Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 6
Văn bản gốc(Tây Tạng)
Trang 15 / 21 (50.000 ký tự/trang)
།ལུང་རྒྱུད་ལས་ནི་ཡོད་མིན་པའོ། །འདིར་ནི་རྟག་པར་རྗེས་ཐོགས་བྱ། །རྡུལ་ཕྲན་རྣམས་ནི་ཆ་མེད་ཕྱིར། །ཏཱ། སེམས་ནི་ཉམས་པ་དེ་རྣམས་ལ། །འདིར་ནི་མདོ་སྡེ་ཉིད་ནི་བསྟན། །ཀུན་རྫོབ་ཏུ་ནི་གནས་པའོ། །དེ་རྣམས་མེད་མིན་དབུ་མའོ། ། ཛྙཱ། །འདིར་ནི་ཤེས་པ་ཙམ་གནས་ལ། །རྣལ་འབྱོར་སྤྱོད་པ་རྣམས་ནི་བསྟན། །དེ་ཡང་མ་རིག་དེར་ཤེས་བྱ། །རྣལ་འབྱོར་སྤྱོད་པའི་དབུ་མའོ། །ན། ཡོད་མིན་མེད་མིན་འཁྲུལ་པ་ཉིད། །དེས་ན་སྔོན་པོ་ལ་སོགས་སྣང་། །དེ་རྣམས་དམིགས་པར་མི་འགྱུར་ཏེ། །བརྟགས་ པའི་ཕྱིར་ན་འདིར་བསྟན་ཏོ། །བ། རྩའི་དབུ་མ་ཁྱད་པར་ཅན་ལ། །མིང་ཙམ་ཉིད་དུ་དེ་ཤེས་བྱ། །རྣམ་ཤེས་ཉིད་ནི་རིང་བའི་ཕྱིར། །སྒྱུ་མ་བརྫུན་པ་ཉིད་དུ་བྱ། །ཛྲ། དམ་པའི་དོན་གྱིས་བསྒྱིངས་པའི་ཕྱིར། །དེ་ཡང་དེ་ཁོ་ན་ཉིད་བཤད། །རྡོ་རྗེ་ཆོས་རྣམས་ཀྱིས་བསྟན་པའོ། ། རྡོ་རྗེ་བསམ་དུ་མེད་པའི་གཟུགས། །སྭ། །དངོས་པོ་ངོ་བོ་ཙམ་ཉིད་ནི། །དབུ་མ་ཆེན་པོར་ཤེས་པར་བྱ། །དེ་དག་ཐམས་ཅད་ཡོད་པ་མིན། །ཡོད་པ་མངོན་སུམ་མཐོང་བའི་ཕྱིར། །བྷཱ། ཆ་དང་ཆ་མིན་རྣམ་པར་དཔྱད། །སངས་རྒྱས་པ་རྣམས་སེམས་མང་བས། །དེ་རྣམས་རྟོགས་ པ་ཐོབ་པའི་ཕྱིར། །ལྟ་བ་རྣམས་ནི་འདི་ཡིས་བསྟན། །བ། སངས་རྒྱས་དེ་ཉིད་བསྒོམས་པ་ཡིས། །བག་ཆགས་རྣམས་ནི་ཟད་པ་ཉིད། །དེ་ལྟར་བྱས་དང་མ་བྱས་ཀུན། །ཇི་སྲིད་བདག་གིས་རྣམ་པར་གནས། །ཨཱཏྨ་བདག་ཉིད་ཀྱིས་ནི་བཟུང་བཏང་སྟེ། །དེ་བཞིན་བརྗོད་མེད་ཆོས་ ཉིད་དོ། །བླ་མའི་བཀའ་ནི་ཡིད་ཆེས་པས། །འདི་ཡིས་སངས་རྒྱས་སངས་རྒྱས་མིན། །ཀོ྅། ཁྲོ་བ་ལ་སོགས་འཁོར་བ་ལས། །བློ་དང་ལྡན་པ་གྲོལ་བར་འགྱུར། །ཆོས་ཀྱི་དབྱིངས་ནི་ཉིད་ཐོབ་ཅིང་། །རྡོ་རྗེ་འཛིན་པའི་ས་དེ་བཞིན། །ཧཾ། ད་ལྟར་བྱུང་བའི་སེམས་ཅན་རྣམས། །བདག་ ཉིད་ང་རྒྱལ་བྱེད་པ་ནི། །སྔགས་ཀྱི་དག་པ་ཉིད་ནི་ཤེས། །སྒྲུབ་པ་པོ་ནི་འཁྲུལ་པ་སྤངས། །སྟོང་པ་ཉིད་ཀྱི་ཡེ་ཤེས་འདིས། །འགྲུབ་ཀྱི་གཞན་དུ་མ་ཡིན་ཏེ། །རང་གི་ལྟ་བ་རྟོགས་པས་ཞེས་དགོངས་སོ། །དེས་ན་སྨོན་ལམ་རྗེས་སུ་དྲན་ཏེ་ནམ་མཁར་འདི་བསྒོམ་པར་ བྱའོ། །རཾ་ལས་ཉི་མ་མདུན་དུ་བསྒོམ་བྱས་ཏེ། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་བསྒོམ་བྱ་བ། །ར་བ་དང་ནི་གུར་ནི་བཅིང་བར་བྱ། །དེ་ལྟར་རྡོ་རྗེ་ར་བ་དང་རྡོ་རྗེ་གུར་རྣམ་པར་བསྒོམ་པར་བྱའོ། །དེའི་ནང་དུ་རྡོ་རྗེ་བླ་རེ་ཡང་བསྒོམས་ཏེ་བགེགས་བསྐྲད་པར་བྱའོ། ། དེའི་ནང་ན་ནམ་མཁའ་ཁྱབ་པ་ཅན། །སྟོན་ཀའི་ཟླ་བའི་ལྟར་དཀར་བ་རྩེ་མོ་གསུམ་དུ་གནས་པ་ནང་ཁོང་སྟོང་ཆེན་མོ་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ། །དེའི་ནང་དུ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོའོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོའོ། །དེའི་ སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོའོ། །དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ལྟ་བུ་ནག་པོའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་ཆེན་པོའི་ལྟེ་བར་སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་ཡས་ཁང་རྣམ་པར་བསམ་པར་བྱའོ། །དེ་ཡང་མཆོག་ཏུ་ འབར་བ་རིན་པོ་ཆེ་སྣ་ཚོགས་རང་བཞིན་གྲུ་བཞི་རྟ་བབས་བཞིས་བརྒྱན་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་ཁ་ཁྱེར་བཞིར་མཆོད་པའི་ལྷ་མོ་བརྒྱད་གཉིས་ཀྱིས་མཆོད་པ་བྱེད་པ། དྲ་བ་དང་དྲ་ཕྱེད་པས་སྤྲས་པ། རྡོ་རྗེའི་ཐིག་གིས་བརྒྱན་པ། རླུང་གིས་བསྐྱོད་པའི་བ་དན་སྣ་ཚོགས་པའི་མཆོག་ དྲིལ་བུའི་སྒྲ་སྒྲོགས་པའོ། །དེའི་དབུས་སུ་པདྨ་འདབ་མ་བཅུ་གཉིས་པ་ལྟེ་བ་དང་གེ་སར་དང་ལྡན་པ་ཀུན་ཏུ་དཀར་པོ་དང་ཟླ་བ་ལྟར་སྣང་བ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་ཅིང་ཀུན་ནས་ཡོངས་སུ་བསྐོར་བའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཚངས་པའི་ཐོད་པའོ། །དེའི་ དབུས་སུ་ཧཱུཾ་འོད་ཟེར་སྣ་ཚོགས་པ་འཕྲོ་བ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷའི་གཟུགས་སུ་བསྒོམ་སྟེ། ཞལ་གསུམ་ཕྱག་དྲུག་པ་དེ་བཞིན་དུ་རྩ་བའི་ཞལ་ནག་པོ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོའོ། །ཡང་ན་ལུས་ཐམས་ཅད་ནི་དཀར་པོའོ། །གཡོན་ དང་གཡས་དམར་པོ་དང་ནག་པོ་ཇི་ལྟར་འདོད་པའོ། །དེ་བཞིན་དུ་སྤྱན་གསུམ་པ་ཕྱག་དྲུག་དང་ལྡན་པ་གཡས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་རྡོ་རྗེ་དང་མདའ་དང་རྩེ་གསུམ་མོ། །དེ་བཞིན་དུ་གཡོན་རྣམས་ལ་བདུད་རྩི་ལྔས་གང་བའི་ཐོད་པ་དང་གཞུ་དང་རྡོ་རྗེ་དྲིལ་བུའོ། །རལ་པའི་ཅོད་པན་གྱིས་བརྒྱན་ པའི་བཅོམ་ལྡན་འདས་ཇི་ལྟ་བ་དེ་བཞིན་དུ་འཁྱུད་པའི་ཤེས་རབ་མའོ། །དེ་ལྟ་བུར་གྱུར་པ་དེའི་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའོ། །དེའི་ལྟེ་བ་ལ་ཨཱ་ལི་ཀཱ་ལི་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་དང་ཨོཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གྲི་གུག་གོ། །དེའི་སྟེང་དུ་དེ་ཉིད་ཀྱི་ས་བོན་གཉིས་འོད་ཟེར་ལྔའི་རང་ བཞིན་འབར་བའི་ཕྲེང་བ་ཀུན་ནས་འཕྲོ་བ་ལས་མཁའ་འགྲོ་དང་མཁའ་འགྲོ་མ་དྲག་མོའི་རིགས་ཀྱི་ཚོགས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སླར་དེ་ཉིད་དུ་གཞུག་གོ། །དེ་ཐམས་ཅད་རིམ་པ་བཞིན་འགྱུར་བར་བལྟ་སྟེ། རྡོ་རྗེ་སེམས་དཔའ་དང་། ཟླ་བ་དང་། རྡོ་རྗེ་ཨཱ་ལི་དང་། ཀཱ་ལི་དང་། མཚན་མ་གཉིས་དང་། ས་བོན་གཉིས་གྱུར་པ་ལས་བདག་ཉིད་དཔལ་དགྱེས་མཛད་རྡོ་རྗེའི་སྐུའི་མདོག་ནག་པོ་ཞལ་བརྒྱད་པ་ཞབས་བཞི་པ་ཕྱག་བཅུ་དྲུག་པ་བདུད་བཞི་མཉམ་པར་མནན་པ་བདག་མེད་པ་དང་ལྷན་ཅིག་དགྱེས་པར་མཛད་པ་མཆོག་ཏུ་དགའ་བ་བདེ་བ་ཆེན་པོའི་ཆགས་པ་ལ་ གཉིས་གཉིས་སྙོམས་པར་འཇུག་པར་བལྟའོ། །དེ་ནས་ཨོཾ་པདྨ་སུ་ཁཱ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དཏ་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཀཱ་རྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དྭ་ཡ་ཀ་ཁ་ག་མུ་ཁཻ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀཱ་རྱཾ་ཀུ་རུ་ཥྭ་མེ། ཕྱིའི་བྱ་བ་ལ་ཡང་ཤིན་ཏུ་ཆགས་པའི་གོ་ཆ་ལ་འདི་ལྟར་བྱིན་གྱིས་བརླབ་ པར་བྱའོ། །དེ་ནས་སྙིང་གར་ཟླ་བ་དང་རྡོ་རྗེའི་སྟེང་དུ་ཧཱུཾ་ངོ་། །བདག་མེད་པ་ལ་ཡང་ནུ་མའི་བར་དུ་ཟླ་བ་དང་གྲི་གུག་ས་བོན་འབར་བས་མཛེས་པའོ། །འདི་ནི་སྦྱོར་བ་དང་པོ་ཞེས་པ་དང་། ཏིང་ངེ་འཛིན་ངོ་བོ་ཉིད་ཀྱི་སྐུའོ། །དེའི་རྗེས་སུ་སྙིང་གི་མཚན་མ་ལ་གནས་པའི་ས་བོན་དང་། བསྲུབ་པ་ དང་བསྲུབས་པའི་ཁ་སྦྱོར་ལས་ལྷ་མོའི་འཁོར་ལོ་རྣམས་དབྱུང་བར་བྱའོ། །དེ་ནས་ཤར་ལ་སོགས་པའི་འདབ་མར་རིམ་པ་བཞིན་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོའོ། །དེ་བཞིན་དུ་མེ་ལ་སོགས་པའི་མཚམས་བཞིར་འདབ་མ་བརྒྱད་ལ་ཐོད་པ་གཉིས་གཉིས་ བརྒྱད་དུ་འགྱུར་རོ། །དེ་ལྟར་འདབ་མ་བཅུ་གཉིས་པའི་འཁོར་ལོའོ། །རྒྱ་ལ་སྒྲུབ་པོའི་ཁྱད་པར་གྱིས་འདབ་མ་བརྒྱད་པ་བྱེད་ན་དེ་རྣམས་ཀྱི་འདབ་མ་བརྒྱད་ལ་གཽ་རཱི་ལ་སོགས་པའི་གདན་ཐོད་པ་བརྒྱད་དོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་བཞི་རུ་ཚངས་པ་ལ་ སོགས་པ་བཞིའི་སྟན་གྱི་སྟེང་དུ་རྟ་གདོང་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་རྣམས་ཀྱིའོ། །དེ་བཞིན་དུ་མཚམས་བཞིར་གླིང་བུ་མ་ལ་སོགས་པ་བཞི་རྣམས་ཀྱིའོ། །འདི་རྣམས་ཀྱི་གདན་གྱི་སྟེང་དུ་རིམ་པ་བཞིན་ཟླ་བའི་གཟུགས་བཅུ་གཉིས་སོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་ མཚམས་བཞིར་གླིང་བུ་མ་ལ་སོགས་པའི་གདན་གཤིན་རྗེ་དང་ནོར་བདག་དང་བདེན་བྲལ་དང་ཐགས་བཟངས་རིས་ཏེ། དེ་རྣམས་ཀྱི་སྟེང་དུ་ཟླ་བའི་གཟུགས་བཞིའོ། །དེ་ལྟར་བཅུ་དྲུག་གོ། །དེ་བཞིན་དུ་ཟླ་བའི་གཟུགས་བཅུ་དྲུག་རྣམས་སྤྲོ་བར་བྱའོ། །དེའི་སྟེང་དུ་ཧཾ་སུཾ་ཤྭཾ་སིཾ་དང་། དེ་ བཞིན་དུ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ངོ་། །དེ་བཞིན་དུ་བཾ་བཱཾ་མུཾ་མཱུཾ་མོ། །དེ་ལྟར་བརྒྱད་གཉིས་ཀྱི་ས་བོན་བལྟའོ། །དེ་སོ་སོར་གྱུར་པ་ལས་རྟ་གདོང་མ་ལ་སོགས་པའི་དང་། དེ་བཞིན་དུ་གཽ་རཱི་ལ་སོགས་པ་རྣམས་ཀྱི་དང་། གླིང་བུ་མ་ལ་སོགས་པའི་མཚན་མ་རྣམས་སོ། །དེ་ལས་ལྕགས་ཀྱུ་དང་ ཞགས་པ་དང་། ལྕགས་སྒྲོག་དང་། རལ་གྲི་རྣམས་བསམ་མོ། །དེ་བཞིན་དུ་རོ་ཧི་ཏའི་ཉ་དང་། ཕག་པ་དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། སྟག་དང་། ཅེ་སྤྱང་དང་། དགེ་སློང་རྣམས་ཀྱང་བསམ་མོ། །དེ་བཞིན་དུ་གླིང་བུ་དང་། པི་ཝང་དང་། རྔ་རིངས་དང་། རྫ་རྔ་རྣམས་བསྒོམ་པར་བྱའོ། །དེའི་སྟེང་དུ་དེ་ཉིད་ཀྱི་ས་བོན་རྣམས་སོ། །དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་རྟ་གདོང་མ་ལ་སོགས་པ་དང་། །གཽ་རཱི་མ་ལ་སོགས་པ་དང་། གླིང་བུ་མ་ལ་སོགས་པ་ཡང་བསྐྱེད་པར་བྱའོ། །དེ་ལ་ཤར་གྱི་སྒོར་བཾ་ལས་བྱུང་བ་ཁ་དོག་ནག་ པོ་ཞལ་དང་པོ་ནག་པོའོ། །གཡས་དང་གཡོན་དཀར་པོ་དང་སེར་པོའོ། །སྟེང་དུ་རྟའི་གདོང་པ་ལྗང་གུའོ། །དེ་ལྟར་ཞལ་བཞི་དང་ཕྱག་བཞིའོ། །དེ་ལ་གཡས་ཀྱི་ཕྱག་དང་པོ་ལ་ལྕགས་ཀྱུའོ། །གཉིས་པ་ལ་གྲི་གུག་གོ། །གཡོན་པ་དག་ལ་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ་ཚངས་ པ་མནན་པ་དགོད་པར་བྱའོ། །དེ་བཞིན་དུ་ལྷོའི་སྒོར་ཕག་པའི་གདོང་མ་སུཾ་ལས་བྱུང་བ་ཁ་དོག་སེར་པོ་ཞལ་བཞི་པ་ཕྱག་བཞི་པའོ། །གཡས་དང་གཡོན་གྱི་ཞལ་དཀར་པོ་དང་ནག་པོའོ། །རྩ་བའི་ཞལ་སེར་པོའོ། །སྟེང་དུ་ཕག་གི་གདོང་དམར་པོའོ། །གཡས་ན་ཞགས་པའོ། །ལྷག་ མ་རྣམས་ནི་རྟ་གདོང་མ་བཞིན་ཏེ་དབང་པོ་མནན་པའོ། །དེ་བཞིན་དུ་ནུབ་ཀྱི་སྒོར་ཤྭཾ་ལས་བྱུང་བ་ཁྱི་གདོང་མ་ཁ་དོག་དམར་པོ་ཞལ་བཞི་པ་རིམ་པ་བཞིན་དུ་དབུས་དམར་བ་གཡས་དང་གཡོན་གྱི་ཞལ་ནག་པོ་དང་དཀར་པོར་སྣང་བའོ། །སྟེང་དུ་ཁྱི་གདོང་མ་སེར་པོའོ། །ཕྱག་བཞི་ལ་གཡས་ཀྱི་ ཕྱག་ན་ལྕགས་སྒྲོག་གོ། །ལྷག་མ་རྣམས་ཕག་གི་གདོང་མ་བཞིན་ཉེ་དབང་མནན་པའོ། །དེ་བཞིན་དུ་བྱང་གི་སྒོར་སིཾ་ལས་བྱུང་བ་སེང་གདོང་མ་ཁ་དོག་ལྗང་གུ་ཞལ་བཞི་པ་ཞལ་དང་པོ་ལྗང་གུའོ། །གཡས་དང་གཡོན་གྱི་ཞལ་ནག་པོ་དང་དམར་པོའོ། །སྟེང་གི་ཞལ་སེང་གེའི་གཟུགས་ འབར་བའོ། །དེ་བཞིན་དུ་ཕྱག་བཞི་པ་གཡས་ན་རལ་གྲིའོ། །ལྷག་མ་རྣམས་ནི་ཁྱི་གདོང་མ་བཞིན་དྲག་པོ་མནན་པ་དགོད་དོ། །འདི་རྣམས་ནི་ཕྱག་རྒྱ་ལྔ་འཛིན་པ་ཕྱོགས་ཀྱི་གོས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་བཞིན་དུ་མེའི་མཚམས་སུ་གཽ་རཱི་གཾ་ལས་ བྱུང་བའི་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་གཉིས་མདའ་དང་རྡོ་རྗེ་གྲི་གུག་གོ། །དེ་བཞིན་དུ་གཡོན་དག་ན་གཞུ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ་ཐོད་པའི་གདན་གྱི་དབུས་སུ་བསམ་པར་བྱའོ། །དེ་བཞིན་དུ་འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ཙཽ་རཱི་ ཙཾ་ལས་བྱུང་བ་ཁ་དོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་གཡས་གཉིས་ན་འཁོར་ལོ་དང་ཅང་ཏེའུ་འོ། །དེ་བཞིན་དུ་གཡོན་གཉིས་ན་ཐོད་པ་དང་ལྕགས་ཀྱུ་འཛིན་པ་གཟུགས་མཛེས་མ་དགོད་དོ། །དེ་བཞིན་དུ་བདེན་བྲལ་གྱི་འདབ་མར་ཕྲ་མོ་ཧཱ་ཌཾ་ལས་བྱུང་བ་ཁ་དོག་ནག་པོ་ཞལ་གཅིག་ ཕྱག་བཞི་གཡས་ཀྱི་ཕྱག་གཉིས་ལ་ཐོ་བ་དང་རྩེ་གསུམ་འཕྱར་བའོ། །དེ་བཞིན་དུ་གཡོན་གྱི་ཕྱག་དག་ལ་ཐོད་པ་དང་ཐོད་པ་ལྕང་ལོ་ཅན་མགོ་བོའི་མིང་ཅན་གཉིས་པའོ། །འདི་ཉིད་ཀྱི་འདབ་མ་གཉིས་ལ་བཾ་ལས་བྱུང་བའི་བེ་ཏཱ་ལཱི་དཀར་སེར་དུ་སྣང་བ་ཞལ་གཅིག་ཕྱག་བཞི་པ་གཡས་ ཀྱི་ཕྱག་གཉིས་ན་རྡོ་རྗེ་དང་ཆུ་དང་ཐོད་པའོ། །གཉིས་པ་ན་བཤང་བས་གང་བའི་ཐོད་པའོ། །གཡོན་དག་ན་ཆང་གིས་གང་བའི་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ་མཛེས་པའི་གཟུགས་ཅན་བསྒོམ་པར་བྱའོ། །དེ་བཞིན་དུ་རླུང་གི་མཚམས་སུ་བཾ་ལས་བྱུང་བའི་ པུཀྐ་སཱི་ཁ་དོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་ཕྱག་གཉིས་ལ་དཔག་བསམ་གྱི་ཤིང་དང་། དེ་བཞིན་དུ་རིན་པོ་ཆེ་དང་ལྷན་ཅིག་པའི་མཆོད་སྦྱིན་གྱི་ཕྱག་གོ། །དེ་བཞིན་དུ་གཡོན་དག་ལ་ལྕུག་མ་དང་ཤས་གང་བའི་ཐོད་པའོ། །དེ་བཞིན་དུ་འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ ཙཾ་ལས་བྱུང་བའི་ཙཎྜ་ལཱི་ཁ་དོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་ཕྱག་གཉིས་ལ་རླུང་རས་དང་། ཁུ་བས་གང་བའི་ཐོད་པའོ། །གཡོན་དག་ལ་རང་བྱུང་གི་མེ་ཏོག་གིས་གང་བའི་ཐོད་པ་དང་དེ་བཞིན་དུ་པདྨ་དཀར་པོའོ། །དབང་ལྡན་དུ་གྷཾ་ལས་བྱུང་བའི་གྷསྨ་རཱི་ལྗང་གུ་ དང་སེར་པོར་སྣང་བ་ཞལ་གཅིག་ཕྱག་བཞི་པ་ཕྱག་གཡས་ཀྱི་དང་པོར་མི་འཇིགས་པ་སྦྱིན་པའོ། །ཕྱག་གཡས་གཉིས་ལ་རྡོ་རྗེ་མེའི་ཐབ་ཁུང་བསྣམས་པའོ། །གཡོན་ལ་དགྲ་སྟའོ། །གཉིས་པ་ལ་ཞག་གིས་གང་བའི་ཐོད་པ་བསྣམས་པའོ། །འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ཤཾ་ ལས་བྱུང་བའི་ཤ་བ་རཱི་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་དང་པོ་ལ་ཐོད་པ་རོས་གང་བའོ། །གཉིས་པ་ལ་རྡོ་རྗེའོ། །དེ་བཞིན་དུ་གཡོན་པ་ལ་ཁ་ཊྭཱཾ་ག་དང་ཞགས་པའོ། །དེ་ལྟར་ཐམས་ཅད་རང་སྣང་གི་ཐབས་དང་ལྡན་པ་སྤྱན་གསུམ་པ་མཆེ་བ་གཙིགས་པའི་ཞལ་ཅན་སྐྲ་ སེར་པོ་གྱེན་དུ་ལངས་པ་གཅེར་བུའི་ཕྱག་རྒྱ་ལྔ་དང་ལྡན་པ་ཞབས་གཡོན་བརྐྱང་བའོ། །སྒེག་པ་དཔའ་བོ་མི་སྡུག་པ། །དྲག་པོ་བཞད་པ་འཇིགས་བྱེད་དང་། །སྙིང་རྗེ་རྔམ་དང་ཞི་བ་རྣམས། །གར་དགུའི་ཉམས་རྣམས་དང་ནི་ལྡན། །ཞེས་སོ། །དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་ འབྱུང་བ་ཡང་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་སྤྲོས་པ་ལས་བྱུང་བ་བསྒོམ་པར་བྱའོ། །དེའི་རྗེས་སུ་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་བརྗོད་པར་བྱ་སྟེ། གང་དུ་རྡོ་རྗེ་འཆང་ལས་ཐབས་ཀྱི་རྡོ་རྗེ་འཛིན་པ་རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་དབྱིབས་ལ་སོགས་ པའི་མཐར་ཐུག་པ་ནི་བསྙེན་པའོ། །དཀྱིལ་འཁོར་འབྱུང་བ་ནི་ཉེ་བའི་བསྙེན་པའོ། །དེའི་རྗེས་སུ་ཧོ་གཉིས་ཀྱི་དབུས་སུ་སྤེལ་བའི་ཡི་གེ་གསུམ་ནང་དུ་ཞུགས་པས་ཤིན་ཏུ་རྒྱུན་མི་འཆད་པའི་མཆོག་ཏུ་བདེ་བ་ཆེན་པོ་རོ་གཅིག་པས་རང་གི་རིག་མ་དང་ལྷན་ཅིག་ཞུ་བར་གྱུར་པ་ས་བོན་གྱི་གཟུགས་སུ་ ཀུན་ཏུ་གནས་པར་གྱུར་ཏོ། །དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་བདག་ཅག་མགོན་མེད་པར་ཤེས་ནས་ཐམས་ཅད་ཡིད་མི་བདེ་བ་ཐོབ་པས་ཤིན་ཏུ་གདུང་བ་དྲག་པོས་ཐུགས་སད་པར་བྱེད་པའི་རྡོ་རྗེའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་སློང་བར་བྱེད་དེ། རྗེ་བཙུན་བཞེངས་ཞེས་བྱ་བ་ལ་ སོགས་པའི་དེ་ཁོ་ན་ཉིད་ཀྱིས་གླུས་རྨི་ལམ་བཞིན་བཅོམ་ལྡན་འདས་ཀྱི་ཐུགས་སད་དེ། བདུད་རྩི་གཟུགས་ལས་ཟླ་བའི་གཟུགས་སོ། །དེའི་སྟེང་དུ་ཧཱུཾ་དེ་ལས་རྡོ་རྗེའོ། །དེའི་སྟེང་དུ་ལྟེ་བར་ཨཱ་ལི་ཀཱ་ལི་ཁ་སྦྱོར་གཉིས་ཀྱི་སྟེང་དུ་ས་བོན་གཉིས་སོ། །དེ་ལས་མཚན་མ་གཉིས་ཏེ་དེའི་ སྟེང་དུ་ཧཱུཾ་དང་ཨཾ་གཉིས་ཏེ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་དཀྱིལ་འཁོར་གྱི་དབུས་སུ་ཐོད་པའི་ཟླ་བ་བདུད་བཞིའི་སྟེང་དུ་ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་དང་ཨཾ་ལས་བྱུང་བའི་བདག་མེད་མ་སྙོམས་པར་ཞུགས་པའི་ཁུ་བ་ལས་བཞེངས་ཏེ། བཅོམ་ལྡན་འདས་དཔལ་ཧེ་རུ་ ཀར་བདག་ཉིད་སྤྲུལ་པར་བྱའོ། །ཞབས་རྣམས་ས་ལ་བརྡབས་པ་ཡིས། །ལྷ་དང་ལྷ་མིན་རྣམས་ནི་བསྡིགས། །མ་མོའི་འཁོར་ལོ་ཉམས་དགའ་བར། །འདི་ལྟ་བུ་ཡི་གཙོ་བོར་བསྒོམ། །ཞལ་བརྒྱད་ཞབས་ནི་བཞི་དང་ལྡན། །བཅུ་དྲུག་ཕྱག་རྣམས་ཀྱིས་ནི་བརྒྱན། །བདུད་བཞི་ མཉམ་པར་མནན་པ་ནི། །འཇིགས་པ་ཡང་ནི་འཇིགས་པར་བྱེད། །སྒེག་པ་ལ་སོགས་ཉམས་དང་ལྡན། །མགོ་ཡི་ཕྲེང་བ་རྣམས་ཀྱིས་བརྒྱན། །རྐང་པ་དག་ལ་གཡེར་ཀའི་སྒྲ། །ཉི་མ་ལ་གནས་གར་དང་ལྡན། །སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན། །ཁ་དོག་ནག་པོ་འཇིགས་མཛད་པ། ། ཉིད་ཀྱི་ཞལ་ནས་ཧཱུཾ་སྤྲོ་བ། །སྐུ་ལ་ཐལ་བའི་རྡུལ་གྱིས་བྱུགས། །བདག་མེད་མ་དང་ཁ་སྦྱོར་བས། །གཉིས་གཉིས་དག་ལ་སྙོམས་ཞུགས་པ། །དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །དབའ་རླབས་མེད་པའི་རང་བཞིན་ཅན། །རྩ་ཞལ་ནག་པོ་བཞད་པ་སྟེ། །གཡས་ནི་ཀུནྡ་ལྟ་བུ་སྟེ། །གཡོན་ ནི་དམར་མོ་འཇིགས་ཆེན་པོ། །སྟེང་གི་ཞལ་ནི་རྣམ་པར་གཙིགས། །ལྷག་མའི་ཞལ་ནི་བུང་བ་མཚུངས། །ཉི་ཤུ་རྩ་བཞི་སྤྱན་གྱིས་ཕྱུག །དེ་བཞིན་གཡས་ཀྱི་ཕྱག་རྣམས་ལ། །རྡོ་རྗེ་རལ་གྲི་འཛིན་པ་ཉིད། །དེ་བཞིན་མདའ་དང་འཁོར་ལོ་དང་། །ལྕང་ལོའི་ཐོད་ པ་དབྱུག་པ་དང་། །རྩེ་གསུམ་དང་ནི་དབྱུག་པ་ཉིད། །དེ་བཞིན་གཡོན་གྱི་ཕྱག་རྣམས་ལ། །དྲིལ་བུ་དང་ནི་པདྨར་བཅས། །གཞུ་དང་ཁ་ཊྭཱཾ་ག་ཕྱར་དང་། །ཐོད་པ་དང་ནི་རིན་ཆེན་ཉིད། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །ཀུན་ནས་འོད་ཟེར་སྣ་ཚོགས་ལས། །སངས་རྒྱས་ སྤྲིན་དང་མཚུངས་པར་སྤྲོ། །འདི་ནི་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་བརྗོད་པར་བྱ་སྟེ། བདག་པོ་དང་དཀྱིལ་འཁོར་བ་ཐམས་ཅད་ཀྱི་རང་རང་གི་ཟླ་བ་ལ་གནས་པའི་རང་རང་གི་མཚན་མའི་དབུས་ན་གནས་པའི་ས་བོན་དེ་དང་དེ་གྱུར་པ་ལས་སྐད་ཅིག་གིས་དམ་ཚིག་སེམས་དཔའ་བཞིན་ བདག་ཉིད་ཡེ་ཤེས་སེམས་དཔའི་གཟུགས་སུ་བལྟའོ། །དེའི་སྙིང་གའི་མཚན་མ་དེ་ཉིད་ཀྱི་ས་བོན་ཏིང་ངེ་འཛིན་སེམས་དཔའི་གཟུགས་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་སྙིང་གར་ཡང་དམ་ཚིག་གི་དཀྱིལ་འཁོར་བཞིན་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་བསྒོམ་པར་བྱའོ། ། དེ་བཞིན་དུ་བདག་མེད་མ་ཞལ་གཅིག་ཕྱག་བཞི་པ་ཁ་དོག་སྣ་ཚོགས་པ་དྲག་མོ་ཆེན་མོ་གཅེར་བུ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྤྱན་གསུམ་པ། སྐྲ་སེར་སྐྱ་གྱེན་དུ་བརྫེས་པ། མགོའི་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་སྐམ་པོའི་ཕྲེང་བས་སྐུ་བརྒྱན་པའོ། །ཕྱག་གཡོན་གྱི་དང་ པོ་ན་རྣལ་འབྱོར་པའི་སྣོད་དོ། །གཉིས་པ་ན་ཁ་ཊྭཱཾ་གའོ། །གཡས་ཀྱི་དང་པོ་ལ་རྡོ་རྗེ་སྔོན་པོའོ། །གཉིས་པ་ལ་གྲི་གུག་གོ། །གྲི་གུག་གི་ཕྱག་དང་། ཐོད་པ་ཐོགས་པས་འཁྱུད་པ་གཡོན་བརྐྱང་བས་མཆོག་ཏུ་བདེ་བ་ཆེན་པོ་ལ་ཆགས་པའོ། །དེ་ལྟར་བཅོམ་ལྡན་འདས་མ་དང་ བཅོམ་ལྡན་འདས་གཡས་བརྐྱང་བ་དེ་དང་སྙོམས་པར་ཞུགས་པར་རྣམ་པར་བསྒོམ་པར་བྱའོ། །དེས་ཡེ་ཤེས་སེམས་དཔའི་སྙིང་གའི་ས་བོན་གྱི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་རྣམས་དགུག་པར་བྱའོ། །དེ་བཞིན་དུ་སྤྱི་བོ་དང་། མགྲིན་ པ་དང་། སྙིང་གར་ཟླ་བ་དང་། ཉི་མ་མེ་གསུམ་གྱི་སྟེང་དུ་ཨོཾ་ཨཱཿཧཱུཾ་རྣམ་པར་བསམས་ཏེ། དེའི་འོད་ཟེར་གྱིས་ཀྱང་སྐུ་རྡོ་རྗེ་ལ་སོགས་པ་གསུམ་དེར་གཞུག་པར་བྱའོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ནས་སྔགས་བརྗོད་པར་བྱའོ། །ཨོཾ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ། དེ་བཞིན་དུ་ཀཱའི་གནས་སུ་ངག་དང་སེམས་སྦྱར་བར་བྱའོ། །དེ་ནས་རང་གི་སྙིང་གའི་འོད་ཟེར་རྣམས་ཀྱིས་ནམ་མཁའི་ཁམས་གསུམ་པའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ། ནམ་མཁའི་ངོས་སུ་བཞག་ནས་ཧཱུཾ་གིས་བགེགས་རྣམས་བསྐྲད་པར་བྱའོ། །དེར་སྔོན་དུ་ ཡོངས་སུ་བཟླས་པའི་མཆོད་ཡོན་དང་ཞབས་བསིལ་རང་གི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ ། ཞེས་པས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས་འོ་མ་དང་ཆུ་བཞིན་རོ་གཅིག་པར་གྱུར་ པར་བྱའོ། །དེ་བཞིན་དུ་བདག་གི་གཟུགས་ཀྱི་ཕུང་པོ་ལ་དེའི་བདག་ཉིད་ཀྱི་གཽ་རཱིའོ། །ཚོར་བའི་ཕུང་པོ་ལ་ཙཽ་རཱིའོ། །འདུ་ཤེས་ཀྱི་ཕུང་པོ་བེ་ཏཱ་ལཱིའོ། །འདུ་བྱེད་ཀྱི་ཕུང་པོ་ལ་གྷསྨ་རཱིའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །སའི་ཁམས་ནི་པུཀྐ་ སཱིའོ། །ཆུའི་ཁམས་ནི་ཤ་བ་རཱིའོ། །མེའི་ཁམས་ནི་ཙཎྜ་ལཱིའོ། །རླུང་གི་ཁམས་ནི་ཌོམྦི་ནཱིའོ། །ནམ་མཁའི་ཁམས་ནི་བདག་མེད་མའོ། །གཟུགས་ཀྱི་སྐྱེ་མཆེད་ནི་རྟ་གདོང་མའོ། །སྒྲའི་སྐྱེ་མཆེད་ནི་ཕག་གདོང་མའོ། །དྲིའི་སྐྱེ་མཆེད་ནི་ཁྱི་གདོང་མའོ། །རོའི་སྐྱེ་མཆེད་ནི་སེང་ གདོང་མའོ། །དེ་བཞིན་དུ་སྒྲའི་སྐྱེ་མཆེད་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ་སྦུབས་དང་། རྒྱུད་དང་། སྒྲ་ཆེན་དང་། སྒྲོག་པ་ནི་གླིང་བུ་མ་ལ་སོགས་པའིའོ། །དེ་ལ་སོགས་པ་གཞན་རྣམས་ཀྱི་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ རྣམ་པར་དག་པར་མོས་པར་བྱའོ། །དེ་ནས་ལྷའི་ང་རྒྱལ་བཟུང་སྟེ། རང་གི་ལུས་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་རིག་མ་དང་ལྷ་མོ་དང་། ཁྲོ་མོ་ལ་སོགས་པ་རྣམས་བཀུག་ནས་ནམ་མཁའི་དཀྱིལ་དུ་བཞག་ སྟེ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་རྣམས་ལ་ཡང་དག་ པར་དབང་བསྐུར་བར་བྱའོ། །དེ་བཞིན་དུ་དབང་སྐུར་བཞིན་པ་ན་རྣམ་པ་སྣ་ཚོགས་པའི་མཆོད་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་བཞིནབར་བདག་གི་དངོས་པོ་བསྒོམ་པར་བྱ་སྟེ། དེ་ལྟར་རིམ་པ་བཞིན་རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེ་བ་དང་མཚན་ཉིད་དང་བྲལ་ བའི་སྐད་ཅིག་བཞི་ཐོབ་པས། དགའ་བ་དང་དམ་པར་དགའ་བ་དང་མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་བཞི་མངོན་པར་མཚོན་ཏོ། །དགོད་པ་དང་། ལྟ་བ་དང་། ལག་པ་བཅངས་པ་དང་། གཉིས་གཉིས་འཁྱུད་པ་བཞི་རྣམ་པར་དག་པར་སློབ་དཔོན་དང་། གསང་ བ་དང་། ཤེས་རབ་ཡེ་ཤེས་དང་། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པའི་དབང་བསྐུར་བ་བཞིན་བླང་བར་བྱའོ། །དེ་ལྟར་དབང་བསྐུར་ནས་རང་གི་རིགས་གཙོས་མཚན་ཏོ། །དེ་ལ། སེམས་དང་རྟག་པ་རིན་ཆེན་དབང་། །འཇིག་རྟེན་དབང་དང་དོན་ཡོད་གྲུབ། །ཅེས་སོ། །དེ་ལྟར་ སེམས་ཀྱིས་ནི་བཅོམ་ལྡན་འདས་ལ་རྒྱས་གདབ་པོ། །ལྷག་མ་རྟག་པ་ལ་སོགས་པས་གཽ་རཱི་ལ་སོགས་པ་རྒྱས་གདབ་པར་བྱའོ། །དེ་བཞིན་དུ་སེམས་དང་རྟག་པ་དང་རིན་ཆེན་དབང་དང་འཇིག་རྟེན་དབང་གིས་མཚམས་ན་གནས་པ་རྣམས་ལའོ། །དེ་བཞིན་དུ་རྟ་གདོང་ལ་སོགས་སྒོ་སྐྱོང་རྣམས་ ལ་རྟག་པ་དང་རིན་ཆེན་དབང་དང་འཇིག་རྟེན་དབང་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས་གདབ་པོ། །དེ་བཞིན་གླིང་བུ་མ་ལ་སོགས་པ་ཐུགས་ཀྱིས་རྒྱས་གདབ་པའམ། རང་རང་གི་ཕྱོགས་ཀྱི་གཙོ་བོས་སོ། །དེ་བཞིན་དུ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་ བདུད་རྩི་ལྔ་པོ་དེ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ་ཡན་ལག་དྲུག་རྗེས་སུ་དྲན་པར་བྱ་སྟེ། བཅོམ་ལྡན་འདས་གཅིག་བུའི་སྐུ་ནག་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། དཀར་པོའི་རིམ་པས་སོ། །འདི་ནི་སྒྲུབ་པ་ ཆེན་པོའི་ཡན་ལག་གོ། །དེ་བཞིན་དུ་མཆོད་པའི་དུས་སུ་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱི་སྔགས་བརྗོད་དེ། ཨོཾ་ཧྲཱིཿསྭཱ་ཧཱ། ཧེ་རུ་ཀའིའོ། །ཨོཾ་བཛྲ་གུ་ཧྱ་སིདྡྷ་ཡ་པ་ར་མ་ཡོ་གཱི་ཤྭ་རཱི་ཀ་པཱ་ལ་མཱ་ལཱ་དྷཱ་རི་ཎི་རུ་དྷི་ར་པྲི་ཡེ་སྭ་ཤཱ་བཱ་སི་ནི་ཧཱུཾ་ཕཊ་སྭཱ་ཧཱ། གཽ་རཱིའིའོ། །ཨོཾ་བཛྲ་ཙཎྜ་ཤྭ་རཱི་ཁྭ་ཌཱཾ་ག་མ་ ཧཱ་བཛྲི་ཎི་ཀ་པཱ་ལ་མཱ་ལཱ་མ་ཀུ་ཏེ་ཨཱ་ཀཌྜྷྱ་ཀཌྜྷྱ་སརྦ་དུཥྚ་ཧྲྀ་ད་ཡ་ཨཱ་ཀཌྜྷྱ་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཙཽ་རཱིའིའོ། །ཨོཾ་བཛྲ་པ་རཱ་ཛི་ཏེ་པཱ་ར་མ་གུ་ཧྱ་ཀ་པཱ་ལ་བི་བྷུ་ཥི་ཏེ་སརྦ་དུཥྚ་མོ་ཧ་ནི་པྲི་ཡེ་ཨེ་ཧྱེ་ཧི་བྷ་ག་བ་ཏི་བཛྲ་གུ་ཧྱ་ཤྭ་རཱི་བ་ཧུ་བི་བི་དྷ་རི་ཎི་སརྦ་དུཥྚ་ནི་པ་རི་ནི་ཧཱུཾ་ཕཊ། པྲ་མོ་ཧཱའི་འོ། །ཨོཾ་བཛྲ་བེ་ཏཱ་ལཱི་ ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚ་བི་ཀྲྀ་ཏ་བེ་ཤ་དྷ་རི་ཎི་བི་ཀྲྀ་ཏཱ་ལཾ་ཀཱ་རི་བི་བྷུ་ཥི་ཏེ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་བི་ལཾ་བ་ས་མ་ཡ་སྨ་ར་པྲ་བེ་ཡ་སྨ་ར་པྲ་བེ་ཡ་མཎྜ་བ་མ་ངྷྱཻ་ཨུ་ཐཱ་བ་ཡ་སརྦ་ཧཱུཾ་ཕཊ། བེ་ཏཱ་ལིའིའོ། །ཨོ་ཨེ་ཧྱེ་ཧི། བྷ་ག་བ་ཏི་བཛྲ་གུ་ཧྱ་ཤྭ་རིཿ་བཾ་ཧཱུཾ་བི་བི་ངྷ་རི་ཎི་སརྦ་ཏ་ཐཱ་ག་ཏ་དུཥྚ་ས་མ་ཡ་ མ་ནུ་སྨ་ར་ཧ་ན་ཧ་ན་རཾ་ག་རཾ་ག་རཾ་གཱ་བ་ཡ་རཾ་གཱ་བ་ཡ་པཱུ་ར་ཡ་པཱུ་ར་ཡ་ཨ་བེ་ཤ་ཨ་བེ་ཤ་སརྦ་པཱུ་ཏ་ནརྟ་ནརྟ་ནརྟཱ་པ་ཡ་ནརྟཱ་པ་ཡ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། པུཀྐ་སཱིའིའོ། །ཨོཾ་བཛྲ་ཤཱུ་ལཱ་གྲི་བྷིནྡ་བྷིནྡ་སརྦ་དུཥྚ་ཧྲྀ་ད་ཡཾ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧ་ན་ཧ་ན་ནིརྨ་ཐ་ནིརྨ་ཐ་མཱ་ར་ཡ་མཱ་ར་ཡ་མཱ་བི་ལཾ་བ་ས་མ་ཡ་མ་ནུ་སྨ་ ར་ཧཱུཾ་ཕཊ། ཙཎྜ་ལཱིའི་འོ། །ཨོཾ་བཛྲ་མ་ཧཱ་མ་ཧེ་ཤྭ་རཱི་ཧ་ཧ་ཧ་ཧ། རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། བྷཀྵ་ཡ་སརྦ་དུཥྚ་ནིརྨ་ཐ་ནི་རྨ་ཐ་ཧྲྀ་ད་ཡ་ཧཱུཾ་ཕཊ་སྭཱ་ཧཱ། གྷསྨ་རཱིའི་འོ། །ཨོཾ་སུཾ་བྷ་ནི་དྷི་བ་ས་མ་ཡ་བཛྲ་ཧཱུཾ་ཕཊ་ཧེ་རུ་ཀ་སནྣི་དྷ་ཨོཾ་བཛྲ་བཾ་ཤེ་ཧཱུཾ་སྭཱ་ཧཱ། གླིང་བུ་མའི་འོ། །ཨོཾ་བཛྲ་བཱི་ཎི་ཧཱུཾ་སྭཱ་ཧཱ། པི་ཝང་མའི་འོ། །ཨོཾ་མུ་ཀུཎྜི་ཧཱུཾ་ཕཊ་སྭཱ་ཧཱ། རྔ་རིངས་མའི་འོ། །ཨོཾ་བཛྲ་མྲྀ་དཾ་གི་ཧཱུཾ་ཕཊ་སྭཱ་ཧཱ། རྫ་རྔ་མའི་འོ། །ཨོཾ་བཛྲ་བ་དྷ་ཝ་ཨ་ཤྭ་མུ་ཀྲྀ་ཡོ་གཱི་ཤྭ་རཱི་ཧེ་ཧེ་ཧེ་ཧེ་ཧེ་ཧཱུཾ་ཛ། རྟ་གདོང་མའི་འོ། །ཨོཾ་བཛྲ་དཾཥྚ་བཱ་རཱ་ཧཱི་མུ་ཁེ་ཏྲོ་བཾ་བཾ་ཧཱུཾ། ཕག་གདོང་མའི་འོ། །ཨོཾ་བཛྲ་སཱུརྱ་ཧཱུཾ་ཏ་ས་ ནི་སིཾ་གི་ནི་དེརྞ་དེ་སིཾ་ཧ་བ་ག་དྲེ་སིཾ་ཧ་ནི་ཧ་ཏབ། སེང་གདོང་མའི་འོ། །ཨོཾ་བཛྲ་ངྷཱ་ཏུ་སཾ་ཛཱི་བ་ནི་མ་ཧཱ་ཡཀྵ་ནི་ཤྭ་ནི་རཱུ་པ་མ་ཧཱ་ཡཱ་ནིརྞ་ཏེ་ཀཱ་མ་རཱུ་པེ་ཏྲི་ཏྲ་ཊ་ཏྲ་ཊ་ཧོ་ཤ་ན་སྱ་སྭཱ་ཧཱ། འདི་ནི་ཧེ་རུ་ཀ་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྔགས་སོ། །དེ་ལྟར་རྣལ་འབྱོར་པས་གཽ་རཱི་ལ་སོགས་ པ་རྣལ་འབྱོར་མ་བཅུ་གཉིས་རྒྱུ་བར་བྱའོ། །རྣལ་འབྱོར་མ་རེ་རེ་ཡང་བདག་མེད་མའི་ནང་དུ་འདུས་ཏེ། འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་སོ། །གླིང་བུ་མ་ལ་སོགས་པ་ཐུན་མཚམས་སུ་མཆོད་དེ་དུས་ཀྱི་སྦྱོར་བ་ལས་སོ། །བདག་ཉིད་ནི་ ལྷན་ཅིག་སྐྱེས་པའི་དགའ་བ་གཅིག་གི་གཟུགས་ཅན་ནོ། །འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག །ཅེས་པའི་ཏིང་ངེ་འཛིན་ཏེ་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་སུ་བདག་པོ་དང་དཀྱིལ་འཁོར་པ་སྙིང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། དེ་ལས་སྐུའི་སྤྲིན་སྤྲོས་པས་འགྲོ་ བའི་དོན་བྱས་ནས་སླར་རྩ་བའི་ལུས་ཉིད་ལ་བསྡུ་བར་བྱའོ། །དེའི་ཚེ་གཽ་རཱི་ལ་སོགས་བརྒྱད་ཞལ་བརྒྱད་དུ་གཞུག་གོ། །སྒོ་སྲུང་གདན་བཞི་ལས་སྐྱེས་པ་ནི་རིམ་པ་བཞིན་སྦྱོར་བ་དང་། གཞན་དང་དེ་ཁོ་ན་ཉིད་དང་། གསང་བའི་གདན་རྣམས་སུ་གཞུག་གོ། །དེ་བཞིན་དུ་གླིང་བུ་མ་ལ་ སོགས་པ་ནི་བདག་གི་གདན་ལས་སྐྱེས་པའི་ཕྱིར་དེ་ཉིད་དུ་གཞུག་གོ། །དེ་ལ་སྒོ་སྲུང་བཞིས་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །དེ་བཞིན་དུ་དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ལ་སེམས་ཅན་རྣམ་པར་འཇོག་པར་བྱེད་པ་ནི་རྟ་ གདོང་མའོ། །དེ་བཞིན་དུ་ཕག་གདོང་མས་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་རྣམས་ལ་འཇོག་གོ། །དེ་བཞིན་དུ་ཁྱི་གདོང་མས་ནི་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་འོད་བྱེད་པ་ལ་འཇོག་པའོ། །དེ་བཞིན་དུ་སེང་གདོང་ མས་ནི་འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་མངོན་དུ་བྱེད་པ་རྣམས་ལ་འཇོག་གོ། །དེ་བཞིན་དུ་གཽ་རཱིས་ནི་རིང་དུ་སོང་བ་ལའོ། །རྩཽ་རཱིས་ནི་མི་གཡོ་བ་ལའོ། །བེ་ཏཱ་ལཱིས་ནི་ལེགས་པའི་བློ་གྲོས་ལའོ། །གྷསྨ་རཱིས་ནི་ཆོས་ཀྱི་སྤྲིན་ལའོ། །ལྷག་མ་པུཀྐ་སཱི་ལ་སོགས་པ་བཞིས་ནི་སངས་ རྒྱས་ཀྱི་ས་ཀུན་དུ་འོད་ལའོ། །དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་བཞིས་ནི་ས་དང་པོ་སྟེ། དེ་ཡང་བཅུ་གཉིས་པ་མོས་པས་སྤྱོད་པའི་སའོ། །བདག་མེད་མས་ནི་རྡོ་རྗེ་འཆང་གི་ས་བཅུ་གསུམ་པའོ། །དེ་ལྟར་ཁམས་གསུམ་པོ་མཐའ་དག་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་དཀྱིལ་ འཁོར་གྱི་འཁོར་ལོའི་རྣམ་པར་མོས་པར་བྱའོ། །སྔར་གྱི་བཅོམ་ལྡན་འདས་འཁོར་ལོ་དང་བཅས་པ་འདི་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ལ་ཨཱ་ལི་ཡོངས་སུ་གྱུར་པའི་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཀཱ་ལི་ཡོངས་སུ་གྱུར་པ་ཉི་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ ནོ། །དེ་དག་གི་དབུས་སུ་སོན་པའི་མཚན་མ་དང་ས་བོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་དག་གཅིག་ཏུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྐུ་རྫོགས་པའི་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་ཤེས་པར་བྱའོ། །འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་པའི་ཏིང་ངེ་འཛིན་ཏེ། གསུམ་པ་སྤྲུལ་པའི་སྐུའོ། །དེ་ནས་ཐིག་ལེའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་གསུངས་པ། སྣ་ཡི་རྩེ་མོར་ཡུངས་ཀར་བསྒོམ། །རྒྱུ་དང་མི་རྒྱུ་ཡུངས་ཀར་ལ། །སྣ་ཡི་རྩེ་མོར་ནན་ཏན་གྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །སྣ་ཡི་རྩེ་མོར་འཕྱང་བ་རུ། །སྔོན་དུ་གཏུམ་མོ་ སྦར་བར་བྱ། །རྒོད་མའི་མེས་ནི་འབར་བའི་ཕྱིར། །སྒྲ་ལ་སོགས་པ་བརྒྱད་ནི་བསྲེགས། །ཨོཾ་ལས་ལངས་པའི་དེ་ཉིད་ནི། །ཧ་ཧུ་བྱེད་པ་པོ་ཡིས་གཏོང་། །ལས་ཀྱི་རླུང་དང་ཡང་དག་ལྡན། །དབྱིབས་ལ་ཐིམ་པ་ཙམ་གྱིས་ནི། །ཐམས་ཅད་དུ་ནི་གདུང་བར་བྱེད། །ཕུང་པོ་ལྔ་ནི་འཇུ་བར་ འགྱུར། །ཞུ་བས་འདིར་ནི་བཅུ་དྲུག་པའི། །ཆ་ཡི་བག་ཆགས་ཀྱང་ནི་བསྲེགས། །ལྷ་མཚོན་པས་ནི་མི་འཛག་པས། །རྣལ་འབྱོར་པ་ནི་བསམ་གཏན་བྱེད། །ཁྲི་ཕྲག་བྱེ་བའི་གྲངས་ཀྱིས་ནི། །ཡི་གེ་བསམ་གཏན་ཞེས་སུ་བརྗོད། །མེ་ཡི་ཡང་ནི་ལྕེ་ནི་བདུན། །གྲངས་དེ་གང་ཡིན་ སྣ་རྩེ་བདུན། །སྙིང་མགྲིན་ལྟེ་བའི་འོག་ནི་འདིར། །མཚམས་གསུམ་དུ་ནི་སྣ་གཉིས་གཉིས། །བདུན་པའི་སྣ་ནི་གཅིག་པུ་ཉིད། །ཐིག་ལེའི་གནས་སུ་འོད་དུ་བལྟས། །འདིར་ནི་བསྲེག་བྱ་བཟའ་བ་ནི། །པགས་པ་ལ་སོགས་ཁམས་ནི་བདུན། །དེ་ཉིད་དུ་ནི་ཐིག་ལེ་བདུན། །མེ་ཡི་ དབུས་ནི་ཉིད་དུ་གནས། །ཡི་གེ་རྣམས་ནི་བདུན་པོ་ཉིད། །ཀ་སྡེ་ལ་སོགས་ཥ་མཐར་ཐུག །བརྒྱད་པའི་སྡེ་ཚན་རབ་རྫོགས་པ། །བློ་ལྡན་མི་ཤིགས་པ་རུ་བརྗོད། །ཐིག་ལེ་ཐམས་ཅད་ལ་ཁྱབ་བ་བྱེད། །ཡི་གེ་ལས་ནི་མི་འཛག་འབྱུང་། །དེ་བཞིན་དུ་ནི་རླུང་བརྒྱད་རྣམས། །མཉམ་པ་ལ་སོགས་ པར་ནི་གྲངས། དེ་རྣམས་སྟེང་འོག་གཉིས་བསྟན་པ། །ཧེ་རུ་བྱེད་པའི་ལས་ཅན་ཉིད། །དེས་ན་ཐིག་ལེ་རྟག་ཏུ་གནས། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །སྲོག་ལ་སོགས་པ་ལྔ་པོ་ཉིད། །རྣལ་འབྱོར་མ་ཡི་དེ་ཉིད་གཟུགས། །ཐིག་ལེ་བདུན་གྱི་རྣལ་འབྱོར་ཉིད། ། སངས་རྒྱས་བདུན་གྱི་མཚན་ཅན་འདི། །དེ་ལྟར་གཟུགས་ནི་ལྔ་ཡིན་ཏེ། །དྲུག་པ་རྡོ་རྗེ་འཛིན་དེ་བཞིན། །བདུན་པ་འདིར་ནི་དགྱེས་རྡོ་རྗེ། །དཔྲལ་བ་ཉིད་དུ་ཧཾ་ཞེས་པ། །གང་གིས་བརྗོད་དུ་མེད་གྲགས་པ། །དགྱེས་པའི་རྡོ་རྗེ་ཞེས་སུ་བརྗོད། །རྣལ་འབྱོར་འདིར་ཡང་རྟག་ཏུ་འདིས། ། འདིར་དགའ་བཅུ་དྲུག་ཙམ་ཉིད་དེ། །རྣལ་འབྱོར་རྒྱུད་ཀྱི་རྒྱུད་ནི་ཉིད། །མ་མོ་བཅུ་དྲུག་ཤེས་པར་བྱ། །དེ་རྣམས་ཀྱི་ནི་ནང་དུ་སྔོན། །རྣལ་འབྱོར་མ་ཡིག་སུམ་ཅུའོ། །དཀྱིལ་འཁོར་ལྔ་རྣམས་ཐིམ་པས་ན། །འཁོར་ལོའི་ནང་ནི་ཉིད་དུ་གནས། །དེ་ལྟར་རྣལ་འབྱོར་རྣལ་འབྱོར་ མའི། །ཁ་སྦྱོར་སངས་རྒྱས་མཚན་ཉིད་དོ། །དེ་ཡི་དབུས་སུ་རྡོ་རྗེའི་རླུང་། །ཀྵ་ནི་བསམ་གྱིས་མི་ཁྱབ་གཟུགས། །དེ་ཡི་ཡང་ནི་དགང་བླུགས་སྦྱིན། །སྦྱིན་སྲེག་ལས་ནི་ཐམས་ཅད་པ། །ཐབ་ཁུང་དབུས་ནས་བདག་ཉིད་ནི། །ཡེ་ཤེས་དཀྱིལ་འཁོར་མིང་ཅན་ནོ། །འཁོར་ ལོ་དྲུག་ཏུ་ལྷ་རྣམས་ལ། །སྔགས་རིག་པ་ཡིས་མཆོད་པར་བྱ། །གཉིས་མེད་གཉིས་ནི་མེད་པའི་དངོས། །ཆ་མེད་པ་ཡི་བདེ་བ་སྤྱོད། །དེ་ལྟར་ཡང་གཞུང་ལུགས་བརྗོད་པ། །ནམ་མཁའ་དྲི་མ་མེད་པར་གཟུང་། །ཡིད་དང་རླུང་ནི་གཉི་ག་དགག །འདི་ལྟའི་རང་བཞིན་རྗེ་བཙུན་ མཐོང་། །སྐུ་ལ་སྐུ་ཐིམ་མཆོག་ཏུ་དགའ། །དེ་བཞིན་དུ་ཀོལླ་ཨི་རེཊྛི་ཞེས་བྱ་བ་ལ་སོགས་པའི་དོན་ཡང་འདི་ཉིད་དུ་རྟོགས་པར་བྱའོ། །འདི་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་བཞིན་དུ་འདི་ཉིད་དུ་ཕྲ་མོའི་རྣལ་འབྱོར་བརྗོད་དེ། འཁོར་ལོ་བཞི་ཡི་མཚོ་སྐྱེས་སོ། །ཕྲ་མོ་སྲོག་ནི་ རྣམ་པར་གཞོམ། །རྡོ་རྗེ་ཡིས་ནི་དགག་པ་ཉིད། །ར་ཡི་བུ་ག་ཉིད་ནི་བཅིངས། །ར་དང་ར་ལ་བརྟེན་པ་ནི། །དབུ་མ་རུ་ནི་གཉི་ག་འདུས། །ཁ་ནས་ཁ་རུ་མཐོང་འགྱུར་ཏེ། །གཉིས་ཀའི་ར་ཡི་བར་ལ་གནས། །ཡིད་ཅན་གྱིས་ནི་གཡས་པ་དང་། །གཡོན་པའི་ར་དང་དབུ་མ་གསུམ། ། འོག་གི་ར་ནི་གཉི་ག་ཡང་། །ལུས་ལ་དབྱེར་མེད་པར་ནི་གནས། །དཔལ་གྱི་ཞལ་ནས་ཟླ་བ་འབབ། །སྟེང་གི་སྒྲོ་ནི་མཆོག་ཏུ་འགྲོ། །འབར་ཞེས་ཐིག་ལེའི་སྔོན་འགྲོ་བ། །ས་བོན་བཟང་པོ་ལས་ནི་འཛག །དེ་ནས་ཕུང་པོའི་ཟླ་ཅན་འགྱུར། །སྲིད་པ་གསུམ་ནི་རང་བཞིན་མེད། །ཉི་མའི་ འོད་ཟེར་ཕྲེང་བ་བཞིན། །ཡང་ནི་ཐམས་ཅད་འབར་བ་ཉིད། །མཚོ་སྐྱེས་དེ་རྣམས་ནི་སྔོན་འགྲོ། །ཁོང་སྟོང་དེ་ཉིད་ཌཱི་མཐའ་ཅན། །དེ་ཀུན་གྲངས་ནི་མེད་པ་ཉིད། །བློ་ལྡན་ཐིམ་པ་རུ་ནི་འགྱུར། །དེ་རྣམས་ཀྱི་ནི་འོད་ཟེར་ཕྲེང་། །མི་ཤིགས་པས་བསྣུན་ངལ་བ་ལས། །དེ་ནི་སླར་ ཡ་ལངས་ནས་ཡང་། །དཔེ་མེད་གླུ་ནི་དྲན་པར་བྱ། །ཐོག་མ་ཐ་མ་དབུས་མེད་ཅིང་། །ཞེས་པ་ལ་སོགས་པའོ། །འདི་ནི་རྣལ་འབྱོར་རོ། །དེ་ལྟར་ཐུན་ཚོད་བཞིའི་རིམ་གྱིས་བསྟོད་པ་དང་། མཆོད་པ་དང་གཏོར་མའི་ཆོ་ག་སྔོན་དུ་འགྲོ་བར་བྱའོ། །སྔགས་ཀྱི་བཟླས་པ་ཡང་བྱའོ། ། རིམ་པ་འདིས་བཟླས་ཏེ། དེ་ལ་རིམ་པ་ནི་འདི་ཡིན་ནོ། །ཨོཾ་ནི་སྤྱི་བོར་བསམ་བྱ་ཞིང་། །ཨཱཿནི་ཁར་ཆུད་བ་རུ་དགོད། །ཧཱུཾ་ནི་སྙིང་གའི་ཉིད་དུ་དགོད། །ཧྲཱིཿནི་ལྟེ་བའི་རྩ་བར་རོ། །སྭཱ་ཞེས་པ་ནི་གསང་བ་རུ། །ཧཱ་ནི་རྐང་པ་དག་ཏུ་དགོད། །དེ་ལྟར་ཡན་ལག་དྲུག་དགོད་དེ། །ཡི་གེ་ བཞི་ཡི་རྒྱ་ཡིས་གདབ། །ཨོཾ་ཞེས་པ་ནི་འཇུག་པ་ཉིད། །དྷཱི་ནི་དེ་བཞིན་འབྱུང་བའོ། །སྭཱ་ཞེས་པ་ནི་ལྟེ་བར་གནས། །ཧཱ་ཞེས་པ་ནི་སྒྲ་ཙམ་ཉིད། །གཞན་ཡང་རྣམ་པར་དག་པ་ནི། །མཆོག་ཏུ་རྨད་དུ་འབྱུང་བར་བྱ། །སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །ཡན་ལག་ནག་པོ་བྱམས་སོགས་ ཉིད། །བསྡུ་བའི་དངོས་པོ་བཞི་པོ་ནི། །ཞབས་ནི་བཞི་པོ་དྲན་པར་བྱ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་རྣམས་སྟོང་པ་བཅུ་དྲུག་གོ། །མཚོན་ཆ་རྣམས་ནི་རྣམ་དག་པ། །སྙིང་རྗེ་བཅུ་དྲུག་ཉིད་དུ་འདོད། །ཕྱག་རྒྱ་ལྔ་ནི་སངས་རྒྱས་ལྔ། །ཁྲོ་བོ་གདུག་པ་འདུལ་བ་ཉིད། ། ཤ་ནི་པུཀྐ་སཱི་རུ་བཤད། །ཁྲག་ནི་ཤ་བ་རཱི་རུ་བརྟགས། །ཁུ་བའི་གཟུགས་ནི་ཙཎྜ་ལཱི། །ཚིལ་དང་རྐང་དག་ཌོམྦི་ནཱི། །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་རྣམ་པ་བཞི། །དེ་ལྟར་ལྷག་པར་མོས་ནས་སྔགས་པས་ལྷའི་རྣལ་འབྱོར་གྱིས་གནས་པར་བྱའོ། ། སྨོན་ལམ་ཡང་གདབ་སྟེ། རིགས་སྐྱེས་ཞེས་བྱ་བ་ལ་སོགས་པས་སོ། །འདི་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་མདོར་བསྡུས་ཏེ་སྤྲོས་པ་ནི་དཔལ་བླ་མའི་ངེས་པས་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་གསུམ་གྱི་སྒོམ་པ་རྒྱ་ཆེར་འགྲེལ་ལས་གསུངས་པ་ནི་ལས་ དང་པོའི་རྣལ་འབྱོར་པས་མོས་པ་ཙམ་གྱིས་དམིགས་པར་བྱའོ། །འོན་ཀྱང་སློབ་པ་ལ་གུས་པ་རྣམས་ཀྱིས་ཁམས་གསུམ་པ་ཉིད་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་འགྲུབ་མོད། དེས་ཀྱང་སྒྲུབ་ཐབས་ལ་དམིགས་ཏེ། སེམས་ཅན་སྣ་ཚོགས་པའི་ རྒྱུ་རུའོ། །ད་ནི་བདག་པོ་དང་དཀྱིལ་འཁོར་པ་འདི་རྣམས་ཀྱི་ངེས་པའི་དོན་བསྟན་པའི་ཕྱིར། བདག་མེད་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་མ་རྣམས་ཀྱི་རྡོ་རྗེ་སེམས་དཔའི་སྦྱོར་བ་སྔོན་དུ་གསུངས་པ་སྟེ། སྐྱེ་བ་བརྒྱུད་པར་མངོན་དུ་བྱས་པ་དེའི་ཕྱིར་དགྱེས་ པའི་རྡོ་རྗེ་མཆོག་གི་གཟུགས་དེ་ཁོ་ན་ཉིད་དོ། །དེ་ཉིད་ཀྱི་སྐུ་བདག་མེད་མ་ཞེས་པ་ནི་གང་ཟག་ལ་བདག་མེད་པ་ཞེས་པའི་དོན་ཏོ། །དེས་ན་ཉོན་ཞེས་པ་ནི་ངེས་པར་གཟུང་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། ཧེ་རུ་ཀ་ཞེས་པ་ནི་སྙིང་གི་ཆགས་པ་ཆེན་པོ་ལ་ཧེ་རུ་ཀ་དེའི་ སྐྱེད་པའི་རྒྱུའོ། །སྒྲུབ་ཐབས་ཞེས་པ་ནི་ཁམས་སུམ་ཅུ་རྩ་དྲུག་རྣམས་ཀྱིས་རྐྱེན་གྱི་རང་བཞིན་ཐབས་ཏེ། དེས་ན་དུས་ཀྱི་ཕོ་ཉ་རྣམས་འདུས་པར་བརྗོད་དོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་གིས་བཅོམ་ལྡན་འདས་ཀྱི་སྐུ་སྡུད་པའོ། །དེ་དག་ཐམས་ཅད་ཅེས་པ་ནི་ ཁམས་གསུམ་པའི་ལུས་དང་ངག་དང་སེམས་ལས་ཀྱང་བྱུང་བའོ། །གདུག་པ་ལ་སོགས་པ་ནི་བདེ་བ་འདོད་པའི་དབང་པོ་ལ་སོགས་པའོ། །དེ་རྣམས་འདུལ་བ་ཞེས་པ་ནི་རང་བཞིན་མེད་པར་བྱེད་པའོ། །མཁའ་འགྲོ་ཞེས་པ་ནི་ནམ་མཁའ་མཉམ་པར་སོང་བ་སྟེ། ཌེ་ནི་ནམ་མཁར་ འགྲོ་བའི་ཕྱིར་ནམ་མཁར་ཁྱབ་པ་ཅན་ནོ། །དེ་ཉིད་ཀྱིས་ན་མཁའ་འགྲོ་མ་ཞེས་པ་ནི་གང་ལ་དེ་དང་འདྲ་བའི་འགྲོ་བའི་ངང་ཚུལ་ལས་བརྩོན་པའི་ཡིད་ཡོད་པ་དེ་ནི་མཁའ་འགྲོ་མའི་རྣམ་འཕྲུལ་ཞེས་བྱའོ། །དེ་ལྟར་དེ་དག་ཐམས་ཅད་ཅེས་པ་ནི་མཚན་ཉིད་གང་གིས་རྣལ་འབྱོར་པ་སངས་རྒྱས་ ཉིད་དེ་མྱ་ངན་ལས་འདས་པར་འགྲོ་བ་དེ་ཐམས་ཅད་བསྟན་པར་བྱ་ཞེས་སྦྱར་རོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་འདིར་རྡོ་རྗེ་སེམས་དཔའི་སྒྲ་ནི་རྣམ་པ་གཉིས་ཏེ། རྡོ་རྗེ་སེམས་དཔའ་ཞེས་པའི་བསྡུ་བ་རྡོ་རྗེ་སེམས་དཔའ་རྣམ་པ་གཉིས་སོ། །དེ་ལ་རྡོ་རྗེའི་སྒྲས་ནི་ཆོས་དབྱེར་མེད་པའི་མཚན་ཉིད་རྟག་ པའི་གཟུགས་གཟུང་ངོ་། །དེ་བཞིན་དུ་སེམས་དཔའ་ཞེས་པ་ནི་ཆོས་ཅན་སྐྱེ་བ་དང་འཇིག་པའོ། །དེས་ན་སྲིད་པ་གསུམ་གཅིག་པ་ཉིད་མཉམ་པའི་ཚུལ་དུ་སྐྱེས་བུ་འཇུག་པ་མི་རྟག་པའི་གཟུགས་སོ། །དེ་བཞིན་དུ་གཉིས་ལས་གཉིས་མེད་པར་བྱེད་པའོ། །སླར་ཡང་ཞེས་བྱ་བ་ལ་སོགས་ པ་ལ་ཡང་ཞེས་པ་ནི་ཡང་འགྱུར་བའོ། །དེ་ཅི་ཞེ་ན། གསུངས་པ། རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །དེ་ཡང་རྡོ་རྗེ་ཉིད་འཛིན་ཞེས་པ་ནི་གཉིས་པར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པར་བྱ་ཞེས་དགོངས་ཏེ། དེའི་ཚེ་གཞན་གྱི་ གཟུགས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བྱས་པའོ། །དེས་ན་འབར་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་གཏུམ་མོར་བསྟན་ཏེ། སྔོན་གོམས་པའི་ཕྱིར་འབར་བ་ཞེས་པ་དང་སྦྱར་རོ། །དེ་ལྟར་སྔོན་དུ་བསྟན་པ་དེས་ན་ཅུང་ཟད་ས་བོན་ཙམ་པའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ཡོད་དོ། །དེ་ཡང་འདུ་ཤེས་ཀྱི་ཤེས་པས་ས་བོན་ཙམ་པ་ཐིམ་པར་འགྱུར་རོ། །འདིར་གསུངས་པ། ཟླ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་སྦྱངས་པའི་ཨ་ཝ་དྷཱུ་ཏཱིའོ། །དེའི་དབུས་སུ་ས་བོན་ཕྲེང་བ་ཞེས་པ་ནི་དུས་ཀྱི་ཕོ་ཉ་མོ་སུམ་ ཅུ་རྩ་དྲུག་གི་རང་བཞིན་གྱི་དཀྱིལ་འཁོར་གཡོན་དང་གཡས་ཀྱི་དབྱེ་བས་སོ། །འདིར་ཡང་དུས་ནི་གཡས་ཀྱི་རྩའི་རང་བཞིན་རྣལ་འབྱོར་གྱི་རྒྱུད་དོ། །ཕོ་ཉ་མོ་ནི་གཡོན་གྱི་རྩའི་རང་བཞིན་རྣལ་འབྱོར་མའི་རྒྱུད་དོ། །དེ་ལྟར་གཉིས་ཀའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་ཕྲེང་བ་ བཞིན་དགོད་ཅེས་པ་ནི་དེར་ཐིམ་པར་བྱའོ། །དེ་ནས་ཞེས་པ་ནི་དེའི་ཕྱིར་ཞེས་པའོ། །རྡོ་རྗེ་ཅན་ཞེས་པ་ནི་རང་བཞིན་རིག་པ་ཙམ་མོ། །དེ་ཡང་ཆགས་པ་ཆེན་པོས་ཞེས་པ་ནི་རང་རིག་པ་མི་འགྱུར་བའི་ཕྱིར། ལྷག་མ་རྣམ་པར་ཤེས་པ་ཙམ་མོ། །ཞུ་ཞེས་པ་ནི་ནུབ་པར་གྱུར་པའོ། །དེ་ ཡང་རིག་མར་བཅས་པ་ཞེས་པ་ནི་སྙིང་རྗེ་དང་ལྷན་ཅིག་གོ། །དེའི་ཚེ་སྐུལ་བར་བྱེད་ཅེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པས་ཡང་དཀྱིལ་འཁོར་བཞིའི་རྣལ་འབྱོར་མས་སད་པའི་ངོ་མཚར་གྱིས་ལངས་པའོ། །གླུ་བླངས་པས་ཞེས་པ་ནི་རང་བྱུང་གི་སྒྲས་སོ། ། དེ་ཡང་རིག་མ་སྣ་ཚོགས་ཞེས་པ་ནི་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ལ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་ནང་རྣམས་སུ། །སྒྲའི་དབྱངས་རང་བྱུང་ཉིད་ལངས་པའོ། །དེ་བཞིན་དུ་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་དྲུག་རྣམས་ཡི་གེ་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་ཏེ། དེ་ལ་གཙུག་ཏོར་དུ་ལྔའོ། །དཔྲལ་བར་བཅུ་བཞིའོ། །དེ་བཞིན་དུ་མགྲིན་པར་སུམ་ཅུའོ། །སྙིང་གར་བརྒྱད་དོ། །དེ་བཞིན་དུ་ལྟེ་བར་དྲུག་ཅུའོ། །གསང་བར་སུམ་ཅུའོ། །དེ་བཞིན་དུ་འདིར་གསུངས་པ། ཨུ་ཐ་བྷ་རཱ་དྷོ་ཞེས་པ་ལ་ཨུ་ནི་སྤྱི་བོའི་སྣལ་མ་སྟེ། ཐ་ནི་དབུས་ ཀྱི་ཤར་ཉིད་དུ། །བྷ་ནི་དབུས་ཀྱི་ལྷོ་རུའོ། །དེ་བཞིན་བྱང་དུ་རཱ་ཉིད་དོ། །ནུབ་ཏུ་ངྷོ་ཞེས་བྱ་བའོ། །འདིར་ནི་རྟག་ཏུ་ནམ་མཁའ་ལྔ། །སྒྲ་ལྔ་ཡི་གེ་ལྔ་རྣམས་ཉིད། །རིགས་ནི་ལྔ་རུ་གསུངས་པ་ཡིན། །དེ་ལྟར་རྩ་ནི་ལྔ་རྣམས་ལ། །འཁོར་ལོ་རྣམ་པ་ལྔ་ནི་གནས། །རྩ་ཡི་དངོས་ པོའི་རང་བཞིན་ཉིད། །ཡི་གེ་ཡི་ནི་ནང་དུ་འདུས། །རྩ་ནི་ལྔ་པོ་རེ་རེ་ལ། །འཁོར་ལོ་ལྔ་ནི་རིམ་པ་བཞིན། །འཁོར་ལོའི་རྣམ་པར་གནས་པ་ནི། །ཡི་གེ་ལྔ་ཡི་རྣམ་དག་ཉིད། །དེ་ལྟར་དེ་བླ་མེད་ཕུང་པོའོ། །འཁོར་ལོའི་རྣམ་པ་ཉིད་དུ་གནས། །འདིར་ནི་ཕྲ་མོའི་རྣལ་འབྱོར་ བརྗོད། །བཅོམ་ལྡན་འདས་ནི་ཡི་གེར་བཞུགས། །ཀ་རུ་ཎ་མ་ཎ་པུཀྐ་སཱི་མ་ཧུ་པ་རི་ཏཱ་ཧི་མ་ཞེས་པ་ལ། ཀ། ཐོད་པའི་དབུས་སུ་རྩ་ནི་གང་། རུ། འདོད་པའི་རྣལ་འབྱོར་ལ་ནི་གཞོལ། ཎ། གུས་པ་དང་ནི་འདུལ་བའི་གཟུགས། མ། བྱང་ཆུབ་ཀྱི་ནི་བདེ་བས་བརྒྱན། ཎ། སྟོན་པའི་ཚིག་ ནི་རྗེས་སུ་འགྲོ། །པུ། སྔོན་གྱི་ཆོས་ནི་སྟོན་པའི་ཕྱིར། སྐ། ལས་ཉིད་བག་ཆགས་སྔོན་འགྲོ་བ། །སཱི། རྩ་ནི་བཅུ་བཞི་རྣམས་ནི་འགྲུབ། མ། དབུ་མ་ཡང་ནི་གཙུག་གཏོར་དུ། །ཧུ་ནི་ནམ་མཁའི་མིང་ཅན་ཏེ། པ། ལྷག་མ་ཡང་ནི་རྣམ་པ་བཞི། །རི་ནི་མགྲིན་པའི་འཁོར་ལོ་སྟེ། ཏཱ། དེ་ རུ་རྩ་ནི་བཅུ་ཕྲག་གསུམ། ཧི། ཤར་དུ་གསེར་གྱི་གཟུགས་སུ་སོང་། །མ་ནི་སེམས་ནི་འདི་ལྟ་བུ། །དེ་ལྟར་ཡི་གེ་སུམ་ཅུའོ། །མ་ཧཱ་སུ་ཧ་ཛོ་ཨེ་ཀ་མ་མ་ཧཱུ་ཚཌཱ་ཧི་སུ་ཎ་ས་ཧཱ་བ་ཨཱི། ཏུ་ཛཱུ་བི་ཧཱུ་ཎེ་ཨ་མ་ར་ཨི་ཧ་ཨུ་ཞེས་པ་ནི། མ། དཀྱིལ་འཁོར་བཅུ་ནི་ཕྲག་གསུམ་ཉིད། །ཧཱ་ནི་མི་ཤིགས་པ་ ཡང་དེ། སུ། བདེ་བ་ཡི་ནི་གཟུགས་སུ་གནས། །ཧ་ནི་སྒྲ་ཡི་ས་བོན་ཅན། ཛོ། རྟག་ཏུ་འོད་ཀྱི་གཟུགས་ནི་ཉིད། ཨེ། རྣལ་འབྱོར་པ་ཡིས་དེ་ལྟར་བལྟ། ཀ། འདིར་ནི་སུ་ཡི་མིང་ནི་གནས། མ། ཡིད་ཀྱི་མིང་ཡང་ཅུང་ཟད་མེད། མ། ཡིད་ཀྱི་སངས་རྒྱས་རྟག་ཏུ་བཞུགས། །ཧཱུ་ནི་བདག་ ཀྱང་ཅུང་ཟད་མེད། ཆ། གདུགས་སུ་གྱུར་པ་སྙིང་གི་མཁའ། །ཌཱ་ནི་མཁའ་འགྲོ་མ་ཡི་ཚོགས། །ཧི་ནི་དེ་ཉིད་ཇི་ལྟ་བ། སུ། ཤིན་ཏུ་སད་པའི་མི་ཤིགས་པ། ཎ། དེ་ཉིད་ཀུན་དང་བྲལ་བ་མིན། ས། འདི་ལའང་ཐམས་ཅད་གནས་པ་མེད། །ཧཱ་ནི་རང་བཞིན་མེད་པ་ཉིད། །བ་ནི་ རྡོ་རྗེ་འཛིན་པ་དེ། ཨཱི། དེ་ལྟར་གྱུར་པ་འབྱུང་ཆེན་པོ། །ཏུ་ནི་བློ་ལྡན་འདི་ཉིད་དེ། ཛཱུ། ཐིག་ལེ་ཕྲ་མོ་ཆེན་མོ་འཛག །བི། སྣ་ཚོགས་རྣམ་པ་རྟག་ཏུ་གནས། །ཧཱུ་ནི་དབུགས་དང་བྲལ་བ་ཡིས། ཎེ། བག་ཆགས་མེད་པ་མཁའ་མཚན་ཉིད། །ཨ་ཡིས་ཐམས་ཅད་ལ་ཁྱབ་བྱེད། །མ། ཨ་ཝ་དྷཱུ་ཏཱི་དབུས་ཀྱི་མཁའ། ར། སེམས་ནི་ཉི་མའི་གཟུགས་སུ་སོང་། །ཨི། ཡིད་ལ་སོགས་པ་ཟླ་བའི་གཟུགས། །ཧ་ནི་རྡོ་རྗེ་སེམས་དཔར་བརྗོད། ཨུ། སངས་རྒྱས་གར་མཁན་བཞེངས་པ་ནི། །དེ་བཞིན་པད་རྩ་གཞོན་ནུ་ལྟར། །སྙིང་དུ་རྩ་ནི་བརྒྱད་རྣམས་སོ། །གཙུག་གཏོར་གྱི་ནི་ལྔ་ པོ་རྣམས། །དེ་ལས་ཀྱང་ནི་ལྷོ་ཡིས་འདིར། །ཨུ་ནས་ཛ་ལ་ཐུག་པར་ནི། །ཨུ་ལ་སོགས་པའི་ཡི་གེ་བརྒྱད། །དུར་ཁྲོད་བརྒྱད་དུ་ལྷ་མོ་རྣམས། །ཨཽ་ཌྱན་ལ་སོགས་པ་ཡི་གནས། །ནམ་མཁའི་བུ་ག་རྟག་ཏུ་བརྒྱན། །ཨོཾ་ཞེས་པ་ནི་ཆ་ལྔ་པ། །ཕ་ཞེས་པ་ནི་མཚམས་སུ་སྦྱིན། ། ཧི། གངས་ཅན་གྱི་ནི་མདུན་ནས་འབབ། ཏུ། བ་མོ་ཡི་ནི་མ་ཁེངས་ལུས། །ཧཱུ་ཡི་ཡི་གེའི་རྒྱུ་ལས་སོ། །ཧེ་ནི་སྟོང་པའི་སྙིང་པོ་རུ། བ། ཆོས་ཀྱི་ཁམས་རྣམས་གནས་པ་ཡིན། །ཛ་ནི་རྟག་ཏུ་བེམས་པོ་ཡིན། །དེ་ལྟར་ཡང་ནི་གནས་པ་ནི། །འདིར་ནི་ཞིང་གི་གཟུགས་མཛེས་པས། །འདིར་ ནི་རྟག་ཏུ་བཞེངས་པ་ནི། །དབང་པོའི་སྒོ་དགུ་ལས་འདས་སོ། །དེ་ཡང་རྩ་ནི་བཅུ་དྲུག་རྣམས། །ཡི་གེ་དྲུག་ཅུར་བརྗོད་པའི་ཕྱིར། །ཚ་ཌ་ལ་སོགས་ཨུ་ཐའི་བར། །འབྲས་བུ་དང་ནི་རྒྱུ་ཕྱིར་གསུངས། །ཚ་ནི་གྲིབ་མའི་རྣམ་པ་སྟེ། །ཌ་སྤྲོས་པ་ཡི་ནི་བློ་དང་བྲལ། ། ཧི་འཚེ་བ་དང་ནི་བྲལ་བའི་གཟུགས། སུ། ཡིད་ཀྱི་ངོ་བོ་ཡིད་ནི་མེད། །ཎ་ནི་ལུས་ཀྱི་འདི་ནི་མེད། ས། ཐམས་ཅད་མཁྱེན་པའི་སྐུ་མི་ཟད། །ཧ་ནི་ཧེ་རུ་ཀ་ཉིད་དེ། །ཌ་ནི་སེམས་དང་སེམས་ལས་བྱུང་། ས། འདི་དག་ཐམས་ཅད་སྟོང་ཅི་བཞིན། བ། སྤྲོས་པ་ཉིད་ནི་སྤངས་པའོ། རི། ཡིད་ དགའ་བར་ནི་གང་ཚེ་གྱུར། །ཧ་ནི་བདེ་བ་ལྟ་བུའོ། །སི། འདིར་ནི་ཕྱག་རྒྱ་ཆེན་པོ་འགྲུབ། ཛ། བེམས་པོའི་གནས་སྐབས་ཀྱང་ནི་རི། །ཨ་ནི་བདེ་བའི་རྣམ་པ་ཉིད། ཨུ། སེམས་ཀྱི་རྒོལ་བ་བསལ་ལ་སོགས། ཀ། སེམས་ཅན་གྱི་ནི་རྒྱུ་རུ་བྱ། །ཛུ་ཞེས་པ་ནི་ཆགས་པའི་ཆ། ལོ། བ་སྤུའི་ ཁུང་བུའི་འོད་ཟེར་གྱིས། ཨ། ནམ་མཁའ་རུ་ནི་སེམས་མིང་ཉིད། ཎི། དེ་ཉིད་དུ་ནི་སྤྲུལ་པའི་གཟུགས། མ། བསོད་ནམས་ཆུང་བའི་སེམས་ཅན་རྣམས། དྲི། སྐྱབས་གསུམ་ལ་ནི་འཇུག་པའི་ཕྱིར། སུ། བཅོམ་ལྡན་འདས་ནི་བདེ་བ་དྲན། ར། རྣལ་འབྱོར་ཕ་རོལ་ཕྱིན་པས་རོལ། །ཨ་ནི་ རྣལ་འབྱོར་རྣམས་ལ་ཁྱབ། བ། གཞན་རྣམས་འདུལ་བར་བྱེད་པའོ། །ཧཱུ་ཞེས་པ་ནི་རབ་སྦྱོར་བས། སུ། གཙོ་བོ་བདག་ལ་བདེ་བ་གནས། ཎེ། འདི་དེ་སྟོང་པའི་གཟུགས་ནི་མིན། ཨ། གཙོ་བོ་བདག་ནི་སྡིག་ཚར་གཅོད། །ཚ་ནི་སངས་རྒྱས་ཡོན་ཏན་རྣམས། སི། དངོས་གྲུབ་སེམས་ཅན་ རྣམ་སྟེར་བྱེད། ཀཱི། འདིར་ནི་མང་པོ་སྨོས་ཅི་དགོས། ཨ། སེམས་ཀྱི་སྒྱུ་མའི་གཟུགས་སུ་བལྟ། །ཧ་ཞེས་པ་ནི་རྒྱུ་མེད་པ། ཨུ། སྟོང་པའི་མཚན་ཉིད་ལས་ནི་བཞེངས། །ཙཎྜ་ལཱི་ཡི་ཡིག་གསུམ་གྱིས། བིན། གཟུགས་རྣམས་ནམ་མཁའི་རང་བཞིན་ནོ། ན། སྣ་ཡི་བུ་གར་སོང་ནས་ཉལ། ། བ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། མ། བདེ་བ་ཆེན་པོ་ཁྱོད་བརྟེན་ནས། ཨི། དབང་པོ་རྣམས་ཀྱིས་བྱང་ཆུབ་མཆོག །ཏེ་ཞེས་པ་ཡིས་བདེ་བ་ཉིད། ཨི། འདི་ནི་སེམས་ཅན་གྱིས་རྟོགས་པ། ཅི། བདེ་བའི་རང་བཞིན་ལ་ནི་གནས། །ཎྱཾ་ཡིས་སེམས་ནི་གཉིས་སུ་མེད། ཨུ། རང་བཞིན་གནས་ ཉིད་འདོན་པ་ཉིད། །ཧ་ནི་གཉིས་སུ་མེད་པའི་མཆོག །མི་ཞེས་པ་ནི་བདག་དང་བསྲེ། ན། སྟོང་དང་སྟོང་མིན་མིང་ནི་མེད། དི། ཉིན་དང་མཚན་མོ་དེ་བཞིན་མཚམས། ས། བདེ་བ་བཏང་ནས་མ་ཞུགས་ཤིག ཨི། འདི་ནི་སྙིང་རྗེས་དཀྲིས་པར་འགྱུར། །དེ་ནི་མགོན་མེད་སེམས་ཅན་ལ། །ཨ། བྱང་ཆུབ་ཕྱིར་ནི་འབོད་པར་བྱེད། ལ། ཐིམ་པའི་གཟུགས་ནི་རྟག་ཏུ་འདོར། ཨུ། དྲག་པོའི་གཟུགས་ཀྱིས་མཛེས་པའི་ཕྱིར། །ཐ་ཞེས་གནས་ནི་དྲུག་ཅུ་བཞི། །དེ་ཡིས་རྣལ་འབྱོར་མ་ནི་བསྐུལ། །ཀླུ་ཡི་ཡི་གེ་དྲུག་ཅུ་པོ། །རེ་རེ་ཡང་ནི་ལྔ་ལྔར་བྱས། །དེ་ལྟར་ལྟེ་བའི་འཁོར་ལོ་ཉིད། ། སྤྲུལ་པ་རྣལ་འབྱོར་མ་ཡི་ལུགས། །འདིར་ནི་བཅོམ་ལྡན་འདས་བསྟེན་ཏེ། །དེ་ཡང་ཐིམ་ནས་ལངས་པའོ། །རྣལ་འབྱོར་རྣལ་འབྱོར་མ་ཡི་གཟུགས། །དེ་ནི་སྤྲོས་དང་སྡུད་པའི་གཟུགས། །དེ་བཞིན་ཡི་གེ་སུམ་ཅུ་ཡང་། ཏུ། ཧུ་ལ་སོགས་ཙིཏྟའི་བར། །ཡེ་ཤེས་དཀྱིལ་འཁོར་ཕོ་ ཉ་མོ། །ཡི་གེ་རེ་རེ་ཡིས་ནི་བསྐུལ། །ཏུ་ཞེས་པ་ནི་བདག་གི་གཟུགས། །ཧུ་ནི་ཁྱོད་དང་གཅིག་པ་ཉིད། །ས་གཟུགས་ཐབས་ཀྱི་རང་བཞིན་གྱིས། ཨ། སེམས་ཀྱི་མཚན་ཉིད་མི་གཡོ་བ། ལ། མཚོན་ཆའི་མཚན་ཉིད་མཚོན་པ་ཉིད། བི། དེས་ན་གཙོ་བོ་སྣ་ཚོགས་གཟུགས། །རུ། དེ་ལྟར་གཟུགས་ནི་རྟག་ཏུ་བྱ། ཨ། བསམ་གྱིས་མི་ཁྱབ་མཚན་ཉིད་བསམ། ལིཾ། བཙུན་མོ་བདག་ཉིད་འཁྱུད་པར་བྱེད། །ཙི་ནི་རྟག་ཏུ་སེམས་ཀྱི་གཟུགས། ཏ། དེ་ནས་གཞན་གྱི་དོན་ཤེས་བྱ། ཨ། ཡན་ལག་གཟུགས་ཀྱི་མིང་ནི་བྱེད། ཧེ། ཧེ་རུ་ཀ་དང་དེ་ཐབས་གཅིག མེ། རེ་རེ་དང་ ནི་གནས་ཀྱང་རུང་། །ཌོམྦི་སྤྲོས་པ་ལས་རིང་བའོ། །མི་ནི་དྲེགས་པ་ལས་བརྩོན་པའོ། ནི། རྟག་ཏུ་བདག་ནི་རྟག་པའི་གཟུགས། །ཚི་ནི་ཆད་པའི་ཆོས་ཉིད་དོ། །ཨ་ནི་མགོན་པོ་བདག་སྤྱོད་དང་། ན། ཕྱག་རྒྱ་ཆེན་པོའང་དོན་མེད་པའོ། །ནུ་ཞེས་པ་ཡིས་སྟོང་པར་འདོད། །མ་ནི་ སྒྱུ་མ་རྟག་ཏུ་རིག ཀ། མགོན་པོ་ཁྱོད་ནི་བྱ་བ་ཡིན། ར། ནམ་མཁའ་ཡི་ནི་དབུས་སུ་རོལ། ཀ། ཐོད་པའི་དབུས་སུ་གང་ཚེ་འབྱུང་། ར། འོན་ཀྱང་འདོད་ཆགས་ཀྱི་ནི་གཙོས། ན། ཁྱོད་མ་གཏོགས་པར་ཅི་ཡང་མེད། བི། བྱང་ཆུབ་མཚན་ཉིད་ཁྱད་པར་ཅན། །ཅི་ཞེས་པ་ནི་གང་བསམ་ པ། །ཏ་དེ་ནི་བདེ་བ་ཀུན་གྱི་གནས། །དེ་ལྟར་རྣལ་འབྱོར་མ་རྟག་པར། །གནས་ཀྱི་ས་རྣམས་ལ་སྒྱུ་མས། །དེ་ལྟར་གནས་ནས་འབོད་པར་བྱེད། །རང་གི་སེམས་ཀྱི་སྣང་བར་བསམ། །ཧཱུཾ་ཨཾ་ཡེ་ཤེས་རྣམ་པར་ཤེས། །སེམས་དང་སེམས་ལས་བྱུང་བར་བསྟན། ། གཉིས་ལས་བཞེངས་པའི་རྡོ་རྗེ་ཅན། །ཐམས་ཅད་དུ་ནི་རང་བཞིན་སྐུ། །ལྷག་མ་རྣམས་ནི་འཆད་བཞིན་པའི། །རྣམ་པར་དག་པ་བཤད་པ་ལས། །དེའི་ངེས་པའི་དོན་བཤད་པར་བྱའོ། །དེ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་ པའི་ཧེ་རུ་ཀ་བསྐྱེད་པའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ལས་ཏིང་ངེ་འཛིན་གསུམ་གྱི་དྲང་བ་དང་ངེས་པའི་དོན་བསྟན་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།ད་ནི་ཡེ་ཤེས་མཁའ་འགྲོ་མ་འཁོར་དང་བཅས་པའི་སྒྲུབ་ཐབས་བརྗོད་ པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྱེས་པའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་བསྟན་པའི་རྗེས་ཐོགས་སུ་དེ་ཉིད་བསྟན་པའི་ཕྱིར་ཇི་ལྟར་འཇིགས་སྡེ་ལ་འཇིགས་པ་ཟེར་བ་བཞིན་དུ་འོན་ཀྱང་གདན་བཞིའི་དོན་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་དགྱེས་ པའི་རྡོ་རྗེ་ཉིད་ཁོང་དུ་ཆུད་པར་བྱའོ། །འདིར་རྡོ་རྗེ་གཙོ་རྒྱལ་པོ་ཞེས་པ་ནི། འདིར་སྔོན་དུ་རྡོ་རྗེ་སེམས་དཔའ་ཞུ་བ་ལས་དགྱེས་པའི་རྡོ་རྗེ་ཅན་དུ་གྱུར་པ་དེའི་བསྡུས་པ་ནི་རྡོ་རྗེའི་སྒྲའོ། །དེ་ཡང་གཙོ་བོ་ཞེས་པ་ནི་བདག་མེད་མའི་ལྟ་བ་གསལ་བའི་འོད་དེ་དང་ལྡན་པས་ན་རྡོ་རྗེའོ། །དེ་ཡང་ རྣལ་འབྱོར་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རྒྱལ་པོ་སྟེ། གདན་བཞིའི་བདག་པོ་དེའི་ཤེས་རབ་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནི་དེའི་གཟུགས་ཀྱི་སྒྲུབ་ཐབས་རྣམ་པ་དུ་མའོ། །དེས་ན་ཡེ་ཤེས་ཀྱི་དོན་ནི་སྣ་ཚོགས་པ་གཅིག་པ་ཉིད་དེའི་ མཁའ་འགྲོ་མ་ནི་མང་པོའི་དོན་ཏེ། སྔོན་དུ་གསུངས་པའི་རྒྱུའི་ཕྱིར་རོ། །དེ་བཞིན་དུ་གཉིས་ཀྱི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། གཉིས་ཀྱི་དངོས་པོ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ཤེས་བྱའོ། །དེའི་གཉིས་སྤངས་པས་ན། དེའི་ཕྱིར་གཉིས་མེད་ཆོས་ ཞེས་པ་ནི་གཉིས་ཀྱི་དངོས་པོ་མེད་པའི་ཕྱིར་སྔོན་དུ་ཞུ་བའི་གཟུགས་སྟོང་པ་ཉིད་ལ་རྣལ་འབྱོར་མས་བསྐུལ་བའི་ཕྱིར་བསླང་བ་འགྲོ་མའི་གཟུགས་ཀྱི་དབུས་སུ་རང་བཞིན་མེད་པའི་རྣལ་འབྱོར་དེ་གཉིས་མེད་པར་བརྗོད་དོ། །དེའི་དབུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་སམ་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་ངོ་བོ་ལས་བྱུང་བ་སྤྲོས་པའི་ཕྱིར། དེས་ན་སེམས་ཅན་གཉིས་མེད་པའི་ཆོས་ཀྱི་ཡེ་ཤེས་ཅན་ནོ། །དེ་རྣམས་ཀྱི་དག་པ་རྣམ་པ་གསུམ་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་དང་སྦྱོར་བ་དག་པའོ། །དེ་ཡང་ལན་གསུམ་དུ་བརྗོད་པར་བྱའོ། །སེམས་ ཅན་གྱི་ལུས་ལ་དབང་པོ་རྣོན་པོ་རྣམས་ཀྱིས་བརྗོད་པ་ཙམ་གྱིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཉིས་མེད་པ་སྐྱེ་བར་འགྱུར་རོ། །དེས་ན་རྣལ་འབྱོར་ཀུན་གྱི་དང་པོར་ཞེས་པ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བསྡུས་པ་ནི་གཉིས་མེད་པའི་ཡེ་ཤེས་སོ། །དེའི་རྣལ་འབྱོར་ནི་བསམ་གྱིས་ མི་ཁྱབ་པ་གཉིས་མེད་པའོ། །དང་པོ་ནི་ཕུལ་རབ་ཏུ་གྱུར་པའི་ཕྱིར་རོ། །དེ་ནས་སྭ་བྷཱ་ཝ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། རང་བཞིན་གྱི་ཡེ་ཤེས་ཀྱི་སྔགས་སོ། །དེ་བཞིན་བཛྲ་ཤུདྡྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་སྣ་ཚོགས་སུ་སྤྲུལ་པའི་ཕྱིར་རོ། །དེ་བཞིན་དུ་འདི་དག་གཉིས་ མེད་པ་དེའི་མཆོག་ནི་ཡོ་ག་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། གཉིས་མེད་པའི་ཡང་གཉིས་མེད་པ། །ཞེས་པ་དབང་པོ་རྣོན་པོ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བཟླས་པ་ཙམ་དུ་ངེས་པའོ། །དེ་བཞིན་དུ་འདི་ཉིད་དུ་ད་ལྟར་གྱི་སེམས་ཅན་རྣམས་ཀྱི་ སྒོམ་པ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བརྗོད་ནས་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་གཉིས་མེད་པ་བསྟན་པའི་ཕྱིར། སྭ་བྷཱ་ཝ་ཞེས་པ་ལ་སོགས་པའི་སྔགས་བརྗོད་པའོ། །དེས་བྱས་པའི་རྣལ་འབྱོར་པས་བསྒོམ་པར་བྱ་ཞེས་པ་ནི་དང་པོ་ཉིད་དུ་ གཉིས་མེད་པ་ལ་བསམ་པར་བྱའོ། །དེ་ཡང་ལས་དང་པོའི་རྣལ་འབྱོར་པས་དེའི་དང་པོ་ཡང་བསྐྱེད་པའི་རིམ་པར་བསྒོམ་པར་བྱའོ། །དེ་ཡང་ཡིད་དུ་འོང་བའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་གདོང་དག་པ་ལ་སོགས་པ་བྱས་ཏེ། བསམ་གཏན་གྱི་གནས་སུ་ཞུགས་ནས་ བདེ་བའི་སྟན་གྱི་སྟེང་དུ་འདུག་སྟེ། ཡེ་ཤེས་མཁའ་འགྲོ་མའི་སྐུ་རས་རིས་ལ་སོགས་པར་ཆུད་པར་དམིགས་པར་བྱའོ། །ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་ཕུལ་ཏེ། བདུད་རྩི་ཟོས་ལ་གཏོར་མ་བྱིན་ནས་བཟོད་པར་གསོལ་ཏེ། བསམ་གཏན་བརྩམ་པར་ བྱའོ། །སྐད་ཅིག་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་ནི་འཆད་བཞིན་པའི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་དམིགས་པར་བྱའོ། །དེས་ན་རང་གི་སྙིང་གར་ཡེ་ཤེས་མཁའ་འགྲོ་མའི་ས་བོན་ཉི་མ་ལ་གནས་པའི་འོད་ཟེར་གྱི་ཚོགས་ལས་དེ་བྱ་བའི་ཆོ་ག་དེ་ཉིད་ཀྱིས་བསྒོམ་པའོ། །ཡེ་ཤེས་རྒྱ་ མཚོ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་ཆོ་གའི་བྱ་བས་མཆོད་པ་དབུལ་ཞིང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །ལྷུན་པོའི་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའི་དབུས་སུ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་དབུས་སུ་ལྷུན་པོའི་སྟེང་དུ་ དཀྱིལ་འཁོར་གྱི་ཁང་པ་རིན་པོ་ཆེ་བཞིའི་རང་བཞིན་ནོ། །སོགས་པའི་སྒྲས་མཚམས་སུ་ཡང་གསེར་ལ་སོགས་པ་སྤྲས་པའོ། །ཁང་བཟངས་དེའི་ནང་དུ་རྒྱན་རྣམས་བསམ་མོ། །དེ་ལ་དབུས་སུ་སེང་གེའི་གདན་ལ་ཡེ་ཤེས་མཁའ་འགྲོ་མའི་ས་བོན་ཐིག་ལེ་ཙམ་མོ། །དེས་ན་བདག་གི་དབུགས་ ལས་འབྱུང་བ་ཞེས་པ་ན་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ས་བོན་ཙམ་མོ། །དེས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣ་ཚོགས་པས་བརྒྱན་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གཞལ་ཡས་ཁང་བསྒོམ་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེའི་དབུས་སུ་སེང་གེའི་གདན་ཞེས་བྱ་བ་ལ་སོགས་པ་ནི་དབུས་དང་ ཤར་དང་བྱང་དང་ནུབ་དང་ལྷོ་སྟེ་གནས་ལྔ་རུའོ། །དེ་རྣམས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་རེ་རེ་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་རེ་རེར་འགྱུར་རོ། །དེས་ན་སྒྲུབ་ཐབས་ཐམས་ཅད་ཉིད་ཀྱི་སྟོང་པ་ཉིད་ཀྱི་སྒྲ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཙམ་མོ། །དེ་ཡང་ཁམས་སྣ་ཚོགས་པའི་རང་བཞིན་ ནོ། །དེས་ན་མཁའ་འགྲོ་མའི་རང་གི་དུས་རང་རང་གི་ཁམས་ལས་བྱུང་བ་བདག་གི་དབུགས་ལས་བྱུང་བའི་དུས་དེར་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་བསྒོམ་པ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་སྔོན་གོས་དཀར་མོའི་རྣམ་པར་སྤྲོས་པ་རྒྱུའི་མཁའ་འགྲོ་མའི་རྗེས་སུ་ཁ་དོག་སྔོན་ པོ་བསྒོམ་པ་ནི་འོ་མ་དང་ཆུ་བཞིན་ནོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་དུ་ཡེ་ཤེས་མཁའ་འགྲོ་མའི་ཤར་དང་བྱང་དང་ནུབ་དང་ལྷོར་རིམ་པ་བཞིན་རྡོ་རྗེ་མཁའ་འགྲོ་མ་དང་འཇིགས་པའི་མཁའ་འགྲོ་མ་དང་རོ་ལངས་མཁའ་འགྲོ་མ་དང་གཏུམ་མོ་མཁའ་འགྲོ་མ་རྣམས་སོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་ མཚམས་བཞིར་རིམ་པ་བཞིན་བསམ་པར་བྱ་སྟེ། སེང་གེ་མོ་དང་། སྟག་མོ་དང་། ཅེ་སྤྱང་མོ་དང་། འུག་པ་མོ་རྣམས་བསམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པར་གཡོན་སྐོར་གྱི་མཁའ་འགྲོ་མ་ལ་སོགས་པའི་སྒོ་བཞི་རྣམས་སུ་རིམ་པ་བཞིན་དུ་མཁའ་འགྲོ་མ་དང་། མར་མེ་མ་དང་། འཇིག་ བྱེད་མ་དང་། གཡོ་ལྡན་མའི་རྣལ་འབྱོར་མ་རྣམས་བསམ་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་དབང་ཕྱུག་མ་བཅུ་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་བྱུང་བར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱང་དེ་བཞིན་དུ་གཟུགས་ཙམ་གྱིས་མཁའ་འགྲོ་མ་སྟེ། དེའི་ཚེ་ཕྲག་མོ་གཉིས་མེད་པའོ། ། དེ་ལྟར་གཉིས་མེད་པའི་གཉིས་མེད་པར་འགྱུར་རོ། །རིག་མ་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་སྒྲ་ནི་གཉིས་མེད་པར་གཉིས་མེད་པའོ། །དེ་ཉིད་ཀྱི་དམ་ཚིག་རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་བདུན་དུ་བརྩེགས་པའི་ས་བོན་ཏེ་འོག་ཏུ་ཡ་ལ་སོགས་པའོ། །དེ་ཡང་རྡོ་རྗེའི་ས་བོན་གྱིས་ ཞེས་པ་ནི་ཧ་ཞེས་པའི་སྟེང་དུ་སྦྱིན་པའོ། །དེ་ལྟར་བསྡུས་ནས་ཧྐྵྨླྺྼྻཱུཾ་དེ་ལྟར་བརྒྱད་བརྩེགས་ཀྱི་བདག་ཉིད་ལུས་ཀྱི་མིང་ཅན་རྣམ་པར་བསམ་མོ། །དེ་བཞིན་དུ་ཐིག་ལེ་དང་སྒྲ་དང་ཚེག་དྲག་དང་ལྷན་ཅིག་བསྡུས་པའི་ཡི་གེ་བཅུ་གསུམ་ནི་མཁའ་འགྲོ་མ་བཅུ་གསུམ་རྣམས་བསྡུས་པའི་ཕྱིར་ཏེ། ཨ་ ཝ་དྷཱུ་ཏཱིར་མཁའ་འགྲོ་མ་བཅུ་གསུམ་གྱི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ནང་དུ་འདུས་པར་འགྱུར་ཏེ། ཕྲ་མོའི་རྣམ་པ་ལ་འཇུག་པ་གང་གིས་བསམ་གྱིས་མི་ཁྱབ་པ་གཉིས་མེད་པ་ཉིད་དུ་འགྱུར་རོ། །གཙུག་ཏོར་ནས་ནི་རྐང་མཐེབ་བར། །ཡི་གེ་རྣམས་བཀོད་བསྒོམ་པར་བྱ། །མཁའ་ འགྲོ་མ་རྣམས་བསྐྱེད་པ་གང་། །རྐང་གཉིས་པ་ཡིས་རིམ་ཞེས་བྱ། །ཡི་གེ་སུམ་ཅུ་མིང་ནི་ཉིད། །ས་ཉིད་ཀྱང་ནི་བཅུ་གསུམ་ཉིད། །སངས་རྒྱས་མཁའ་འགྲོ་མ་རྣམ་རྣམས་བསྒོམ། །བཟའ་བའི་རང་བཞིན་མཛེས་པའི་ཕྱིར། །དེ་བཞིན་དུ་ཆར་པའི་རྒྱུན་ཞེས་པ་ནི་ཧཱུཾ་ཡེ་ཤེས་ཀྱི་བདུད་རྩིའི་ རྒྱུན་མི་འཆད་པར་འབྱུང་བ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་ཞེས་དགོངས་སོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་གཉིས་པ་ བསྟན་པའོ།། །།ད་ནི་རྣལ་འབྱོར་མ་རྣམས་ཀྱི་ཤིན་ཏུ་ཕྲ་བ་སྔོན་དུ་གསུངས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མཁའ་འགྲོ་མ་བཅུ་གསུམ་བསྐྱེད་དེ། དེའི་རེ་རེའི་དུས་ལས་བདག་མེད་མའི་སྒྲུབ་ཐབས་ལྷ་མོ་བཅོ་ལྔའི་བདག་ཉིད་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་ཀྱི་རྗེས་ཐོགས་སུ་དེ་ནས་ཞེས་པ་ནི་རྣལ་འབྱོར་རང་བཞིན་མེད་པའི་མཚན་ཉིད་བཤད་པའོ། །བདག་མེད་མ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བདག་མེད་པའི་གཟུགས་སོ། །དེའི་སྒྲུབ་ཐབས་ཞེས་པ་ནི་ ཐབས་ཀྱི་མཚན་ཉིད་དེ། དེ་བཞིན་དུ་བཤད་ཅེས་པ་ནི་མདོར་བསྡུས་ཏེ་དཔྱིས་ཕྱིན་པར་གསུངས་པའོ། །དེ་ཉིད་གསུངས་པ་ནམ་མཁའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་ཡེ་ཤེས་མཁའ་འགྲོ་མའི་དུས་ཀྱི་རྣལ་འབྱོར་ཡི་གེ་བཅུ་གསུམ་ཡི་གེ་གཅིག་གི་རང་ བཞིན་ཆོས་ཐམས་ཅད་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ་དེ་ཉིད་ནམ་མཁའི་དབྱིངས་ཀྱི་མིང་ཅན་མ་མོ་རྣམས་ཀྱི་སྐྱེ་གནས་བཞིན་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་གནས་སོ། །དེའི་དབུས་སུ་ཆུད་པར་ཞེས་པ་ནི། ཉི་མའི་དཀྱིལ་འཁོར་གྱིས་རྡུལ་ཆགས་ཆེན་བསམ་ཞེས་སྦྱར་རོ། །དེ་ ཅི་ཞེ་ན། འདིར་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པའི་ཕྱིར་སླར་ཡང་དེ་ཉིད་དུ་ཨ་ཝ་དྷཱུ་ཏཱིའི་ཆོས་ཀྱི་འབྱུང་གནས་ལས་ཡེ་ཤེས་ཀྱི་ཁམས་ལྔ་རྣམས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་ཞེས་པ་ནི་ཡེ་ཤེས་ཀྱི་སའོ། །སྔོན་ དུ་ཞེས་པ་ནི་ཡེ་ཤེས་ཀྱི་ཆུའོ། །ཚུལ་ཇི་བཞིན་ཞེས་པ་ནི་ཡེ་ཤེས་ཀྱི་མེའོ། །ལྷ་རྣམས་ཞེས་པ་ནི་ཡེ་ཤེས་ཀྱི་རླུང་ངོ་། །ཅི་ལྟར་འབྱུང་བ་ཞེས་པ་ནི་ཡེ་ཤེས་ཀྱི་ནམ་མཁའོ། །དེ་ཉིད་ནི་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་བཞིན་དུ་དེ་ཉིད་དུ་ས་བོན་དང་མྱུ་གུ་བཞིན་ཐིག་ལེ་ལྔ་འབྱུང་ བ་བྱང་ཆུབ་སེམས་ཀྱི་རང་གི་ངོ་བོ་དོན་དམ་པའོ། །དེ་ཡང་ཁམས་ལྔའི་རང་བཞིན་ནོ། །དེ་ཉིད་ཀྱིས་ན་འཁོར་ལོ་སྔོན་དུ་སོང་ཞེས་བྱ་བ་ལ་སོགས་པ་བསྒོམ་པར་བྱ་ཞེས་པའི་མཐར་ཐུག་པ་གསུངས་སོ། །དེ་ལྟར་ཡེ་ཤེས་དང་ཤེས་བྱའི་བདག་ཉིད་རྣམ་པ་བཅུ་ནང་གི་ཡང་ནང་ངོ་། །ཆོས་ འབྱུང་ལས་འབྱུང་ཞེས་པ་ནི་ཨུ་ཨཱུ་ཡ་ར་ཝ་ལ་མ་ཥ་ཀ་ཀྵ་ཧ་ཞེས་པའི་ཡི་གེ་བཅུ་ལས་ས་བཅུ་དང་སངས་རྒྱས་ཀྱི་ས་འབྱུང་བའོ། །དེས་ན་འཁོར་ལོ་ཞེས་པ་ནི་སྒྲ་ཙམ་མོ། །དེ་ཡང་ཉིས་བརྩེགས་ཞེས་པ་ནི་ཐིག་ལེ་དང་ཚེག་དྲག་དག་ཁྱབ་པར་བྱེད་པའི་ཕྱིར་རོ། །དག་པའི་རང་བཞིན་མེད་པ་ ཞེས་པ་ནི་སྟོང་པ་དང་སྙིང་རྗེ་བསམ་གྱིས་མི་ཁྱབ་པ་མི་ཕྱེད་པའི་གཟུགས་ལ་མོས་པས་སྤྱོད་པའི་ས་དང་རྡོ་རྗེ་འཛིན་ཆེན་པོའི་ས་དག་ལ་ལྷའི་རྣམ་པ་རྣམས་ཞེས་པའི་དོན་ཏོ། །དེ་ལྟར་སེམས་ཅན་གྱི་རིས་རྣམས་སུ་སངས་རྒྱས་རྣམས་སྤྲོ་ཞིང་རང་བཞིན་མེད་པའི་དེ་ལ་རྣམ་པར་སྤྱོད་པའོ། །དེ་བཞིན་ དུ། གཅིག་ནི་ཟེ་འབྲུ་ཅན་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པ་དང་། རྫོགས་པ་ཐ་མལ་པ་དང་འདུས་བྱས་པའི་དབྱེ་བས་རྟོགས་པར་བྱ་སྟེ་སྐུ་གསུམ་ལ་བརྟེན་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །འོན་ཀྱང་ལས་དང་པོ་པས་ཏིང་ངེ་འཛིན་གསུམ་གྱིས་བསྒོམ་པར་བྱ་ཞེས་ དགོངས་སོ། །དེ་བཞིན་དུ་དེ་ཉིད་གསུམ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པའི་བདག་མེད་མའི་དེ་ཁོ་ན་ཉིད་དོ། །གཉིས་པ་ནི་དེ་ཉིད་དུ་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་བཞིན་དུ་གསུམ་པ་ནི་གཉིས་མེད་པའི་ཡང་གཉིས་མེད་པ་དེའི་བདག་ཉིད་ཀྱིས་གནས་པའི་ཕྱིར་ ཞེས་པ་སྟེ་ངེས་པའོ། །དེའི་ཕྱིར་གསུངས་པ། ཨུ་ནི་རྐང་པའི་མཐིལ་ནས་བརྗོད། །འདིར་ནི་པུས་མོ་གཉིས་ཀ་ཡི། །སྣལ་མ་ཕྲ་མོར་སྡུད་པར་འགྱུར། །ཨཱུ་ཞེས་པ་ནི་ཨུ་གཉིས་སོ། །ཡ་ཞེས་པ་ནི་བརླ་གཉིས་སུ། །བརྗོད་པས་ཐུར་སེལ་འགོག་པར་འདོད། །ར་ཞེས་པ་ནི་མེ་ཡི་ཁམས། ། གསང་བ་ཉིད་དུ་བརྗོད་པའི་ཕྱིར། །ཝ་ཞེས་པ་ནི་ལྟོ་བའི་སྣར། །ལ་ཞེས་པ་ནི་བྲང་དུ་བརྗོད། །མ་ཞེས་པ་ནི་འདི་ཉིད་དུ། །བརྗོད་པ་ཡིས་ནི་ཐིམ་པར་འགྱུར། །ཥ་ནི་མགྲིན་པའི་གནས་སུའོ། །ཀ་ནི་ལྕེ་ཡི་རྩ་བ་རུ། །ཀྵ་ནི་བརྗོད་པ་ཙམ་གྱིས་ནི། །དབང་པོ་རྣམས་ནི་སྡུད་པར་འགྱུར། །ཧ་ནི་དུད་ པ་ཅན་ཞེས་བྱ། །དཔྲལ་བར་ཟླ་བ་ཕྱེད་པའོ། །གཙུག་ཏོར་གནས་སུ་ཐིག་ལེ་ནི། །བརྗོད་པས་དེར་ནི་ཐིམས་པར་འགྱུར། །འདིར་ནི་ཚེག་དྲག་འགྲོ་འགྱུར་ཏེ། །བསམ་མེད་གཉིས་སུ་མེད་མཚན་ཉིད། །དེ་ལྟར་སྲིད་དང་མྱ་ངན་འདས། །རང་གི་ངོ་བོ་འདིར་མཚོན་པ། ། མཁའ་སྤྱོད་ས་སྤྱོད་ལྷ་མོ་གཉིས། །འདི་རྣམས་ཐོག་མཐས་རྒྱས་གདབ་པའི། །རྒྱུ་ནི་བདེ་བ་ཉིད་ཀྱི་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་ བ་ཞེས་པའི་གཞུང་སྟེ་གསུམ་པ་བསྟན་པའོ།། །།ད་ནི་སློབ་མ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བ་དང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཞེས་པས་བྲིས་པ་དེ་བསྟན་པའི་ཕྱིར་དང་། སྔོན་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་སྒོམ་པའི་ཕྱིར། །དགྱེས་ པའི་རྡོ་རྗེ་ལ་སོགས་པ་མདོར་བསྟན་པ་འདིའི་སླར་བཤད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་གསུམ་པ་བསྟན་པའི་མཐར་སླར་བཤད་པ་ལ་འཇུག་པའོ། །ཕྱིས་སྔོན་དུ་བསྟན་པའི་རྗེས་ཐོགས་སུ་འབྱུང་བ་དེ་ལའང་དེ་སྐད་ཅེས་ བྱའོ། །དེ་ཡང་ཡང་དག་བཤད་བྱ་བ། །ཞེས་པ་ནི་གང་གིས་ཉན་པའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་ཤིན་ཏུ་གསལ་བ་ཉིད་དུ་བཤད་པར་བྱའོ། །དེ་བཞིན་དུ། དཀྱིལ་འཁོར་ཆེན་པོ་བླ་ན་མེད། །ཅེས་པ་ནི་སྔ་མ་ལ་ལྟོས་པའི་ཕྱིར་རབ་ཏུ་རྫོགས་པའོ། །ཡང་ན་བླ་ མའི་ངེས་པའི་དབང་གིས་ནུས་པ་བསྟན་པ་ཙམ་གྱིས་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་བའོ། །ཇི་ལྟར་བདག་ཅག་གི་བརྒྱུད་པ་པདྨ་བཛྲའི་ཞལ་སྔ་ནས་ཀྱིས་ཨོ་ཌྱན་པ་ལ་བསྟན་ཅིང་དེས་ཀྱང་རྡོ་རྗེ་སློབ་དཔོན་ཨིནྡྲ་བྷཱུ་ཏི་བདག་ལ་བསྟན་པས་སྤྲོས་པ་དང་བཅས་པས་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དེ་ལྟར། རྡོ་རྗེ་དབྱིངས་དང་འདྲ་བ་ནི། །ཞེས་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲིས་ཏེ། རྡོ་རྗེ་སྙིང་པོ་ལ་དབང་བྱིན་ཞིང་འདི་ཉིད་དུ་སེམས་ཅན་ཐམས་ཅད་ལུང་བསྟན་པ་དེ་ལྟར་རྡོ་རྗེ་དབྱིངས་དང་མཚུངས་ པ་ཟབ་མོ་ལས་ཀྱང་ཟབ་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེའི་རྣམ་པ་གསུམ་པའི་དོན་ལ་དང་པོ་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་བྱ་ཞེས་དགོངས་སོ། །དེའི་ཕྱིར། རྡོ་རྗེ་དབྱིངས་ཞེས་བྱ་བར་བརྗོད། །ཅེས་པ་ནི་ཅུང་ཟད་ནུས་པ་ཐོབ་པའི་སློབ་དཔོན་གྱིས་བྱའོ། །དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ སུ་འགྱུར་རོ། །ཡང་ན་ཐ་མལ་པའི་སློབ་དཔོན་ཡང་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་ཞིང་རྡོ་རྗེ་སེམས་དཔའི་ཡང་ང་རྒྱལ་དང་ལྡན་པ་སངས་རྒྱས་དང་མཚུངས་པ་དེས་ཀྱང་དཀྱིལ་འཁོར་འདི་བྱས་ཤིང་སློབ་མས་ཀྱང་དད་པས་བླངས་ནས་ཐམས་ཅད་སངས་རྒྱས་ཐོབ་པར་འགྱུར་ ཏེ་གཞན་དུ་ནི་མ་ཡིན་པ་སྟེ་ངེས་པའོ། །དེ་བཞིན་དུ་དཀྱིལ་འཁོར་གནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་དཀྱིལ་འཁོར་ལ་བྱ་བའི་ཕྱིར་སོ་ཕག་ལ་སོགས་པ་གསལ་ལོ། །དེ་ཉིད་དུ། ཕྱག་རྒྱ་ཆེན་པོ་ཡོངས་སུ་བཟུང་། །ཞེས་པ་ནི་འཆད་བཞིན་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་ བྱའོ། །སྔགས་པས་འདི་ནི་ཞེས་པ་ལ་སྔགས་པ་ནི་རྣམ་པ་གཉིས་ཏེ་གྲུབ་པ་དང་མ་གྲུབ་པའོ། །དེས་ན་ཐམས་ཅད་ཉིད་ལ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཉིད་ལ་བལྟས་ན་མི་ཤེས་པ་རྒྱང་རིང་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཇི་ལྟར་ཨོ་ཎྱན་པའི་ཞལ་སྔ་ནས་ཀྱིས་རྡོ་རྗེ་ བུ་མོ་བསྟན་པས་ཕྱག་རྒྱ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །དེ་ནས་འདིར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར་ས་སྦྱངས་པའི་རྗེས་ཐོགས་སུ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོན་སྣ་ལྔ་ལས་བཅོས་པའི་སྲད་བུ་དཀྱིལ་འཁོར་གྱི་ཚད་ཀྱིས་སོ། །དེས་ན་ ཅི་ལྟར་ནུས་པ་ཞེས་པ་ནི་ཁྲུ་གང་ནས་བརྩམས་ཏེ། ཇི་སྲིད་ཁྲུ་སྟོང་གི་བར་གྱིས་དཀྱིལ་འཁོར་ཐིག་གདབ་ཅེས་པའི་དོན་ཏོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་སྲད་བུ་ཞེས་པ་ནི་ཟླུམ་པོར་བསྐོར་བའི་ཕྱིར་ཀ་བ་བརྒྱད་ཀྱི་ཕྱི་རུ་རྡོ་རྗེ་ཕྲེང་བར་བྱ་བའོ། །དེ་བཞིན་དུ། རྡོ་རྗེ་ཀ་ བའི་རྩེར་གནས་པ། །དཀྱིལ་འཁོར་ལྔ་དང་ལྡན་པར་བྱ། །ཞེས་པ་ནི་སྒོའི་མཐར་ཐུག་པར་ལྔ་བརྩེགས་སུ་བྱས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དེ་ཉིད་བསྡུས་པ་ལ་སོགས་པའི་རིམ་པས་ཤེས་པར་བྱའོ། །དེ་ནས་ཞེས་པ་ནི་དཀྱིལ་འཁོར་དེ་རྣམས་ཀྱི་དབུས་སུ་སངས་རྒྱས་ཀྱི་ གཟུགས་བརྙན་ཞེས་པ་ནི་དཀྱིལ་འཁོར་བའི་ལྷ་རྣམས་འཆད་བཞིན་པའི་རིམ་པས་དགོད་པར་བྱའོ། །དེའི་དོན་གྱི་དབང་དུ་བྱས་ཏེ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཇི་ལྟར་ཕྱིས་མདོར་བསྡུས་ཏེ་གསུངས་པ་འདི་ཉིད་སྔོན་དུ་ཆོ་ག་བཞིན་ ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་སོ། །དེ་བཞིན་དུ་སྒྲུབ་ཐབས་ཁྱོད་ལ་བཤད་ཅེས་པ་ལ་ཀྱང་གི་སྒྲ་ནི་འདི་ཉིད་དུ་རྡོ་རྗེ་དབྱིངས་བཞིན་དུ་འདིར་ཡང་སྒྲུབ་ཐབས་ཀྱི་ཚུལ་ལས་མི་གསལ་བ་གསལ་བར་བྱེད་པ་དེ་ལ་བཤད་པར་བྱ་ཞེས་སྦྱར་རོ། །དེ་ལ་དང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ ཞེས་པ་ནི་དེའི་ཕྱིར་རོ། །དང་པོ་ཞེས་པ་ནི་དང་པོ་ཉིད་དུའོ། །ལྷའི་ཁང་པར་ཞེས་པ་ནི་བསྒོམ་པའི་གནས་སམ་དཀྱིལ་འཁོར་གྱི་ཁང་པར་བཞུགས་ཏེ་དེར་བསྒོམ་པར་བྱ་ཞེས་པའོ། །དེར་བྲིས་པའམ་འབུར་དུ་བརྐོས་པའམ་བླུགས་པ་ལ་སོགས་པ་འདོད་པའི་ལྷའི་གཟུགས་དམིགས་ ཏེ། རང་གི་སྙིང་གར་ཨ་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཡོངས་སུ་བརྟགས་པའི་ཕྱིར་དེ་ནི་རྣམ་པ་གསུམ་དུ་འདོད་དེ། གཅིག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་རིམ་པས་ཨོཾ་མོ། །རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་ཧཱུཾ་ངོ་། །ཡང་ན་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་ ལས་ཇི་ལྟར་གསུངས་པའི་རྡོ་རྗེར་འགྱུར་ཏེ་དེ་ལྟར་ཆོ་ག་བཞིན་ཞེས་སྦྱར་རོ། །དེ་བཞིན་དུ་རྡོ་རྗེའི་འོད་ཟེར་གྱི་རྡོ་རྗེ་རྣམས་ཀྱིས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནམ་མཁར་དགུག་པར་བྱའོ། །སོགས་པའི་སྒྲས་ནི་སྤྱན་མ་ལ་སོགས་པ་སྣ་ཚོགས་པ་དང་ཁྲོ་བོའི་ལྷ་རྣམས་བཟུང་སྟེ། དེ་ རྣམས་ཀྱིས་ཇི་ལྟར་སྤྲུལ་པའི་མཆོད་པ་བྱའོ། །གཞན་ཡང་དེ་རྣམས་ཀྱི་མདུན་དུ་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ་ལ་ཐམས་ཅད་བྱ་བ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་པ་ནི་སྔོན་ནས་བསྒོམས་པའི་སྐུ་སྒྲ་བརྙན་ལྟ་བུའོ། །དེ་ཡང་དེ་ ལས་བྱུང་བའི་སེམས་ཅན་དེ་རྣམས་ལ་ཆོས་སྟོན་པར་སྣང་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཡིད་དེ་ལས་བྱུང་བའི་ཕྱིར་རོ། །ཡིད་ཀྱང་བརྟགས་ན་བདག་མེད་པའོ། །དེ་བཞིན་དུ་ཐམས་ཅད་པ་བལྟའོ། །ཕྱིར་ཞེས་པ་ལ་སོགས་པ་ལ་ སྤྲུལ་པ་ཞེས་པ་ནི་སྤྲོས་པ་དང་བཅས་པས་སྤྲུལ་པའོ། །དེའི་ཕྱིར་སེམས་མེད་པ་ཞེས་པ་ནི་ད་ལྟར་གྱི་སེམས་ཅན་རྣམས་ཀྱི་དངོས་པོས་ཡོངས་སུ་བརྟགས་པ་ཡོད་དེ། དེས་རྩོད་པའི་དུས་སུ་སེམས་དེ་ཉིད་ཀྱིས་ཡོངས་སུ་བརྟགས་པའི་ཕྱིར་དངོས་པོ་ཞེས་ཕུལ་དུ་བྱུང་བ་དེ་བཞིན་དུ་འབྱུང་བར་འགྱུར་ རོ། །དེས་ན་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིས་སྔགས་བརྗོད་པར་བྱའོ། །དེ་ནས་རང་བཞིན་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དུ་བལྟ་བའི་དོན་ཏོ། །འོན་ཀྱང་བཟླས་པའི་ཁྱད་པར་གྱིས་རྣལ་འབྱོར་གྱི་ཁྱད་པར་ཡོད་དེ། གཏུམ་མོ་སྦྱར་ བས་ཐིག་ལེའི་ཟླ་བ་ལྟ་སྟེ། དེ་ཡི་སྔགས་ནི་ཨོཾ་ལ་སོགས་པའོ། །གྲུ་གསུམ་ཞེས་པ་ནི་ཨ་ལ་སོགས་པའི་དབྱངས་སུམ་སྐོར་བཞི་བཅུ་རྩ་བརྒྱད་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡངས་པའི་གཟུགས་ཅན་ཞེས་པ་ནི་སྤྲོས་པའི་གཟུགས་ཅན་ནོ། །སྙིང་རྗེ་ཞེས་པ་ནི་གྲི་གུག་གམ་རལ་གྲིའོ། ། ཁ་ཅིག་ནི་ཅང་ཏེའུ་རུ་འདོད། །དེ་ལྟར་བཅོམ་ལྡན་འདས་ལྷ་བཞི་བཅུ་རྩ་གཉིས་ཀྱི་བདག་ཉིད་བྷ་གའི་དབུས་སུ་བསྒོམ་པར་བྱའོ། །དེ་ཉིད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་དེ་ཁོ་ན་ཉིད་སྡུད་པས་བརྗོད་དོ། །དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་བརྗོད་དེ། དེ་ལ་མེ་ཏོག་ མ་དང་། སྤོས་མ་དང་། དྲི་མ་དང་། མར་མེ་མ་དང་། ལྷ་བཤོས་མ་དང་། གླུ་མཁན་མ་དང་། གར་མཁན་མ་དང་། སྒེག་མོ་དང་། མེ་ལོང་མ་དང་། པི་ཝང་མ་དང་། རོ་བསྣམས་མ་དང་། ཆོས་འབྱུང་མ་དང་། སིལ་སྙན་མ་དང་། གོས་ཐོགས་མ་དང་། ཞབས་བསིལ་ མ་དང་། མཆོད་ཡོན་མ་རྣམས་སོ། །དེ་ལྟར་ལྷག་མ་ནི་གོ་སླ་བས་བདག་གིས་རྒྱས་པར་མ་བྲིས་ཏེ་