Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 3
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
ང་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་ གདོན་པར་འདོད་པ་མེད་པ་གང་ཡིན་པ་དེ་རྣམས་སྙིང་རྗེ་མེད་པ་ཞེས་བརྗོད་དོ། །དེ་དག་ནི་འགྲུབ་པ་མིན་ཏེ། དེ་རྣམས་ཀྱིས་ཕྱག་རྒྱའི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་སྙིང་རྗེ་བརྩེ་བ་ཉེ་བར་བསྐྱེད་ཉེ་བའི་སྒྲ་ནི་ཡང་དག་པར་ཉེ་བའི་ཕྱིར་སེམས་ཅན་ལ་དམིགས་པའི་སྙིང་ རྗེ་གཟུང་གི་ཆོས་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་པའོ། །ཡང་ན་སྙིང་རྗེ་ཞེས་པ་དམིགས་པ་དང་དམིགས་པ་མེད་པའི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེར་བརྗོད་དོ། །དེ་དང་བྲལ་བས་སྙིང་རྗེ་མེད་པས་འགྲུབ་པ་མ་ཡིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། ། དེའི་ཕྱིར་སྙིང་རྗེ་ཉེ་བར་བསྐྱེད། །རྒྱུ་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར། གདུག་པ་གཞུག་ལ་ཐམས་ཅད་ནི། ཆོ་གའི་གཙོ་ལས་འགྲུབ་པར་འགྱུར། །གདུག་པ་ཞེས་པ་སྡུག་བསྔལ་མི་དགེ་བའོ། །དེ་དེ་དང་ལྡན་པའི་ཕྱིར་གདུག་པ་སྟེ། དེ་རྣམས་དགེ་བའི་ ལམ་འདི་ལ་གཞུག་པའི་ཕྱིར་དང་། དེའི་ཆེད་དུ་གསད་པ་ལ་སོགས་པ་འདི་ནི་ཐམས་ཅད་དེ། དེའི་ཕྱིར་ཆོ་གའི་གཙོ་བོ་མཆོག་ཉིད་དོ། རྒྱུ་དེ་ཉིད་ཀྱི་ཕྱིར་འགྲུབ་པར་འགྱུར་ཏེ། གསད་པ་ལ་སོགས་པ་རྣམས་རབ་ཏུ་བསྒྲུབ་པར་འགྱུར་རོ་ཞེས་པའོ། །དེ་ལ་འདི་ལྟར་རྟོགས་ པར་བྱ་སྟེ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་རབ་ཏུ་བརྟག །ཅེས་པ་དེའི་ཕྱིར་ཐབས་ལ་མཁས་པ་རྣམས་ཀྱི་གང་ཞིག་འཇིག་རྟེན་པ་དང་རྣམ་པར་འགལ་བ་དེ་ཡང་འཇིག་རྟེན་ལས་འདས་པའི་ངོ་བོར་འགྱུར་ཞིང་། གང་ཞིག་འཇིག་རྟེན་ལས་འདས་པ་ཡང་ འཇིག་རྟེན་པའི་འཁོར་བའི་ངོ་བོ་ཉིད་དུ་འགྱུར་བའི་ཕྱིར་ཉིན་མོ་གསལ་བའི་མཚན་ཉིད་ཡོན་ཏན་ཏེ། དེ་ནི་རྡོ་རྗེ་ཅན་བཅོམ་ལྡན་འདས་རྡོ་རྗེ་འཆང་ངོ་། །མཚན་མོ་ནི་དྲི་མ་དང་ལྡན་པའི་རང་བཞིན་སྐྱོན་ཏེ། དེ་ནི་ཤེས་རབ་ཡོན་ཏན་དང་སྐྱོན་རྡོ་རྗེ་འཆང་དང་བདག་མེད་མའི་རང་ བཞིན་ནོ། །དེའི་ཕྱིར་ཡོན་ཏན་ཉིད་སྐྱོན་དང་སྐྱོན་ཉིད་ཡོན་ཏན་ཏེ། གཉིས་ཀ་དབྱེར་མེད་པ་ཉིད་དོ། །འདི་ཅི་གསུངས་ན། ཐབས་ལ་མི་མཁས་པ་མུ་སྟེགས་པ་རྣམས་ཀྱི་ཡོན་ཏན་ཉིད་སྐྱོན་དུ་འགྱུར་ཞིང་ཐབས་ལ་མཁས་པ་རྣམས་ཀྱི་ནི་སྐྱོན་ཉིད་ཡོན་ཏན་དུ་འགྱུར་རོ་ཞེས་པ་སྟེ། སྙིང་རྗེ་བསྐྱེད་ ནས་འབད་པ་ཡིས། །མཁས་པ་རྣམས་ཀྱིས་གསད་པར་བྱ། །ཞེས་གང་གསུངས་པ་དེ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཡང་ན། དེ་ལ་ཞེས་པ་དེ་ལྟར་རྣམ་པར་གནས་པ་ལ། ཨེ་ཝཾ་རྟོགས་པར་བྱ་སྟེ། ཨེ་ཝཾ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ རྟོགས་པར་བྱ་ཞིང་ཡེ་ཤེས་ཀྱི་རྣམ་པར་གནས་པར་བྱ་སྟེ། སྙིང་རྗེ་བསྐྱེད་པ་ལས་གཞན་གྱི་དོན་གྱི་དབང་གིས་གང་གསད་པ་དེ་ཡང་གཉིས་ཀ་དབྱེར་མེད་པ་ཁོ་ནར་རྟོགས་པར་བྱའོ། །ཉི་མ་གང་ལགས་ཞེས་གང་གསུངས་པ་དེ་རྒྱས་པར་བཤད་པ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །སྤྲོ་བའི་ བདག་ཉིད་ཅན་རྡོ་རྗེ་འཆང་ངོ་། །མཚན་མོ་ནི་སྡུད་པའི་རང་བཞིན་ཅན་ཏེ། དེ་ནི་ཤེས་རབ་བོ། །གཉིས་ཀ་ཡང་རབ་ཏུ་བརྟག་པར་བྱ་སྟེ། ཕུལ་དུ་བྱུང་བས་དཔྱད་པར་བྱའོ། །སྤྲོ་བ་དང་སྡུད་པའི་བདག་ཉིད་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའི་ཀུན་དུ་རྟོག་པ་ཡང་མེད་དོ་ཞེས་ པའོ། །དེ་ཉིད་ཀྱི་ཕྱིར། མི་བྱ་ཅུང་ཟད་ཡོད་མ་ཡིན། །བྱ་བ་ཡོད་ན་བྱ་བ་མ་ཡིན་པའང་ཡོད་པར་འགྱུར་གྱི། བྱ་བ་མེད་པའི་ཕྱིར་བྱ་བ་མ་ཡིན་པ་ཡང་མེད་དེ། རྡོ་རྗེ་འཆང་ནི་ཀུན་དུ་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཡང་ན། འདི་ནི་འདུས་པ་དེར། །རྣལ་འབྱོར་མ་རྣམས་ གང་དང་གང་། །སྨྲ་བ་དེ་དག་ཐམས་ཅད་བྱ། །ཞེས་གང་མདོར་བསྟན་པ་དེ། །མི་བྱ་ཅུང་ཟད་ཡོད་མ་ཡིན། །ཞེས་པ་འདི་རྒྱས་པར་བཤད་པའོ། །དེ་ཉིད་ཀྱི་ཕྱིར། །དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འགལ་བ་དང་འགལ་བ་མེད་པ་ཉིད་མེད་པར་ཤེས་པར་བྱ་སྟེ། དེ་རྣམས་ ཀྱི་ཡིད་དབང་དུ་གྱུར་པ་ཉིད་ཐོབ་པའི་ཕྱིར་རོ། །རྟག་ཏུ་མི་བཟའ་ཡོད་མ་ཡིན། །ཞེས་པ་འདུས་པ་དེར་བཟའ་བ་མ་ཡིན་པ་ཡང་བཟའ་བར་བྱ་བ་ཉིད་དེ། སེམས་ཅན་ལན་བདུན་པ་ཡང་བཟའ་བའི་ཕྱིར་རོ། །ལན་བདུན་པ་ཡང་བཟའ་བར་བྱ། །ཡང་ཡིད་ལས་སེམས་ ཅན་གཞན་ཡང་བཟའ་བར་བྱ་བ་ཉིད་དོ། །གང་སྨྲས་དེ་དག་ཐམས་ཅད་བཟའ། །སྐུ་ནི་སྣང་བའི་ངོ་བོ་ཉིད་ཀྱིས་སྐུ་རྡོ་རྗེ་བཟའ་བར་བྱའོ། །དེ་ནི་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་བཟའ་བར་བྱ་བ་མ་ཡིན་ཏེ། སྐུའི་ཀུན་དུ་རྟོག་པ་མེད་པའི་ཕྱིར་རོ། །ཀུན་དུ་རྟོག་པ་དེ་མེད་པའི་ཕྱིར་ཡང་མི་བཟའ་ བ་མེད་ཅེས་པ་མ་ནིང་དུ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་རྟག་ཏུ་ཞེས་པ་ཡོད་པར་གྱུར་པ་སྟེ། ཨ་རྡོ་རྗེ་མཁའ་འགྲོ་མ་བདག་མེད་མའི་རང་བཞིན་སྐུའི་མངོན་པར་ཞེན་པ་མེད་པའོ། །འདི་ལ་མི་བསམ་ཡོད་མ་ཡིན། །གང་སྨྲ་བ་དེ་ཐམས་ཅད་བྱ་སྟེ། དེའི་ཕྱིར་འདིར་བསམ་པར་བྱ་བ་ནི་ བསམ་པར་བྱ་བ་མ་ཡིན་པའོ། །ཡང་ན་བསམ་པར་བྱ་བ་མ་ཡིན་པ་བསམ་པར་བྱ་བ་སྟེ། བསམ་པར་བྱ་བ་ནི་སེམས་ཀྱི་ཡུལ་ཡིན་ལ་སེམས་ཀྱི་ཡུལ་ཉིད་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར། དེའི་ཡུལ་ཡང་མེད་དོ་ཞེས་པ་བསམ་པར་བྱ་བ་མེད་པའོ། །དེ་མེད་པའི་ཕྱིར་ བསམ་པར་བྱ་བ་མ་ཡིན་པ་ཡང་མེད་དེ། གཉིས་ཀ་དབྱེར་མེད་པ་ལས་རིག་པ་ཡེ་ཤེས་ཀྱིས་རྣམ་པར་གནས་པར་བྱའོ། །ཅི་ལྟར་གང་གི་ཕྱིར། འདི་ལ་ཀྱེ་ཡི་རྡོ་རྗེ་འདིར། །བཟང་ངན་མི་སྨྲ་གང་ཡང་མེད། །སྨྲ་བ་ནི་སྨྲ་བར་བྱ་བ་དག་གི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེ་ཡང་སེམས་ ཀྱི་ཡུལ་ཉིད་ཀྱི་ཕྱིར་དང་། སེམས་དེ་ཡང་སེམས་མེད་པ་ཉིད་ཀྱི་ཕྱིར་དང་། སྨྲ་བར་བྱ་བ་ཉིད་དེ་དེ་མེད་པ་ཡིན་པའི་ཕྱིར། སྨྲ་བར་བྱ་བ་མ་ཡིན་པ་ཡང་མེད་དོ། །དེའི་ཕྱིར་སྨྲ་བར་བྱ་བ་དང་སྨྲ་བར་བྱ་བ་མ་ཡིན་པའི་ཀུན་དུ་རྟོག་པ་མེད་པའི་ཕྱིར་བཟང་བ་དང་ངན་པ་མཚན་མ་དང་མཚན་མ་མེད་པའི་ ཀུན་དུ་རྟོག་པ་ཡང་མེད་པ་ཉིད་དོ་ཞེས་པའོ། །དེ་ལྟར་ཡང་། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལས། །དགེ་བའམ་གལ་ཏེ་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་རྣམས་ཡིད་དབང་འགྱུར། །དེ་ཕྱིར་གང་སྨྲ་བ་དེ་ཐམས་ཅད་བྱའོ་ཞེས་པ། དེ་ཐམས་ ཅད་རྡོ་རྗེ་གསུམ་དབྱེར་མེད་པའི་ཀུན་དུ་རྟོག་པ་ལས་འདས་པ་ཉིད་དོ་ཞེས་པའོ། །བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པའི་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པ་ཉིད་ཀྱིས་བཅོམ་ལྡན་འདས་སྐུའི་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པའོ། །བསམ་པར་བྱ་བ་དང་བསམ་པར་བྱ་ བ་མ་ཡིན་པའི་རྟོག་པ་ལས་འདས་པ་ཉིད་ཀྱི་ཕྱིར་ཐུགས་ཀྱི་ཀུན་དུ་རྟོག་པ་ལས་འདས་པ་དང་། སྨྲ་བར་བྱ་བ་དང་སྨྲ་བར་བྱ་བ་མ་ཡིན་པའི་རྟོག་པ་ཡོངས་སུ་སྤངས་པ་ཉིད་ཀྱི་ཕྱིར་གསུང་གི་ཀུན་དུ་རྟོག་པ་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་ཀུན་དུ་རྟོག་པ་གསུམ་ཡོངས་སུ་སྤངས་པ་ཉིད་ ཀྱི་ཕྱིར་བཅོམ་ལྡན་འདས་དེ་ནི་བདག་དང་གཞན་དུ་རྟོག་པའི་རྣམ་པར་རྟོག་པ་ཡང་མེད་པ་ཉིད་དོ། །དེའི་ཕྱིར་གསུངས་པ། བདག་ལ་ཇི་ལྟར་སེམས་ཅན་ལ། །བདག་དང་དེ་བཞིན་བདག་ལ་གཞན། །ཇི་ལྟར་བདག་ལ་བདག་གོ་ཞེས་བདག་ཏུ་རྟོག་པ་དེ་བཞིན་དུ་སེམས་ཅན་ འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ལ་ཡང་བདག་ཏུ་རྟོག་པ་དང་། ཇི་ལྟར་སེམས་ཅན་ལ་གཞན་ནོ་ཞེས་གཞན་དུ་རྟོག་པ་དེ་བཞིན་དུ་བདག་ལ་ཡང་གཞན་དུ་རྟོག་པའོ་ཞེས་པ་བདག་དང་གཞན་གཉིས་བརྗེ་བ་སྟེ། གཉི་ག་ལ་ཐ་དད་མེད་པ་ཉིད་ཀྱི་ཕྱིར་རང་དང་གཞན་གྱི་ཀུན་དུ་རྟོག་པ་ མེད་པ་ཉིད་དོ། །ཡང་ན་ཇི་ལྟར་བདག་གི་ཡིད་ལ་ཨ་ཧཾ་ཞེས་པ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ང་རྒྱལ་ལོ། །དེ་བཞིན་དུ་སེམས་ཅན་དབང་པོ་དང་ཡུལ་གྱི་བདག་ཉིད་རྡོ་རྗེ་གསུམ་ལ་རྡོ་རྗེ་འཆང་གི་ང་རྒྱལ་ལོ། །ཇི་ལྟར་སེམས་ཅན་ལ་གཞན་ཕུལ་དུ་བྱུང་བ་སྟེ། འདི་ཉིད་ ཡང་དག་པའི་ཡེ་ཤེས་ཡིན་གྱི་གཞན་མ་ཡིན་ནོ་ཞེས་པའི་ང་རྒྱལ་དང་། དེ་བཞིན་དུ་བདག་རྣམ་པར་ཤེས་པ་ལ་ཡང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ལ་རྣམ་པར་ཤེས་པ་རྟོག་པ་ན། བདག་ཨ་ཡིག་དང་ཧཾ་ཡིག་གི་རང་བཞིན་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་ཏེ། དེ་ཉིད་ གཞན་ཡང་དག་པའི་དོན་ཏོ་ཞེས་བསམས་ཏེ། རྣལ་འབྱོར་བདག་བཟའ་བ་དང་བཏུང་བ་ལ་སོགས་བརྩམ་ཞེས་པ་རྒྱུ་འདིས་བདག་གཞན་དང་། གཞན་བདག་གོ་ཞེས་པ་ཡང་དག་པར་བསམས་ཏེ། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བདག་ཡང་དག་པའི་རྣལ་འབྱོར་ཤེས་པའོ། །བཟའ་དང་བཏུང་ བ་ལ་སོགས་བཟའ་བ་དང་བཏུང་བ་དང་ལོངས་སྤྱོད་ལ་སོགས་པ་བརྩམ་པར་བྱའོ། །ཡང་ན་གང་། བཟའ་བ་དང་བཏུང་བ་ལ་སོགས་པ་བཟའ་བ་ནི་ཟ་བ་སྟེ། དེའི་བཏུང་བ་ནི་བསྲུང་བའོ། །སོགས་པ་ནི་དེ་ཉིད་དང་པོའི་རྒྱུའོ། །ཀཾ་ནི་དེ་ལྟར་གྱུར་པའི་ཡེ་ཤེས་སོ། །བརྩམ་ ཞེས་པ་དམིགས་པས་གསད་པས་ཀྱང་བྱ་ཞེས་པ་སྟེ། སྙིང་རྗེ་བསྐྱེད་ནས་འབད་པ་ཡིས། །ལན་བདུན་པ་བསད་ནས་ཀྱང་བཟའ་བར་རིགས་ཞེས་པ་སྟེ། གཞན་གྱི་དོན་དུ་སྤྱོད་པའི་རྣལ་འབྱོར་པ་དེས་བྱའོ་ཞེས་པ་ལྷག་མའོ། །བཤད་པ་ཡང་། གང་གི་གྲིབ་མ་བདུན་དུ་འགྱུར། ། དེ་ནི་ཟོས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པའོ། །ཡང་ན། རྣལ་འབྱོར་བདག་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །བཟའ་དང་བཏུང་བ་ལ་སོགས་བརྩམ། །ཁཾ་དབང་པོའོ། །ཨ་ནཾ་སེམས་ཏེ། བཟའ་བ་ཞེས་པ་དབང་པོ་དང་ རྣམ་པར་ཤེས་པའོ། །ཡུལ་ནི་དབང་པོ་དང་། རྣམ་པར་ཤེས་པ་དག་གི་ནང་དུ་གཏོགས་པའི་ཕྱིར་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་ཁོ་ན་བཟའ་བའོ། །དེ་བཏུང་བའམ་བསྲུང་བ་སྟེ། རྣམ་པ་གཉིས་ཀ་ཡང་དབྱེ་བ་མེད་པས་རྣམ་པར་གནས་པར་བྱའོ་ཞེས་པ་བཟའ་ བ་འཐུང་བ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ནི་ཐོག་མ་མེད་པ་སྐྱེ་བ་དང་འཇིག་པ་ལས་རྣམ་པར་གྲོལ་བ་སྟེ། མ་བྱང་ཆུབ་ཀྱི་སེམས་དང་ཨ་བདག་མེད་མ་གཉིས་ཀ་དབྱེར་མེད་པ་མཱ། བརྩམ་པ་དང་རྙེད་པ་དང་ཐོབ་པར་བྱ་ཞིང་ཡང་དག་པ་ངེས་པར་རྟོགས་པ་རྡོ་ རྗེ་འཆང་གི་གནས་པས་རྣམ་པར་གནས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། ཇི་སྙེད་ཡན་ལག་བསྐྱོད་པ་དང་། །ཚིག་རྣམས་རབ་ཏུ་སྤྲོ་བ་ཡང་། །དེ་སྙེད་སྔགས་དང་ཕྱག་རྒྱར་འགྱུར། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་པ་འདིའི་དོན་ནི་སྲོག་གཅོད་པ་ལ་སོགས་པ་མི་ དགེ་བ་ཞེས་གསུངས་པ་དེ་ནི། ལུས་དང་ངག་དང་ཡིད་རྣམས་ཀྱི་བྱ་བ་ཡིན་ལ་འདིར་ཡང་གསད་པས་ཀྱང་དགོས་པ་ཡོད་དོ་ཞེས་གསུངས་སོ། །གལ་ཏེ་ཡང་གསད་པ་ན་སྲོག་གཅོད་པ་ཡིན་པའི་ཕྱིར་ལུས་ཀྱི་ལས་ཡིན་པ་དེ་དེ་ལྟ་ན་ཡང་ལུས་དང་ངག་དང་ཡིད་རྣམས་ཀྱིས་ བྱས་པ་ཁོ་ནའོ། །ཐབས་ལ་མཁས་པ་ཡང་དག་པའི་ཡེ་ཤེས་དང་ལྡན་པའི་སྲོག་གཅོད་པ་ལ་སོགས་པ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་པ་ཁོ་ན་སྟེ། ཇི་སྙེད་ཡན་ལག་བསྐྱོད་པ་ནི། །ཇི་སྙེད་ཅེས་པ་ངེས་པ་མེད་པའོ། །ཡན་ལག་བསྐྱོད་པ་ཞེས་པ་ལུས་ཀྱི་ འགལ་བའི་བྱ་བ་སྲོག་གཅོད་པ་ལ་སོགས་པ་རྣམས་སོ། །ཚིག་རྣམས་རབ་ཏུ་སྤྲོ་བ་ཡང་། །ཞེས་པ་བརྫུན་སྨྲ་བ་ལ་སོགས་པ་མ་བསྡམས་པར་སྨྲ་བ་རྣམས་སོ། །དེ་སྙེད་ཅེས་པ་མཐར་ཐུག་པ་མེད་པ་རྣམས་སོ། །སྔགས་དང་ཕྱག་རྒྱར་འགྱུར། ཞེས་པ་ཚིག་རབ་ཏུ་སྤྲོ་བ་ རྣམས་སྔགས་དང་། ཡན་ལག་རྣམ་པར་བསྐྱོད་པ་རྣམས་ཕྱག་རྒྱ་སྟེ། གང་གསུངས་པ། ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །ཞེས་པ་ལ་སོགས་པའོ། །འདི་ཇི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། ཧེ་རུ་ཀ་དཔལ་གོ་འཕང་གནས། །དཔལ་ཧེ་རུ་ཀའི་ཡེ་ཤེས་ལ་གནས་པ་ སྟེ། རྣམ་པ་གཞན་དུ་མི་དགེ་བ་ཁོ་ནར་འགྱུར་རོ་ཞེས་པའོ། །གལ་ཏེ་གང་ཞིག་ཤེས་པ་ལས། །ཐམས་ཅད་དགེ་བ་ཁོ་ནར་འགྱུར་བ། དཔལ་ཧེ་རུ་ཀ་ཉིད་ཀྱི་ཁྱད་པར་ཅི་ཞེ་ན། དེའི་ཕྱིར་གསུངས་པ། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། ཤྲཱི་སྒྲ་ཡི་དོན་ནི་ཧེ་ཞེས་པའི་ཨེ་ ཡིག་ཕྱིས་པས། ཧེ་ཞེས་དང་པོ་རྒྱུ་སྟོང་ཉིད། །ཅེས་པའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། རྒྱུ་གང་གི་ཕྱིར་ཧེ་ནི་རྒྱུ་ལས་དང་པོ་སྟོང་པ་ཉིད་དེ། གང་གི་ཕྱིར་དང་པོ་རང་བཞིན་ཉིད་དོ། །དེའི་ཕྱིར་དང་པོ་རྒྱུ་སྟོང་པ་ཉིད་དོ། །རུ་ཡིག་བཀོད་པ་དང་བྲལ་བ། །རུའི་སྒྲས་གཟུགས་ལ་སོགས་པ་ ཕུང་པོ་ལྔའི་བདག་ཉིད་ཅན་སྣང་བའི་མཚན་ཉིད་དོ། །དེ་ཡང་བཀོད་པ་སྟེ། ཡེ་ཤེས་གང་ལ་ཨཱུ་ཧ་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་དེ་ནི་བཀོད་པ་སྟེ། རྣམ་པར་རྟོག་པ་ལས་འདས་པ་རུ་ཡིག་བྲལ་བའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་རྣམས་དང་འབྲེལ་ པ་སྟེ། དངོས་པོ་མཐའ་དག་རྣམ་པར་རྟོག་པ་དང་བྲལ་བ་ཞེས་པའི་དོན་ཏོ། ཀ་ནི་གང་དུ་ཡང་མི་གནས་སོ། །ཐམས་ཅད་ཁྱབ་པ་ཉིད་ཀྱིས་གནས་ངེས་པ་མེད་པའི་ཕྱིར་ཡེ་ཤེས་དེ་གང་དུ་ཡང་མི་གནས་པའོ། །འདི་ཅི་གསུངས་ན། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ སྟེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་རྡོ་རྗེ་གསུམ་དབྱེར་མེད་པ་གང་ཞིག་གཉིས་སུ་མེད་པའི་ངོ་བོའི་ཡེ་ཤེས་དེ་ནི་ཤྲཱི་ཡིག་གོ་ཞེས་པ་སྟེ། ཚོགས་གཉིས་ཀྱི་བདག་ཉིད་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད། ཤྲཱི་ཧེ་རུ་ཀ་ ཞེས་པ་མ་ནིང་དུ་བསྟན་ཏོ། །གང་ལ་ཡང་མི་གནས་པ་ཞེས་པ་འདིས་སྟོང་པ་ཉིད་བྱང་ཆུབ་པའོ། །དང་པོ་རྒྱུ་སྟོང་པ་ཉིད་ཅེས་པ་འདིས་མཚན་མ་མེད་པའོ། །རུ་ཡིག་བཀོད་པ་དང་བྲལ་བ། །ཞེས་པ་འདིས་སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ཉིད་བཅོམ་ལྡན་འདས་སོ་ཞེས་ གྲུབ་བོ། །ཡང་ན། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །དེའི་ཁྱད་པར་ཅི་ཞེ་ན། གཉིས་མེད་དེ། འདིའི་ཆ་ཤས་གཉིས་ཡིན་པའི་ཕྱིར་གཉིས་སོ། །དེ་གང་ལ་མེད་པ་དེ་ནི་གཉིས་སུ་མེད་པ་སྟེ། གཉིས་ཀ་འདྲེས་པ་ཉིད་ཀྱིས་ངེས་པར་གཟུང་བར་མི་ནུས་ པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཤྲཱི་ཡིག་སྟེ། ཤ་ཟླ་བ་དང་ཁུ་བའོ། །ར་ཉི་མ་དང་རིན་ཆེན་དབང་པོའོ། །ཨཱི་ཆུའི་རྣལ་འབྱོར་མ་སྟེ། དེ་ཡང་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་ནོ་ཞེས་པ་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་ཟླ་བ་དང་ཉི་མ་དབྱེར་མེད་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ ནི་ཤྲཱིའོ། །ཡེ་ཤེས་དེའི་བྱེད་པ་ནི་འདི་ལ་བྱ་བ་དེ་ཡོད་པའི་ཕྱིར། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་སོ། །ཧ་ཞེས་པ་ཧ་རྡོ་རྗེ་འཆང་དང་ཨ་བདག་མེད་མ་སྟེ། གཉིས་ཀ་དབྱེར་མེད་པའི་ཕྱིར་ཧའོ། །ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་སོ་ཞེས་པ་ནི་གང་གི་ཕྱིར་ཏེ། དེའི་ཕྱིར་ དང་པོ་རྒྱུ་ཞེས་པ་སྤྲོ་བའི་རང་བཞིན། ཧ་རྡོ་རྗེ་འཆང་ངོ་། །སྟོང་ཉིད་ཅེས་པ་སྡུད་པའི་བདག་ཉིད་ཅན། ཨ་བདག་མེད་མ་སྟེ། སྤྲོ་བ་དང་སྡུད་པ་གཉིས་ཀ་དབྱེར་མེད་པ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཞེས་པའི་དོན་ཏོ། །རུ་ཡིག་བཀོད་ པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་དོན་ནི། རྣམ་པར་བཤད་པ་ཁོ་ནའོ། །གལ་ཏེ་ཡང་ལན་བདུན་པ་བླངས་ཏེ། མཁའ་ལ་སྤྱོད་པའི་དངོས་གྲུབ་ཀྱི་དོན་དུ་བཟའ་བར་བྱ་ཞིང་། ཡང་ཡིག་གིས། གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་ཀྱང་བཟའ་བར་བྱའོ་ ཞེས་པ་དེ་རྣམས་ཀྱི་དགོས་པ་ཅི་ཞེ་ན། དེའི་ཕྱིར་གསུངས་པ། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བྱ་སྟེ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཇི་ལྟར་དེ་རྣམས་དབང་དུ་འགྱུར་ཞེ་ན། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །ཞེས་པ། རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །ཐོད་པ་ནི་བདེ་བ་སྐྱོང་བ་ཉིད་དེ་ཆོས་འབྱུང་བདག་མེད་མའོ། །རྡོ་རྗེ་དང་བདེ་བ་སྐྱོང་བ་ནི་རྡོ་རྗེ་ཐོད་པ་སྟེ། སྦྱོར་བ་ནི་དེ་དག་འདུས་པ་གཉིས་སུ་མེད་པས་རྣམ་པར་གནས་པའོ། །དེའི་ཕྱིར་བདག་མེད་མ་དང་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་རྟོག་པ་ཡོངས་སུ་སྤོང་ བའི་ཕྱིར་སྲོག་ཆགས་དེ་དང་དེ་དབང་དུ་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་ན། སྐྱེས་པའི་ཕྱིར་སྐྱེ་བོ་སྲོག་ཆགས་དབང་པོ་རྣམས་ཏེ། དེ་རྣམས་རྣམ་པར་ཤེས་པ་ལས་སྐྱེས་པའི་ཕྱིར་རོ། །གང་དང་གང་རྣམས་ཀྱི་ཞེས་པ་མིག་དང་རྣ་བ་ལ་སོགས་པ་རྣམས་ཀྱི། ཤ་ཞེས་པ་ཤ་ དང་འདྲ་བའི་ཕྱིར་གཟུགས་ལ་སོགས་པ་ཤ་ལྟ་བུར་ཤ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་ཡུལ་གཟུགས་ལ་སོགས་པ་རྣམས་ལ་རྟག་པར་མངོན་པར་ཞེན་པའི་ཕྱིར་རོ། །གཞན་ཡང་གཟུགས་ལ་སོགས་པའི་ཡུལ་ཟང་ཟིང་བློ་ལ་མངོན་པར་ཞེན་པར་གྱུར་པ་དེ། གང་དང་ གང་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་རྣམས་དང་འབྲེལ་པ་གང་ཡིན་པའི་གཟུགས་ལ་སོགས་པའི་ཡུལ་དེ་དང་དེ་མཁས་པ་དེ་ཁོ་ན་དང་ལྡན་པ་རྣམས་ཀྱིས་བཟའ་བར་བྱ་ཞིང་སྤྱད་པར་བྱ་སྟེ། དེའི་བདག་ཉིད་ཀྱིས་བདག་ཉིད་ལ་རྣམ་པར་གནས་པར་བྱའོ། །སེམས་ཅན་ དེ་དེ་སྲིད་པ་གསུམ་གཅིག་པར་གྱུར་པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དབྱེར་མེད་པར་གྱུར་པ་དབང་དུ་གཙོ་བོ་ཉིད་ཐོབ་པར་འགྱུར་ཞིང་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །གལ་ཏེ་འདི་ཅི་ལྟར་ཞེ་ན། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །ཞེས་པ་ཀ་ཀཱ་ལི་དང་། ཨ་ཨཱ་ལི་ནི་ ཀ་སྟེ། གཉིས་ཀའི་ནཱ་དའི་ཕྲེང་བ་གཉིས་སོ། །རྡོ་རྗེ་ནི་དབྱེར་མེད་པ་སྟེ། རྡོ་རྗེ་ཀ་དེ་སྐྱོང་བར་བྱེད་པའི་ཕྱིར་རྡོ་རྗེ་ཐོད་པའོ། །དེ་འདུས་པའི་སྦྱོར་བ་ལས་ཞེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་འཆང་སྟེ། རྣམ་པ་ཐམས་ཅད་མངོན་པར་ རྫོགས་པར་སངས་རྒྱས་པ་ཐམས་ཅད་ཁྱབ་པ་ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱེའི་རྡོ་རྗེར་བརྡ་དང་གནས་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའོ། །གཟུགས་ལ་སོགས་པ་དེ་རྣམས་ཐམས་ཅད་དང་ དེ་བཞིན་གཤེགས་པ་ཡང་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་རྡོ་རྗེ་འཆང་དང་བདག་མེད་མའི་དཀྱིལ་འཁོར་ཏེ། དེ་ལྟར་གྱུར་པའི་ཀྱེའི་རྡོ་རྗེ་དེར། བརྡ་ཞེས་པ་རྣལ་འབྱོར་པ་དང་ རྣལ་འབྱོར་མའི་ཙྪོ་མའི་བརྡའོ། །གནས་ཀྱི་སྒྲས་གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་སོ། །དངོས་གྲུབ་ཀྱི་སྒྲས་མཁའ་ལ་སྤྱོད་པ་ལ་སོགས་པའོ་ཞེས་པ་བརྡ་དང་གནས་དང་དངོས་གྲུབ་རྣམས་ཀྱི་གཏན་ལ་དབབ་པ་ནི་ངེས་པའོ། །དེ་ཡང་ལེའུ་ནི་དེ་རྣམས་སྦས་ པ་ལེན་པ་དང་འཛིན་པའི་ཕྱིར་ལེའུའོ། །དེ་ཡང་བདུན་པ་ནི་དེ་ཁོ་ནའི་ལེའུའི་མཐར་ཐུག་པ་ལྔ་རྣམས་ཀྱི་ལྔ་དང་། སྤྱོད་པ་དང་བྱ་བ་དག་གི་ས་གཉིས་ཏེ། སྤྱོད་པ་དང་བྱ་བའི་བདག་ཉིད་ཁོ་ན་ཡེ་ཤེས་ལྔའི་རང་བཞིན་དྲུག་པ་རྡོ་རྗེ་འཆང་དང་དེ་ལས་འདས་པ་ཡང་དག་པའི་ཡེ་ཤེས་ཀྱི་རང་ བཞིན་བདུན་པ་རྡོ་རྗེ་འཆང་ངོ་། །འདིས་ནི་ཙྪོ་མ་ཡིས་རྣལ་འབྱོར་པ་དང་རྣལ་འབྱོར་མའི་མཚན་མ་དང་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་ཀྱིས་གནས་དང་། བཅུ་བཞི་པ་ལ་སོགས་པ་རྣམས་ཀྱིས་འདུ་བ་དང་། ལན་བདུན་པ་ལ་སོགས་པའི་བཟའ་བས་མཁའ་ལ་སྤྱོད་པའི་དངོས་ གྲུབ་དང་དབང་པོ་དང་ཡུལ་བཟློག་པ་དང་། བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང་། བསམ་པར་བྱ་བ་དང་བསམ་པར་བྱ་བ་མ་ཡིན་པ་དང་། སྨྲ་བར་བྱ་བ་དང་སྨྲ་བར་བྱ་བ་མ་ཡིན་པ་ལ་སོགས་པས་རྡོ་རྗེ་གསུམ་དབྱེར་མེད་པ་དང་། སེམས་ཅན་དང་བདག་མཉམ་པ་ཉིད་ཀྱིས་རང་ དང་གཞན་དུ་རྟོག་པ་སྤོང་བ་དང་། ཤྲཱི་ཡིག་ལ་སོགས་པས་རྡོ་རྗེ་འཆང་ཡོངས་སུ་རྫོགས་པ་དང་། སྐྱེ་བོ་རྣམས་ཀྱིས་ཤ་བཟའ་བ་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་སྟེ། རྫོགས་སོ་ཞེས་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ ཉིད་ཀྱིས་ཡོངས་སུ་ཁྱབ་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་བདུན་པའོ།། །།ད་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་བརྡ་དང་འདུ་བ་དང་། གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་དང་། མཁའ་ལ་སྤྱོད་ པ་ལ་སོགས་པའི་དངོས་གྲུབ་ཀྱང་བཤད་ནས། རྣལ་འབྱོར་མ་རྣམས་ཉིད་ནི་ཇི་སྙེད་ཡོད་ཅེ་ན། དེ་རྣམས་ཀྱི་འཁོར་ལོ་བསྐྱེད་པ་དང་། རང་བཞིན་ཇི་ལྟར་ཡིན་པ་དེ་བཤད་པར་བྱ་བའི་ཕྱིར་ཉེ་བར་རྩོམ་པ། དེ་ནས་འདི་ལས་རྣལ་འབྱོར་མའི་འཁོར་ལོ་རྣམ་པར་བཤད་པར་ བྱའོ་ཞེས་པ་སྟེ། དེ་ནས་ཞེས་པ་སྐབས་སུ་བབ་པ་ཉིད་ཀྱི་ཕྱིར་དེ་མ་ཐག་བར་མ་ཆད་པ་ཁོ་ནས་གསུངས་པའོ། །འདི་ལས་ཞེས་པ་རྒྱུ་འདི་ལས་སོ། །རྣལ་འབྱོར་མའི་འཁོར་ལོ་ཞེས་པ་རྣལ་འབྱོར་མ་རྣམས་ཀྱི་འདུ་བའོ། །རྣམ་པར་བཤད་པར་བྱའོ་ཞེས་པ་ཁྱད་པར་ཀུན་རྫོབ་ དང་དོན་དམ་པ་དབྱེར་མེད་པས་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའི་ཕྱིར། དཀྱིལ་འཁོར་གཉིས་དབྱེར་མེད་པ་ཉིད་ཀྱིས་སོ་སོར་བསྟན་པར་བྱ་ཞིང་བཤད་པར་བྱའོ་ཞེས་པའོ། །ཡང་ན། དེ་ནས་ཨ་ལས་རྣལ་འབྱོར་མའི་འཁོར་ལོ་རྣམ་པར་བཤད་པར་བྱའོ་ཞེས་ པ་སྟེ། དེ་ནས་ཞེས་པ་ཨ་བདག་མེད་མ་དང་ཐ་མི་བསྐྱོད་པ་གཉིས་ཀ་དབྱེར་མེད་པའི་ཕྱིར། ཨ་ཐ་ཀྱེའི་རྡོ་རྗེར་བརྗོད་དོ། །དེ་ཡང་། ཨ་བདག་མེད་ལས་ཏེ་བདག་མེད་མའི་རྒྱུ་ལས་སོ། །རྣལ་འབྱོར་མ་གང་ཡིན་པ་དེ་རྣམས་འཁོར་ལོ་སྟེ། འཁོར་ལོ་ལྟ་བུར་གཅོད་པར་བྱེད་ པའི་ཕྱིར། ཇི་ལྟར་འཁོར་ལོ་གཅོད་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་མའི་འཁོར་ལོ་དེ་རྣམས་ཀྱང་མི་ཤེས་པ་གཅོད་པའི་ཕྱིར་རོ། །ཡང་ན་གང་། ཚིམ་པར་བྱེད་པའི་ཕྱིར་འཁོར་ལོའོ། །རྣམ་པར་བཤད་པར་བྱའོ་ཞེས་པ། བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་དང་། ཡ་རླུང་དང་། ཨ་ ཨ་ཝ་དྷཱུ་ཏཱི་བདག་མེད་མ་སྟེ། ལ་ལ་ནཱ་དང་ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་རྡོ་རྗེ་གསུམ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སོ་ཞེས་པའོ། །བྱཱ་རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་འཆང་ངོ་། །ཁ་ཆོས་འབྱུང་དང་། ཡ་རླུང་དང་། ཨ་བདག་མེད་མ་སྟེ། ཨ་ཝ་དྷཱུ་ཏཱི་དང་། ལ་ལ་ནཱ་དང་། ར་ས་ནཱ་ དང་། རྡོ་རྗེ་གསུམ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སོ་ཞེས་པ། ཁྱཱ་རྡོ་རྗེ་གསུམ་དབྱེར་མེད་པ་བདག་མེད་མའོ། །ས་ཁུ་བ་དང་བདེ་བ་རྡོ་རྗེ་འཆང་དང་བདག་མེད་མ་གཉིས་ཀ་དབྱེར་མེད་པའི་ཕྱིར། ས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །དེ་ ཡང་ཡཱ་རླུང་དང་། ཨ་བདག་མེད་མ་སྟེ། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་དང་། ལ་ལ་ནཱ་རྡོ་རྗེ་གསུམ་དབྱེར་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཡེ་ཤེས་ལྔའི་རང་བཞིན་སྱཱའོ། །དེའི་ཕྱིར་མཿརྣམ་པར་བཅད་པའི་མཐའ་ཅན་ནི་ཀུན་དུ་བཟང་པོ་ཅེས་པའི་དོན་ནོ། །རྣམ་པར་ བཤད་པར་བྱའོ་ཞེས་པ་འདིས་ནི་གང་ཞིག་རྡོ་རྗེ་གསུམ་དབྱེར་མེད་པ་གསུམ་པོ་འདི། དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཏེ། དེ་ནི་མཿདཀྱིལ་འཁོར་གཉིས་དབྱེར་མེད་པ་རྣམ་པར་བཅད་པ་རྡོ་རྗེ་འཆང་གི་ངོ་བོ་ཁ་སྦྱོར་ཀྱེའི་རྡོ་རྗེ་སྟེ། རྡོ་རྗེ་རིགས་ཀྱི་ལེའུར། ཧེ་ཡིག་གིས་ནི་ སྙིང་རྗེ་ཆེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་མདོར་བསྟན་པའི་དོན་དེ་ཉིད་འདིར་ཡང་བཤད་དེ། གང་གིས་བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་རྣམས་ཆོས་སྟོན་ཏོ། །ཞེས་པ་དང་། གཞན་ཡང་། བསྐྱེད་པ་ཡི་ནི་ཆ་བཤད་དོ། །མཁའ་ཁམས་སུ་ཞེས་པདྨ་ལ། །ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་རྣམ་པར་འཆད་པར་མཛད་དོ། །དེའི་ཕྱིར་འདི་དག་ཐམས་ཅད་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཁོ་ནའོ། །གསུངས་པ་ཡང་། ཆོས་ འབྱུང་ལས་སྐྱེས་འཁོར་ལོ་ནི། །རིམ་གཉིས་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་འདིར་ཐམས་ཅད་ནང་དང་ཕྱིའི་བདག་ཉིད་དག་གིས་སྦྱར་བར་བྱའོ་ཞེས་པ་རིམ་པའོ། །དེའི་ཕྱིར་འཁོར་ལོ་ཉིད་གསུངས་པ། ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་བསྒོམ་ པར་བྱ་བ་ནི། །ནམ་མཁའི་ཁམས་སུ་ཞེས་པ་ནམ་མཁའི་ཁམས་སྟོང་པ་ཉིད་ལ། བྷ་ག་ཞེས་པ་ཆོས་འབྱུང་གྲུ་གསུམ་སྟེང་དུ་རྒྱས་པ་ནང་ནམ་མཁའི་རྣམ་པ་སྟོན་ཀའི་རི་བོང་འཛིན་པ་ལྟར་དཀར་བ་ལ། འདབ་མ་སྣ་ཚོགས་པའི་པདྨ་དང་། སྣ་ཚོགས་རྡོ་རྗེ་དག་ བསམ་ཞིང་ཡང་དག་པར་བསམས་ཏེ། དེའི་དབུས་སུ་བསྒོམ་པ་སྙོམས་པར་འཇུག་པར་བྱ་བ་ནི་སྒོམ་པ་པོས་བྱའོ། །འཁོར་ལོ་སྔོན་དང་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་པ། འཁོར་ལོ་ནི་དཀྱིལ་འཁོར་དང་སྔོན་ཞེས་པ་ཐོག་མར་རོ། །ཅི་རིགས་པར་ ཞེས་པ་རིམ་པ་ཇི་ལྟ་བར་ཏེ། རིམ་པ་ལས་འདས་པ་མ་ཡིན་པའི་རིམ་པས་སོ། །དེ་ཉིད་གསུངས་པ། ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་པ་ལྷ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་བསྐྱེད་པའོ། །འཁོར་ལོ་ཉིད་གསུངས་པ། ས་སྟེ་ལཾ་ལས་བྱུང་བ་ཁ་དོག་སེར་ པོ་གྲུ་བཞི་པའོ། །ཆུ་ནི་བཾ་ལས་བྱུང་བ་ཁ་དོག་དཀར་པོ་ཟླུམ་པོའོ། །འདི་གཉིས་ནི་རེ་ཞིག་སྔོན་ཐོག་མར་ཏེ། ཇི་ལྟར་རིགས་པར་རིམ་པ་ཇི་ལྟ་བ་བཞིན། ས་བསམས་ནས། དེའི་སྟེང་དུ་ཆུ་བསམ་པར་བྱའོ། །དེའི་རྗེས་ལ་བྱིན་ཟ་ནི། །རཾ་ལས་བྱུང་བ་ཁ་དོག་དམར་པོ་གྲུ་ གསུམ་པའོ་ཞེས་པ་ས་དང་། ཆུ་དང་མེའི་རང་བཞིན་འབྱུང་བ་ཆེན་པོ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་གསུམ་གྱི་ངོ་བོའི་ལྷ་རྣམས་ཀྱི་སྟེང་དུ་རླུང་ཆེན་ཏེ། ཐམས་ཅད་ཀྱི་སྲོག་དུ་གྱུར་པའི་ཕྱིར། ཡཾ་ལས་བྱུང་བ་དུ་བའི་མདོག་ཅན་གཞུ་ལྟ་བུའོ། །དེའི་སྟེང་དུ་སྒོམ་པ་པོ། །སེམས་ ཙམ་གཅིག་པུའི་ངོ་བོའོ། །ཡང་གི་སྒྲ་ནི་ཞེས་པའི་དོན་ཏེ་ཞེས་པ་ནི་རིམ་པ་འདིས་སོ། །ཇི་ལྟར་འབྱུང་བའི་རིམ་པ་ཇི་ལྟ་བར་བསྐྱེད་པའོ། །ཡང་ན་གང་། ནམ་མཁའི་ཁམས་སུ་ཞེས་པ། དང་པོར་སྟོང་ཉིད་བྱང་ཆུབ་པོ། །བྷ་ག་བསམ་ཞེས་གང་གསུངས་པ། དེར་བྷ་ག་བསམ་པ་ སྟེ། དེ་ནི་གང་ཞིག །གཉིས་པ་ལ་ནི་ས་བོན་བསྡུ། ཞེས་པ་སྟེ། ས་བོན་ཨེ་ཡིག་ཡོངས་སུ་གྱུར་པའི་ཆོས་འབྱུང་དུ། ས་བོན་བཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེ་དག་སྔར་གསུངས་བའི་ངོ་བོ་ལ། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། ། ཞེས་པ། དབུས་སུ་བསྒོམ་པར་བྱ་བ་ནི། །འཁོར་ལོ་སྔོན་དང་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་པའི་མཐར་ཐུག་པས་གཟུགས་བརྙན་རྫོགས་པའི་རྒྱུ་ཡིན་ཡང་། རྫོགས་པ་ཞེས་ཉེ་བར་བཏགས་པའི་ཕྱིར་རོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། ། ཅེས་པ། འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང་། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང་། །སྒོམ་པ་པོ་ཡང་ཇི་ལྟར་འབྱུང་། །ཞེས་པའི་མཐར་ཐུག་པས་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་ངོ་བོ་ཤིན་ ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་ཞེས་པ་འགྱུར་མེད་དགོད་པའོ། །ཡང་ན་འཁོར་ལོ་གང་ཡིན་པ་དེ་ནི་སའོ། །སྔོན་གང་ཡིན་པ་དེ་ནི་ཆུ་སྟེ། ཐམས་ཅད་ཀྱི་ཐོག་མར་གྱུར་པའི་ཕྱིར་རོ། །ཅི་རིགས་པར་ཞེས་པ་གང་ཡིན་པ་དེ་ནི་བྱིན་ཟ་སྟེ། དེ་ནི་བསྲུབ་པ་དང་སྲུབ་པའི་ རིམ་པས་འབྱུང་བའི་ཕྱིར་རོ། །ལྷ་རྣམས་ཞེས་པ་གང་ཡིན་པ་དེ་ནི་རླུང་སྟེ། ལྷའི་རང་བཞིན་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཅན་སེམས་ཅན་གྱི་ཁམས་ཐམས་ཅད་སྲོག་ཏུ་གྱུར་པའི་རླུང་ཆེན་པོ་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །ཇི་ལྟར་འབྱུང་བའོ་ཞེས་པ་སྒོམ་ པ་པོ་ཡང་སྟེ། གང་ལས་འབྱུང་བ་རྡོ་རྗེ་གསུམ་དབྱེར་མེད་པ་རླུང་ཆེན་སྟེ། ས་དང་ཆུ་ལ་སོགས་པའི་འབྱུང་བ་རྣམས་རྣམ་པར་ཤེས་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཡཾ་ཡིག་ལས་དེ་ཡང་ནམ་མཁའི་རང་བཞིན་ཉིད་ཀྱིས་ནམ་མཁའི་ཁམས་སོ་ཞེས་པ་སྟེ། ཡེ་ཤེས་ལྔ་དང་སྐུ་ གསུམ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཁོ་ན་འཁོར་ལོའོ་ཞེས་པའོ། །ཡང་ན་འཁོར་ལོ་ནི་མི་ཤེས་པ་གཅོད་པའི་ཕྱིར་རོ། །ས་ནི་ཆོས་འབྱུང་བདག་མེད་མའོ། །ཆུ་ནི་སྔོན་ཞེས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ངོ་། །ཇི་ལྟར་རིགས་པར་ཞེས་པ་རིམ་པ་ཇི་ལྟ་བར་ གཉིས་ཀ་དབྱེར་མེད་པའི་ཕྱིར་བྱིན་ཟ་སྟེ། གཉིས་ཀ་དབྱེར་མེད་པའི་རང་བཞིན་ནོ་ཞེས་པ། དེ་ཡང་ལྷ་རྣམས་ཀྱི་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་རྣམས་ཀྱི་རླུང་ཆེན་ཡེ་ཤེས་ཆེན་པོ་སྟེ། སྡུད་པའི་ བདག་ཉིད་ཅན་ཁོ་ན་སྤྲོ་བའི་རང་བཞིན་ཞེས་པའོ། །ཡང་ན། ས་ནི་སྐུ་རྡོ་རྗེའོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་ཏེ། ནཱ་དའི་བདག་ཉིད་ཀྱི་ཕྱིར་གསུང་རྡོ་རྗེའོ། །བྱིན་ཟ་ཞེས་པ་རང་བཞིན་མེད་པར་བྱེད་པའི་ཕྱིར་ཐུགས་རྡོ་རྗེའོ། །རྡོ་རྗེ་གསུམ་དབྱེར་མེད་པ་ནི་རླུང་ཆེན་སྟེ། ཡང་དག་ པའི་ཡེ་ཤེས་སོ། །དེ་ཡང་སྒོམ་པ་པོ་ཞེས་པ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་སྟེ། རིམ་པ་ཇི་ལྟ་བར་འབྱུང་བའོ། །ཡང་ན་ས་དང་། ཆུ་དང་། བྱིན་ཟའི་དགའ་བ་ལ་སོགས་པ་ཁྱད་པར་གྱི་དགའ་བའི་མཐར་ཐུག་པ་དགའ་བ་གསུམ་དང་། རླུང་ཆེན་གྱིས་ ལྷན་ཅིག་སྐྱེས་པ་དང་། སྒོམ་པ་པོ་ཞེས་པ་འདིས་བཞི་པའི་རང་བཞིན་རྡོ་རྗེ་འཆང་ཡོངས་སུ་རྫོགས་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། རིམ་གཉིས་དག་པ་སྐྱོན་མེད་པ། །ཞེས་པ་ཆོས་འབྱུང་གི་སྒྲས་ཁང་པ་བརྩེགས་པ་བརྗོད་དེ། འཁོར་ལོ་གང་ཞིག་ཆོས་འབྱུང་ལས་སྐྱེས་པ་དེ་ནི། ཆོས་འབྱུང་ལས་སྐྱེས་འཁོར་ལོའོ། །དེ་ཁྱད་པར་ཅི་ཞེ་ན། གསུངས་པའི་རིམ་པ་གཉིས་ཞེས་པ་རིམ་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །དག་པ་ཞེས་པ་ཡོངས་སུ་དག་པ་སྟེ། ནང་གི་རིམ་པ་དང་རང་བཞིན་གྱིས་དག་པའི་ ཕྱིར་དང་། ཕྱིའི་རིམ་པ་སྐྱོན་མེད་པའོ། །སྐྱོན་ནི་ནད་རྣམས་ཏེ། ཇི་ལྟར་དེ་རྣམས་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལྟར་ཉོན་མོངས་པའི་བག་ཆགས་ལ་སོགས་པ་ཕྱིའི་ཡུལ་རྣམས་ཀྱང་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་ནད་དང་བྲལ་བ་འདྲ་བ་སྟེ། དེ་དང་བྲལ་བའི་ཕྱིར་སྐྱོན་མེད་ལྷའི་ བདག་ཉིད་ཅན་ཉིད་ཀྱི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཟེ་འབྲུ་ཡིས་ནི་གཅིག་ཡིན་ཏེ། །གྲུ་གསུམ་གྱིས་ནི་གཞན་དུ་བརྗོད། །ཅེས་པ་ཟེ་འབྲུ་ཡིས་ནི་རིམ་པ་གཅིག་ཡིན་ཞིང་ཟེ་འབྲུ་ནི་པདྨ་ལས་གཞན་མ་ཡིན་པའི་ཕྱིར། གདམས་ངག་ལས་པདྨ་འདབ་ མ་བཞི་པར་ཤེས་པར་བྱའོ། །གྲུ་གསུམ་གྱིས་ནི་གཞན་ཞེས་པ་པདྨ་གཞན་འདབ་མ་བརྒྱད་པ་ཆོས་འབྱུང་ལ་ཁྱབ་པའོ། །དེ་ཡི་དབུས་སུ་བསམ་བྱའོ། །བཅོ་ལྔའི་གདན་གྱི་བདག་ཉིད་དོ། །ཞེས་པ་གང་ཞིག་རིམ་པ་གཉིས་པོ་དེ་ནི་པདྨ་གཉིས་ཀྱིས་ཏེ། དེ་ལ་ནང་གི་རིམ་པའི་ཟེ་ འབྲུ་ལ་བདག་མེད་མ་དང་འདབ་མ་བཞི་པོ་རྣམས་ལ་མཁའ་འགྲོ་མ་བཞིའོ། །ཕྱིའི་འདབ་མ་བརྒྱད་ལ་མཁའ་འགྲོ་མ་བརྒྱད་དེ། པདྨ་གཉིས་ཀྱི་འདབ་མའི་རྩེ་མོ་དང་རྩ་བའི་བར་དུའོ། །སྟེང་དང་འོག་ཏུ་མཁའ་འགྲོ་མ་གཉིས་ཏེ། འདིས་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་འཁོར་ལོ་ རྫོགས་པར་བྱའོ། །དེའི་ཕྱིར་བཅོ་ལྔའི་གདན་གྱི་བདག་ཉིད་བསམ་ཞིང་བསྒོམ་པར་བྱའོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། གདན་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རོ་བཅོ་ལྔ་པོ་དེའི་སྟེང་དུ་ཟླ་བ་ཡིན་ནོ། །ཟླ་བའི་སྟེང་དུ་ས་བོན་ཏེ། །ཞེས་པ་ས་བོན་ནི་ལྷ་གང་ཞིག་བསྒོམ་ པར་བྱ་བ་དེའི་ས་བོན་ཁོ་ནའོ། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ནི་བདེ་ཆེན་པོ། །ཞེས་པ་ཕྱི་ནས་བར་མ་ཆད་པར་དེའི་སྟེང་དུ་བདུད་ལས་རྒྱལ་བ་སྟེ། མནན་ཞེས་པ་ས་བོན་དེ་ཉི་མས་མནན་པའོ། །རིམ་པ་འདིས་ཟླ་བ་དང་ཉི་མ་གཉིས་པོ་དག་འདྲེས་པ་གང་ཡིན་ པ་དེ་ནི་འདུས་པ་སྟེ། དེ་ནི་བདེ་བ་ཆེན་པོ་ཞེས་པ་ཡེ་ཤེས་ཆེན་པོའོ། །གལ་ཏེ་ཟླ་བ་ཉིད་ས་བོན་གང་ལས་འགྱུར་ཞེ་ན། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་པོ་དེ་རྣམས་ཡོངས་སུ་གྱུར་པ་ལས་ཟླ་བའོ། །ཀཱ་ལི་སྣང་བྱེད་གཟུགས་ཀྱིས་སོ། ། ཞེས་པ་ཀ་ཡིག་ལ་སོགས་པ་ཡུལ་སུམ་ཅུ་རྩ་བཞི་ནཱ་དའི་ཕྲེང་བ་ནི་སྣང་བྱེད་ཀྱི་གཟུགས་ཀྱི་སྟེ། དེ་ཡོངས་སུ་གྱུར་པ་ལས་སྣང་བྱེད་དོ། །རིམ་པ་འདིས་ཡོངས་སུ་རྫོགས་པ་འདིས་ནི། །ཟླ་བ་ཉི་མ་གཉིས་འདུས་པ་ལས། དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་པ་ཟླ་བ་ཉི་མ་གཉིས་ གཉིས་འདུས་པ་འདྲེས་པ་གང་ཡིན་པ་དེ། དཀར་མོ་ལ་སོགས་ཞེས་པ་མཁའ་འགྲོ་མ་རྣམས་བསྡུས་པ་ལས་ཕྱིའི་རིམ་པ་བདག་མེད་མའི་མཐར་ཐུག་པར་བསྡུས་པས་རབ་ཏུ་གྲགས་པ་ཡོངས་སུ་རྫོགས་པའོ་ཞེས་པ་གཉིས་ཀ་ནཱ་དའི་ཕྲེང་བ་གཉིས་བསྡུས་པ་ཡོངས་སུ་གྱུར་པ་ལས་ སྐྱེས་པའི་ཟླ་བ་དང་ཉི་མ་གཉིས་ཀྱི་བར་དུ་གནས་པའི་ས་བོན་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ་ཞེས་སོ་སོར་བསྟན་པའི་ཕྱིར་གསུངས་པ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། ཨཱ་ལི་ནཱ་དའི་ཕྲེང་བ་གང་ཡིན་པ་དེ་ཡོངས་སུ་གྱུར་པ་ལས་ཟླ་བ་སྟེ། དེ་ནི་ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད། སྣང་བའི་མཚན་ཉིད། སྐུ་རྡོ་རྗེ་སྤྲུལ་པའི་སྐུའོ། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །མཉམ་ཉིད་གཉིས་སུ་མེད་པ་རྟོག་པ་ནི་འདི་ལ་ཡོད་པའི་ཕྱིར། །མཉམ་ཉིད་ལྡན་པ་རིན་ཆེན་དབང་པོ་སྟེ། ཡང་དག་པར་རིག་ པའི་རང་བཞིན་ཐུགས་རྡོ་རྗེ། རང་བཞིན་མེད་པའི་རང་བཞིན་ཉིད་ལས་ཆོས་ཀྱི་སྐུའོ། །རང་ལྷའི་ས་བོན་གྱིས་མཚན་མ། །སོ་སོར་རྟོག་པར་བརྗོད་པར་བྱ། །གང་ཞིག་གང་དང་གང་གི་ས་བོན་ཡིན་པ་དེ་རྣམས་ནི་དེ་དང་དེའི་ས་བོན་ཏེ། ས་བོན་གྱིས་ལྷའི་མཚན་མར་གྱུར་པ་གང་ཡིན་ པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དངོས་པོ་མཐའ་དག་ཕྱིན་ཅི་མ་ལོག་པར་རྟོགས་པ་ས་བོན་ནཱ་དའི་རང་བཞིན་ཉིད་ཀྱིས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པར་བྱ། །ཞེས་གསུངས་སོ། །ཐམས་ཅད་གཅིག་གྱུར་རྗེས་གནས་ཏེ། །རྫོགས་པ་ ཆོས་ཉིད་དག་པའོ། །ཐམས་ཅད་ཅེས་པ་རྡོ་རྗེ་གསུམ་པོ་རྣམས་སོ། །གཅིག་གྱུར་ཞེས་པ་དབྱེར་མེད་པ་གང་ཡིན་པ་དེ་ནི་གཅིག་གོ། །ཆོས་ཉིད་དག་པ་ཞེས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དོ། །དེ་ནི་རྗེས་གནས་ཞེས་པ་རྗེས་སུ་མཚུངས་ པ་སྟེ། མཉམ་པ་ཉིད་ཀྱིས་གནས་པར་རོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་གཉིས་སུ་མེད་པའོ། །ཟླ་བ་དང་ཉི་མ་དག་གིས་ཤེས་རབ་དང་ཐབས་སོ། །དེའི་བར་གྱི་ས་བོན་གྱིས་ལྷན་ཅིག་དབྱེར་མེད་པའི་ཕྱིར་རྡོ་རྗེ་གསུམ་མོ། །གཟུགས་ བརྙན་རྫོགས་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཉིད་ཀྱིས་རྣམ་པར་གནས་པ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་སོ་ཞེས་པའོ། །ཡང་ན་ཆོས་འབྱུང་ནི་བདག་མེད་མ་དོན་དམ་པའི་བདེན་པའོ། །དེ་ལས་སྐྱེས་པ་ནི་རབ་ ཏུ་གསལ་བར་གྱུར་བ་ཀུན་རྫོབ་ཀྱི་བདེན་པ་སྟེ། གཉིས་ཀ་དབྱེར་མེད་པ་གང་ཡིན་པ་དེ་ཆོས་འབྱུང་ལས་སྐྱེས་པའོ། །དེ་ཅི་ལྟར་ཞེ་ན། འཁོར་ལོ་མི་ཤེས་པ་མ་ལུས་པར་གཅོད་པར་བྱེད་པའི་ཕྱིར་བདག་མེད་མ་དང་། དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་ རིམ་གཉིས་ནི་གཉིས་ཀ་ཁ་སྦྱོར་རོ། །དག་པ་ནི་རང་བཞིན་གྱིས་དག་པའོ། །སྐྱོན་མེད་པ་ཞེས་པ་མ་རིག་པ་གདུག་པའི་སེམས་རྣམས་ཀྱིས་དུས་ཡུན་རིང་མོར་རྟག་ཏུ་བར་མ་ཆད་པར་གོམས་ཤིང་། འདིར་དེའི་འཛིན་པས་ལོག་པར་རྟོགས་པས། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་ཁོ་ན་བརྟགས་ནས། ཉོན་མོངས་པ་མ་ལུས་པའི་བག་ཆགས་བསྒོམ་པ་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་ཀྱིས་སྐྱོན་ཏེ་ནད་ལྟ་བུའོ། །དེའི་ཕྱིར་སེམས་ཅན་ལྷའི་རྣམ་པ་རྣམ་པར་དག་པ་ངེས་པར་རྟོགས་པ་ནི་སྐྱོན་མེད་པའོ། །འདིས་ནི་ནང་གི་རིམ་ པས་དག་པ་དང་། ཕྱིའི་རིམ་པས་སྐྱོན་མེད་པ་སྟེ། ཕྱི་དང་ནང་དབྱེར་མེད་པ་འདི་ཉིད་ཡེ་ཤེས་སོ། །དེ་ལ་གཅིག་ནི་གཉིས་སུ་མེད་པའོ། །ཟེ་འབྲུ་ཡིས་ཡིན་ཏེ། མཐའ་མེད་ཅིང་ཐུག་པ་མེད་པ་རྡུལ་ཕྲ་རབ་བསགས་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་བདག་ཉིད་དབྱེར་མེད་པ་ཉིད་ དུ་རྟོགས་པའི་ཕྱིར་ཏེ། ཨེ་ཤེས་རབ་དང་། ཀ་བདེ་བ་ཐབས་ཏེ་སོ་སོར་ཤེས་རབ་དང་ཐབས་དབྱེར་མེད་པ་འབྱུང་བར་འགྱུར་རོ། །དེ་ཉིད་གྲུ་གསུམ་ནི་ཟུར་གསུམ་སྟེ་རྡོ་རྗེ་གསུམ་མོ། །གྲུ་གསུམ་རྡོ་རྗེ་གསུམ་དེས་གཞན་བཞི་པ་ལྷན་ཅིག་སྐྱེས་པ་སྟེ། དེ་ཡང་བརྗོད་ཅེས་པ་ཡང་ དག་པའི་ཡེ་ཤེས་ཁོ་ནའོ། །དེ་ཡི་དབུས་སུ་བསམ་བྱའོ། །ཞེས་པ་ཡེ་ཤེས་དེའི་དབུས་སུ་དབུ་མ་ཡང་དག་པའི་མཐར་འདིས་རབ་ཏུ་གསལ་བར་བྱེད་པའི་ཕྱིར། བསམ་བྱ་རྟོགས་པའི་རྣམ་པ་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །དེ་ཡང་། རོ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་བདག་མེད་མ་དང་དབྱེར་མེད་པ་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དབང་པོ་དང་ཡུལ་དང་། དེ་དག་ལས་སྐྱེས་པའི་ཤེས་པ་རྣམས་ནི་བཅོ་ལྔའོ། །དེ་རྣམས་ཀྱི་བཟའ་བ་ནི་གཡེང་བ་སྡུད་པའོ། །དེའི་བདག་ཉིད་ནི་དེའི་ངོ་བོ་སྟེ། རྡོ་རྗེ་འཆང་དང་དབྱེར་མེད་ པའི་བདག་མེད་མའི་ཡེ་ཤེས་སོ། །དེའི་སྟེང་དུ་ཞེས་པ། ཏ་དོན་ཡོད་གྲུབ་པ། སྐུ་རྡོ་རྗེའོ། །ས་ཁུ་བ་ཐུགས་རྡོ་རྗེའོ། །ཡ་རླུང་གསུང་རྡོ་རྗེ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ནི་ཏ་སྱ་ཞེས་པའོ། །སྟེང་དུ་ནི་དེ་ཡོངས་སུ་གྱུར་པའོ། །ཅི་ཞེ་ན་ཟླ་བ་ཡིན་ཏེ། ཆ་བཅོ་ ལྔའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་སོ། །ཟླ་བའི་སྟེང་དུ་ས་བོན་ཏེ། །ཞེས་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པ་ཉིད་ཁམས་གསུམ་པའི་ས་བོན་གྱི་རང་བཞིན་ཀཾ་ཡང་དག་པའི་ཡེ་ཤེས་སོ། །འདིས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དགའ་བའི་ཡེ་ཤེས་བརྗོད་དེ། རྣམ་ པར་ངེས་པ་དང་བདེ་བའི་ཡེ་ཤེས་གསལ་བའོ། །དེ་བས་ལྷག་པའི་དགའ་བ་ནི་མཆོག་དགའི་རང་བཞིན་ཏེ། །དེ་རྒྱས་པར་བྱེད་པའི་ཕྱིར་རིན་ཆེན་ཡིན་ལ། དེའི་དབང་པོ་ནི་གཙོ་བོ་སྟེ། དེ་བྱེད་པར་བཟོད་པ་ཉིད་ཀྱི་ཕྱིར་རོ། །འོད་དཔག་མེད་ནི་དཔག་ཏུ་མེད་པ་ནི་མཐའ་ཡས་ པའོ། །འོད་ནི་སྣང་བ་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཀྱི་མ་རིག་པ་དང་བྲལ་བ་གང་ཡིན་པ་དེ་ནི་འོད་དཔག་མེད་དེ། ཁྱད་པར་གྱི་དགའ་བའི་རང་བཞིན་ནོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པས། དེ་ཡོངས་སུ་གྱུར་པ་བྱང་ཆུབ་ཀྱི་སེམས་དེ་གང་ཡིན་པ་དེ་ དང་དབྱེར་མེད་པའི་ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་ཉིད་དོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཏེ། །ཞེས་པའོ། །ཕྱི་ནས་ཞེས་པ་དེ་མ་ཐོག་བར་མ་ཆད་པ་ཉིད་ཀྱིས་ཏེ། དེའི་བདག་ཉིད་ཀྱིས་སོ། །བདུད་ལས་རྒྱལ་བ་ནི་ཆགས་པ་ཐམས་ཅད་ཆགས་པ་མེད་ པར་བྱེད་པའི་རང་བཞིན་ལྷན་ཅིག་སྐྱེས་པའོ། །མནན་པ་ནི་རྟོགས་པར་བྱེད་པ་སྟེ། གཉིས་འདུས་པའི་ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་དབྱེར་མེད་པ་རྟོགས་པའོ། །བདེ་བ་ཆེན་པོ་ཞེས་པ་ཡེ་ཤེས་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་ཨཱ་ལིའི་གནས་ཞེས་པ་ཨཱ་ལི་མཁའ་འགྲོ་མ་ བཅོ་ལྔ་སྟེ། དེ་གནས་པ་གཡོ་བ་མེད་པར་གྱུར་པའོ། །གང་གིས་ཤེ་ན། ཟླ་བའི་གཟུགས་ཁུ་བའི་རང་བཞིན་གྱིས་སོ། །ཀཱ་ལིའི་གཟུགས་ཀྱིས་ཞེས་པ་ཀཾ་བདེ་བའོ། །དེའི་ཕྲེང་བ་ནི་ཨཱ་ལི་སྟེ། དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་མཐར་ཐུག་པས་ཀཱ་ལིའོ། ། དེའི་གཟུགས་དང་དེའི་རང་བཞིན་གྱིས་སྣང་བྱེད་འོད་གསལ་བའོ་ཞེས་པའི་དོན་ཏོ། །འདིས་ནི་ཟླ་བ་དང་ཉི་མ་ཁུ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གཉིས་པོ་དག་གང་ཞིག་འདུས་ཤིང་དབྱེར་མེད་པ་སྟེ་དཀར་མོ་ལ་སོགས་པ་རབ་ཏུ་གྲགས་ཞེས་པ་སྟེ། དཀྱིལ་འཁོར་གཉིས་ དབྱེར་མེད་པ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་དེ་ནི་ཡེ་ཤེས་སོ། །དེའི་ཕྱིར་གསུངས་པ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །འོད་གསལ་བའི་ཡེ་ཤེས་ལས་ཐ་དད་པའི་བྱང་ཆུབ་ཀྱི་སེམས་ཉིད་དོ། །མཉམ་པ་ཉིད་ནི་དབྱེར་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་དང་འོད་གསལ་བ་དག་དབྱེར་མེད་ པར་རྟོགས་པའོ། །དེ་ནི་བདུན་གྱི་བདུན་པ། ཉི་མ་རིན་ཆེན་དབང་པོ་སྟེ། འདིས་རེ་ཞིག་ལྷན་ཅིག་སྐྱེས་པ་དང་དབྱེར་མེད་པའི་ཁུ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རང་ལྷ་ཡེ་ཤེས་རང་རིག་པའི་མཚན་ཉིད་དུ་གྱུར་པའི་ས་བོན་དགའ་བ་ལ་སོགས་པ་རྣམས་ཀྱིས་མཚན་པའོ། ། དེ་ཉིད་སོ་སོར་རྟོག་པ་སྟེ། སོ་སོ་རེ་རེར་ངེས་པར་མཐོང་བའི་ཡེ་ཤེས་ཉམས་སུ་མྱོང་བའི་མཚན་ཉིད་དེ། བརྗོད་པར་བྱ་ཞེས་པ་ཐ་སྙད་དུ་བྱ་བའོ། །དེའི་ཕྱིར་ཐམས་ཅད་དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་མཐར་ཐུག་པ་རྣམས་གཅིག་གྱུར་གཅིག་དབྱེར་མེད་པ་ཉིད་གང་ཡིན་པ་དེ། རྗེས་ནས་འདྲ་བ་ཉིད་ཀྱིས་གནས་པའོ། །དེ་ཉིད་རྫོགས་པ་སྟེ། རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའི་ཡེ་ཤེས་སོ། ཆོས་ཉིད་དག་པ་ནི་ཆོས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའོ། །དེ་ཉིད་ཀྱི་ཕྱིར། མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཟླ་ བ་དང་ཉི་མ་དང་ས་བོན་དང་། དེ་དག་གཅིག་པ་ཉིད་དང་། དེ་ལས་ཀྱང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཉིད་དེ། ཆོ་ག་འདི་རྣམས་ཀྱིས་བསྒོམ་པར་བྱ་ཞིང་ཡང་དག་པར་བསྒྲུབ་པར་བྱའོ། །མཁས་པ་ཞེས་པ་རྟོགས་པའི་བདག་ཉིད་ཅན་གྱིས་སོ། །ཡང་ན། རྣམ་པ་རྡོ་ རྗེ་འཆང་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དབྱེར་མེད་པ་བསྒོམ་ཞིང་སྙོམས་པར་འཇུག་པ་དང་། ཤེས་རབ་དང་ཐབས་དབྱེར་མེད་པ་རྣམ་པར་གནས་པར་བྱའོ། །ཨཱ་ནི་ཡེ་ཤེས་སོ། །ཆོ་ག་ལྔ་ནི་རྣམ་པར་སྤྲོས་པ་སྟེ། རྣམ་པ་སྣ་ཚོགས་པའི་ཡེ་ཤེས་རྣམས་ཀྱིས་སོ། །མཁས་ པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདིས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་མཁའ་འགྲོ་མ་རྣམས་དང་། གཉིས་ཀ་ཁ་སྦྱོར་ནི་རྡོ་རྗེ་འཆང་ཉིད་དུ་རབ་ཏུ་གསལ་བར་བྱ་བའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་ གདན་ཡིན་ཏེ། །ཞེས་པ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ་ནི་སེམས་དཔའ་དབང་བསྐུར་བའི་དཀྱིལ་འཁོར་གསུངས་པ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་རྡོ་རྗེའི་དབང་བསྐུར་ནས་ཤིན་ ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་དུ་རབ་ཏུ་བསྒྲུབ་པའི་ཕྱིར། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཐུགས་ཀ་ལས། བ་སྤུའི་ཁུང་བུ་སོ་སོ་ནས་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སྤྲོས་ཏེ། སླར་ཡང་བསྡུས་ནས་ཞལ་གྱི་སྒོ་ནས་ཞུགས་པ་རྡོ་རྗེའི་ལམ་ནས་ ཕྱུང་སྟེ། ལྷ་མོའི་འཁོར་ལོ་མཐའ་དག་དབང་བསྐུར་བར་བྱའོ། །མཉམ་སྦྱོར་ལ་ནི་ཨཱ་ལི་ཀཱ་ལི་དག་བསྐོར་བ་དབྱེར་མེད་པ་གང་ཡིན་པ་དེ་ནི་མཉམ་པ་སྟེ། སྤྲོ་བ་དང་སྡུད་པ་གང་ཡིན་པ་དེ་ནི་སྦྱོར་བའོ། །དེ་ཡང་རྡོ་རྗེ་སེམས་དཔའི་གདན་ཡིན་ཏེ་ཞེས་པ་རྡོ་རྗེ་འཆང་གདན་དེའི་ བདག་ཉིད་ཀྱིས་བཞུགས་སོ་ཞེས་པའི་དོན་ཏོ། །ཡང་ན་གང་། ཨཱ་ལི་ཀཱ་ལི་དག་མཉམ་པ་ཉིས་འགྱུར་དུ་བསྐོར་བ་གང་ཞིག་འདུས་པ་ནི་སྦྱོར་བ་སྟེ། དེ་ཡང་རྡོ་རྗེ་སེམས་དཔའ་དེ་ཁོ་ན་གསུམ་གཅིག་པའི་རང་བཞིན་གྱིས་མནན་ཏེ་གནས་སོ། །ཨཱ་ལི་ཞེས་པ་ཨཱ་ཡིག་ལ་ སོགས་པ་དབྱངས་བཅུ་དྲུག་སྟེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ཉིས་འགྱུར་དུ་སུམ་ཅུ་རྩ་གཉིས་སོ། །ཀཱ་ལི་ཞེས་པ་ཀཱ་ཡིག་ལ་སོགས་པ་ཡི་གེ་སུམ་ཅུ་རྩ་བཞི། ཌ་ཌྷ་ད་དྷ་ཡ་ལ་དང་བཅས་པ་བཞི་བཅུ་གཉིས་འགྱུར་གྱིས་ཡི་གེ་བརྒྱད་ཅུ་རྣམས་སོ་ཞེས་པ་མཚན་སུམ་ ཅུ་རྩ་གཉིས་རྣམ་པར་དག་པ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་སྟེ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ཏོ། །ཡང་ན། བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔ་རྣམས་ཀྱི་ཆོས་ཀྱི་དབྱིངས་སུ་གནས་པའི་ ཟླ་བ་དང་ཉི་མ་དང་ས་བོན་དང་གསུམ་ཐ་དད་མེད་པ་ཉིད་དང་དེ་དག་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས། བདག་མེད་མ་དང་དབྱེར་མེད་པ་ཁོ་ན་རྡོ་རྗེ་འཆང་ངོ་ཞེས་པ་སྟེ། དེའི་ཕྱིར་གསུངས་པ། ཨཱ་ ལི་ཀཱ་ལི་མཉམ་རྟོགས་སོ། །རྡོ་རྗེ་སེམས་དཔའི་གདན་ཡིན་ཏེ། །ཞེས་པ་ཨཱ་ལི་ཤེས་རབ་པོ། །ཀཱ་ལི་ཐབས་སོ། །གཉིས་ཀ་མཉམ་རྟོགས་པ་ནི་མཉམ་པའི་ཡེ་ཤེས་ཏེ་ཐ་དད་མེད་པར་རྟོགས་པའོ། །དེ་ནི། གོ་རྡོ་རྗེ་སེམས་དཔའ་སྟེ། གོའི་སྒྲས་གོ་དབང་པོ་རྣམས་ཏེ་མེ་ལོང་ལྟ་ བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་སྤྲོ་བའི་རང་བཞིན་རྡོ་རྗེ་འཆང་ངོ་། །རྡོ་རྗེ་ཞེས་པ་མི་ཕྱེད་པ་ཉིད་ཀྱིས་སྡུད་པའི་རང་བཞིན་ཅན་བདག་མེད་མའོ། །འདས་ནི་གོ་རྡོ་རྗེ་ཤེས་རབ་དང་ཐབས་དབྱེར་མེད་པ་གང་ཡིན་པ་སེམས་དཔའི་སྲིད་པ་གསུམ་གཅིག་པ་ཉིད་དེ། དེ་ ནི་གོ་རྡོ་རྗེ་སེམས་དཔའོ། །དེའི་གདན་ནི་རྡོ་རྗེ་འཆང་གི་གདན་ཏེ། འདི་རྣམས་ཀྱི་གཞི་ཉིད་ཀྱིས་ཁྱབ་པའོ། །དེ་ཉིད་ཀྱི་ཕྱིར། འགྱུར་མེད་ལས་བྱུང་གོང་བུ་ནི། །ཧཱུྃ་དེ་ཕཊ་ཡིག་འདོད་མིན་ཉིད། །འགྱུར་མེད་ཀྱི་སྒྲས་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །དེ་ལས་བྱུང་བ་ན་དེ་ལས་སྐྱེས་པ་སྟེ། གོང་ བུ་ནི་གང་གི་སྐུ་དེའི་རང་བཞིན་ཉིད་དོ། །འགྱུར་མེད་ལས་བྱུང་གོང་བུ་དེ་ནི་ཧཱུྃ་ཡིག་ཁོ་ན་སྟེ། །བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །ཕཊ་ཡིག་ཐ་དད་པའི་བྱ་བ་ཡང་འདོད་མིན་ཉིད་དེ། ཧཱུྃ་ཡིག་གི་ས་བོན་ཉིད་ལས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ཡིན་ཞིང་། འདིའི་ མཚན་མ་ཡང་རྡོ་རྗེ་འཆང་འདི་ཉིད་དེ། ས་བོན་གཉིས་ཀ་དབྱེར་མེད་པའི་བདག་ཉིད་ཀྱིས། རྡོ་རྗེ་འཆང་དང་དབྱེར་མེད་པའང་བདག་མེད་མའོ། །ཡང་ན་འགྱུར་མེད་ཀྱི་སྒྲས་འཛག་པ་མེད་ཅིང་གཡོ་བ་མེད་པའི་ཕྱིར་འགྱུར་མེད་དོ། །དེ་ཡང་བྱུང་བ་སྐྱེས་པ་འདི་དེ་ཀུན་རྫོབ་ཀྱི་བདེན་པའི་བདག་ ཉིད་རྡོ་རྗེ་འཆང་ངོ་། །དེའི་གོང་བུ་ནི་སྐུ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་གོང་བུར་བྱས་པ་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། དེའི་རང་བཞིན་ནོ། །ཅི་ལྟ་བུ་ཞེ་ན། གསུངས་པ། ཧཱུྃ་སྟེ་ཞེས་པ་ཧ་ཐབས་དང་ཨུ་ཤེས་རབ་དང་གཉིས་ཀ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཟླ་ཚེས་དང་། དེ་ཡང་ ཐིག་ལེ་སྟོང་པ་ཉིད་ཀྱིས་རང་བཞིན་མེད་པས་བརྒྱན་པའོ། །ཕཊ་ཤེས་རབ་བདག་མེད་མ་དེ་ལ་བྱེད་པ་དང་བྱ་བ་ཀུན་དུ་རྟོག་པ་འདོད་མིན་ཉིད་ཅེས་པ་མི་འདོད་པ་ཁོ་ན་སྟེ། སྒྲོ་མ་བཏགས་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །ཡང་ན་འགྱུར་མེད་ལས་བྱུང་ གོང་བུ་གཡོ་བ་མེད་པའི་ངོ་བོར་བྱུང་བའི་གོང་བུའི་བྱེད་པ་དང་། བྱ་བ་རྡོ་རྗེའི་ལྟེ་བའི་ནང་དུ་གནས་པའི་བྱང་ཆུབ་ཀྱི་སེམས་གཡོ་བ་མེད་པ་ཉིད་ཀྱི་རྒྱུ་ཅི་ཞེ་ན། ཧཱུྃ་སྟེ་ཧཱུྃ་ཡིག་གོ། །དེའི་ཕྱིར་ཡང་དེ་ལ་ཕཊ་ཐ་དད་པ་འདོད་མིན་ཉིད་ཅེས་པ་ཁོ་ནའི་དོན་ལ་ཉིད་ཀྱི་སྒྲ་སྟེ། སྦྱོར་བ་བྱ་བ་ཁོ་ནའོ་ཞེས་པའོ། ། ཡང་ན། ཨཀྵ་དབང་པོ་རྣམས་སོ། །དེ་རྣམས་འདོར་བའི་ཕྱིར་ར་སྟེ། ཨཀྵ་རའོ། །བྱུང་བ་ནི་དེ་ལྟར་གྱུར་པ་ཆགས་པའི་མཚན་ཉིད་འདོད་ཆགས་ཆེན་པོ་སྟེ། གོང་བུ་ནི་དབང་པོ་ལ་སོགས་པ་ཐམས་ཅད་གཉིས་སུ་མེད་པར་གྱུར་པའི་ཕྱིར་གོང་བུ་ལྟ་བུའོ། །འདོད་ཆགས་ཆེན་པོ་དེ་ནི་ ཕཊ་ཐ་དད་པ་ཆགས་པ་ལས་རྣམ་པར་གྲོལ་བ་སྟེ། འདོད་མིན་ཉིད་ཅེས་པ་ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་དེ་ལ་འདོད་པའི་བྱ་བ་མེད་པ་ཁོ་ནའོ། །དེ་ཡང་རྡོ་རྗེ་འཆང་། ཧཱུྃ་ཡིག་ཁོ་ན་སྟེ། དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་མཐར་ཐུག་པ་བཞི་པ་ ཞེས་པའོ། །ཡང་ན། ཨ་ཟླ་བའོ། །དེ་ནི་འཛག་པ་སྟེ། དེའི་ཕྱིར་བྱུང་བའི་གོང་བུའོ། །དེའི་ཧཱུྃ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །དེ་ཉིད་ཀྱི་ཕྱིར་ཕཊ་ཡིག་མི་འདོད་པ་ཁོ་ནའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དག་གཉིས་སུ་མེད་པ་མདོར་ བསྟན་ནས་རྒྱས་པར་བཤད་པས་རབ་ཏུ་གསལ་བར་མཛད་པ། སེམས་དཔའི་གཟུགས་བརྙན་ཡང་དག་བྱུང་། །དཀྱིལ་འཁོར་དབང་པོ་རྣམ་པར་བསྒོམ། །ཞེས་པ་སེམས་དཔའི་སྒྲས་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་ཟླ་བ་དང་། ཉི་མ་དང་བར་དུ་གནས་ པའི་ས་བོན་རྣམས་སྲིད་པ་གསུམ་ཡིན་ལ། དེ་དག་གཅིག་པ་ཉིད་ནི་སེམས་དཔའོ། །དེ་ལས་དེའི་བདག་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཟུགས་བརྙན་ཆུའི་ཟླ་བ་ལྟ་བུར་བདེན་པ་དང་མི་བདེན་པ་རྣམ་པར་དཔྱད་པ་ལས་འདས་པ་ནི། སེམས་ དཔའི་གཟུགས་བརྙན་ནོ། །དེ་ནི་ཡང་དག་པར་བྱུང་བ་སྟེ། དེ་ཉིད་ཀྱི་དཀྱིལ་འཁོར་དབང་པོ་དཀྱིལ་འཁོར་གྱི་གཙོ་བོར་རྣམ་པར་བསྒོམ་ཞིང་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་སྙོམས་པར་འཇུག་པ་རྫོགས་པར་བྱའོ། །ཡང་ན། སེམས་དཔའི་གཟུགས་བརྙན་ཡང་དག་བྱུང་བ་གང་ ཡིན་པ་དེ་ཉིད་དཀྱིལ་འཁོར་དུ་ཡེ་ཤེས་ལྔ་དབྱེར་མེད་པའི་སྙིང་པོ་ལེན་པ་ལ། རྣམ་པར་བསྒོམ་ཞིང་བདེ་བ་ལྷན་ཅིག་སྐྱེས་པ་བསྒོམ་པ་རྣམ་པར་གསལ་བར་གོམས་པར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་གནས་པར་བྱའོ་ཞེས་པའོ། །དཀྱིལ་འཁོར་ དབང་པོ་ཁྱད་པར་ཅི་ལྟ་བུ་ཞེ་ན། གསུངས་པ། སྔར་བཞིན་ཞལ་དང་མཚན་མ་སོགས། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །སྔར་བཞིན་ཞེས་པ་སྔར་གྱི་ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ཕྱག་བཅུ་དྲུག་པ་རྣམས་བཞིན་ཏེ། ལེའུ་གཉིས་པར་ཞལ་བརྒྱད་པ། །ཞབས་ བཞི་པ་ཞེས་པ་ལ་སོགས་པ་གང་གསུངས་པ་དང་། ལེའུ་གསུམ་པར་ཕྱག་བཞི་པ་བདུད་བཞི་ལས་རྒྱལ་བ་རྣམ་པར་དག་པ་སྟེ་ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ་ཕྱག་དྲུག་པ་ཞལ་གསུམ་པ་ཞེས་པ་ལ་སོགས་པ་གང་ཡིན་པའོ། །དེ་ལྟར་གྱུར་པའི་ཞལ་དང་མཚན་མ་ལ་སོགས་པ་རྣམས་ ཏེ། ཏཱཎྜ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་མཚན་མའོ། །འོན་ཀྱང་ཟླ་བ་ཆུ་ཤེལ་ནོར་བུའི་འོད། །སེམས་དཔའི་གཟུགས་བརྙན་ཡང་དག་བྱུང་བའི་རྒྱུ་རྡོ་རྗེ་འཆང་ཉིད་ཀྱི་ཕྱིར་ཏེ། རྒྱུ་རྡོ་རྗེ་འཆང་གི་རྩ་བའི་ཞལ་དང་སྐུ་མདོག་ཀྱང་དཀར་པོ་ཡིན་ལ། འབྲས་བུ་རྡོ་རྗེ་འཆང་གི་སྐུ་མདོག་ནག་པོ་ ཉིད་དོ་ཞེས་པའོ། །ཡང་ན། སྔར་བཞིན་ཞེས་པ་ཇི་ལྟར་སྔར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོའི་སྟེང་དུ། ཟླ་བ་དང་ཉི་མ་དང་བར་དུ་གནས་པའི་ས་བོན་རྣམས་སོ། །དེ་བཞིན་དུ་ཞལ་ནི་བརྗོད་པའི་ཕྱིར་ཞལ་ཏེ། ནཱ་དའི་ཕྲེང་བ་གཉིས་སོ། །མཚན་མ་ནི་ས་བོན་ཏེ། ཞལ་དང་ མཚན་མ་གསུམ་པོ་འདི་ཉིད་སོགས་པ་སྟེ། དང་པོའི་རྒྱུའོ། །རྒྱུ་དེ་རྣམས་ཀྱིས་གང་ཞིག་ཟླ་བ་བྱང་ཆུབ་ཀྱི་སེམས་དང་། ཀ་བདེ་བ་སྟེ། གཉིས་ཀ་མཐར་ཐུག་པའི་ཕྱིར་ཟླ་བ་ཆུ་ཤེལ་ལོ། །དེ་ནི་ནོར་བུའི་འོད་དེ། ནོར་བུ་ལྟ་བུར་གཟུགས་སྣ་ཚོགས་པ་དང་ནོར་བུ་འོད་གསལ་བ་དེ་ནི་ཟླ་ བ་དང་ཆུ་ཤེལ་ནོར་བུའི་འོད་དོ། །དེ་ནི་ཁ་སྦྱོར་དུ་སྡུད་པ་གསུངས་པ། དེ་ལྟར་ཐམས་ཅད་རྫོགས་པ་ཉིད། །དེ་ལྟར་རིམ་པས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་ཐམས་ཅད་རྫོགས་པ་ཉིད་དོ། །ཡང་ན། གང་ཨེ་ཝཾ་ཉིད་ མཁའ་འགྲོ་མ་ཐམས་ཅད་རྫོགས་པ་སྟེ། ཨེ་ཝཾ་ཞེས་པ་འདི་ཉིད་ཀྱི་དོན་རྒྱས་པར་སྟོན་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ལས། ཨེ་ཡིག་གིས་ཤེས་རབ་དང་། ཝཾ་ཡིག་གིས་ཐབས་སོ། །རང་བཞིན་ལས་ཞེས་པ་འདིས་ཤེས་རབ་དེ་ཉིད་ཨཱ་ལི་ཞེས་བརྗོད་ཅིང་ཐབས་དེ་ ཉིད་ཀཱ་ལི་ཞེས་བརྗོད་དོ། །ཨཱ་ལི་ཟླ་བ་དང་། ཀཱ་ལི་ཉི་མའོ། །འདིས་རབ་དབྱེ་ལས་ཨེ་ཡིག་དང་། ཝཾ་ཡིག་དག་ལ་ཤེས་རབ་དང་ཐབས་དགོང་པ་དག་ལས་ཀྱང་ཨཱ་ལི་དང་ཀཱ་ལི་དག་གོ། །དེ་དག་ལས་ཀྱང་ཟླ་བ་དང་ཉི་མ་དག་སྟེ། དེའི་ཕྱིར་འདིས་ཁྱད་པར་དུ་ཕྱེ་ཞིང་ཁྱད་པར་དུ་ འཕགས་པ་ཕུལ་དུ་བྱུང་བའོ། །ཡང་ན། ཨེ་ཝཾ་ཐམས་ཅད་རྫོགས་པ་ཉིད། །ཅེས་པ་ཨེ་ཝཾ་ནི་གང་ཞིག་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ནི་ཐམས་ཅད་དེ། ཐམས་ཅད་ནི་རྡོ་རྗེ་འཆང་དང་། ཨ་བདག་མེད་མའོ་ཞེས་པ། ཐམས་ཅད་རྡོ་རྗེ་འཆང་དང་ དབྱེར་མེད་པའི་བདག་མེད་མའོ། །དེ་ཉིད་ནི་རྫོགས་པ་སྟེ། ལྷག་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །གང་གི་ཕྱིར་གང་ལ་ཨཱཿ རྣམ་པར་བཅད་པའི་མཐའ་ཅན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་ལས་ཞེས་པ་ཤེས་རབ་བདག་མེད་མ་དང་། ཐབས་རྡོ་རྗེ་ འཆང་སྟེ། གཉིས་ཀའི་རང་བཞིན་ལས་སོ། །གཉིས་ཀ་ཡང་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཏེ་དེ་དག་དབྱེར་མེད་པ་ལས་ཆ་དང་བྲལ་བ་ཉིད་དོ། །དེའི་ཕྱིར་ཟླ་བ་བྱང་ཆུབ་ཀྱི་སེམས་དང་། ཉི་མ་ཆ་དང་བྲལ་བ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གཉིས་ཀྱི་རབ་དབྱེ་ལས་རྣམ་པ་ གཞན་མེད་པའི་ཕྱིར་དང་། ཁྱད་པར་དུ་རང་བཞིན་མེད་པའི་ཕྱིར་བཞི་པ་རྡོ་རྗེ་འཆང་ངོ་། །ཨེ་ཝཾ་ཞེས་པ་དགའ་བའོ། །ཤེས་རབ་ཐབས་ཞེས་པ་མཆོག་དགའོ། །ཨཱ་ལི་ཀཱ་ལི་ཞེས་པ་ཁྱད་པར་གྱི་དགའ་བའོ། །ཟླ་བ་དང་ཉི་མའི་རབ་དབྱེ་ལས་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་ བ་བཞི་པའོ། །འདིས་ནི་འདི་ལས་དཀར་མོ་ལ་སོགས་ཏེ། ཡི་གེའི་དབྱེ་བ་སོ་སོ་གཞན། །རྒྱུ་འདི་ཉིད་ལས་དཀར་མོ་ལ་སོགས་པའི་ཕྱིའི་རིམ་པ་ལ་གནས་པ་གཟུགས་ལ་སོགས་པའི་ཡུལ་རྣམ་པར་དག་པ་མཁའ་འགྲོ་མ་དཀར་མོ་ལ་སོགས་པ་ཁ་དོག་ནག་མོ་ལ་སོགས་པ་རྣམས་ ཀྱིས་རབ་ཏུ་དབྱེ་བ་ཐ་དད་པ་སོ་སོ་གཞན་སྣ་ཚོགས་པ་སྟེ། གང་གི་ཕྱིར་མཁའ་འགྲོ་མ་རྣམས་ཁ་དོག་སྣ་ཚོགས་པའོ། །ཡི་གེའི་དབྱེ་བ་ཞེས་པ་ས་བོན་གྱི་དབྱེ་བ་སྟེ། གང་གི་ཕྱིར་སོ་སོ་གཞན་ཞེས་པ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ས་བོན་སོ་སོ་ཐ་དད་པ་ལས་སྐྱེས་པའི་ཕྱིར་རོ། ། ཡང་ན་དཀར་མོ་ལ་སོགས་འགྱུར། །ཞེས་པ་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་རྣམས་འབྱུང་བར་འགྱུར་ཏེ། འདི་ཉིད་མཆོག་རྨད་དུ་བྱུང་བའོ། །ཡི་གེ་རྣམས་ཀྱི་དབྱེ་བ་མེད་པ་ནི་སྡུད་པ་སྟེ། དེ་ཉིད་སོ་སོ་ཞེས་པ་སྤྲོ་བའོ། །སྤྲོ་བ་དང་སྡུད་པའི་བདག་ཉིད་ཀྱིས་བདེན་པ་ གཉིས་ཀའི་བདག་ཉིད་ཅན་ཁོ་ན་དཀྱིལ་འཁོར་གཉིས་དབྱེར་མེད་པའོ་ཞེས་པའོ། །དེ་ཉིད་མངོན་པར་གསལ་བར་མཛད་པ་རེ་ཞིག་ནང་གི་རིམ་པ་ལ་རྣལ་འབྱོར་མ་ལྔ་རྣམ་པར་གནས། ནང་གི་སྒྲས། གང་ཞིག་བདག་གི་དབང་དུ་བྱས་པའི་རིམ་པ་སྟེ། ནང་གི་རིམ་པ་དེ་ལའོ། །རེ་ཞིག་གི་ སྒྲ་ནི་རིམ་པ་སྟེ། ཕྱི་ནས་ཕྱིའི་རིམ་པ་འཆད་པར་འགྱུར་བའི་ཕྱིར་རོ། །གནས་ཞེས་པ་གཅིག་གི་ཚིག །ཐ་དད་པ་མེད་པ་ལས་སོ། །རྣམ་པ་ནི་ངེས་པའི་དོན་ཏེ། རྣལ་འབྱོར་མ་ལྔ་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣལ་འབྱོར་དང་ལྡན་པའོ། །དེ་རྣམས་ཅི་ ལྟར་བསྒོམ་པར་བྱ་ཞེ་ན། གསུངས་པ། ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་གྱིས་སྙོམས་པར་འཇུག་པར་བྱའོ། །དེ་སུ་ཞེ་ན། རྣལ་འབྱོར་རིག་པ་གཉིས་ སུ་མེད་པའི་ཡེ་ཤེས་རྟོགས་པ་སྟེ། རྟག་ཏུ་ཞེས་པ་བར་མ་ཆད་པ་ཉིད་ཀྱིས་སོ། །ཡང་ན། ནང་གི་རིམ་པ་ཞེས་པ་བདག་ཉིད་ལ་ལྷག་པར་འཁྱུད་ཅིང་། བདག་ཉིད་ལས་འདས་ཏེ། གང་ཞིག་རིམ་པ་ཁ་སྦྱོར་དེ་ལ་རེ་ཞིག་གནས་པ་རླབས་དང་བྲལ་བའི་རང་བཞིན་ཅན་ཏེ། རྣམ་པར་ངེས་ པའོ། །དེ་ཁྱད་པར་ཅི་ཞེ་ན། རྣལ་འབྱོར་མ་ལྔ་རྣལ་འབྱོར་མ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་ལྡན་པའོ། །འདིས་ནི་གཉིས་ཀའི་བདག་ཉིད་ཅན་བདག་མེད་མ་ཉིད་མཁའ་འགྲོ་མའོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་ལྔ་གཟུགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་རང་བཞིན་མེ་ལོང་ལྟ་བུ་ ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །རང་བཞིན་དེ་ཡིས་བསྒོམ་ཞིང་སྙོམས་པར་འཇུག་པར་བྱ་སྟེ། རྣལ་འབྱོར་རིག་པ་གཉིས་ཀ་དབྱེར་མེད་པ་རྟོགས་པའི་ཡེ་ཤེས་སོ། །རྟག་ཏུ་ཞེས་པ་བར་མ་ཆད་པ་ཉིད་ ཀྱིས་སོ། །ནང་གི་རིམ་པར་གནས་པའི་མཁའ་འགྲོ་མ་ལྔ་པོ་ཉིད་གསུངས་པ། དབང་པོར་རྡོ་རྗེ་ཤར་གྱི་འདབ་མ་ལ་རྡོ་རྗེ་མའོ། །གཤིན་རྗེར་ལྷོའི་འདབ་མ་ལ་དཀར་མོའོ། །ཆུ་རུ་ནུབ་ཀྱི་འདབ་མ་ལ་ཆུའི་རྣལ་འབྱོར་མའོ། །ལུས་ངན་དུ་བྱང་གི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མའོ། ། དབུས་སུ་དབུས་ཀྱི་ཟེ་འབྲུ་ལ་བདག་མེད་རྣལ་འབྱོར་མའོ། །ཡང་ན། དབང་པོར་རྡོ་རྗེ་ཞེས་པ་གཟུགས་ཀྱི་ཕུང་པོའི་རྡོ་རྗེ་མ་ཞེས་པའི་གསུང་ལས་སྣང་བའི་མཚན་ཉིད་སྐུ་རྡོ་རྗེའོ། །གཤིན་རྗེ་དཀར་ཞེས་པ་ཚོར་བའི་ཕུང་པོའི་ངོ་བོ་ཉིད་ཀྱིས་དཀར་མོ་སྟེ། ཚོར་བ་ལ་ནི་དཀར་མོར་བརྗོད། ། ཞེས་པའི་གསུང་ལས་ཡང་དག་པར་རིག་པའི་རང་བཞིན་ཐུགས་རྡོ་རྗེའོ། །ཆུ་རུ་ཆུ་ཡི་རྣལ་འབྱོར་མ། །ཞེས་པ། འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །ཞེས་པའི་གསུང་ལས་མངོན་པར་བརྗོད་པའི་ངོ་བོ་ཉིད་ཀྱིས་གསུང་རྡོ་རྗེའོ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་རྡོ་རྗེ་གསུམ་དབྱེར་ མེད་པ་ཉིད་ཀྱིས་འདུ་བྱེད་ཀྱི་ཕུང་པོ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཉིད་ཀྱིས་དེ་རྡོ་རྗེ་འཆང་དང་མཁའ་འགྲོ་མ་ཡང་ཡིན་པའི་ཕྱིར་རྡོ་རྗེ་མཁའ་འགྲོ་མའོ། །མི་ཕྱེད་པའི་རང་བཞིན། ཌཱ་ནམ་མཁའི་ཁམས་ཏེ། དེ་འགྲོ་བའི་ཕྱིར་ཞེས་པའི་ངེས་ཚིག་གིས་མཁའ་འགྲོ་མ་རྡོ་རྗེ་ གསུམ་དབྱེར་མེད་པ་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དབུས་སུ་བདག་མེད་རྣལ་འབྱོར་མ། །ཞེས་པ་བདེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ལས་འདས་པ། རྣམ་པར་མི་རྟོག་པ་ཉིད་ཀྱིས་དེ་ནི་དབུས་སུ་གནས་པ་སྟེ། དེ་བདག་དང་བདག་གི་བའི་འཛིན་པ་ལས་རྣམ་པར་གྲོལ་བའི་ ཕྱིར་རོ། །རྣལ་འབྱོར་མ་བདེན་པ་གཉིས་ཀ་དབྱེར་མེད་པ་ཞེས་པའི་དོན་ཏོ། །རེ་ཞིག་གི་སྒྲ་ནི་རིམ་པ་ལ་ལྟོས་པ་ཉིད་ཀྱིས་ཕྱིའི་རིམ་པར་གནས་པའི་མཁའ་འགྲོ་མ་བརྒྱད་པོ་གསུངས་པ། ཕྱིའི་རིམ་པ་ལ། དཀར་མོ་ཆོམ་རྐུན་རོ་ལངས་མ། །གྷསྨ་རཱི་དང་པུཀྐ་སཱི། །རི་ཁྲོད་མ་དང་ གདོལ་པ་མོ། །བརྒྱད་པ་ཌོམྦི་ནཱི་རུ་བརྗོད། །ཕྱིའི་རིམ་པའི་ཤར་གྱི་འདབ་མ་ལ་གཽ་རཱིའོ། །ལྷོའི་འདབ་མ་ལ་ཙཽ་རཱིའོ། །ནུབ་ཀྱི་འདབ་མ་ལ་བེ་ཏཱ་ལིའོ། །བྱང་གི་འདབ་མ་ལ་གྷསྨ་རཱིའོ། །དབང་ལྡན་གྱི་ཕྱོགས་ཀྱི་འདབ་མ་ལ་པུཀྐ་སཱིའོ། །མེའི་ཕྱོགས་ཀྱི་འདབ་མ་ལ་ཤ་བ་རཱིའོ། །བདེན་ བྲལ་གྱི་ཕྱོགས་ཀྱི་འདབ་མ་ལ་ཙཎྜ་ལཱིའོ། །རླུང་གི་ཕྱོགས་ཀྱི་འདབ་མ་ལ་ཌོམྦི་ནཱིའོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་མ་དང་ས་སྤྱོད་བརྗོད། །འོག་གི་སྒྲས་པདྨ་གཉིས་ཀྱི་འདབ་མའི་རྩེ་མོ་དང་རྩ་བ་དག་གི་འོག་ཏུ་གནས་པའི་ཕྱིར་ས་སྤྱོད་མ་སྟེ། དེ་བཞིན་ དུ་སྟེང་དུ་མཁའ་སྤྱོད་མའོ། །སྲིད་དང་ཞི་བའི་རང་བཞིན་གྱིས། །འདི་དག་གནས་སོ་སྙིང་རྗེ་ཆེ། །ས་སྤྱོད་མ་དང་མཁའ་སྤྱོད་མའི་མཁའ་འགྲོ་མ་གཉིས་ནི་སྲིད་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་གྱིས་གནས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པའི་རང་བཞིན་ཡང་འདི་དག་ ཤེས་པའི་ཚུལ་གྱིས་རྣམ་པར་གནས་སོ། །སྙིང་རྗེ་ཆེ་ཞེས་པ་བོད་པའོ། །ཕྱིའི་རིམ་པ་ལ་དཀར་མོ་ཞེས་པ། གཟུགས་ལ་གཽ་རཱི་རྟག་ཏུ་བཤད། །ཞེས་པ་གཟུགས་ནི་སྣང་བའི་མཚན་ཉིད་ལས་སྐུ་རྡོ་རྗེ་དང་པོའི་དགའ་བའོ། །སྒྲ་ལ་ཙཽ་རཱི་རབ་ཏུ་གྲགས། །ཞེས་པ་གསུང་རྡོ་རྗེ་མཆོག་དགའོ། ། དྲི་ཡི་ཡུལ་ལ་བེ་ཏཱ་ལི། །ཞེས་པ་དྲི་ནི་རྟོགས་པ་སྟེ། ཐུགས་རྡོ་རྗེ་ཁྱད་བར་གྱི་དགའ་བའོ། །རོ་ལ་གྷསྨ་རཱི་རབ་གྲགས། །ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་རོ་ཉམས་སུ་མྱོང་བའི་མཚན་ཉིད་དེར་རིན་ཆེན་དབང་པོའོ། །ས་ཁུ་བ་འོད་དཔག་མེད་དོ། །གཉིས་ཀ་དབྱེར་མེད་པ་རྡོ་རྗེ་ འཆང་སྟེ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཞེས་པའོ། །ས་ནི་པུཀྐ་སཱི་རུ་བཤད། །ཅེས་པ་གཏི་མུག་རྡོ་རྗེ་རྣམ་པར་དག་པའི་སྣང་བའི་མཚན་ཉིད་ཀྱི་སྐུ་རྡོ་རྗེའོ། །ཆུ་ཁམས་ཤ་བ་རཱི་རུ་བརྗོད། །ཅེས་པ་ཆུ་ནི་འོད་དཔག་མེད་ཀྱི་གསུང་རྡོ་རྗེའོ། །མེ་ནི་ཙཎྜ་ལཱིར་ཤེས་བྱ། །ཞེས་པ་མེ་ནི་ རང་བཞིན་མེད་པའི་རྒྱུ་ཉིད་ལས་སོ། །ཡང་ན་ཙཎྜ་ཉི་མའོ། །ཨཱ་ལི་ཟླ་བ་སྟེ། གཉིས་ཀ་འདི་ལ་ཡོད་པའི་ཕྱིར་ཙཎྜ་ལཱི་ཐུགས་རྡོ་རྗེའོ། །གཡུང་མོ་ནི་རེག་མིན་ཏེ། དེ་གང་ལ་ཡོད་པ་དེ་ནི་གཡུང་མོ་སྟེ། གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་དང་ལྡན་པའོ། །བརྒྱད་པ་ ནི་བརྒྱད་རྣམས་ཀྱིས་རྫོགས་པ་སྟེ། ཤེས་རབ་དང་ཐབས་རྣམ་པར་དག་པའི་ཕྱིར་བཞི་ཚན་གཉིས་དགའ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་མཁའ་འགྲོ་མ་ལྔ་པོ་རྣམས་ཀྱིས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཀྱེའི་རྡོ་རྗེ་ཞེས་ པའོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །ས་སྤྱོད་མ་དང་མཁའ་སྤྱོད་བརྗོད། །ས་སྤྱོད་ཀྱི་སྒྲས་སྣང་བའི་མཚན་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་ཀྱེའི་རྡོ་རྗེའོ། །མཁའ་སྤྱོད་ཀྱི་སྒྲས་དོན་དམ་པའི་བདེན་པའི་བདག་ཉིད་ཅན་བདག་མེད་མའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཅོམ་ལྡན་འདས་སྲིད་དང་ཞི་བའི་རང་བཞིན་གྱིས་གནས་པ་འདི་དག་ཤེས་པའི་ཚུལ་དབྱེར་མེད་ཅིང་གཡོ་བ་མེད་པའོ། །མཁའ་སྤྱོད་མ་དང་ས་སྤྱོད་མའི་སྒྲས་བདག་མེད་མའི་རང་བཞིན་མངོན་པར་བརྗོད་ཅིང་རྡོ་རྗེ་འཆང་མངོན་པར་མ་བརྗོད་པའི་ཕྱིར། རྣམ་པར་དག་པ་གསུངས་ པའི་ལྷག་མ་སྐྱེས་པའི་རྟགས་ཀྱིས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་སྙིང་རྗེ་ཆེ་ཞེས་པ་རྡོ་རྗེ་འཆང་བོད་པ་སྟེ། གཉིས་ཀ་དབྱེར་མེད་པའི་ལམ་མཁྱེན་པ་ནི་གཞན་མ་ཡིན་པ་ཁོ་ནའོ་ཞེས་པ་གང་དུ་ཁམས་གསུམ་པ་རང་བཞིན་མེད་པ་རྟོག་པས་རྣམ་པར་གནས་པ་ཡང་འགྲོ་བའི་དོན་མཛད་ པའི་ཕྱིར་སྙིང་རྗེ་ཆེན་པོ་ཉིད་དོ། །འདི་རྣམས་ཀྱི་ས་བོན་ཡང་། །ཨཱཾ་ཨཱིཾ་ཨཱིཾ་ཨུཾ་ཨཾ། རྡོ་རྗེ་མ་དང་། དཀར་མོ་དང་། ཆུ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། བདག་མེད་མ་ཞེས་པ་མཁའ་འགྲོ་མ་ལྔ་པོ་རྣམས་ཀྱི་ས་བོན་ལྔ་རིམ་པ་བཞིན་དུ་ཤེས་པར་བྱའོ། །ལཱྀ་ཨེཾ་ཨཻཾ་ཨྃ་གཽ་རཱི་དང་། ཙཽ་རཱི་ དང་། བེ་ཏཱ་ལི་དང་། གྷསྨ་རཱི་རྣམས་ཀྱིའོ། །ཨུཾ་རྀཾ་རཱྀཾ་ལྀཾ། པུཀྐ་སཱི་དང་། ཤ་བ་རཱི་དང་། ཙཎྜ་ལཱི་དང་ཌོམྦི་ནཱི་རྣམས་ཀྱིའོ། །ཨཽ་ཨཱཾ། ས་སྤྱོད་མ་དང་མཁའ་སྤྱོད་མ་དག་གིའོ། །འདིས་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་རྣམ་པར་དག་པ་མཁའ་འགྲོ་མ་ལྔའོ། །གཟུགས་ལ་སོགས་པ་ ཡུལ་བཞི་རྣམ་པར་དག་པ་གཽ་རཱི་ལ་སོགས་པ་མཁའ་འགྲོ་མ་བཞིའོ། །ས་དང་ཆུ་དང་མེ་དང་རླུང་སྟེ། འབྱུང་བ་བཞི་རྣམ་པར་དག་པ་པུཀྐ་སཱི་ལ་སོགས་པ་མཁའ་འགྲོ་མ་བཞིའོ། །ཡིད་ནི་དམ་པའི་བདེ་བ་ཟ། །ཞེས་པའི་གསུངས་ལས་ས་སྤྱོད་མ་ཡུལ་རེག་བྱ་རྣམ་པར་དག་པའོ། ། བདེ་བ་ནམ་མཁའི་ཁམས་ཞེས་པ་ནམ་མཁའི་ཁམས་རྣམ་པར་དག་པའི་ཕྱིར་མཁའ་སྤྱོད་མ་ནམ་མཁའི་ཁམས་རྣམ་པར་དག་པའོ། །འདིས་ནི་དབང་པོ་ལྔ་དང་ཡུལ་ལྔ་དང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་འཁོར་ལོའོ། །འདི་ཉིད་མཁའ་སྤྱོད་མ་དང་ ས་སྤྱོད་མ་དག་གིས་སྲིད་པ་དང་མྱ་ངན་ལས་འདས་པ་རྣམ་པར་དག་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ངོ་། །རྡོ་རྗེ་མ་ལ་སོགས་པ་མཁའ་འགྲོ་མ་ལྔ་པོ་རྣམས་ཀྱིས་ཕུང་པོ་ལྔའི་བདག་ཉིད་ཅན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམ་པར་དག་ པ་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱིས་གཟུགས་ལ་སོགས་པ་ཡུལ་བཞི་དང་། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་རྣམ་པར་དག་པ་རྣལ་འབྱོར་མ་བརྒྱད་ཀྱི་རང་བཞིན་དགུའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་སྟེ། དཀྱིལ་འཁོར་གཉིས་ དབྱེར་མེད་པ་ཉིད་དཀྱིལ་འཁོར་གཉིས་སོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་ཡིན་ཏེ། །འགྱུར་མེད་ལས་བྱུང་གོང་བུ་ནི། །ཧཱུྃ་སྟེ་ཕཊ་ཡིག་འདོད་མིན་ཉིད། །སེམས་དཔའ་གཟུགས་བརྙན་ཡང་དག་བྱུང་། །དཀྱིལ་འཁོར་དབང་པོ་རྣམ་པར་བསྒོམ། །སྔར་བཞིན་ ཞལ་དང་མཚན་མ་སོགས། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཨེ་ཝཾ་ཐམས་ཅད་རྫོགས་པ་ཉིད། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཟླ་བ་ཉི་མའི་རབ་དབྱེ་ལས། །འདི་ལས་གཽ་རཱི་ལ་སོགས་ཏེ། །ཡི་གེའི་དབྱེ་བ་སོ་སོ་གཞན། །ཞེས་པ་དཀྱིལ་ འཁོར་གཉིས་དབྱེར་མེད་པ་ཁ་སྦྱོར་ཉིད་དེ། རིམ་གཉིས་ཞེས་པ་ལ་སོགས་པ་གང་གསུངས་པ་དེས་མངོན་པར་གསལ་བར་མཛད་དོ། །ཐམས་ཅད་རྡོ་རྗེ་མཁའ་འགྲོ་མ། །ཁ་དོག་ནག་མོ་དྲག་ཆེན་མོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་སྤྱན་ནི་དམར་བ་སྟེ། །གྲི་གུག་ ཐོད་པས་ཁྱབ་པའི་ཕྱག །ཅེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན་ཐམས་ཅད་ནི་རྡོ་རྗེ་འཆང་ངོ་། །ཨ་བདག་མེད་མ་སྟེ། སརྦ་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་མཁའ་འགྲོ་མ་སྟེ། རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །མཁའ་འགྲོ་མ་ནི་བདག་མེད་མ་ལ་སོགས་པ་རྣམས་ ཏེ། འདིས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཞེས་པའི་དོན་ཏོ། །ཁ་དོག་ནག་མོ་ཞེས་པ་གང་གིས་ནག་མོའི་ལུས་སུ་བྱས་པ་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་པོ་དེ་རྣམས་ནི་ཡི་གེ་སྟེ། ཁ་དོག་ནག་མོ་ཆ་དང་བྲལ་བའི་རང་བཞིན་ཞེས་པའི་དོན་ཏོ། །འདིས་ནི་ ནཱ་ད་དང་དབྱེར་མེད་པ་ཉིད་ཡེ་ཤེས་སོ་ཞེས་པའོ། །དྲག་ཆེན་མོ་ཞེས་པ། མ་མཱ་མ་ཀཱི་བྱང་ཆུབ་ཀྱི་སེམས་སོ། །ཧ་རྡོ་རྗེ་འཆང་སྟེ། མ་ཧཱ་གཉི་ག་དབྱེར་མེད་པའོ། །དྲག་མོ་ནི་གཏུམ་མོ་སྟེ་ཉི་མའོ། །དེ་ལྟར་མ་ཡིན་པ་དྲག་མོ་མ་ཡིན་པ་དང་། ཉི་མ་མ་ཡིན་པ་ནི། ཨཱ་ལིའི་རང་ བཞིན་ཟླ་བ་སྟེ། ཆེན་པོའི་རང་བཞིན་དང་དྲག་མོ་མ་ཡིན་པ་ནི་དྲག་མིན་ཞེས་པ་སྣང་བ་མེད་པའི་རང་བཞིན་ཉིད་སྐུ་དང་དབྱེར་མེད་པའི་ཡེ་ཤེས་ཞེས་པའོ། །རྡོ་རྗེ་གསུམ་དབྱེར་མེད་པ་སེམས་དཔའི་གཟུགས་བརྙན་གྱི་རང་བཞིན་ཉིད་ཀྱིས་སྐུ་གསུམ་དབྱེར་མེད་པ་ཁོ་ན་ཡེ་ཤེས་སོ་ཞེས་ པའོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་ཉིད་ཀྱིས་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་བརྒྱན་པ་སྤྲོ་བའི་ཚུལ་གྱིས་རྣམ་པར་གནས་པ་སྟེ། སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཉིད་ཅེས་པའོ། །ཞལ་གཅིག་ཅེས་པ་བརྗོད་པའི་ ཕྱིར་ཞལ་ཏེ་གང་གི་གཅིག་དབྱེར་མེད་པ་དེ་ནི་ཞལ་གཅིག་ཆ་དང་བྲལ་བའི་རང་བཞིན་ནོ། །སྤྱན་ནི་དམར་བ་སྟེ་ཞེས་པ་དམར་བ་ནི་འདོད་ཆགས་ཏེ། ཀུན་དུ་ཆགས་པའི་མཚན་ཉིད་དོ། །སྤྱན་ནི་དབང་པོ་རྣམས་ཏེ། དེ་གང་ལ་ཡོད་པ་སྤྱན་དམར་བའོ། །ཞལ་གཅིག་པ་ཉིད་ཀྱིས་ཆ་ དང་བྲལ་བ་དང་སྤྱན་དམར་བ་ཉིད་ཀྱིས་ཆ་དང་བཅས་པ་ཉིད་དེ། གཉིས་ཀའི་བདག་ཉིད་ཀྱི་ཕྱིར་འདི་རྣམས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཞེས་པའོ། །གྲི་གུག་ནི་བདག་མེད་མ་དང་ཐོད་པ་ནི་རྡོ་རྗེ་འཆང་སྟེ། བདེན་པ་གཉིས་ཀྱང་བདག་མེད་མ་དང་རྡོ་རྗེ་འཆང་ངོ་ཞེས་པ་བདེན་པ་གཉིས་ ཀྱི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱག་ནི། ཀ་རྡོ་རྗེ་འཆང་དང་། ར་བདག་མེད་མ་སྟེ། གཉིས་ཀ་དབྱེར་མེད་པ་ཕྱེ་བ་ལས་ཕྱག་དག་ཅེས་པའོ། །ཕྱག་རྒྱ་ལྔ་པོ་ཉིད་གསུངས་པ། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པར་ལག་གདུབ་སྐ་རགས་ཏེ། །སངས་རྒྱས་ལྔ་ནི་རྣམ་དག་ པས། །འདི་ལྔ་ཕྱག་རྒྱ་དག་པའོ། །ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཉིད་དོ་ཞེས་གང་གསུངས་པ་དེ་རྒྱས་པར་བཤད་པའོ། །ཐམས་ཅད་དབྱེར་མེད་པའི་ཡེ་ཤེས་ཁོ་ནར་གསལ་བར་བྱ་བའི་ཕྱིར་གསུངས་པ། ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ ཐམས་ཅད་རྣམ་པར་བཤད། །ཅེས་པ་ཇི་ལྟར་བདག་མེད་རྣལ་འབྱོར་མ་དེ་ལྟ་བུའི་རྣམ་པ་དང་དེ་ལྟ་བུའི་ཚུལ་གྱིས་མཁའ་འགྲོ་མ་ཐམས་ཅད་དེ་མཁའ་འགྲོ་མ་རྣམས་བདག་མེད་མ་དང་འདྲ་བ་ཁོ་ནའོ། །ལག་པ་གཅིག་ནི་ཐོད་པས་བྲེལ། །ཕྱག་གཡོན་པ་ཐོད་པས་ བྲེལ་བའོ། །གཡས་པ་ན་ནི་གྲི་གུག་འཛིན། །ཞེས་པའི་གསུང་ལས་ཁ་ཊྭཱཾ་ག་ཡང་གཡོན་ཉིད་ཀྱིས་ཞེས་པ་གཡོན་ལོགས་ཀྱིས་སོ། །སྟག་གི་པགས་པ་རྐེད་པར་དཀྲིས། །ཞེས་པ་རྐེད་པ་སྟག་གི་པགས་པས་གཡོགས་པ་སྟེ། སྟག་གི་པགས་པའི་ཤམ་ཐབས་ཅན་ཞེས་པའི་ དོན་ཏོ། །རོ་ལ་ཞོན་པ་གཟི་བརྗིད་འབར། །ཕྱག་གཉིས་གྱེན་དུ་དབུ་སྐྱེས་སེར། །ཞེས་པའོ། །ཡང་ན་ཐམས་ཅད་རྡོ་རྗེ་འཆང་ངོ་། །ཨ་བདག་མེད་མ་སྟེ། གཉིས་ཀ་དབྱེར་མེད་པ་སརྦའོ། །ཨེ་ཝཾ་རྣམ་པ་ཞེས་པ། ཨེ་ཝཾ་ནི། ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་ཡིག་ གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པའི་གསུང་ལས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནི་ཨེ་ཝཾ་སྟེ། གང་གི་རྣམ་པ་དང་ཚུལ་དེ་གཉིས་ཀ་དབྱེར་མེད་པ་རྡོ་རྗེ་འཆང་ཞེས་པའི་དོན་ཏོ། །བཤད་ཅེས་ པ་ཁམས་བྱང་ཆུབ་ཀྱི་སེམས་སོ། །ཡ་རླུང་གསུང་ངོ་། །ཨ་རྡོ་རྗེ་མ་གཟུགས་ཀྱི་ཕུང་པོའི་རང་བཞིན་ཉིད་ཀྱིས་སྐུ་སྟེ། ཁྱཱ་སྐུ་གསུང་ཐུགས་དབྱེར་མེད་པའི་ཡེ་ཤེས་སོ། །དེ་རྣམས་ཨེ་ཝཾ་དུ་གྱུར་པ་འདིས་ནི་ཇི་ལྟར་བདག་མེད་རྣལ་འབྱོར་མ། ཨེ་ཝཾ་གྱི་རྣམ་པ་ཉིད་དེ། བདག་མེད་རྣལ་ འབྱོར་མ་ཇི་ལྟ་བ་དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཨེ་ཝཾ་ཉིད་དོ་ཞེས་པའི་དོན་ཏོ། །ལག་པ་གཅིག་ནི་ཐོད་པས་བྲེལ། །ཀཾ་བདེ་བ་སྟེ། སྐྱོང་བར་བྱེད་པའི་ཕྱིར་ཀ་པཱ་ལ། པདྨ་ཆོས་འབྱུང་བདག་མེད་མའོ། །གཅིག་ནི་རྡོ་རྗེ་འཆང་སྟེ། ཐོད་པ་གཅིག་གི་བདག་ཉིད་ཅན་ནོ། །ལག་པ་ནི་ ལྔའི་བདག་ཉིད་ཅན་གཉིས་ཏེ། རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཞེས་པ་ལག་པ་གཅིག་ནི་ཐོད་པ་སྟེ། འདིས་གཉིས་ཀ་དབྱེར་མེད་པའོ། །བྲེལ་བ་ནི་དང་པོ་དང་བྲལ་བ་བྱ་གྷྲ་སྟེ། ཡེ་ཤེས་དེ་ཡང་དང་པོ་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཨ་བདག་མེད་མ་སྟེ་དེ་དང་དབྱེར་མེད་པ་ལག་པ་ གཅིག་ནི་ཐོད་པས་བྲེལ་ཞེས་པའོ། །གཡས་པ་ན་ནི་གྲི་གུག་འཛིན། །གཡས་པ་ན་ནི་ཉི་མ་རིན་ཆེན་དབང་པོ་སྟེ། དེའི་རྒྱུར་གྲི་གུག་འཛིན་པ་ཇི་ལྟར་གྲི་གུག་གཟུང་བ་ལས་གཅོད་པ་དེ་བཞིན་དུ་རིན་ཆེན་དབང་པོ་ཡང་མི་ཤེས་པ་གཅོད་པར་བྱེད་པའི་ཕྱིར། གཡས་པ་ན་ནི་གྲི་གུག་འཛིན། །ཞེས་པ་ འདིས་བདག་མེད་མ་དང་དབྱེར་མེད་པ་ཁོ་ན་རྡོ་རྗེ་འཆང་ངོ་། །ཁ་ཊྭཱཾ་ག་ཡང་གཡོན་ཉིད་ཀྱིས། །ཞེས་པ་གཡོན་ཟླ་བས་ཁ་ཊྭཱཾ་ག་ཞེས་པ་སྟོང་པ་ཉིད་བཅུ་དྲུག་བདག་མེད་མ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་སོ་ཞེས་པའི་དོན་ཏོ། །སྟག་གི་པགས་པ་རྐེད་པར་དཀྲིས། །སྟག་གི་པགས་པའི་སྒྲས་ གཟུགས་སྣ་ཚོགས་པ་སྤྲོ་བའི་བདག་ཉིད་ཀྱིས་གཡོགས་པ་ཀུན་རྫོབ་ཀྱི་བདེན་པའོ། །ཨ་བདག་མེད་མ། དོན་དམ་པའི་བདེན་པ་སྟེ་གཉིས་ཀ་དབྱེར་མེད་པའོ། །བདེ་བར་འགྲོ་བའི་ཕྱིར་རྐེད་པ་སྟེ། སྟག་གི་པགས་པ་རྐེད་པར་དཀྲིས། །ཞེས་