱ་ཞེས་པ་ནི་མྱུར་དུ་མྱ་ངན་ལས་འདས་པར་མི་བྱ་ཞེས་དགོངས་སོ། །བུད་མེད་རིན་ཆེན་དོར་མི་བྱ། །ཞེས་པ་ནི་དཔལ་སྒྱུ་མ་ཡོངས་སུ་མི་དོར་ཞེས་པའི་དོན་ཏོ། །ཡང་ན་གལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་ན། དེའི་ཚེ་སློབ་དཔོན་
གྱིས་ཏེ། དེ་ནི་དོར་ཞེས་པ་ནི་འཇིག་རྟེན་གསུམ་སྤྱོད་པར་མི་འགྱུར་བ་དེའི་ཚེ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་མི་འགྱུར་རོ། །དེའི་ཕྱིར་སྡོམ་པ་མི་འདོར་ཏེ། ཇི་སྲིད་དུ་ནམ་མཁའི་སྦྱོར་བ་འཛིན་པ། དེ་སྲིད་དུ་སྒྱུ་མའི་ལུས་བཞིན་དུ་བརྟག་ཅེས་པ་ནི་མཆོག་གི་སྡོམ་པའི་ངེས་པའོ། །སྔོན་
དུ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་གསུངས་པའི་ཚུལ་གྱིས་རིག་མའི་རང་བཞིན་གྲུབ་པ་རྣམས་མཐོང་བའི་ཕྱིར་གསང་བའི་དབང་ངོ་། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །བདག་གི་རྣལ་འབྱོར་མ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱི་ལ་བརྟེན་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དག་
པ་དེའི་ཚེ་སྔ་མ་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སིཧླ་ཞེས་པ་ནི་སྒྱུ་མར་ཡིད་ཆེས་པ་རང་འབྱུང་ཆགས་པ་ཆེན་པོའི་ཁྲག་སྙིང་རྗེའོ། །ག་བུར་ཞེས་པ་ནི་ཡི་གེ་ལྔ་སྟེ། ཀ་ནི་སྡོང་བུའི་རྩ་བ་རུ། །རི་ན་བུ་ག་ལྔ་རུའོ། །པ་ནི་རླུང་ལྔ་རྣམས་སུའོ། །ཨུ་ནི་ཡི་གེ་མི་འགྱུར་བའོ། །ར་ནི་འཚེད་པའི་
ཆགས་སྦྱོར་བས། །བུད་མེད་དེ་ནི་མི་འཛག་བྱེད། །ཅེས་པ་ནི་སྙིང་རྗེར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མཆོག་ཏུ་མི་འགྱུར་བའི་རིག་པ་ཐོབ་པའོ། །དེ་སྲིད་བསྟེན་ཞེས་བྱ་བ་ནི་སྦྱོར་བའི་ཡན་ལག་དྲུག་གིས་རྒྱུན་དུ་གོམས་པར་བསྟེན་པའོ། །

དེ་སྲིད་ཁུ་བ་དང་ལྡན་འགྱུར། །ཞེས་པ་ནི་དེ་གོམས་ནས་རབ་ཀྱི་མཐར་ཐུག་པས་ཡང་དག་པའི་ཡེ་ཤེས་མཐོང་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བའོ། །དེ་བཞིན་དུ་ཕྱག་རྒྱའི་འབྲས་བུ་བསྟན་པའི་ཕྱིར། ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ནི་
རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །གདོང་ནི་བཀབ་ནས་སུ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་དེ་ཉིད་བེམས་པོ་དང་བཅས་པའོ། །དེས་ན་ཐབས་ཀྱི་ཞེས་པ་ནི་རྣམ་པར་ཤེས་པའི་བྱ་བ་སྟེ། དེ་ཡང་སྙིང་རྗེ་ཆེན་པོ་རྡོ་རྗེའི་རང་བཞིན་བསམ་དུ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན་
གདོང་བཅིངས་པའོ། །དེ་ཉིད་ཀྱིས་ན། དམིགས་པ་མེད་པའི་བདེ་བའི་རྒྱུ། །ཡེ་ཤེས་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་པ་ནི་ངེས་པའོ། །འདི་དག་གི་ཡེ་ཤེས་དེས་སློབ་མ་མངོན་ཤེས་དྲུག་དང་ལྡན་པ་རྣམས་ཀྱི་ཁ་ནས་ཁ་རུ་སྤྲོས་པའོ། །ཐམས་ཅད་དེའི་རང་བཞིན་ཞེས་པ་ནི་མདོར་བསྡུས་ནས་
སྤྲུལ་པའི་སྐུ་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཐམས་ཅད་དེའི་བདག་ཉིད་ཀྱིས་ན་ཡེ་ཤེས་དང་ཡེ་ཤེས་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་གི་སྒོ་ནས་བྱང་ཆུབ་སེམས་སློབ་དཔོན་དང་རྣམ་པར་ཤེས་པ་སློབ་མའི་འབྲས་བུ་བརྟག་པའི་མན་ངག་བསྟན་པའི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་
གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི་འོག་དང་སྟེང་གི་དབྱེ་བས་ཡེ་ཤེས་དང་ཤེས་བྱའི་བདག་ཉིད་དུ་འགྱུར་བའོ། །དེ་ཡང་ཀུན་རྫོབ་ཏུ་སྟེང་རྐང་པ་གཉིས་ཀྱི་བར་དང་དེ་བཞིན་འོག་སྤྱི་བོའོ། །དེ་བཞིན་དུ་ཐབས་ནི་སྟེང་ངོ་། །ཤེས་རབ་ནི་འོག་གོ། །དེ་དག་གི་སྟེ་འོག་དང་སྟེང་དག་ཏུ་ཡེ་
ཤེས་དང་ཤེས་བྱ་དག་གིས་སྙོམས་པར་འཇུག་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་བླ་མ་དེ་བཞིན་དུ་གསུངས་པར་འགྱུར་རོ། །དེའི་དངོས་པོ་རང་རིག་པ་སྐྱེད་པར་བྱེད་པ་ནི་སློབ་མའོ། །དེའི་ཡང་ཤེས་རབ་ནི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེས་ན་མཉམ་པའི་རོ་ཞེས་པ་ནི་རིལ་པོར་འཛིན་པ་
དང་རྗེས་སུ་གཞིག་པས་རོ་གཅིག་པར་བྱེད་པའོ། །བཙན་ཐབས་ཀྱི་སྦྱོར་བའི་སེམས་ཀྱི་སྲོག་དང་ཐུར་སེལ་ཕྲད་པ་འདི་དག་གི་སྙོམས་པར་འཇུག་པ་ནི་སློབ་མ་དང་ཤེས་རབ་དེ་ཉིད་དུ་འདུ་ཤེས་གསུངས་པའི་ཕྱིར་རོ། །ཡང་དེ་ཉིད་དུ་ཞེས་པ་ནི་སྔོན་དུ་གསུངས་པའི་ཡི་གེ་གཉིས་བསྟན་

པའོ། །ཨེ་ཝཾ་ཞེས་པ་རིམ་ལས་བཟློག་པས་ཝཾ་ནི་སྤྱི་བོར་རོ། །ཨེ་ནི་ལྟེ་བའི་རྩ་བར་རོ། །དེ་ལྟར་གཉིས་ཀ་འདུས་པ་ནི་ཝཾ་ཞེས་སོ། །སྲིད་པ་གསུམ་ནི་ཐམས་ཅད་ཤེས། །ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱིས། །ཐིག་ལེ་རྡོ་རྗེ་རླུང་གིས་ནི། །རེག་པས་དེར་ནི་ཐིམ་པར་འགྱུར། །དེ་
བཞིན་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྗེས་ཐོགས་དེ་ཉིད་དུ་ཚིག་གི་སྒོ་ནས་བསྟན་པ། དེ་ནི་དབང་བླ་མ་ཞེས་བརྗོད་དོ། །དེས་ཀྱང་བརྟགས་པའི་ཕྱིར་མན་ངག་བརྟན་པར་འགྱུར་རོ། །དེ་བཞིན་དུ་བདག་དང་གཞན་ཞེས་བྱ་བ་ནས། ཇི་སྲིད་དངོས་དང་དངོས་མེད་ཅེས་པའི་མཐར་ཐུག་པ་དཔེས་
ཉམས་སུ་མྱོང་བའི་མཐར་དཔེ་མེད་པའི་བྱང་ཆུབ་སེམས་ཀྱི་བླ་མ་ཞེས་པ་བརྗོད་དུ་མེད་པ་དེ་ནི་རང་རིག་པའི་ཡེ་ཤེས་སོ། །ལྷག་མ་འདི་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ནི་གོ་སླའོ། །དེའི་མན་ངག་བསྟན་པའི་ཕྱིར། དང་པོ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྱི་བོ་
ནས་བྱང་ཆུབ་སེམས་འཛག་པའི་དུས་སུ་དང་པོ་ཉིད་དུ་དགའ་བ་སྐྱེའོ། །དེ་ཡང་མི་གཡོ་བའི་ཏིང་ངེ་འཛིན་གྱིས་དཔའ་བོའོ། །སླར་ཡང་བྱང་ཆུབ་སེམས་ལྟེ་བའི་གནས་སུ་ཕྱིན་པའི་ཚེ་དམ་པར་དགའ་བ་སྐྱེའོ། །རྣལ་འབྱོར་མ་ཞེས་པ་ནི་དེ་བཞིན་དུ་སྦྱོར་བའི་ལམ་གྱི་སྟེང་དུ་རྒྱུ་བ་སྟེ། རླུང་ཕྲད་
པའི་ཕྱིར་ཞེས་གསུངས་པས་སོ། །དེས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལ་རྣལ་འབྱོར་ཞེས་བརྗོད་དོ། །གཉིས་པོ་འདི་དག་ལས་བདེ་བ་བསྐྱེད་པའོ། །རྩ་ཐམས་ཅད་རྒྱུ་བའི་ཕྱིར་ཨ་ཝ་དྷཱུ་ཏཱིས་ཐམས་ཅད་ལ་ཁྱབ་སྟེ། དེ་ཉིད་དཀྱིལ་འཁོར་གྱི་སྲོག་གི་ཆ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་
ཤེས་སོ། །དེས་ན་མཆོག་ཏུ་ཆགས་པས་དགའ་བ་མི་འཛག་པའོ། །དེ་ཉིད་ཀྱིས་ན་མ་ལུས་པ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཡེ་ཤེས་སོ། །དེས་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་བདེ་བའི་ཐབས་ཀྱིས་ཐམས་ཅད་རིག །ཅེས་པ་ལ། དེ་ཞེས་པ་ནི་ཡེ་ཤེས་ཀྱི་རྣམ་པར་གཞག་པ་དང་
བྲལ་བ་དེ་ཉིད་ཀྱི་མིང་བསྟན་པའི་སྒོ་ནས་ཏེ། དེས་ན་འདི་ཉིད་མཆོག་ཏུ་ཆགས་པའི་དགའ་བ་དང་དགའ་བ་ལ་སོགས་པ་གསུམ་གྱི་ཐབས་ཀྱིས་ཆོས་རྣམས་ཐབས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དང་དེའི་སྙིང་པོ་རང་རིག་པའི་ཡེ་ཤེས་ཏེ། རྣལ་འབྱོར་གྱི་རང་བཞིན་ཉིད་ཀྱིས་ན་འོད་གསལ་བའོ། །

འདི་དག་གི་བསམ་གྱིས་མི་ཁྱབ་པ་ནི་གཉིས་མེད་པའོ། །དེའི་རིགས་ཞེས་པ་ནི་སྐྱེད་པར་བྱེད་པའི་དགའ་བ་གསུམ་མོ། །དེའི་ཕྱིར་འདི་དག་ནི་བླ་མར་བརྗོད་དེ་བསྐྱེད་བྱ་དང་སྐྱེད་བྱེད་འབྲེལ་པའི་ཕྱིར་ཞེས་དགོངས་སོ། །དེ་ལྟར་དོན་དམ་པ་མཐོང་བ་ཞེས་པ་ནི་ངེས་པའོ། །དེའི་ཚེ་
འདིར་གལ་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཅིག་ཏུ་འགྱུར་ན་དེ་ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདིར་སེམས་ཅན་གྱི་དོན་བྱེད། གལ་ཏེ་རེ་ཞིག་ཕྱིའི་བྱ་བ་བཀག་ན་སློབ་མ་ལ་ཆོས་བསྟན་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ནང་དུ་བསྒོམས་པས་སོ། །དེས་ན་རང་གི་དོན་མི་འབྱུང་
སྟེ། སྔོན་དུ་མ་ཐོས་པའི་ཕྱིར་རོ། །ཅིའི་ཡང་ཐོས་པ་བརྒྱུད་པ་མེད་པར་སེམས་ཅན་གྱི་དོན་དུ་འགྱུར་རམ་ཞེས་འགའ་ཞིག་གི་ཚིག་ཏུ་འགྱུར་ན་དེའི་མ་བརྗོད་དེ་བཅོམ་ལྡན་འདས་ཀྱིས་བཀའ་གསུངས་པ། དང་པོ་དགའ་བ་ཞེས་བྱ་བ་ལ་སོགས་པ་འདིར་བསྟན་པའི་རྒྱུན་ཐམས་ཅད་ནི་གོ་
སླའོ། །དེ་ལྟར་བསྟན་པ་ནི་འོན་ཀྱང་བདེན་མོད་ཐམས་ཅད་དོན་དམ་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ་ཁ་ཅིག་ཏུ་ཡང་ཁྱེད་ཅག་རྣམས་ཀྱིས་གཏམ་ཙམ་ཡང་མ་ཐོས་སམ། དེ་ཅི་ཞེ་ན། གང་གི་ཕྱིར་བརྟན་པ་དང་གཡོ་བ་ལ་སོགས་པའི་ཆོས་ཐམས་ཅད་ནི་མདོར་བསྡུས་ན་རང་བཞིན་
གྱིས་ཀུན་རྫོབ་ཀྱི་མཚན་ཉིད་དོ། །དེས་ན་དང་པོ་ཉིད་དུ་ལྟ་བ་དྲུག་ལ་འཇུག་པ་རྣམས་འདི་སྐད་ཅེས་བརྗོད་དེ། བདག་ཅག་གིས་ཐར་པ་ལ་ཇི་ལྟར་བགྲོད་པར་འགྱུར་ཞེས་གཅིག་ལ་གཅིག་འགྲོ་བར་འགྱུར་རོ། །དེའི་ཚེ་དེ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་དགེ་བའི་གྲོགས་དང་ཕྲད་པར་
འགྱུར་རོ། །དེ་ཉིད་ནི་ཚིག་འདི་སྐད་ཅེས་བརྗོད་དེ་མུ་སྟེགས་ལ་སོགས་པའི་སློབ་དཔོན་ལ་བསྙེན་བཀུར་གྱིས་ཤིག སློབ་དཔོན་ཆེ་གེ་མོའི་ཁྱིམ་དུ་སོང་ལ་ཆོས་ཉོན་ཅིག །དེའི་བཀའ་དྲིན་གྱིས་ཐར་པ་ཐོབ་པོ། །དེའི་སྲིད་པ་ཟད་པར་བྱེད་དོ། །དེ་ལྟར་དེ་ཡང་སོང་ནས་ཇི་སྐད་སྨྲས་པ་དེ་བཞིན་དུ་
བྱེད་དོ། །སློབ་དཔོན་རྣམས་ཀྱང་རང་རང་གི་ཆོས་དེ་དང་དེ་ལ་སྦྱར་རོ། །དེའི་ཕྱིར་ཐམས་ཅད་དམ་པར་འདོད་པའོ། །འོན་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་ལ་བདེན་པ་གཉིས་ལ་བརྟེན་པས་ཐར་པ་ཐོབ་པོ། །དེ་ཡང་སྟོང་པ་དང་སྙིང་རྗེའི་བདག་ཉིད་དོ། །དེ་བཞིན་དུ་རྒྱུ་དང་འབྲས་བུ་མེད་ན་

གྲོལ་བར་མེད་དོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གོ། །དེ་ལྟར་གསུངས་པ། དང་པོ་ཉིད་དུ་དོན་དམ་པ་ནི་རྒྱུའོ། །ཀུན་རྫོབ་ནི་འབྲས་བུའོ། །དེ་ཡང་འཇིག་རྟེན་ལས་འདས་པའོ། །ཀུན་རྫོབ་ཀྱི་བདེན་པས་དོན་དམ་པའི་བདེན་པ་བསྒྲུབས་སོ། །དེས་ན་སངས་རྒྱས་དེ་དེས་འཇིག་
རྟེན་ལས་འདས་པའི་བདེན་པའི་སྒོ་ནས་ཐམས་ཅད་མཁྱེན་པའི་རྒྱུའི་ཕྱིར་བསྟན་ཏེ་འཇིག་རྟེན་པའི་བདེན་པའི་སྒོ་ནས་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་ནོ། །དེའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུ་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་དང་དོན་དམ་པའོ། །དེ་ལྟར་
བསྟན་པ་ནི་གཙོར་སྒྱུ་མ་ཡིན་ཏེ། དོན་དམ་པ་ནི་གཙོར་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་སྟོན་ཏོ། །ཐ་མལ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་པ་ནི་ངེས་པའོ། །འོ་ན་ཇི་ལྟར་ད་ལྟར་སེམས་ཅན་རྣམས་སྟོན། གང་གི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་
མྱ་ངན་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་བརྗོད་དེ་འདིར་དེ་བཞིན་གཤེགས་པས་སྔོན་ཉིད་དུ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་སྟོན་ཏེ། དེ་ཡང་སྡུད་པར་བྱེད་པས་བསྡུས་ནས་གླེགས་བམ་ལ་སོགས་པར་གྲགས་སོ། །དེ་ཡང་ཕན་ཚུན་བརྒྱུད་པས་ཐོས་པ་དང་བསམ་པས་ཕྱག་རྒྱ་ཆེན་པོ་ལ་
མངོན་པར་བགྲོད་དོ། །དེས་ན་ད་ལྟའི་སློབ་དཔོན་རྣམས་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་རིང་ཞེས་བྱ་བ་ལ་སོགས་པ་ནི། སློབ་མ་སྤྲོ་བའི་རྗེས་ཐོགས་སུ། །དེ་ནས་རྫས་ནི་གང་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡོན་ཏན་གྱི་རྗེས་ཐོགས་སུའོ། །དེ་ནས་སློབ་མ་ལ་ཆོས་བསྟན་
པའི་རྗེས་ཐོགས་སུ་སླར་ཡང་སློབ་མ་རྣམས་རྒྱལ་ཚབ་ཉིད་དུ་གཞག་པའི་ཕྱིར། སྲིད་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱིས་ཞེས་པ་ནི་འདི་ཉིད་ཀྱིས་ཏེ། ཕྱི་དང་ནང་གི་བདག་ཉིད་ཀྱི་གཞུང་ལུགས་དག་གིས་ཏེ། ཇི་ལྟར་གསུངས་པའི་གཞུང་ལུགས་ཟབ་མོ་དེ་ཉིད་ཀྱི་ཆོ་གས་
ད་ལྟར་གྱི་སློབ་དཔོན་རྣམས་ཀྱིས་རང་དང་གཞན་གྱི་དོན་བྱ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འོན་ཀྱང་སློབ་མ་རྣམས་མོས་པའི་དབང་གིས་ཆོས་བསྟན་པའོ། །དེས་ན་སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མའི་ཡོན་ཏན་གྱི་

ཚིགས་བཅད་བསྟན་པའི་ཕྱིར་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཅེས་པ་ནི་རྡོ་རྗེ་འཛིན་ཆེན་པོའི་དབུགས་དབྱུང་བའོ། །དེ་ཡང་ཟབ་མོའི་སྒོམ་པས་རྟོགས་པའོ། །དེ་བཞིན་དུ་རྙེད་དཀའ་ཞེས་པ་ནི་ཐོབ་པར་དཀའ་བའོ། །མཚུངས་མེད་ཅེས་པ་ནི་
སྒོམ་པ་ཐམས་ཅད་དང་མཚུངས་པ་མེད་པའོ། །དེ་ཡང་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱིས་བགྲོད་པའོ། །ཞིང་ཞེས་པ་ནི་བླ་མའི་མན་ངག་གིས་རང་གི་ལུས་ཉིད་སྦྱངས་པའོ། །ལོངས་སྤྱོད་ཅེས་པ་ནི་རང་རིག་པའི་ཡེ་ཤེས་དེའི་རང་བཞིན་ནོ། །དེའི་ཕྱིར་དཔལ་ཞེས་པ་ནི་གཉིས་མེད་པ་ལས་གཉིས་
མེད་པ་ནི་བྱང་ཆུབ་སེམས་ཆེན་པོ་དེ་ཉིད་དོ། །དེ་ཉིད་ཀྱིས་དབང་བསྐུར་བའི་གང་རྣལ་འབྱོར་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། གང་གི་ཕྱིར་རྗེས་གནང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ཡང་གོ་སླའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབང་བསྐུར་བའི་རྗེས་ཐོགས་སུ་ཡེ་ཤེས་སྟེར་བར་བྱེད་པའོ། །དེ་ཡང་
བྱང་ཆུབ་སེམས་ཀྱི་དབང་བསྐུར་བའོ། །དེ་ལ་བོ་མཆོག་གི་བདག་ཉིད་ཀྱིས་ནི་རྟོགས། །ངྷི། ཉིན་མོའི་དུས་སུ་དམིགས་པ་ཡིས། །ཙིཏ། སེམས་ནི་སེམས་མེད་རང་བཞིན་བྱས། །ཏཱ། དེ་ཡིས་མཆོག་ཏུ་གཉིས་མེད་དོ། །བྷི། སྐུ་རྣམས་ལ་ནི་རང་བློ་མེད། །ཥེ། གཉིས་ཀྱི་མགོ་བོ་རུ་ནི་གཏོར། །
ཀོ། །དཔའ་བོ་ནུས་པ་དེ་རུ་ཞིག །རང་གི་ཁྱིམ་དུ་སེམས་བླ་མ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གཉིས་པའི་དབང་བསྐུར་བའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་དང་པོའོ།། །།ད་ནི་ཤེས་རབ་དང་
ཐབས་ཀྱི་དོན་བསྒོམ་པའི་རྣམ་པར་འགྲེལ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བའི་རྗེས་ཐོགས་སུ་བསྒོམ་པའི་ངེས་པའོ། །དེ་ཡང་ཡང་དག་བཤད་བྱ་ཞེས་པ་ནི་ཇི་ལྟར་གོ་རིམས་
བཞིན་བཤད་པར་བྱའོ། །གང་གི་བྱིས་པ་སྐྱེ་བོ་རྣམས་ཀྱིས་རྟོགས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དོན་ཞེས་བྱ་བ་ལ་སོགས་པ་ནི་འདིར་སེམས་ཅན་གང་དག་གཞན་གྱི་དོན་མེད་པར་སྒོམ་པ་བྱེད་པ་དེ་རྣམས་ནི་མྱ་ངན་ལས་འདས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདིར་

གང་གི་ཕྱིར་རྩོད་པའི་དུས་སུ་སེམས་ཅན་ཐམས་ཅད་ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བ་སྤྲོ་བ་ཆུང་བ་བསོད་ནམས་ཆུང་བ་རྣམས་འབྱུང་སྟེ། དེའི་ཚེ་སྒྲུབ་པ་པོ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པས་སངས་རྒྱས་ཉིད་འདོད་དོ། །དེ་ལ་ཕན་པའི་ཕྱིར་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་བ་ཉིད་འཐོབ་པའོ། །གང་
གིས་ཞེས་པས་འཁོར་བའི་འཇིགས་པ་ཟབ་མོ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར་རོ། །དེའི་ཕྱིར་མྱ་ངན་ལས་འདས་ཞེས་པ་ནི་རང་གི་དོན་ཙམ་ཡོངས་སུ་སྤངས་ཤིང་སྲིད་པའི་བྱ་བ་མི་བྱེད་པའོ། །གང་གི་ཕྱིར་རབ་ཀྱི་མཐར་ཐུག་པ་ཞེས་པ་ནི་སྔོན་དུ་
གསུངས་པའི་བསྒོམ་པ་ལ་ཇི་སྲིད་རབ་ཀྱི་མཐར་ཐུག་པར་མ་སོང་བ་དེ་སྲིད་གཞན་གྱི་སེམས་མི་བྱ་ཞེས་པའི་དོན་ཏོ། །འོན་ཀྱང་གང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་འདི་ནི་དམ་བཅས་པའི་ཚིག་སྟེ། དེའི་ཕྱིར་དྲི་མ་མེད་པར་བྱུང་བའོ། །དེས་ན་དེ་ཉིད་བསྟན་པའི་ཕྱིར། འཕེལ་བ་དང་དབྲི་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྲི་ཞེས་པ་ནི་ཆོས་རྣམས་ཀྱི་མེད་པའི་བློའོ། །འཕེལ་ཞེས་པ་ནི་དེ་རྣམས་ལ་ཀུན་ཏུ་འཛིན་པ་སྟེ་འདི་དག་སྤངས་པའི་བློ་དེ་ལ་དེ་སྐད་ཅེས་བྱའོ། །བླ་མེད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པས་ཀྱང་བསམ་དུ་མེད་པ་བརྗོད་དུ་མེད་པའམ། གདོན་དུ་མེད་པའི་
ཚིག་སྤངས་པ། །ཞེས་པ་སློབ་དཔོན་ཁ་ཅིག་གིའོ། །དེ་བཞིན་དུ་དབྲི་ཞེས་པ་ནི་འདིར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱིས་རང་བཞིན་བརྒྱད་ཅུ་རྣམས་ལ་མདོར་བསྡུས་ན་སེམས་ནི་བརྟེན་པའོ། །དེས་ན་ཡང་རྩ་རྣམས་ཀྱང་བརྟེན་པའོ། །དེའི་ཕྱིར་ཤིན་ཏུ་ཟབ་པ་དགོངས་པས་བཤད་པ་འདི་
ཉིད་གསལ་བར་གསུངས་པ། །དེ་ཡང་བསྡུས་ན་སེམས་ཀྱི་རང་བཞིན་གྱིས་མཚན་ཉིད་དེ། དེ་རྣམས་ཀྱི་རང་བཞིན་སྤངས་པ་ནི་དབྲི་བའོ། །ཡང་ན་དེ་རྣམས་འཕེལ་བའི་ཕྱིར་འཕེལ་བའོ། །འདི་དག་གིས་རང་བཞིན་སྤངས་ཤིང་རྣམ་པར་གྲོལ་བའི་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་
ལྟར་བསྡུས་པ་ཉིད་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲ་ནི་ཁམས་དང་དབང་པོ་ལ་སོགས་པའི་ཆོས་རྣམས་ཏེ། དེ་ཐམས་ཅད་མི་འདོར་བའོ། །དེས་ན་ཕྱིའི་བྱ་བ་ཡང་ཡོངས་སུ་མི་དོར་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་པ་ཡིད་ཆེས་པ་ཉིད་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་དཔེ་ལ་ཡིད་ཆེས་པས་ཆོས་སྟོན་ཏོ། །འོན་ཀྱང་དེ་ཐམས་ཅད་ནི་ཆུ་ཤིང་ལྟ་བུ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཇི་ལྟར་ཆུ་ཤིང་རྣམས་ཀྱི་སྙིང་པོ་ནི་སྟོང་པ་སྟེ། བརྟག་པ་ན་དེ་མི་དམིགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་
ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དོ། །ནམ་མཁའི་ངོས་སུ་ནམ་མཁའ་འབྱུང་བ་བཞིན་ནོ། །དེ་དང་མཚུངས་པས་ན་མཉམ་དང་མི་མཉམ་ཞེས་པ་ནམ་མཁའ་ཡང་གདོད་ནས་མ་སྐྱེས་པ་མི་བདེན་པ་སྣང་བའི་མཚན་ཉིད་དེ་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པ་ཞེས་
དགོངས་སོ། །དེ་བཞིན་དུ་དང་པོ་ཉིད་དུ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྣམས་ཀྱི་རང་བཞིན་བརྗོད་དེ། འདིར་ལ་ལ་ནི་ལུས་ཀྱི་རང་གི་ངོ་བོ་སྟེ། དེས་ན་སྟོང་པ་ཉིད་དུ་མི་བསྒོམ་ཞེས་པ་ནི་ནག་པོའི་ཕྱོགས་ལ་ཉི་མའི་ཆ་འཕེལ་བའི་དབྱེ་བས་ཟླ་བའི་ཆ་
བཅོ་ལྔ་ཟད་དོ། །དེ་ཡང་ནང་གི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ་ཆ་བཅོ་ལྔའི་བདག་ཉིད་ཀྱི་ཟླ་བའོ། །དེས་ན་ལུས་ཀྱི་དངོས་པོ་སྟེ། དེ་སྤངས་ན་རང་གི་དོན་དང་གཞན་གྱི་དོན་རྣམས་ལ་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་དེ་བསྒོམ་པར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ་ཞེས་པ་སྟེ་
ངེས་པའོ། །མི་སྟོང་པར་ཡང་ཞེས་པས་ནི་དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཟླ་བའི་ཆའི་ལོངས་སྤྱོད་འཕེལ་བའི་ཕྱིར་ཉི་མའི་ཆ་ཕྲི་ཞིང་ནང་དུ་ནི་ར་ས་ནཱ་དབྲིའོ། །དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔ་འཕེལ་བའི་དབྱེ་བས་སོ། །དེ་ལྟར་མི་སྟོང་ཞེས་བྱ་བ་ནི། །མི་སྟོང་པ་ཡང་བསྒོམ་
པ་མིན། །ཞེས་དགོངས་སོ། །དེ་བསྒོམས་པས་ནི་ངག་གི་དངོས་པོ་ཟད་པར་འགྱུར་རོ། །དེས་ན་དེའི་ཚིག་གསུངས་ཏེ། སྟོང་ཉིད་དོར་མི་བྱ་ཞེས་པ་ནི་འདིར་ཨ་ཝ་དྷཱུ་ཏཱིའི་ཆ་བཅུ་དྲུག་པ་ཆ་གཅིག་ནི་སེམས་ཀྱི་དངོས་པོའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྟོང་པ་དང་མི་སྟོང་པའི་ཕྱོགས་
གཉི་ག་ཡང་མི་དོར་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་གསུངས་པ། མི་སྟོང་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྟོང་པའམ་མི་སྟོང་པའི་དངོས་པོ་གཅིག་ལ་སེམས་ཞེན་པའི་ཕྱིར་ཉེས་པ་ཡོད་དོ། །དེ་ཅི་ཞེ་ན། ཐ་མལ་པའི་རྣམ་རྟོག་སྐྱེ་ཞེས་གསུངས་སོ། །ཐ་མལ་པ་ཞེས་པ་ནི་དངོས་པོ་གཉིས་

ལ་འཛིན་པས་སོ་སོ་ལ་ཞེན་ཏོ། །དེས་ན་གཉིས་མེད་པའི་བློ་མི་སྐྱེའོ། །དེ་ལྟར་བསྒོམ་པ་དམན་པར་འགྱུར་རོ། །ཡོངས་སུ་གཏོང་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ཏུ་རྟོག་པ་འདི་དག་ལ་གང་བརྟེན་པའི་བློ་དེ་ནི་ཡོངས་སུ་དོར་བའོ། །གཉི་གར་ཞེས་བྱ་བ་ལ་སོགས་པ་ལ། རྣམ་དག་ཅེས་པ་ནི་རྣལ་
འབྱོར་པའི་སེམས་སོ། །དེས་ན་རྣམ་པར་གྲོལ་བར་འགྱུར། །ཞེས་པ་ནི་མི་དམིགས་པ་དང་བཅས་པའི་ཡེ་ཤེས་སྤངས་པའོ། །དེའི་ཕྱིར་བདག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་ལུས་དང་ངག་དང་སེམས་རྣམས་ཀྱི་ཆོས་ཀྱི་རང་བཞིན་བརྗོད་དེ། དེ་ཡང་རང་བཞིན་གྱིས་དབྱེ་བས་རང་
གི་ངོ་བོའི་རང་བཞིན་དུ་འགྱུར་ཏེ། འགྱུར་བ་མེད་ཅེས་པ་ལ་སོགས་པ་ལ། ཆགས་བྲལ་གྱི་རང་བཞིན་ནི་ལ་ལ་ནཱ་སྟེ། དེ་ནི་འགྱུར་བ་མེད་པའི་བསྒོམ་པའི་དབང་གིས་སོ། །དེ་ལྟར་ཐམས་ཅད་ལ་ཡང་ཁོང་དུ་ཆུད་པར་བྱའོ། །ར་ས་ནཱ་ནི་ཆགས་བྲལ་བར་མ་སྟེ་དེ་ཡང་སོམ་ཉི་མེད་པའོ། །ཨ་ཝ་དྷཱུ་
ཏཱིའི་ནི་ཆགས་བྲལ་ཆེན་པོ་སྟེ། དེ་ཡང་འདོད་པ་མེད་ཅིང་དྲི་མ་དང་བྲལ་ཞེས་པའི་དོན་ཏོ། །དེ་ལྟར་སེམས་རྣམ་པ་གསུམ་དང་བྲལ་ཞིང་དྲི་མ་གསུམ་གྱི་རང་བཞིན་སྤངས་ཞེས་པའི་དོན་ཏེ་དེ་བཞིན་དུ་སེམས་འདིའི་སྲོག་རྒྱུ་བ་རྣམ་པ་གཉིས་ཏེ། དང་པོ་ནི་སྟེང་དུ་འགྲོ་བའོ། །གཉིས་པ་ནི་འོག་ཏུ་འགྲོ་
བའོ། །དེ་ཡང་སྐྱེ་བ་དང་འཆི་བར་དགོངས་སོ། །དེ་དག་ལས་ངེས་པར་གྲོལ་བ་དབུས་སུ་ནམ་མཁའ་བཞིན་དུ་བློ་དང་ལྡན་པས་བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་སེམས་ཅན་རྒྱབ་ཀྱིས་ཕྱོགས་པའི་ནི་མྱ་ངན་ནོ། །སེམས་ཅན་ཡོད་པར་འཛིན་པར་ནི་མྱ་ངན་བར་མའོ། །སེམས་ཅན་
མེད་པར་འཛིན་པ་ནི་མྱ་ངན་ཆེན་པོའོ། །དེས་ན་ཀུན་ཏུ་རྟོག་པ་གསུམ་དུ་མི་བརྟག་གོ། །དེའི་ཚེ་སྤྲོས་པ་མེད་པ་ཉིད་ཞི་བའི་གཟུགས་ཏེ། དེའི་ཤེས་རབ་ཀྱི་རྟོག་པ་བརྗོད་དུ་མེད་པའོ། །སླར་ཡང་འཁོར་བ་ལས་འཇིགས་པ་དོར་བའི་ཕྱིར། ཡིད་བཞིན་ནོར་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་
དེ་སྐད་ཅེས་བྱའོ། །འོན་ཀྱང་འཇིགས་པ་བར་མ་ནི་དེ་བཞིན་དུ་དམིགས་པ་མེད་པའི་རང་བཞིན་གྱིས་བྱ་བ་རྩོན་པ་དང་བྲལ་བའོ། །དེས་ན་ཡང་ཤིན་ཏུ་འཇིགས་པ་ནི་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའོ། །དེ་བཞིན་དུ་གཉིས་ཀ་ནི་སྲིད་པ་སྟེ། གཅིག་ཉིད་ཤེས་རབ་

དང་ལྷན་ཅིག་པ་དེ་ཉིད་སྲིད་པ་བར་མའོ། །ནམ་མཁའ་ལ་ནམ་མཁའ་བཞིན་དུ་སྲིད་པ་ཆེན་པོ་ཉིད་དུ་ཉ་བར་སོང་བའོ། །དེའི་ཚེ་ཉེ་བར་ལེན་པ་ནི་སྐྱེས་བུ་འགའ་ཞིག་གང་ན་ཡང་སྟེ་གང་དུ་ཡང་སྒོམ་པ་པོ་མེད་པའོ། །དེས་ན་གང་ནའང་སྒོམ་པ་མེད། །ཅེས་སོ། །དེས་
ཀྱང་མི་དགེ་བ་ཉིད་དུ་འགྱུར་ཏེ། དགེ་བའི་རྣམ་པར་རྟོག་པ་དང་བྲལ་ཞེས་དགོངས་ཏེ། དེའི་ཚེ་བརྗོད་པ་བསྒོམ་པར་བྱ་བའི་དངོས་པོ་ཅུང་ཟད་ཀྱང་མེད་དེ་རང་གི་སེམས་ཡོངས་སུ་ཤེས་པའི་ཕྱིར་རོ། །གཞན་ཡང་རང་གི་སེམས་ཀྱི་རང་བཞིན་ལས་བྱུང་བའི་སྐྱེ་བོ་དེ་ཐམས་ཅད་འཁོར་བའི་དབུས་
སུ་སྐོམ་གྱིས་གདུངས་ཏེ། དེ་ཁོ་ན་ཉིད་ཀྱི་སྒོམ་པ་ལ་གདུངས་པར་བྱེད་དོ། །དེ་དང་བྲལ་བའི་ཕྱིར་དེ་བཞིན་དུ་འདིར་ཚོར་བའི་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེའི་ཚེ་སྤྱད་པར་བྱ་བ་ཡོད་པ་མ་ཡིན་ནོ། །ཚོར་བ་བར་མ་ནི་བྱེད་པ་པོ་ཉིད་དེ་ཤིན་ཏུ་ཚོར་བ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེའི་སྐད་ཅིག་
ལ་མཚོན་ཅིང་སྤྱོད་པའི་དོན་དམ་པའི་ཡེ་ཤེས་དེ་ལས་ཀྱང་རྣམ་པར་གྲོལ་ལོ། །དེས་ན་བསམ་གྱིས་མི་ཁྱབ་པར་འགྱུར་བའི་རྣམ་པར་བསྒོམ་པའི་གནས་ཐོབ་པའོ། །དེ་བཞིན་དུ་འདིར་སོ་སོར་རྟོག་པ་སྒྲུབ་པ་པོ་ཡང་མེད་དོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཡང་མེད་ཅེས་བྱ་བ་ནི་དངོས་པོ་ཅུང་ཟད་
ཀྱང་མེད་པ་སྟེ། གང་གི་ངོ་ཚ་བའི་དབང་གིས་བྱ་བ་ཉེ་བར་བརྐྱང་བ་ཡང་མེད་པའོ། །རྒྱུ་དེས་ན་དེ་ལྟར་ཡང་སྤང་བར་མི་འགྱུར་རོ། །སླར་ལ་ཡང་བརྩེ་བ་ཡང་ཡོད་དེ། དེས་ན་དངོས་པོ་ཅུང་ཟད་གཟུང་བར་བྱའོ། །དེ་ཡང་བརྩེ་བར་བྱ་བའི་ཕྱིར་དེ་མེད་དེ་འདིར་དེ་ཡང་བརྩེ་བ་ཆེན་པོའི་དབང་གིས་
དྲི་ཟ་བ་ལ་སོགས་པའི་དཔེ་ལྔས་ཉེ་བར་འཇལ་བ་དེས་ན་ཉེ་བར་མཚོན་པར་བྱའོ། །དེ་ལྟར། དགོངས་པས་དངོས་པོ་གང་དང་གང་མཐོང་བ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་ཐེ་ཚོམ་ཉིད་ཀྱིས་དཔེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཇི་ལྟར་ཁྱེའུ་དང་བུ་མོའི་
བདག་ཉིད་འགའ་ཞིག་རྩེ་བའི་གནས་སྐབས་སུ་གཉི་གའི་དབང་པོ་འདུས་པར་བྱེད་དེ། དེ་གཉིས་མ་བསླབས་པར་ཡང་དབེན་པར་དེ་དག་འདུས་ནས་བདེ་བའི་སེམས་བསྐྱེད་པར་འགྱུར་རོ། །དེའི་ཕྱིར་བྷ་གར་ལིངྒ་རབ་ཏུ་གཞག་མོད་དངོས་སུ་ཅུང་ཟད་ཀྱང་ཉམས་སུ་མྱོང་བར་མི་འགྱུར་ཏེ།

མི་འཛག་པ་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་བཞིན་དུ་སངས་རྒྱས་རྗེས་སུ་དྲན་པར་བསྒོམ་པའི་རྣལ་འབྱོར་པ་རྣམས་སེར་སྣའི་དབང་གིས་བསྣུན་ཏེ། ཐོག་མ་མེད་པའི་བསྐལ་བ་གྲངས་མེད་པའི་བག་ཆགས་ཀྱི་སེར་སྣ་ལ་སོགས་པའི་ཉེས་པས་ཉེ་བར་བསྣུན་པའི་ཕྱིར་ཤེས་རབ་དང་ཐབས་
ཉིད་ཀྱིས་བསྒོམ་པ་གདོད་ནས་མ་སྐྱེས་པ་བྱེད་དེ་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་ལྟར་ལ་ལ་ནཱའི་རང་བཞིན་རྩ་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཀྱི་རང་གི་ངོ་བོ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ལ་ལ་ནཱའི་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དུ་འདོད་
པ་དེའི་ཕྱིར་རོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་ནི་ཐམས་ཅད་ཀྱི་གཅིག་པའི་རང་བཞིན་གྱིས་རང་གི་ངོ་བོ་ཉེ་བར་མཚོན་པའོ། །སླར་ཡང་ར་ས་ནཱ་ཡིས་གསུངས་པ། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལ་ལ་ནཱའི་རྐྱེན་གྱིས་ར་ས་ནཱའི་བསྟན་ཏེ། དེ་ཉིད་ཀྱང་ཆགས་པ་ནི་དང་པོའོ། །
དེའི་མཐའ་མ་ནི་ཁྲག་གོ། །བར་མ་ནི་གཉི་གའི་དྲི་མ་མེད་པའི་ཡེ་ཤེས་མགུ་བར་བྱེད་པ་བསྐྱེད་དེ་མགུ་བ་བར་མ་དེ་ཉིད་ཀྱིས་ནི་རང་རིག་པ་བསྐྱེད་དོ། །ཡེ་ཤེས་དེ་ཉིད་ནི་ཤིན་ཏུ་མགུ་བའི་ཕྱིར། ལུས་བོར་ནས་གཞན་བེམས་པོའི་དངོས་པོ་ལ་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་གཟུགས་
རྣམས་ཀུན་ལ་བལྟ་བ་ཞེས་པ་ནི་བེམས་པོའི་གཟུགས་ལ་ཤེས་པར་ཁྱབ་པར་བྱེད་པའི་ཕྱིར། དེ་མཐོང་བས་རང་བྱིན་གྱིས་བརླབས་པ་དེ་ནི་དགའ་བའོ། །དེ་བཞིན་དུ་སྒྲའི་བདག་ཉིད་དངོས་པོ་རྣམས་ལ་རྟོག་པ་མིང་སྣ་ཚོགས་པ་དེ་རྣམས་ལ་བྱུང་བ་དེ་ནི་རབ་ཏུ་དགའ་བའོ། །དེ་བཞིན་དུ་
རང་གིས་བརྟགས་པའི་ཕྱིར་ངོ་མཚར་བར་བྱེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དེ་བཞིན་དུ་དགའ་བ་ལྟ་བུའི་དགོད་པའོ། །འམ་གྱི་སྒྲ་ནི་རྣམ་པར་རྟོག་པའོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ནམ་མཁའ་དང་མཉམ་པའི་རང་བཞིན་ཏེ། ཇི་ལྟར་དགོད་པའི་སྐད་ཅིག་ལ་སྔོན་གྱི་དངོས་པོ་
ཡོངས་སུ་གཏང་ཞིང་མ་འོངས་པ་མ་ཐོབ་ཅིང་ད་ལྟའི་གནས་པ་ནི་དགོད་པའོ། །ད་ལྟའི་ཧ་སི་ཏའི་ཧ་ཅན་གྱིས་བསྒྱུར་བས་ཨར་འགྱུར་ཏེ། དེ་ཡང་ནམ་མཁའོ། །མཁའ་ཞེས་པ་ནི་ནམ་མཁའ་དང་མཉམ་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཚིམ་པ་ཐོབ་པ་ནི་སྣ་ཚོགས་རོ་རྣམས་ཞེས་པ་

ལ་ཇི་ལྟར་ཆགས་པ་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱི་ཕུང་པོ་ལྔ་རྣམས་ནམ་མཁའ་ཉིད་དུ་འགྱུར་ཏེ། དེ་རྣམས་རོ་གཅིག་པ་དྲུག་པ་ཡེ་ཤེས་ཀྱི་རོ་ཐམས་ཅད་ཀྱི་གཟུགས་སྣ་ཚོགས་པའི་བདེ་བའི་རང་བཞིན་ཐོབ་པའོ། །དེས་འཁྱུད་པས་ལས་རྣམས་ཐམས་ཅད་བྱེད་
པས་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བྱེད་པའོ། །དེ་ཉིད་འོ་བྱེད་པ་སྟེ། ཤིན་ཏུ་བརྩེ་བ་གཞན་དུ་སོང་བའི་སེམས་ཀྱིས་མིན་ཏེ་ཕྱིའི་དངོས་གྲུབ་རྣམས་སུ་ཐལ་བའི་བསམ་པས་མ་ཡིན་པའོ། །དེ་བཞིན་དུ་རྒྱུན་དུ་ཞེས་པ་ནི་མ་དུབ་པས་དུབ་པ་མི་འདོར་ཏེ། རྣལ་
འབྱོར་པས་རྒྱུན་མི་འཆད་པར་རྣལ་འབྱོར་ལ་གོམས་པར་བྱེད་དེ། ཇི་ལྟར་བྱིས་པས་མའི་ནུ་མ་རྒྱུན་མི་འཆད་པར་འཇིབ་ཀྱང་མི་སྐྱོ་བ་དེ་བཞིན་དུ་ཡེ་ཤེས་ལ་གོམས་པར་བྱེད་དེ་མགལ་མེའི་འཁོར་ལོ་བཞིན་དུ་ཡང་ངོ་། །དེ་བཞིན་དུ་བསྟན་པས་བླ་ན་མེད་པའི་སྦྱོར་བ་སྐྱེ་སྟེ། དེས་ན་དེ་ཁོ་ན་ཉིད། །
རིག་པའི་རྣལ་འབྱོར་པས་མི་ཟད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེས་ན་གཉིས་མེད་པ་འདིས་བརྩོན་འགྲུས་འགྲུབ་པར་འགྱུར་ཞེས་གསུངས་ཏེ། དེས་ཀྱང་འདིར་ང་རྒྱལ་གྱིས་དོན་དམ་པའི་བྱང་ཆུབ་སེམས་དམ་པ་ཕུལ་དུ་བྱུང་བ་ཐོབ་པའོ། །དེ་ཡང་ལས་ཀྱི་རྣམ་པར་སྨིན་པའི་ཕྱིར་རྡོ་རྗེ་སྟེ་
མི་ཕྱེད་པའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱིས་ཡང་དག་པར་ཐོབ་པའོ། །དེའི་སྟོབས་ཀྱིས་གསལ་བར་སངས་རྒྱས་བྱས་པའོ། །དེའི་བྱང་ཆུབ་ཉིད་ནི་སྤྲོ་བའོ། །དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་རྒྱུད་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་སྐུའི་
རང་བཞིན་ནོ། །སླར་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་དངོས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ས་རྣམས་སོ། །དེ་བཞིན་དུ་སྣང་བ་མེད་པའི་ཕྱིར་ཀུན་ཏུ་འོད་དེ་བཞིན་གཤེགས་པ་ས་བཅུ་གཅིག་པའོ། །དེ་ལ་གནས་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཆེན་པོར་འགྱུར་ཏེ་རང་གི་དོན་དུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་
པ་བར་མའི་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཀུན་ཏུ་འོད་དག་གཉིས་མེད་པའོ། །དེ་ཡང་དྲག་པོ་ཀུན་ཟ་བ་བཞིན་འོད་གསལ་བ་རྣམ་པར་རྟོག་པ་ཐམས་ཅད་ཟ་བའོ། །དེས་ན་སངས་རྒྱས་ཐམས་ཅད་ཀྱི་སྒོམ་པའི་མཆོག་དེ་ཉིད་ལས་རྣམ་པར་སྒེག་པ་འདི་བྱུང་བ་ན་འགྲོ་བ་བརྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །

གཡོ་བ་ཞེས་པ་ནི་ཞེ་འགྲས་པའི་བདག་ཉིད་དོ། །དེ་བཞིན་དུ་དགེ་བའི་བསམ་པས་བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་གསལ་པོས་ཉན་ཐོས་ལ་སོགས་པ་རྣམས་ལ་ཆོས་བསྟན་ཏོ། །སོགས་པའི་སྒྲས་ནི་རང་སངས་རྒྱས་རྣམས་བསྡུའོ། །
དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ་ཞེས་པ་ནི་བདེན་པའི་དངོས་དང་། དེ་བཞིན་དུ་མི་བདེན་པའི་དངོས་པོ་དེ་དག་དང་བྲལ་བར་ངེས་པའོ། །དེ་ཇི་ལྟར་ངེས་ཤེ་ན། དངོས་པོ་ཞེས་པ་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པའོ། །དངོས་པོ་མེད་པ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པའོ། །
དེ་ཡང་ཉེ་བར་ལེན་པའི་མཚན་ཉིད་དོ། །དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ལས་གྲོལ་བ་སྟེར་བའོ། །དེས་ནི་དོན་དམ་པའི་ཡེ་ཤེས་བསྒོམ་པར་བྱའོ། །མྱུར་དུ་འགྲུབ་འགྱུར་ཏེ་ཞེས་པ་ནི་ཇི་ལྟར་འགྲུབ་ཅེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ལ་བསྐུལ་བ་དེ་
ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་དེ་ཉིད་དཔའ་བོ་ཉིད་དེ་ཐབས་མྱུར་བས་འགྲུབ་པའི་དོན་ཏོ། །འོན་ཀྱང་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉིད་ཙམ་པ་ནི་ངེས་པར་གཟུང་བའོ། །ཀུན་ནས་ཉོན་མོངས་པ་འདི་རྣམས་ལ་འཇིག་རྟེན་པའི་བྱ་བ་ལ་གནས་པས་ངོ་ཚ་བ་མི་
བྱ་སྟེ་བྱིས་པ་བཞིན་དུ་རྣམ་པར་དཔྱད་ཅེས་དགོངས་སོ། །དེས་ན་དེ་ལ་མཐའ་ཡས་ཞེས་བྱ་བ་ལ་སོགས་པ་ལ། མཐའ་ཡས་ཞེས་པ་ནི་རྣལ་འབྱོར་པ་དེ་ལ་གྲངས་མེད་པའི་ཡོན་ཏན་རྡོ་རྗེ་འཆང་བཞིན་ནོ། །སྐྱེ་བར་འགྱུར་ཞེས་པ་ནི་འདོད་པ་སྤངས་བཞིན་དུའོ། །ཇི་ལྟར་འོ་མ་ལས་མར་
བཞིན་དུ་བེམས་པོ་ལས་བེམས་པོ་འབྱུང་ངོ་། །དེ་ཉིད་ཀྱིས་སྒྲུབ་པ་པོ་དེའི་གསུངས་པ། དཔལ་ཞེས་པ་ནི་གཉིས་མེད་པར་སྟོན་ཏོ། །དེས་ན་སྲིན་པོ་ཞེས་པ་སྟེ་ཇི་ལྟ་བའི་མཚན་ཉིད་མ་གསུངས་ཀྱང་ཐམས་ཅད་བསྒྲུབ་པའོ། །དེ་ལྟར་ཐམས་ཅད་སོང་བའི་ཡོན་ཏན་གཉིས་མེད་པ་ལས་བྱུང་བ་
ཐམས་ཅད་དོ། །དེའི་འདོད་པ་ནི་བདེ་བར་གཤེགས་པའི་བཞེད་པའོ། །དེ་ལྟར་གནས་ཐོབ་པའི་རྣལ་འབྱོར་པ་དེ་ཉིད་ནི་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་མཚན་དུ་འགྱུར་རོ། །གཞན་ཡང་བྱིས་པ་སྐྱེ་བོ་རྣམས་གདུག་པ་དང་གཡོ་དང་སྒྱུ་ལ་ཆགས་པ་དེ་རྣམས་རིམ་པ་བཞིན། རྣམ་

རྟོག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཇི་སྲིད་དུ་རབ་ཀྱི་མཐར་མ་སོང་བའི་དེ་སྲིད་དུ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །ཆེན་པོ་ཞེས་པ་ནི་མཐའ་མེད་པའི་བསྐལ་བས་རྒན་པ་ནི་འོད་གསལ་བའོ། །ཇི་ལྟར་ལང་ཚོ་གཞོན་ནུ་མཁས་པ་ཡེ་
ཤེས་ཅན་ཡོན་ཏན་གྱིས་རྒན་པ་ནི་རྒན་པའོ། །གཞན་ཡོན་ཏན་མེད་པ་རྨོངས་པ་མི་ཤེས་པ་ཅན་རྒན་པ་མ་ཡིན་པ་ཡོན་ཏན་ཆུང་ངུ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་འཁོར་བའི་རྣམ་པར་རྟོག་པའོ། །དེས་ན་མུན་པ་ཟིལ་གྱིས་མནན་པ་ཞེས་པ་ནི་ཇི་ལྟར་དམུན་ལོང་དེའི་
ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་བརྒྱད་ལོང་བ་ནི་མ་ཡིན་ཏེ། སྔོན་ནས་ལྷའི་མིག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱིས་པ་རྣམ་པར་རྟོག་པའི་ཤེས་པའི་མུན་པས་ཟིལ་གྱིས་མནན་ཅིང་གློ་བུར་བའི་དྲི་མ་སྟེ། གཡོ་དང་གདུག་པ་དང་སྒྱུ་དང་གྱ་གྱུའི་ལས་
དང་། དེ་བཞིན་དུ་ཆགས་སོགས་ཞེས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་དང་སེར་སྣ་ལ་སོགས་པ་གཡོ་སྒྱུའི་དབང་གིས་འདོར་བར་མི་ནུས་ཏེ། དེས་ན་རང་བཞིན་དྲི་མ་མེད་པའི་སེམས་དྲི་མས་སྦགས་ཏེ་གཡོ་སྒྱུ་ཅན་དེ་རྣམས་གདོན་པའི་ཕྱིར་འཁོར་བར་བདུད་
རྩིའི་རང་བཞིན་གྱིས་ཐབས་གསུངས་སོ། །རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །དེ་ཡང་འོད་གསལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཐབས་ཀྱི་རང་བཞིན་བཞི་བཅུར་ར་ས་ནཱའི་རང་བཞིན་གྱི་རང་གི་ངོ་བོ་གསུངས་པ་ནི་རྡུལ་གྱི་ཁམས་ཏེ། འདོད་ཆགས་ཀྱི་བག་ཆགས་རྣམས་ཡོངས་
སུ་ཟད་པའི་རྒྱུར་གསུངས་སོ། །ད་ནི་ཨ་ཝ་དྷཱུ་ཏཱིའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆགས་པ་བར་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་སྟེ། དེ་ཉིད་འོད་གསལ་བའོ། །དེས་ན་འདི་ལས་གཞན་པའི་དམ་པའི་དངོས་པོ་ཅི་ཡང་ཡོད་པ་མ་ཡིན་
ནོ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་ནི་བརྗེད་ངས་པ་བྱེད་པ་དེ་ལས་གཞན་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་བྱེད་པའོ། །རྒྱུ་ནི་ཞེས་པ་ནི་རྒྱུ་གཙོ་བོ་མ་ཡིན་པ་གཞན་དེ་ནི་མེད་དེ། འཁྲུལ་པས་འཁོར་བའི་བདེ་བ་སྣ་ཚོགས་པ། །རྗེས་སུ་ཚོལ་བ་དེ་མ་ལུས་ཟད་པ། །ཞེས་པ་རྣམ་

པར་རྟོག་པའི་བདེ་བ་ཟད་པའོ། །དེ་ཉིད་ཀྱིས་ན་འཆིང་བ་ཟད་པར་འདོད་པའོ། །དེས་ན་མི་སྨྲ་བར་འགྱུར་རོ། །རྫོགས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་སེམས་ཞེས་པ་ནི་བརྒྱ་ལམ་ན་བསྒོམས་པས་སྐྱོན་དེས་ཤིན་ཏུ་བརྟགས་ནས་འབད་པས་བརྟན་པར་
བྱའོ། །མིན་ལ་ལེ་ལོར་འགྱུར་ཏེ། དེའི་ཚེ་སེམས་རང་བཞིན་གྱིས་སྣ་ཚོགས་པའི་རྣམ་པར་དེས་ནི་གཉིས་གཉིས་སུ་འགྱུར་ཏེ། དེའི་རང་བཞིན་རང་བཞིན་མེད་པའོ། །དེས་ན་འཁོར་བའི་སྡུག་བསྔལ་དེ་ཉིད་ཀྱི་རང་བཞིན་འགོག་ཅིང་སྔོན་དུ་གསུངས་པའི་རང་བཞིན་གྱིས་བྱ་བ་ཉེ་བར་འགྲོ་
བ་སྟེ་བེམས་པོའི་ཁམས་བཞིན་ནོ། །དེ་ལྟར་ཨ་ཝ་དྷཱུ་ཏཱིའི་རང་བཞིན་གྱིས་ངོ་བོ་གསུངས་སོ། །དེས་ན་གཉིས་མེད་པར་འགྲོ་ཞེས་པའི་ཚུལ་གྱིས་སོ། །རྣམ་པ་བདུན་གྱི་བདེ་བས་དེ་ལྟར་མདོར་བསྡུས་ན་རྣམ་པ་གསུམ་ལ་བརྒྱད་ཅུའོ། །རྒྱས་པར་ནི་བྱེ་བ་ཕྲག་བརྒྱད་ཅུའི་ཚད་དང་གྲངས་མེད་
པ་སྐད་ཅིག་དང་ཐང་ཅིག་ལ་སྲོག་གི་རང་བཞིན་གྱིས་འབྱུང་ངོ་། །དེ་བཞིན་དུ་ཇི་སྲིད་རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཇི་སྐད་དུ་རྣལ་འབྱོར་པ་འཁོར་བ་ལ་གནས་པ་དེ་སྲིད་དུ་རྣམ་པ་དང་བཅས་པའི་བསྒོམ་པ་ལ་དམིགས་
པར་འགྱུར་ཏེ། གཞན་དུ་ན་ཐུན་མོང་གི་དངོས་གྲུབ་རྣམས་བསྒྲུབ་པར་མི་འགྱུར་རོ། །དེས་ན་སེམས་ཅན་རྣམས་ཡིད་ཆེས་པར་མི་འགྱུར་རོ། །འོན་ཀྱང་རྣལ་འབྱོར་པ་སངས་རྒྱས་ཉིད་ཅེས་པ་ནི་དང་པོ་ཉིད་ནས་སེམས་མཐར་ཐུག་པའོ། །དེས་ན་འགྱུར་ཞེས་པ་ནི་དོན་དམ་པའི་སྒྲུབ་ཐབས་ལ་
ནན་ཏན་བྱེད་པར་འགྱུར་བའོ། །དེ་ཡང་མཚོན་བྱ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདིར་མཚོན་བྱའི་རྣལ་འབྱོར་གོམས་པ་ཡང་གང་གིས་མཚོན་པ་མཚོན་པ་མེད་པར་བྱ་སྟེ། སྔོན་དུ་གསུངས་པའི་རང་བཞིན་གསུམ་གྱིས་རང་གི་དོན་ངོ་བོ་གསུམ་བསྒོམ་པའོ། །དེ་ལ་མོས་པས་
གནས་པའི་རྣལ་འབྱོར་པས་དེ་ཡང་སྲོག་དང་རྩོལ་བའི་རིམ་གྱིས་ཉེ་བར་མཚོན་པར་བྱའོ། །དེ་བཞིན་དུ་སྲོག་དང་རྩོལ་བའི་རྣམ་པ་དྲུག་ཅུ་རྩ་བཞིའོ། །ཚིག་གི་དབྱེ་བས་དྲུག་ཅུ་རྩ་བཞིའི་རྣམ་པའི་བསམ་གཏན་རྣམས་སུ་འགྱུར་རོ། །དེ་རྣམས་ཀྱང་གནད་ཀྱི་སྒོ་རྣམས་སུ་མཚོན་པར་བྱའོ། །

དེ་ལ་གནད་ཀྱི་སྒོ་གསུམ་པ། འདིར་ལུས་ལ་གནད་ཕྱེ་བའི་སྒོ་གཅིག་ཀྱང་དྲུག་ཅུ་རྩ་བཞིའི་རྣམ་པའོ། །ལྟེ་བའི་གཉིས་གཉིས་དྲུག་ཅུ་རྩ་བཞི་དབྱེ་བས་མདུད་པ་དྲུག་ཅུ་རྩ་བཞི་རྣམས་སུ་གཉི་ག་ལས་རྒྱུ་བ་འདི་ཉིད་ཀྱིས་འདོད་པའི་གནས་སྐབས་དྲུག་ཅུ་རྩ་བཞི་
རྣམས་སོ། །དེ་རྣམས་ཀྱི་གནས་རྣམས་སུ་རིམ་པ་བཞིན་བརྗོད་པ་འདི་ལྟ་སྟེ་དཀར་པོའི་ཕྱོགས་ཀྱི་དཀར་པོའི་ཚེས་གཅིག་ལ་སོགས་པ་ལ་མཐེ་བོ་ནས་བརྩམས་ཏེ། མཐེ་ཆུང་གི་མཐར་ཐུག་པར་སྟེང་དུ་བུ་ག་བཞིའོ། །དེ་བཞིན་དུ་ལོང་བུའི་གནས་སུ་བཞི་ནི་མདུན་དང་རྒྱབ་དང་ལོགས་
གཉིས་སུའོ། །དེ་བཞིན་དུ་པུས་མོ་ལ་མདུད་པ་བཞིའོ། །དེ་བཞིན་དུ་རྐེད་པ་དང་བརླའི་མཚམས་སུ་ཡང་སྔ་མ་བཞིན་ནོ། །སྒོ་ང་ལ་ཡང་དེ་བཞིན་ནོ། །གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པའི་གཡོན་ལོགས་རྣམས་སུ་ཡང་བུ་ག་བཞིར་འགྱུར་རོ། །དེ་བཞིན་དུ་ལག་པ་
གཡོན་པའི་སོར་མོའི་རྩ་བ་རྣམས་སུ་རྐང་པ་གཡོན་པའི་སོར་མོ་བཞིན་ནོ། །ལག་པའི་མཁྲིག་མ་རྣམས་སུ་ནི་ལོང་བུའི་གནས་བཞིན་ནོ། །གྲུ་མོའི་གནས་སུ་ནི་པུས་མོ་བཞིན་ནོ། །དེ་བཞིན་དུ་དཔུང་པར་ནི་རྐེད་པ་བཞིན་ནོ། །དེ་བཞིན་དུ་ཟ་ཡུ་བ་དང་མཁུར་ཚོས་དང་རྣ་བའི་རྩ་བ་དང་
མིག་གཡོན་པའི་ཟུར་དག་ཏུ་གནད་གཉིས་སུ་འགྱུར་རོ། །དེ་བཞིན་དུ་སྨིན་མའི་བུ་ག་དང་། དེ་བཞིན་དུ་མཚོག་མ་དང་དཔྲལ་མཚམས་དང་། དེའི་གཡོན་ཟུར་གྱི་གནས་བཞི་རུ་གནད་ཀྱི་སྒོ་གཉིས་གཉིས་སོ། །དེ་བཞིན་དུ་སྤྱི་བོ་དང་གཙུག་ཏོར་དང་རྒྱབ་ཀྱི་ཆར་གནད་ཀྱི་སྒོ་ཕྲ་མོ་གཉིས་
གཉིས་དྲུག་གོ། །དེ་ལྟར་རྣམ་པ་དྲུག་ཅུ་རྩ་བཞིར་རྟོགས་པར་བྱའོ། །དེ་བཞིན་དུ་ནག་པོའི་ཕྱོགས་ཀྱི་ནག་པོའི་ཚེས་གཅིག་ལ་སོགས་པ་ལ་གཡས་རྣམས་ཀྱི་གནད་ཀྱི་སྒོའི་རྣམ་པ་དྲུག་ཅུ་རྩ་བཞིའོ། །དེ་དག་ལ་དབྱུག་པ་སོར་སོར་རེ་རེའི་དུས་ཀྱི་དབང་གིས་ཉ་དང་གནམ་སྟོང་གཉིས་འདུས་པར་བྱའོ། །
དེས་ན་ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྐད་ཅིག་ལས་ཏེ་དེའི་ཕྱིར་མཚོན་བྱ་མཚོན་པར་བྱའོ། །རྡོ་རྗེ་རླུང་གིས་གནས་ཀྱི་སྒོ་དབྱེ་བར་བྱ་སྟེ། སྲོག་གི་རྒྱུ་བས་སོ། །དེ་ཡང་། རང་འདོད་ལྷ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་རང་བཞིན་གྱིས་དག་པ་ཐོག་མ་མེད་པ་ནས་ཆོས་ཀྱི་སྐུའི་མཚན་ཉིད་

ཀྱི་ལྷ་དེ་བཞིན་ཉིད་ཡང་དག་པ་བདག་མེད་པ་ལ་མོས་པས་ཐིག་ལེ་སྟོང་པ་མཚོན་པར་བྱའོ། །མཚོན་བྱ་བ་དེ་ཡང་མཚོན་པ་མེད་པར་བྱའོ། །དེ་ཉིད་ཀྱིས་ན་རྫོགས་པའི་མཚོན་བྱ་ཞེས་གསུངས་སོ། །གསུམ་པ་ཞེས་ནི་ལུས་དང་ངག་དང་སེམས་སོ། །གནས་ཞེས་པ་ནི་བདེ་བ་རྣམས་ཀྱི་གཞིའོ། །འདི་
རྣམས་ནམ་མཁའ་ལྟ་བུ་ཞེས་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས་པར་འགྱུར་བའོ། །དེ་ལྟར་འདོད་པ་ཐམས་ཅད་རབ་དོར་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ཉིད་ཀྱི་བསམ་གཏན་གྱི་སྦྱོར་བའི་གནས་གསུངས་པ། རིའི་རྩེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལས་དང་པོ་རྣམས་
ཀྱི་ནི་སྒྲ་ཇི་བཞིན་ནོ། །རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱི་འདོད་པས་མཚན་མའི་རྒྱུའི་གནས་རྣམས་ལ་དེའི་ཚེ་རིའི་རྩེ་མོ་ཞེས་པ་ནི་རི་བྲགས་ཀྱི་སྟེང་དུ་སྤྲིན་མེད་པའི་ནམ་མཁའ་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་བརྟན་པར་འགྱུར་རོ། །དེ་རྣམས་ཀྱང་སྲོག་བཅུ་དང་དེ་བཞིན་དུ་དཀྱིལ་
འཁོར་བཅུ་དང་། མཚན་མ་བཅུ་དང་། གནས་སྐབས་བཅུ་དང་། ཡེ་ཤེས་བཅུ་དང་། རང་བཞིན་བཅུའོ། །དེ་བཞིན་དུ་བསམ་གཏན་བཞི་སྟེ། དྲུག་ཅུ་རྩ་བཞི་པོ་དེ་དག་ཐམས་ཅད་ནམ་མཁའི་མཚན་མར་ཤེས་པར་བྱའོ། །དེ་བཞིན་དུ་ཞི་བྱེད་གནས་ཞེས་པ་མཚན་ཉིད་གཅིག་པའི་
གནས་རྣལ་འབྱོར་མ་རྣམས་ཀྱི་བརྡས་འདུལ་བར་འགྱུར་ཏེ། དེ་རྣམས་ཀྱི་སྒྲུབ་པ་པོ་ལ་བཀའ་སྩོལ་བ་འགྲུབ་བོ། །ཡང་ན་པདྨའི་ཚལ་ཞེས་པ་ནི་མཚོའི་ནང་དུ་མཚན་མོ་དུས་སུ་པདྨའི་རང་བཞིན་དུ་ཡོངས་སུ་བརྟག་པ་སྟེ། ནང་གི་རྩ་རྣམས་པདྨར་སྣང་བའི་ཕྱིར་རོ། །དེས་ན་རང་ཉིད་པདྨའི་ཚལ་
བཞིན་དུ་སོ་སོར་སྣང་ངོ་། །དེའི་ཚེ་ཀུན་ཏུ་སྐྲག་པར་མི་འགྱུར་ཏེ། སྔོན་དུ་ཕྱིའི་སྐྱེད་མོས་ཚལ་ཁྱད་པར་ཅན་ཏེ། གང་དུ་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་པའི་དངོས་པོ་རྣམས་ཀྱིས་བརྒྱན་པར་འགྱུར་བའོ། །དེས་ན་སེམས་དེའི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཚེ་རང་བཞིན་དང་
བྲལ་བར་འགྱུར་རོ། །ཡང་ན་འདི་ལྟ་བུའི་གནས་སུའོ། །ཐམས་ཅད་ཅེས་པ་ནི་སྐྱེ་བོ་དང་བྲལ་ཞིང་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒས་པའི་དབང་གིས་ནུས་པས་ཀྱང་རེས་འགའ་རང་གི་ཁྱིམ་དུ་དངོས་པོ་ཐམས་ཅད་སྤངས་ཏེ་བསྒོམ་མོ། །

ཡང་ན་སེམས་ཀྱི་མོས་པས་གང་དུ་སེམས་མངོན་པར་དགའ་བ་དངོས་པོའི་ཁྱད་པར་གྱི་རང་བཞིན་ཡིད་དུ་འོང་བར་རོ། །འདི་དག་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས་ནི་གང་ཞེས་པ་ནི་སེམས་ཅན་གང་དང་གང་མོས་པའི་བདག་ཉིད་
དང་དེས་གནས་སུ་བྱའོ། །གཞན་ནི་གོ་སླའོ། །ཕྱག་རྒྱ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཏི་མུག་གི་གཉེན་པོ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཞེ་སྡང་གི་གཉེན་པོ་ནི་ཕྱག་རྒྱ་ཆེན་པོའོ། །ཕྲག་དོག་གི་གཉེན་པོ་ནི་ལས་ཀྱི་ཕྱག་རྒྱའོ། །འདོད་ཆགས་ཀྱི་གཉེན་པོ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཕྱག་
རྒྱ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ་དེ་དག་ཅེས་པ་ནི་གཏི་མུག་ལ་སོགས་པའི་རིག་མ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོའི་གཟུགས་སུ་བསྐྱེད་དེ་ཐ་མལ་པའི་དབང་གིས་སོ། །རང་བྱིན་གྱིས་བརླབས་པའི་བདག་ཉིད་ཀྱི་རྣལ་འབྱོར་མ་སྣ་ཚོགས་པ་སྒྱུ་མ་ལྟ་བུར་རོ། །དེ་ལྟར་རྣལ་འབྱོར་པས་
བསྟེན་པ་ནི་མཆོད་པ་སྟེ། རིག་མ་ལྟར་བསམས་ནས་སོ། །མངོན་སུམ་དུ་ཞེས་པ་ནི་རྣལ་འབྱོར་པ་རང་ཉིད་ཀྱང་ལྷའི་བདག་ཉིད་དུ་འགྱུར་རོ། །དེ་ལྟར་གཉིས་ཀ་ཡང་ལྷའི་གཟུགས་སུ་སོ་སོར་སྣང་ངོ་། །དེས་ན་རྨོངས་པས་ཞེས་པ་ནི་དཀར་པོས་ཞི་བའི་ལས་སོ། །ཁྲོ་བོས་ཞེས་པ་ནི་ནག་
པོས་དྲག་པོའི་ལས་སོ། །དེ་བཞིན་དུ་ཆགས་པས་ཞེས་པ་ནི་དམར་པོས་ཆགས་པའི་ལས་བྱེད་དོ། །དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ལས་ཀྱིས་དེ་རྣམས་ཀྱི་གཉེན་པོའོ། །དེ་དོན་དུ་ཞེས་པ་ནི་དེའི་དོན་དུའོ། །རབ་ཏུ་བྱེད་པ་ལྔ་པོ་ཞེས་པ་ནི་རྟོག་པ་དང་པོའི་རབ་ཏུ་བྱེད་པ་
དང་པོ་ནི་བརྗོད་པ་དང་རྗོད་པར་བྱེད་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་བསྒོམ་པའི་དེ་ཁོ་ན་ཉིད་ཀྱི་བར་དུ་བྱེད་པའོ། །གཉིས་པ་ནི་བྱང་ཆུབ་སེམས་ལ་འཇུག་པ་ཞེས་པའོ། །གསུམ་པ་ནི་དེ་ཁོ་ན་ཉིད་བསྟན་པའོ། །བཞི་པ་ནི་རྟོག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོ་བྱང་ཆུབ་སེམས་
ཀྱི་དབང་བསྐུར་བའོ། །ལྔ་པ་འདི་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བསྒོམ་པ་སྟོན་པས་སོ། །དེའི་ཕྱིར་དེ་རྣམས་ཀྱིས་རྒྱལ་བ་ཡང་དག་པར་བསྐྱེད་པའོ། །དེ་བཞིན་དུ་རེས་འགའ་རྣལ་འབྱོར་པ་སེམས་ཅན་གྱི་དོན་གྱི་དབང་གིས་བསྒོམས་པ་ལས་ལངས་ཤིང་རྣལ་འབྱོར་ལ་མི་དམིགས་

པ་དེའི་ཚེ་ཐུན་ཚོད་བསྟན་པའི་ཕྱིར་ཐོ་རངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱའི་སྦྱོར་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་ཨ་ཝ་དྷཱུ་ཏཱིར་བཞུགས་པ་སྟེ། གཟུང་བའི་རིམ་པས་སྲོག་གཞག་པར་བྱའོ། །གཞན་དུ་རྣལ་འབྱོར་ཉམས་སོ། །དེས་ན་དངོས་གྲུབ་མི་འགྱུར་ཞེས་པ་ནི་
གཞན་དུ་མ་ཡིན་པར་ངེས་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བསྟན་པ་སྨོད་ཅེས་བྱ་བ་ལ་སོགས་པ་ནི་བསྟན་དང་དུས་ཐམས་ཅད་དུ་ལྷན་ཅིག་པའི་རྣལ་འབྱོར་པ་ཕྱག་རྒྱ་དེས་རྒྱས་བཏབ་ཅིང་སྤྱིའི་ཕྱག་རྒྱ་སྤངས་པའོ། །སྨོད་ཅེས་པས་ནི་རྨོངས་པས་ཁ་ན་མ་ཐོ་བ་བྱེད་པ་སྤང་བའོ། །འཇིགས་པ་
ཞེས་པ་ནི་འཇིགས་པ་དང་བཅས་པ་སྟེ་འཁོར་བར་སྨོད་པའི་སྐྱེ་བོ་མི་སྲུན་ཞེས་པ་ལ་སོགས་པའོ། །འོན་ཀྱང་མངོན་སུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་དམ་བཅས་པ་བརྟན་པོར་རྟག་ཏུ་འདི་འབད་པ་འདི་སྒྲུབ་པོ། །དེ་ཡང་མངོན་སུམ་ཤེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་
དངོས་གྲུབ་ཀྱི་མཚན་ཉིད་ཀྱི་ཤེས་རབ་མ་མ་རྙེད་ན། དེའི་ཕྱིར། བྱོལ་སོང་ལ་ཡང་དེས་གོམས་བྱ། །ཞེས་པ་ནི་ཕྱུགས་བཞིན་དུ་རྒྱུན་དུ་བྱ་བའོ། །དེ་ཡང་བརྗོད་པ་མི་བྱེད་ཅེས་པ་ནི་འདི་ལྟ་བུའི་ཡང་དག་པའི་སྦྱོར་བ་དམ་ཚིག་དང་ལྷན་ཅིག་པ་གལ་ཏེ་རྣལ་འབྱོར་པ་མི་བྱེད་ན་དེའི་ཚེ་དམ་ཚིག་ཉམས་པར་
འགྱུར་རོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྦྱོར་བ་རྟག་ཏུ་བྱའོ། །དམ་ཚིག་བསྐྱང་བའི་དོན་དུ་མ་གསུངས་ཀྱང་བདུད་རྩི་ལྔ་ལ་སོགས་པ་ཆང་དང་ཤ་རྣམ་པ་སྣ་ཚོགས་དང་ལྡན་པའི་སྣ་ཚོགས་དམ་ཚིག་རྣམས་བྱ་ཞེས་པ་སྟེ་ངེས་པའོ། །གལ་ཏེ་མི་བྱེད་ན་དེའི་ཚེ་ངེས་པར་འགྱུར་རོ། །དེ་ཅིའི་ཕྱིར་
ཞེ་ན་ཉིན་རེ་ལ་སོགས་པར་རྣལ་འབྱོར་པ་མི་ཕྱེད་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཅིའི་ཕྱིར་དེའི་བྱ་བའི་དོན་ཏོ། །དེ་ལྟར་འདིར་བརྗོད་དེ། གང་དག་ཆང་ནི་མི་འཐུང་དང་། །ཡུལ་གྱི་བདུད་རྩི་མི་བསྟེན་ཞིང་། །རྒྱུན་དུ་བྱང་ཆུབ་སེམས་མི་བསྟེན། །སྐྱེས་བུ་དེ་འདིར་གླང་དང་མཚུངས། །
སློབ་དཔོན་གུས་ཤིང་དམ་ཚིག་གིས་ནི་ཚིམ། །སྡུག་དང་མངོན་འདུས་དམ་ཚིག་ཟས་རྟག་ཟ། །སེམས་ཅན་སྡིག་པ་འདི་རྣམས་ངེས་བསྣུན་པས། །དུས་ཀུན་བཏུང་བ་ཆང་གི་བཏུང་འདི་བྱ། །རྡོ་རྗེ་མཁའ་འགྲོ་གཅིག་གི་སྐུས། །བདེ་བར་གཤེགས་པའི་སྤྱོད་པ་བྱ། །རྣམ་པར་མི་རྟོག་

བདག་དངོས་ཀྱིས། །ཡུལ་ནི་བསྟེན་ཞིང་སྤྱད་པར་བྱ། །ཐམས་ཅད་དུ་ནི་ཆང་སྙིང་པོ། །སེམས་ཅན་སེམས་བཟང་པོ་ཡིས་བཏུང་། །གལ་ཏེ་ཡང་ནི་འདིར་བྱང་ཆུབ། །རབ་ཏུ་ཐོབ་པའི་རྒྱུ་མེད་ན། །སྒྱུ་མའི་རང་བཞིན་འདི་ལ་བལྟ། །ཤ་ཡི་མཆོག་ནི་བཟའ་བར་
བྱ། །རྣལ་འབྱོར་མ་ཡི་འཁོར་དབུས་གནས། །དེ་རུ་རོ་ནི་མང་པོ་ལ། །ལུས་ཅན་ལ་ནི་དམར་པོར་འཁྱུད། །ཅང་ཏེའུ་ལག་ཐོགས་སླར་གར་བྱ། །སྣོད་མིན་ལ་ནི་མངོན་འདོད་ཆང་། །སྦྱིན་པ་དང་ནི་བཏུང་མི་བྱ། །དེ་ལྟར་དམ་ཚིག་བསྟེན་ཞིང་བསྒྲུབས་ན་དངོས་གྲུབ་ཏུ་འགྱུར་རོ། །གཞན་
དུ་བག་མེད་པ་ལ་སོགས་པས་དམ་ཚིག་ཉམས་པར་འགྱུར་རོ། །དེས་ན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེས་ན་ཉིན་རེའམ་ཟླ་རེའམ་ལོ་རེའམ་རྟག་ཏུ་གལ་ཏེ་རྣལ་འབྱོར་མ་མཆོག་གིས་པདྨ་ལ་རེག་པར་མི་བྱེད་ན་དེའི་ཚེ་སླར་ཡང་དམ་ཚིག་དང་སྡོམ་པ་ལ་སོགས་པ་གཟུང་བར་བྱའོ། །དེའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་སངས་རྒྱས་ཡང་དག་པའི། །ཁ་སྦྱོར་བ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་སོ། །བུད་བྱ་བ་དང་བྱ་བ་མིན་པར་ཟོས། །ངྷ། མཆོག་ཏུ་མི་འགྱུར་བ་ནི་གཟུང་། །སཾ། ཡང་དག་སྦྱིན་པའི་སྦྱོར་བ་ཡིས། །མྱ།
དམ་ཚིག་གཉིས་ནི་གཅིག་ཏུ་བྱ། །སཾ། ཡིད་ཀྱི་དབང་པོ་ཡང་དག་མནན། །པུ། སྐྱེས་བུ་ཉིད་དུ་ཉེ་བར་འགྲོ། །ཏ། ཊཾ་ཞེས་པ་ནི་གཉིས་དབུས་སུ། །ཡོ། །སྐྱེ་གནས་བུ་གར་ཨ་ནི་སྦྱར། །གེ །ཁྱིམ་གྱི་སྙིང་པོར་སོང་ནས་ཐིམ། །ན། ཡིད་ཀྱི་དངོས་པོ་འདིར་མི་སྣང་། །དེ་ལྟར་བསྒོམ་
པའི་རྣལ་འབྱོར་པ། །འཁོར་བ་ལས་བརྒལ་ཕ་རོལ་འགྲོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་དོན་བསྒོམ་པ་ཞེས་པ་ནི་བསམ་དུ་མེད་པ་གཉིས་མེད་པའོ། །དེའི་དོན་ནི་ཉེ་བར་བརྟགས་པའི་ཚིག་གང་གི་རྟོག་པར་འགྱུར་བ་སྟེ། དེས་ན་བསྒོམ་པ་ལ་འཇུག་པའོ། །དེ་ཡང་རྟོག་
པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་དེའི་འོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་བསམ་དུ་མེད་པའི་ལྷའི་རྣམ་པ་བསྒོམ་པ་བརྗོད་པའི་ཕྱིར།

དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་བྱེད་པ་ལྔའི་རྗེས་ཐོགས་སུ་རྒྱལ་བ་འབྱུང་བའི་རྒྱུའི་ཕྱིར་དེ་ཉིད་ཀྱི་ལྷའི་བདག་ཉིད་ཀྱི་སྒོམ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་གྱིས་སོ། །དེ་ཡང་ཡང་དག་བཤད་པར་བྱ། །ཞེས་པ་ནི་ཕྱི་དང་ནང་གི་བདག་ཉིད་དོ། །འཁོར་ལོ་
ཀུན་གྱི་རྣམ་འཕྲུལ་ཉིད། །ཅེས་པ་ནི་རྒྱུད་ཐམས་ཅད་ཀྱི་གང་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་དེ་རྣམས་ལ་ཁྱབ་པར་བྱེད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི་ཞེས་པ་ལ་སོགས་པའི་སྒྲ་ནི་དཔལ་འདུས་པ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་མཐའ་དག་པ་དེ་
རྣམས་ཀྱི་དཀྱིལ་འཁོར་བ་དང་གཙོ་བོ་རྣམས་ཀྱིའོ། །ཐམས་ཅད་དུ་ནི་སྣ་ཚོགས་མཆོག །ཅེས་པ་ནི་དེ་ལྟ་བུའི་བརྟན་པ་དང་གཡོ་བའི་དངོས་པོ་སྣ་ཚོགས་པ་རྣམས་འོད་གསལ་བ་སྟེ། གང་གི་ཕྱིར་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཆོས་ཀྱི་སྐུའི་རྣལ་འབྱོར་མའི་རང་བཞིན་ནི་གཉིས་མེད་པའི་ཡང་
གཉིས་མེད་པའོ། །དེའི་ལོངས་སྤྱོད་རྫོགས་པ་ཉིད་ཀྱིས་ན་མཆོག་གོ། །དེ་ཉིད་ནི་གསལ་པོར་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་སོ། །དེ་ལྟ་བུ་གང་དུ་བསྒྲུབ་ཅེས་པ་ནི་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡི་གེ་བཅུ་དྲུག་ནི་དེ་ཁོ་ན་ཉིད་བཅུ་དྲུག་སྟེ། བཅོམ་ལྡན་འདས་
ཀྱིས་རྡོ་རྗེ་གསང་བ་བླ་མ་ཞེས་པ་ལས་གསུངས་པ། འདི་ལྟ་སྟེ། ར། ཁྲག་གི་ཁམས་ནི་བྱས་པའི་བདག །རུས་པའི་དྲ་བ་བཞུ་བར་བྱ། །ཞག་རྣམས་འགུལ་ཞིང་འགུལ་བར་འགྱུར། །ལུས་ཀྱི་དྲ་བ་གསད་པར་བྱ། །ཧ། ཁུ་བ་དབུས་སུ་བསྣུན་པ་ནི། །བདེ་བ་རྣམ་ཤེས་མཚན་ཉིད་དོ། །ཐིམ་པ་
སྟེར་ནི་ཐིམ་བྱ་སྟེ། །ཕུང་པོ་ལྔ་ནི་གསད་པར་བྱ། །སྱ། མཆོག་གི་བྱང་ཆུབ་སེམས་ནི་བསྟེན། །ཐིག་ལེའི་གཟུགས་ནི་མི་ཤེས་པ། །བློ་ལྡན་བསམ་གཏན་ཙམ་གྱིས་ནི། །འགྲོ་དང་འོང་བ་འགོག་པར་བྱེད། །པ། པདྨའི་འདབ་མའི་རྣམ་འདྲ་བ། །པགས་པ་སྟོང་པའི་གནས་ཀྱི་མཆོག །རླུང་
གི་གཟུགས་སུ་འོངས་ནས་ནི། །ཐིག་ལེ་མི་འཛག་པ་ལ་རེག །ར། རོ་དང་དྲི་ནི་ཉེ་བར་འགྲོ། །ལྷ་ཡི་དབང་པོ་ཡིས་ནི་ཕྱེ། །བསྣམས་ཀྱང་དེར་ནི་ཡོད་མིན་པ། །ཡེ་ཤེས་དྲི་ནི་བླ་ན་མེད། །མེ་ཏོག་ཉིད་ཀྱི་ནམ་མཁའ་ནི། །སྙིང་གི་དབུས་སུ་ཁ་ནི་ཕྱེ། །དེ་ལས་ལྷན་ཅིག་སྐྱེས་པ་སྟེ། །ཚིག་གི་

ལམ་ལས་འདས་སྤྱོད་ཡུལ། །ར། ར་ས་ནཱ་ཡི་མཁའ་དབུས་སུ། །ཆགས་པ་ཀུན་ཏུ་ཐིམ་པ་དེར། །སྙིང་རྗེ་ཡི་ནི་རོ་སྐྱེས་ཏེ། །དེས་ན་བསམ་གྱིས་མི་ཁྱབ་གསུངས། །མེ། ཤ་འདི་རྟག་ཏུ་ཟོས་པ་ནི། །འབར་བ་བཞིན་དུ་དོན་དམ་པ། །འདྲངས་པ་ཉིད་
ནི་འདིར་མི་བྱེད། །སེང
Luận tạng Tây Tạng (Tengyur) — Tập 6 | Tra cứu Kinh điển | Tàng Kinh Việt