Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 3
Văn bản gốc(Tây Tạng)
Trang 3 / 20 (50.000 ký tự/trang)
ཅོམ་ལྡན་འདས་འཁོར་གང་དག་གིས་ཡོངས་སུ་བསྐོར་བ་བརྗོད་པར་འདོད་ནས། སྡུད་པ་པོས་དེ་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་མཚར་ཞེས་བྱ་བ་ནི་རྨད་དུ་བྱུང་བ་རྟོགས་པར་འགྱུར་བའོ། །ས་ཞེས་བྱ་བ་ནི་སའོ། །ཅིའི་ཕྱིར་འགྱེལ་བར་འགྱུར་ཞེ་ན། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བའི་གཟུགས་ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་ རིགས་པ་ཉིད་ཀྱི་ཕྱིར་རོ། །མཆོག་དགའ་འགྲོ་བ་ཉིད་ཅེས་བྱ་བ་ནི་ལམ་གྱི་ངོ་བོ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །གང་ཡང་དགའ་བྲལ་གྱི་དགའ་བའི་ངོ་བོ་ཞེས་གྲགས་པ་དེ་ཡང་ཤིན་ཏུ་ཕྲ་བ་རང་གི་ སེམས་ཀྱིས་སོ་སོར་རིག་པར་བྱ་བའི་ངོ་བོ་འོ། །དེ་ཡང་འགྲོ་བ་ཉིད་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཉིད་ཀྱིས་ཏེ་དེ་ཡང་སེམས་ཙམ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པར་བསྡུས་པའི་ཕྱིར་རོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བར་བྱ་བར་བལྟའོ། །གསུམ་ ཆར་ཡང་འཇིག་རྟེན་པའི་འགྲོ་བས་རིག་པར་འགྱུར་བ་ཡིན་པས་འགྲོ་བ་ཞེས་བྱ་བར་བརྗོད་དོ། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །ཅེས་བྱ་བ་ནི་གསུམ་པོ་འདི་དག་ལ་ལྷན་ཅིག་སྐྱེས་པ་ཡོད་པ་མ་ཡིན་ཞིང་། ཡང་དག་པར་རིགས་པ་ཡང་མེད་པ་ཉིད་དེ། མཚན་ཉིད་དང་བྲལ་བའི་ཕྱིར་ཞེས་ བྱ་བའི་དོན་ཏོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་ཡིན་ཏེ། ཡོངས་སུ་རྫོགས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པས་ངོ་མཚར་སྐྱེས་པར་འགྱུར་རོ་ཞེས་བྱའོ། །བཅོམ་ལྡན་བཀའ་སྩལ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །སངས་རྒྱས་ཀུན་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་ པའི་སྐུ་ནི་སྐུ་གཅིག་པུའོ། །འདིས་ཐེ་ཚོམ་ངེས་པར་སེལ་བར་བྱེད་པས་ན་ཐེ་ཚོམ་ལེགས་པར་སེལ་བའོ། །བཟང་པོ་ཞེས་བྱ་བ་ནི་གཙོ་བོའོ། །རྟོགས་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་རོ། །འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ནི་ མཆོག་ཏུ་དགའ་བའོ། །ཆགས་བྲལ་ནི་དགའ་བྲལ་གྱི་དགའ་བའོ། །དབུ་མ་ཞེས་བྱ་བ་ནི་དང་པོའི་དགའ་བའོ། །གསུམ་པོ་འདི་དག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོར་དམིགས་པར་མི་འགྱུར་རོ། །གསུམ་པོ་ཞེས་བྱ་བ་ནི་གསུམ་པོ་དེ་དག་གོ། །སྤངས་པ་ནི་ ཐ་དད་དུ་བྱས་པའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །བྱང་ཆུབ་ཅེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འདོད་ཆགས་ཞེས་བྱ་བ་ནི་འདོད་ཆགས་ལ་དམིགས་པའི་ཕྱིར་འདོད་ཆགས་ཏེ། དབང་བསྐུར་དང་པོའོ། །ཆགས་བྲལ་ནི་ཁྱད་ པར་ཅན་གྱི་བདེ་བ་ལ་དམིགས་པའི་ཕྱིར་དབང་བསྐུར་བ་གསུམ་མོ། །དབུ་མ་ནི་དེ་དག་གི་བར་ན་གནས་པར་གྱུར་པ་སྟེ། གཉིས་གསང་བའི་དབང་བསྐུར་བའོ། །དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་པའི་ ཕྱིར་རོ། །དེའི་ཕྱིར། གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་དོན་གྱི་དབང་བསྐུར་བ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། བཞི་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་བརྗོད་ཅེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་ པའོ། །གལ་ཏེ་དབང་བསྐུར་བའི་ཁྱད་པར་གཞན་ལ་ཡང་ཅིའི་ཕྱིར་བརྗོད་པར་མི་བྱ་ཞེ་ན། རྒྱུ་ཡི་རྒྱུ་ཉིད་ཡིན་པའི་ཕྱིར། །ཞེས་བྱ་བར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར། དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་གཞན་དག་ལ་ཐམས་ཅད་དུ་དེ་ ཡོད་པ་མ་ཡིན་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ཁྱབ་པ་པོ་ཉིད་དུ་མི་འགྱུར་རོ་ཞེ་ན། དེའི་ཕྱིར་རྒྱུའི་གཙོ་བོ་ཉིད་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པ་ལ་རྫོགས་པའི་བྱང་ཆུབ་ཅེས་བརྗོད་དོ། །ད་ནི་ཡང་བསྟན་པར་གྱུར་པའི་ལྷན་ཅིག་སྐྱེས་པ་ཉིད་གསལ་པོར་བསྟན་པའི་ཕྱིར། དེ་ཡང་ དགའ་བྲལ་དང་པོར་མཚོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བྲལ་གྱི་དང་པོ་ཞེས་བྱ་བ་དེ་མཆོག་ཏུ་དགའ་བ་ཡིན་ནམ་ཞེ་ན། དེ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་གསུངས་ཏེ། ཤུགས་ཀྱིས་ན་མཆོག་ཏུ་དགའ་བའི་ཕྱི་ མ་ཞེས་བྱ་བར་བསྟན་པར་འགྱུར་རོ། །དེ་ཡང་ལེའུ་གསུམ་པ་ལས། །ལྷན་ཅིག་སྐྱེས་དགའི་རང་བཞིན་བདག །མཆོག་མཐའ་དགའ་བྲལ་དང་པོར་ནི། །ཞེས་བྱ་བ་གསུངས་པ་ཡིན་ནོ། །བཤད་པ་གཅིག་ཡིན་ནོ། །དགའ་བྲལ་དང་པོ་མཚོན་ཞེས་བྱ་བ་ནི་དབང་བསྐུར་བ་གསུམ་ པ་ལ་སོགས་པའོ། །མཚོན་ཞེས་བྱ་བ་ནི་ཇི་ལྟར་རིགས་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་བྱ་བ་གསུངས་ཏེ། དགའ་བ་དང་མཆོག་དགའ་དང་དགའ་བྲལ་སྤངས་པ་སྟེ། འདི་ནི་མཚན་ཉིད་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་ངོ་བོ་ཉིད་གཞན་ཡིན་ པའི་ཕྱིར་རོ། །དེ་ལྟར་ཡང་དག་པར་མཚོན་ནས་མན་ངག་གིས་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཏིང་ངེ་འཛིན་ལས་སྐྱེས་པ་གང་ཡིན་པ་དེ་བསྟན་པ་ནི་སྤྲིན་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། རྨི་ལམ་སད་པའོ་ཞེས་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་གོམས་པར་བྱེད་ པའི་དུས་སུའོ། །ཇི་ལྟར་སྤྲིན་དང་འདྲ་ཞེ་ན། སྤྲིན་སྲབ་མོས་གཡོགས་པའི་ཟླ་བ་ཉ་བ་ལྟར་མི་གསལ་བའི་ཕྱིར་རོ། །ཇི་ལྟར་སྒྱུ་མ་ལྟ་བུ་ཞེ་ན། གང་གི་ཚེ་མངོན་སུམ་དུ་གྱུར་པའི་ཚེ་གྲུབ་པ་ཞེས་བྱ་བ་བདེ་བ་ཆེན་པོའི་རོས་ངེས་པར་བསྒོས་པས་འགྲོ་བ་རྣམས་སྒྱུ་མ་ བཞིན་དུ་མཐོང་ངོ་། །ཕྱི་ནས་ཞེས་བྱ་བ་ནི་དེའི་རྗེས་ལ་རྨི་ལམ་དང་འདྲ་བའོ། །ཇི་ལྟར་རྨི་ལམ་དང་འདྲ་ཞེ་ན། བདག་དང་གཞན་དུ་མི་དམིགས་པའི་ཕྱིར་རོ། །དེ་ནས་ནི་རྨི་ལམ་དང་སད་པ་ལྟ་བུ་སྟེ། སད་པ་དང་རྨི་ལམ་གྱི་གནས་སྐབས་ལ་དབྱེ་བ་མེད་པར་རྟག་ཏུ་མཉམ་པར་གཞག་ པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་བཞི་ཡོངས་སུ་རྫོགས་པར་འགྱུར་བའི་རྣལ་འབྱོར་པ་ཅི་ལྟར་འགྲུབ་པར་འགྱུར་ཞེ་ན། མི་ཕྱེད་མཚན་ཉིད་མ་གྲུབ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་དབྱེ་བ་མེད་པས་མི་ཕྱེད་པའོ། །དབྱེ་བ་མེད་པ་ཇི་ལྟ་བུ་ཞེ་ ན། མཚན་ཉིད་མ་གྲུབ་པའི་ཕྱིར་དབྱེ་བ་མེད་པའོ། །འདིས་མཚོན་པར་བྱེད་པས་ན་མཚན་ཉིད་དེ་རང་བཞིན་ནོ། །དེ་མ་གྲུབ་པ་ནི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་རང་བཞིན་མེད་པར་བྱས་པའོ། །ཕྱག་རྒྱ་རྣལ་འབྱོར་ཞེས་བྱ་བ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ ཏེ། །འགྲུབ་པར་འགྱུར་བའི་ཞེས་བྱ་བའི་དོན་ཏོ། །ཉིད་ཅེས་བྱ་བ་ནི་དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དབང་བསྐུར་བ་མེད་ན་འབྱུང་བར་མི་འགྱུར་བས་དབང་བསྐུར་བ་སྦྱིན་པར་བྱའོ། །དེའི་ཕྱིར་སྟོན་པ་ཞེས་བྱ་བ་རྡོ་རྗེ་འཆང་གིས་དེའི་ཆེད་དུ་དཀྱིལ་འཁོར་གསུངས་པ་ཡིན་ནོ། །ཡང་དག་ འབར་བ་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །སྣ་ཚོགས་རྔ་ཡབ་ཅེས་བྱ་བ་ནི་རྒྱན་སྣ་ཚོགས་ཅན་གྱི་རྔ་ཡབ་དང་ལྡན་པའོ། །མགྲིན་པ་གོས་ཀྱིས་བཀབ་པ་དང་། །ཞེས་བྱ་བ་ནི་གོས་སར་པས་མགུལ་པ་བཅིངས་པའོ། །རིན་ཆེན་ལྔ་ནི་བྱི་རུ་དང་མུ་ཏིག་དང་མུ་མེན་དང་གསེར་ དང་དངུལ་ལོ། །གཞག་ཅེས་བྱ་བ་ནི་གཞག་པར་བྱ་བའོ། །དཀྱིལ་འཁོར་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་བསྙེན་པ་གསུངས་པ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་ས་སྦྱང་བའི་ཡང་སྔོན་དུའོ། །ཨ་སོགས་སྔགས་ཀྱིས་ཞེས་བྱ་བ་ནི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ ན་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བའོ། །མཆོད་དང་གསོལ་བ་གདབ་པ་ཞེས་བྱ་བ་ནི་བླ་མ་ལའོ། །ཇི་ལྟར་བཤད་པ་དེ་བཞིན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ཕྱི་ནས་ཞེས་བྱ་བ་ནི་དབང་བསྐུར་བའི་རྗེས་ ཐོགས་སུའོ། །རྣམ་དག་ནི་འཁོར་བ་པའི་སྐྱོན་དག་པའོ། །ཡེ་ཤེས་གཟུགས་ཅན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཉམ་པའོ། །འཁོར་བ་དང་ནི་རྣམ་བྱང་དག །ཅེས་བྱ་བ་ནི་ཡེ་ཤེས་གང་ལ་སྲིད་པ་དང་མྱ་ངན་ལས་འདས་པ་དག་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཞེས་བྱ་བ་ནི་ ལྷག་པ་སྟེ། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །འདི་ཉིད་ནི་མཆོག་དགར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསལ་བར་སྟོན་པར་འགྱུར་རོ། །མཆོག་དགའ་ནི་མཆོག་ཏུ་གྱུར་པའི་ཤེས་རབ་སྟེ་འོད་གསལ་བའི་མཚན་ ཉིད་ཅན་གྱི་ཡེ་ཤེས་སོ། །དེར་ནི་སྒོམ་པ་མེད་ཅེས་བྱ་བ་བསྒོམ་པར་བྱ་བ་ཅུང་ཞིག་ཀྱང་མེད་པའོ། །བསྒོམ་པ་པོ་ནི་སེམས་ཏེ་དེ་ཡང་མེད་པའོ། །ལུས་ནི་ལུས་སོ། །གཟུང་བ་ནི་སྣང་བར་འགྱུར་བའི་དངོས་པོའོ། །འཛིན་པ་ནི་མིག་ལ་སོགས་པའོ། །དེ་བཞིན་དུ་ཤ་དང་ཁྲག་ལ་ སོགས་པ་ཡང་མེད་པའོ། །དེ་ལྟར་ཉོན་མོངས་པའི་སྒྲིབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསྒྲུབས་ནས། །ཤེས་བྱའི་སྒྲིབ་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཐོང་བ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་བར་བྱ་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་ ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རླབས་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་རླབས་ནི་རྣམ་པར་རྟོག་པའོ། །དེ་ཟད་པར་གྱུར་པ་ནི་རླབས་མེད་པའོ། །སྣ་ཚོགས་ནི་རྣམ་པ་སྣ་ཚོགས་སུ་སྣང་བའོ། །དེ་མེད་པ་ནི་སྣ་ཚོགས་མེད་པའོ། །འདི་སྐད་ཅེས་བྱ་བ་ནི་འདི་ སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །གསོལ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོས་ཞུས་པར་འགྱུར་བའོ། །དོན་ཅི་ཞིག་ཞུས་ཤེ་ན། ཅི་སླད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་རྣམ་པར་དག་པའི་ ལུས་འདི་ཅིའི་སླད་དུ་ཟག་པ་དང་བཅས་པའི་འབྱུང་བ་ལྔའི་བདག་ཉིད་ཅན་དུ་འགྱུར་བའི་རྒྱུ་ལས་འདྲ་བར་གྱུར་པའི་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་རིགས་པས་འོད་གསལ་བ་ལས་བཞེངས་པའི་རྡོ་རྗེ་འཆང་གི་སྐུ་བཞིན་དུ་ལུས་ཅན་ཐམས་ཅད་ ཀྱང་འགྱུར་ཏེ། ལྷན་ཅིག་སྐྱེས་པས་བསྐྱེད་པའི་ཕྱིར། །ཞེས་བྱ་བར་དགོངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ལ་འཇིག་རྟེན་པའི་འདི་ནི་བདེ་བ་ཙམ་ཡིན་ན་ཇི་ལྟར་ལྷན་ཅིག་སྐྱེས་པ་ཞེས་བརྗོད་པར་བྱ། འདྲ་བ་དང་རྒྱུའི་ངོ་བོ་ཡང་ཡོད་པ་དེའི་ཕྱིར་ རྡོ་རྗེའི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རེག་པར་གྱུར་པ་ན་སྲ་བ་ཉིད་ནི་ཆོས་སོ། །ཆོས་ནི་སའོ། །བྱང་ཆུབ་སེམས་ནི་ཁུ་བ་སྟེ། རླན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསྐྱོད་པ་ལས་ནི་མེའོ། །ཁུ་བ་འགྲོ་བར་འགྱུར་བ་ནི་རླུང་ངོ་། །དེའི་བདེ་བ་ནི་ནམ་མཁའི་ཁམས་ ཏེ། སྣང་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལྔའི་བདག་ཉིད་ནི་ཡིན་དུ་ཟད་ན་བདེ་བ་ཆེན་པོས་བསྐྱེད་པ་ཉིད་ཡིན་པས་ཟག་པ་མེད་པའི་ངོ་བོ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་བདེ་བ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་རྡོ་རྗེ་དང་ པདྨས་བསྐྱེད་པ་དེ་ནི་དེ་ཁོ་ན་ཉིད་ཅེས་བྱ་བ་ཡང་མ་ཡིན་ལ་དོན་དམ་པའི་ལྷན་ཅིག་སྐྱེས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་འབྱུང་བ་ཆེ་བདེ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་འབྱུང་བ་ཆེན་པོ་སྐྱེད་པར་བྱེད་པ་ཡིན་པས་འབྱུང་བ་ཆེན་པོ་ཞེས་ བརྗོད་པ་ཡིན་ནོ། །དེ་ལྟར་ན་སྔར་ཅིའི་ཕྱིར་བསྔགས་པར་བྱེད་ཅེ་ན། ལྷན་ཅིག་སྐྱེས་པར་གང་སྐྱེས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་དག་ལས་གང་བྱུང་བའི་ལྷན་ཅིག་སྐྱེས་པ་ཟག་པ་མེད་པའི་མཚན་ཉིད་ཅན་དེ་ནི་དོན་དམ་པར་ལྷན་ཅིག་ སྐྱེས་པར་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །འདི་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ངོ་བོ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་སོ། ། དེ་ཉིད་ལྷན་ཅིག་སྐྱེས་པ་ཉིད། །ཅེས་བྱ་བའི་སྒྲས་སྔར་བརྗོད་པ་ཡིན་གྱི་བདེ་བ་ཙམ་ནི་མ་ཡིན་ནོ། །དེ་ཁྱད་པར་ཅི་ལྟ་བུ་ཅན་ཞིག་ཅེ་ན། རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དེ་དག་མདོར་བསྡུས་པ་ནི་ སྡོམ་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལས་སྐྱེས་པའི་ལྷན་ཅིག་བསྐྱེད་པ་བརྗོད་པ་ཡིན་ནོ། །ད་ནི་དམིགས་པ་མེད་པའི་ངོ་བོ་ཉིད་ཀྱི་ཐབས་དང་ཤེས་རབ་ཀྱིས་བསྐྱེད་པའི་ལྷན་ ཅིག་སྐྱེས་པ་བསྟན་པའི་ཕྱིར། རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་ནི་སྙིང་རྗེའོ། །དེ་ཉིད་ནི་ཐབས་ཀྱི་མཆོག་ཡིན་ཏེ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོའི་ངོ་བོ་ཡིན་པའི་ཕྱིར་རོ། ། དེ་ཉིད་རྣལ་འབྱོར་པ་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ནི་ཤེས་རབ་བོ། །དེ་གང་ཞིག་ཅེ་ན། སྟོང་པ་ཉིད་དེ་ཆོས་ཐམས་ཅད་ཀྱིས་མ་སྐྱེས་པའོ། །མ་སྐྱེས་པ་ཉིད་ཅི་ལྟར་ཡིན་ཞེ་ན། རྒྱུ་དང་བྲལ་བ་ལས་ཞེས་བྱ་བ་གསུངས་ཏེ། བདག་དང་གཞན་དང་གཉིས་ལས་ཆོས་ཐམས་ ཅད་མ་སྐྱེས་པ་ཉིད་དོ། །མ་སྐྱེས་པའི་མཚན་ཉིད་ཅན་ནི་སྟོང་པ་ཉིད་དེ་མཆོག་ཏུ་གྱུར་པའི་ཤེས་རབ་བོ། །དེ་དག་དབྱེར་མེད་པ་འོད་གསལ་བའི་མཚན་ཉིད་ཅན་དོན་དམ་པའི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དེ་བྱང་ཆུབ་སེམས་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་གྱི། ཡང་ཕྱི་རོལ་གྱི་ཕྱག་རྒྱ་ལས་ ཉམས་སུ་མྱོང་བའི་བདེ་བ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་འདི་དག་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སྒོམ་པར་བྱེད་པས་ན་གསང་སྔགས་བཟླས་པ་ལ་སོགས་པ་བྱའམ་འོན་ཏེ་མི་བྱ་ཞེ་ན། སྔགས་ཀྱི་བཟླས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཡི་ གེ་ཨོཾ་ལ་སོགས་པའོ། །མེ་ལ་མར་ལ་སོགས་པ་བླུགས་པ་ནི་སྦྱིན་སྲེག་གོ། །དཀྱིལ་འཁོར་པའི་དབུས་སུ་གནས་པ་ནི་དཀྱིལ་འཁོར་ཅན་ནོ། །དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །གལ་ཏེ་དེ་ལྟ་ན་བསྔགས་བཟླས་པ་ལ་སོགས་པའི་འབྲས་བུ་རྣལ་འབྱོར་བ་དེ་ལ་ཡོད་པར་མི་ འགྱུར་རོ་ཞེ་ན། དེའི་ཕྱིར་དེ་ནི་སྔགས་བཟླས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་རིམ་པའི་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཏིང་ངེ་འཛིན་དེ་ཉིད་བསྔགས་པའི་དེ་ཁོ་ན་ཉིད་ཡིན་ནོ། །སེམས་ནི་ཇི་སྐད་བསྟན་པའི་བྱང་ཆུབ་ཀྱི་སེམས་སོ། ། དེ་ཉིད་ནི་བསྡུས་པ་སྟེ་ཆོས་ཐམས་ཅད་རོ་གཅིག་པར་བསྡུས་པས་རྣལ་འབྱོར་པ་དེའི་གཟུགས་ཅན་དུ་གྱུར་པའོ། །དེ་ལྟ་བུ་ནི་འདིར་བཞི་པའི་དབང་བསྐུར་བ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་འདིས་མངོན་སུམ་དུ་དག་པར་བྱེད་པའི་ཕྱིར་རོ། །དབང་བསྐུར་ བ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་ལེའུ་བཅུ་པའི་འགྲེལ་པའོ།། །།གསང་སྔགས་ཀྱི་གཞུང་ལུགས་ལ་སེམས་ཅན་རྣམས་གཞུག་པའི་ཕྱིར། ལྟ་སྟངས་བཞི་པོ་ ལྟུང་བར་བྱེད་པ་དང་། དབང་དུ་བྱ་བ་དང་དགུག་པ་དང་རེངས་པར་བྱ་བ་རྣམས་མཉམ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པ་ནི་མི་གཡོ་བའོ། །མ་རུངས་པ་ནི་ཁྲོ་བ་དང་བཅས་པའོ། །དཔྲལ་བ་ཅན་ནི་མིག་འབྲས་གཉིས་དཔྲལ་བ་ལ་བརྟེན་པ་སྟེ། དེས་ནི་ལྟུང་བར་ བྱེད་དོ། །གང་གཡོན་ཕྱོགས་སུ་བརྟེན་པ་ནི་གཡོན་ན་གནས་པ་སྟེ་དེས་དབང་དུ་བྱའོ། །གང་སྟེང་དུ་བརྟེན་པ་དག་གིས་གཡས་ལོགས་སུ་བལྟ་བ་དེས་ནི་དགུག་པར་བྱ་བས་སོ། །སྣ་གོང་དུ་དྲང་པོར་བལྟ་བ་གང་ཡིན་པ་དེས་ནི་རེངས་པར་བྱ་བའོ། །སྣའི་རྩེ་མོ་ནས་འབྱུང་བ་ཉིད་ཀྱི་ རླུང་ནི་འབྱུང་བ་ཉིད་དོ། །འཇུག་པ་ནི་འགེངས་བྱེད་དོ། །ནང་གང་བར་གྱུར་པ་ནི་བུམ་པའོ། །ཞུགས་ནས་མི་གཡོ་བར་གྱུར་པ་ནི་ཞི་བའོ། །འདི་དག་གོམས་པར་བྱ་བའི་གནས་བསྟན་པའི་ཕྱིར་རློན་པའི་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁུ་བ་དང་བཅས་པའི་ཤིང་དང་། མེ་ཏོག་དམར་པོ་དང་། རྡོ་རྗེ་ཤིང་དང་། གཡོ་བ་དང་བཅས་པའི་རྩྭ་རྣམས་ལའོ། །འཁྲུལ་པ་ནི་ཐེ་ཚོམ་དང་བཅས་པའོ། །གསང་བའི་ལྟ་སྟངས་ཅིའི་ཕྱིར་མ་གསུངས་ཤེ་ན། འདིར་དགོངས་པ་མ་ཡིན་ཏེ། ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །མཁས་པས་སེམས་ཅན་གཞུག་ པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །སྐྱེ་བ་བདུན་པ་ནི་ལེན་བདུན་སྐྱེས་པའོ། །དགའ་བྲལ་དགའ་བ་སྨོད་པ་ལ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་བོ། །དབང་གི་ལས་ལ་ནི་ཀུ་རུ་ཀུལླེ་ཁྱད་པར་དུ་བསྔགས་ཏེ། དེའི་སྒྲུབ་ཐབས་མདོར་བསྡུས་ པའོ། །གང་སྔོན་དུ་བསྟན་པ་དེར་ནི་རྒྱས་པར་བཤད་པ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་བརྟག་པ་བཅུ་གཉིས་པར་རོ། །མདའ་ནི་མདའོ། །གཞུ་ནི་གཞུའོ། །ཨུཏྤ་ལ་ནི་ཨུཏྤལོ། །ལྕགས་ཀྱུ་ནི་ལྕགས་ཀྱུའོ། །ཐམས་ཅད་ཀྱང་དམར་པོའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །དེའི་སྙིང་པོ་ནི་ ཐུགས་ཏེ་དགྱེས་པའི་རྡོ་རྗེའོ། །དེའི་མངོན་པར་ཞེས་བྱ་བ་མ་ལུས་པར་རྟོགས་པ་གང་ཡང་ཡོད་པ་དེ་ནི་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའོ། །དེ་གསལ་བར་བྱེད་པའི་རྟོག་པ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ ལས་བརྟག་པ་དང་པོའི་འགྲེལ་བའོ།། །།རས་རིས་ལ་སོགས་པ་ལ་ལྷ་རྣམས་ངེས་པར་གནས་པ་ནི་རབ་གནས་སོ། །འདིར་ནི་དེའི་ཆོ་ག་ལ་རབ་གནས་ཞེས་བྱའོ། །དེའི་མཚན་ཉིད་ནི་རང་གི་ངོ་བོའོ། །རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ གསུང་དང་ཐུགས་སོ། །དེ་ཉིད་ནི་སྙིང་པོ་སྟེ་དེའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྦྱིན་སྲེག་ཅེས་བྱ་བ་ནི་བགེགས་གཞིག་པར་བྱ་བའི་ཕྱིར་རོ། །སྲོད་ལ་ཞེས་བྱ་བ་ནི་མཚན་མོ་རྩོམ་པའི་དུས་སུའོ། །སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་བྱ་བ་ནི་ཆོ་ག་ཇི་ ལྟ་བ་བཞིན་དུ་སྟ་གོན་བྱས་ནས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་རབ་ཏུ་གནས་པར་བྱ་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་སྔགས་བསྟན་པའོ། །སྣ་ཚོགས་ཞེས་བྱ་བའི་རྣམ་པ་སྣ་ཚོགས་པའོ། །གོང་མའི་རྒྱུད་ཀྱི་ལུགས་རིམ་པའི་དགྱེས་པའི་ རྡོ་རྗེའི་རྒྱུད་རྒྱས་པའི་ཆོ་གའི་རིམ་པས་སོ། །སྐབས་ལ་བབ་པའི་སྦྱིན་སྲེག་ཐམས་ཅད་བསྟན་པའི་ཕྱིར་ཞི་བའི་ཐབ་ཁུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ལ་ནི་ཞེས་བྱ་བ་ནི་གསུམ་པོ་འདི་ཉིད་ལ་ཅི་ལྟར་རིགས་པར་ཏིལ་ལ་སོགས་པས་སྦྱིན་སྲེག་བྱ་བའོ། །ལྷ་མོ་ཁྱེད་ནི་ཞེས་ བྱ་བ་ལ་སོགས་པ་ནི་ས་གཟུང་བའི་སྐབས་སུ་སྟེ། འདི་ནི་སྔགས་བརྗོད་པའི་སྐབས་ཡིན་པར་བསྟན་ཏོ། །མཐར་ནི་ཨརྒྷཾ་ལ་སོགས་པའི་སྔགས་ཏེ་མེ་ལ་དབུལ་བའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་དང་པོ་ རབ་གནས་ཀྱི་ལེའུའི་འགྲེལ་པའོ།། །།རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ནི་ཞུས་པའོ། །ནམ་མཁའ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་དགེ་བ་མ་ཡིན་པའི་ཆོས་ཐོག་མ་མེད་པའི་དུས་ནས་བརྩམས་པ་ནི་ནམ་མཁའ་ལྟ་བུའོ། །དེ་དག་གི་གཉེན་པོའི་ཕྱོགས་ སུ་གྱུར་པ་ནི་རང་འདོད་པའི་ལྷ་བསྒོམ་པའོ། །དེ་ལྟ་བས་ན་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་ནི་རྒྱ་མཚོ་ལྟ་བུ་ཡིན་ལ། གཉེན་པོའི་ཕྱོགས་ནི་ཀུ་བ་ལྟ་བུར་གནས་པས། མི་དགེ་བའི་རྒྱ་མཚོ་ལས་རྒལ་བར་ནུས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟར་ན་སེམས་ཅན་རྣམས་དེ་ བསྒོམས་པས་གྲོལ་བར་ཅི་ལྟར་འགྱུར་ཞེས་བྱ་བ་ནི་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ་དེ་དང་ལྡན་པའི་བདག་ཉིད་དམ། །ཡང་ན་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་ བདག་ཉིད་ནི་རྣལ་འབྱོར་གྱི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་མ་ལུས་པར་སྤོངས་ནས་ངེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་རྒྱ་མཚོ་ལྟ་བུའི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་ལས་ལྷའི་རྣལ་འབྱོར་ཙམ་གྱིས་ཇི་ལྟར་རྒལ་བར་འགྱུར་ཞེ་ན། རྒལ་བར་འགྱུར་བ་ཉིད་ཡིན་ཏེ། ཇི་ལྟར་རིའི་ཕུག་གི་ནང་གི་མུན་པའི་ཕུང་པོ་ཡུན་རིང་པོར་བསགས་པ་ནི་འབར་མ་ཐག་པའི་མེ་སྒྲོན་གྱིས་སྐད་ཅིག་གིས་མི་སྣང་བར་བྱེད་དོ། །དེ་བཞིན་དུ་འདིར་ཡང་བདག་མེད་མ་དང་དགྱེས་པའི་རྡོ་རྗེ་བསྒོམ་པའི་ཁྱད་པར་གྱིས་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་དེ་ལྟར་ ན་ཡང་གཉེན་པོའི་ཕྱོགས་སྐད་ཅིག་ཙམ་བསྒོམས་པས་མི་མཐུན་པ་ཉམས་པར་འགྱུར་བ་ཞིག་ཡིན་ན། དེ་ལྟ་ན་ནི་ཅིའི་ཕྱིར་དངོས་གྲུབ་འགྲུབ་པར་མི་འགྱུར་ཞེ་ན། དེ་ནི་བདེན་ནི་དེ་ལྟ་ན་མི་མཐུན་པའི་ཕྱོགས་ཉམས་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པ་ནི་མ་ ཡིན་ནོ། །འོན་ཀྱང་ཚོགས་གཉིས་རྫོགས་པ་དེས་ནི་འཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །ཞེས་བྱ་བ་གསུངས་ཏེ། གཞན་པའི་སེམས་ཞེས་བྱ་བ་ནི་ཞི་གནས་ཀྱི་མཚན་ཉིད་ཅན་གྱི་བསྒོམ་པའི་ཁྱད་པར་ལས་སོ། །དེ་ཡང་རིམ་གྱིས་ གོམས་པས་འཐོབ་པར་བྱ་བ་ཡིན་པས་ན། དེའི་ཕྱིར། དང་པོར་གོམས་པར་བྱེད་དུས་ཀྱིས། །ཞེས་བྱ་བ་ལ་སོགས་གསུངས་ཏེ། མཚན་དུས་སུ་ཞེས་བྱ་བ་ནི་མཚན་མོ་ཉིད་ཀྱི་དུས་སུ་སྟེ། དུས་གཞན་ན་མི་མཐུན་པའི་ས་ཕྱོགས་འབྱུང་བར་འགྱུར་བས་སོ། །བདག་ ཉིད་འགྲུབ་པའི་ཞེས་པ་ནི་མོས་པའི་ཁྱད་པར་ཏེ། མཚན་མོ་མཉམ་པར་གཞག་པའི་རྣལ་འབྱོར་བྱའོ་ཞེས་བྱ་བ་གསུངས་པའོ། །དེ་ལས་གཞན་པའི་དུས་སུ་རྒྱུན་མི་འཆད་པར་བྱ་བའི་ཕྱིར། རྐང་པ་འཁྲུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བསྟེན་པ་དང་ཞེས་བྱ་ བ་ནི་བསྙེན་པར་བྱ་བའོ། །གང་ལ་བསྙེན་པར་བྱ་ཞེ་ན། རྣལ་འབྱོར་མ་སྟེ་བདག་མེད་མ་ལའོ། །གཞན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་བདག་མེད་མ་མ་ཡིན་པའི་གཟུགས་ཀྱིས་སོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །ཉོན་མོངས་པ་ཞེས་བྱ་བ་ནི་སྐྱོན་ནོ། །བརྟན་པ་ཉིད་ བསྐྱེད་པར་བྱ་བའི་ཕྱིར་རོ། །བརྩེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་ཕྱེད་ཅེས་བྱ་བ་ནི་ཟླ་བ་ཕྱེད་དོ། །ཉི་མ་གཅིག་ཏུ་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པའི་ཚུལ་གྱིས་སོ། །ལན་ཅིག་ཅེས་བྱ་བ་ནི་རྟག་ཏུ་ཐུན་རེ་གོམས་པར་བྱེད་པའོ། །འཇིག་ཞེས་བྱ་བ་ལ་སོགས་པ་ནི་ ཡིད་ཆེས་པ་སྟོན་པར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ངེས་པར་ཤེས་ནས་ཞེས་བྱ་བ་ནི་ངེས་པར་སྤྱོད་པའི་ངང་ཚུལ་ཅན་ནོ། །ཕན་པའི་འབྲས་བུ་འབྱུང་བར་འགྱུར་ཞིང་མི་ཕན་པ་སྟེ་དགེ་བ་མ་ཡིན་པ་ནི་ཟད་པར་འགྱུར་བའོ། །ངུ་འབོད་ཅེས་བྱ་བ་ལ་འཇིག་རྟེན་གྱི་སྤྱོད་པ་ནི་དམྱལ་ བའི་རྒྱུ་ཡིན་ནོ། །གལ་ཏེ་དེ་ལྟ་བུར་གནས་པར་གྱུར་ཀྱང་སྡིག་པ་ཅན་ལ་སོགས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པའི་སྐབས་ག་ལ་ཡོད་ཅེ་ན། མཚམས་མེད་ལྔ་ནི་བྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་མ་ཚང་བ་ནི་ཡན་ལག་ཉམས་པའོ། །བསམས་ པས་ཞེས་བྱ་བ་ནི་བདག་མེད་མ་བསྒོམས་པས་སོ། །གལ་ཏེ་དེ་ལྟར་ན་ཆོས་དང་ལྡན་པ་རྣམས་ཀྱིས་ནི་དེ་འགྲུབ་པར་མི་འགྱུར་ཞེ་ན། དགེ་བ་བཅུ་ལ་གོམས་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་ཏུ་གོམས་པའི་ཞེས་བྱ་བ་ལ་སོགས་ པ་ལ་དངོས་གྲུབ་ཐོབ་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་མཉམ་པར་གཞག་པས་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། གསང་ལ་ཞེས་བྱ་བ་ནི་སྦས་པའི་བརྟུལ་ཞུགས་ལས་ཏེ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ནས་ རྣལ་འབྱོར་མ་རྣམས་གནང་བ་ཉེ་བར་སྟོན་པར་འགྱུར་རོ། །བྱང་ཆུབ་སེམས་ཀྱིས་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའོ། །ལྷའི་གཟུགས་ཀྱིས་སེམས་ནི་ལྷའི་རྣལ་འབྱོར་ཉིད་དོ། །དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་ལ་སོགས་པའོ། །སེམས་ཀྱང་གཅིག་ པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་རོ། །སྐལ་ལྡན་པར་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་རོ། །རྟོག་པ་ནི་རྣམ་པར་རྟོག་པའོ། །བཀུག་ལ་ཞེས་བྱ་བ་ནི་ཀུན་དགུག་པའོ། །དེ་ཡང་ཞེས་བྱ་བ་ནི་མཆོག་ཐོབ་པའམ་དགུག་པ་དེའོ། །བརྟན་པ་བསྟན་པའི་ཕྱིར་ ཞེས་བྱ་བ་ནི་བརྟན་པར་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །དེ་ནས་ལོངས་སྤྱོད་ཕྱིར་ནི་སྤྱད་མ་གསུངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱད་པར་བཤད་ཅེས་བྱ་བ་སྔར་བརྟུལ་ཞུགས་ཀྱི་ལེའུའི་ནང་དུའོ། །འཇིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དཀའ་བ་དང་བཅས་པས་འཇུག་པ་ཉིད་དོ། ། རྡོ་རྗེ་སྙིང་པོས་གསོལ་ཞེས་བྱ་བ་ལ་དོན་ཅི་ཞིག་ཞུས་ཤེ་ན། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་སྟེ། ཅིའི་ཕྱིར་ཚོལ་བར་བྱེད་ཅེས་བྱ་བར་དགོངས་པའོ། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཞེས་བྱ་བ་ལ་གཉི་ག་ ཕྱག་རྒྱར་གྱུར་པས་ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའོ། །བུད་མེད་གཟུགས་ཞེས་བྱ་བ་ནི་བདག་མེད་མའི་གཟུགས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ནུ་མ་སྤངས་པ་ཞེས་བྱ་བ་ནི་ནུ་མ་གཉིས་སྤངས་པར་འགྱུར་བས་རྡོ་རྗེར་འགྱུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། ། འགྲམ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། འགྲམ་གཉིས་པོ་ཉིད་དྲིལ་བུ་ཞེས་བྱ་བ་འབྲས་བུར་རོ། །ཟེའུ་འབྲུ་ཞེས་བྱ་བ་ནི་སྣ་སྟེ་རྡོ་རྗེར་བྱའོ། །དགའ་ཆེན་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་རང་བཞིན་ནོ། །ཕྱག་རྒྱའི་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་ འགྱུར་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་རིམ་པ་དེ་གཉིས་ཀྱིས་སོ། །གསལ་དང་མི་གསལ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་སྒོམ་པ་དང་ལྡན་པའིའོ། །གལ་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པས་ལྷའི་གཟུགས་གཉིས་ཐོབ་པར་གྱུར་པ་དེའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་ཡང་ཇི་ལྟར་ གཞལ་ཡས་ཁང་ན་སྤྱོད་པའི་ཚངས་པ་ལ་སོགས་པའི་ལུས་འཆགས་པ་དང་འཇིགས་པ་དག་གིས་བསྐྱེད་ཅིང་འཇིགས་པར་འགྱུར་བ་བཞིན་དུ་ཡིན་ནམ་ཞེ་ན། འབྱུང་དང་འཇིག་པ་དག་གིས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་དང་འཇིག་པ་དག་གིས་ཀྱང་ གནོད་པར་མི་འགྱུར་རོ། །ཅིའི་ཕྱིར་གནོད་པར་མི་འགྱུར་ཞེ་ན། ཐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཉིད་ཅེས་བྱ་བ་ནི་རྟག་ཏུ་འབྱུང་བར་འགྱུར་ཏེ། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་རྟག་པས་རྟག་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཐབས་ ཏེ་དེའི་འབྲས་བུ་བསྒོམ་པ་རྫོགས་པར་འགྱུར་བ་ཉིད་ཇི་ལྟར་འཇིག་པར་འགྱུར། འཇིག་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མི་དམིགས་པའོ། །དེ་ཉིད་ནི་ཤེས་རབ་སྟེ་འདི་ཉིད་ཀྱིས་སྲིད་མཐར་བྱེད་ཅེས་བྱ་བ་ལུས་ལ་མངོན་པར་ཞེན་པ་མཐར་བྱེད་པའོ། །དེ་དག་རོ་གཅིག་པར་ འགྱུར་བ་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་ནམ་མཁའ་ཇི་སྲིད་ཀྱི་བར་དུ་གནས་པའི་སྐུ་གཉིས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །གང་གི་ཕྱིར་དེ་ལྟ་བུའི་རྣམ་པས་འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན་ཏེ། གཞན་ཡང་དེ་ཁོ་ན་ཉིད་དུ་གང་ཡང་འཇིག་པ་ཡོད་པ་མ་ཡིན་ ནོ། །གལ་ཏེ་ལ་ལ་དངོས་པོའི་ངོ་བོ་ཞིག་ཏུ་གྱུར་ན་ནི་སྐྱེ་ཞིང་འཇིག་པར་ཡང་འགྱུར་ན། ཇི་སྲིད་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་འདུས་མ་བྱས་ཀྱི་མཚན་ཉིད་ཅན་ཡིན་པ་དེའི་ཕྱིར་གང་ཞིག་འཇིག་པར་འགྱུར་བ་དེ་མེད་པས་ཟད་པ་ཡང་མེད་དོ། །དེ་ལྟ་བས་ན་དེ་ལྟར་ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་ཐོབ་པ་ལ་འབྱུང་བ་དང་འཇིག་པ་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་གནས་པ་ཡིན་ནོ། །དེ་ཡང་བསྒོམས་པས་ཐོབ་པར་བྱ་བ་ཉིད་ཡིན་པས་ཅི་ལྟ་བུ་ཞིག་བསྒོམ་པར་བྱ་ཞེ་ན། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲོས་ པ་ཞེས་བྱ་བ་ནི་རྟེན་དང་བརྟེན་པའི་མཚན་ཉིད་ཅན་དེ་རྣམ་པ་སྣ་ཚོགས་པའོ། །རྨི་ལམ་ལྟར་བྱས་ན་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་ན་སེམས་ཉིད་རྣམ་པ་སྣ་ཚོགས་པར་སྣང་བ་དེ་ལྟར་བྱས་པ་ཉིད་དོ། །སྤྲོས་པ་ཞེས་བྱ་བ་ལ་སོགས་པ་ལ་ངག་གི་རྣམ་པར་རྟོག་པས་སྤྲོས་པར་མི་བྱེད་ཅིང་ རྣམ་པར་རྟོག་པར་མི་བྱེད་པའོ། །རིམ་པ་འདི་ལྟར་གོམས་པར་བྱས་པས་ཅིར་འགྱུར་ཞེ་ན། ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ནི་སེང་གེའི་ཟླ་བའི་གྲོང་ཁྱེར་རོ། །དེ་བཞིན་འདོད་ཅེས་བྱ་བ་ནི་དེ་ལྟ་བུར་གསལ་པོ་ཉིད་དུ་གྱུར་པ་ཞེས་བྱ་ བའི་དོན་ཏོ། །ད་ནི་རིམ་པའི་བདག་ཉིད་ཅན་གྱི་བདེ་བ་ཆེན་པོ་དེ་ཉིད་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་པར་བྱའོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར་ཕྱག་རྒྱ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་དབང་བསྐུར་བ་ནི་ཤེས་རབ་ཀྱི་དབང་བསྐུར་བ་སྟེ་བཞི་པོ་དེ་དག་གོ། ། ཅི་ལྟར་ཤེས་པའི་ཞེས་བྱ་བའི་བླ་མའི་མན་ངག་ཉིད་ལས་ཇི་ལྟར་རིག་པའོ། །དེ་ཅི་ཞིག་ཅེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ནི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་མཚན་ཉིད་ཅན་ཏེ། དེ་ཉིད་ལས་བྱུང་བར་གྱུར་པ་ནི་དཀྱིལ་འཁོར་འདི་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིན་རླབས་ཞེས་བྱ་བ་ནི་དེའི་རང་ བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་དང་བདག་མེད་མའི་དཀྱིལ་འཁོར་རོ། །གཞན་ལས་འབྱུང་བ་མེད་ཅེས་བྱ་བ་ནི་གཞན་ལས་འབྱུང་བར་འགྱུར་བ་མ་ཡིན་པའོ། །གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་སྤྲོས་པ་མེད་པའི་མཚན་ཉིད་ཀྱི་བདེ་བ་ཙམ་ཉེ་ བར་དམིགས་པ་ཡིན་ན། དེས་ཇི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་འབྱུང་བར་འགྱུར། འདྲ་བར་འགྱུར་བ་ལས་འདྲ་བར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། །འདྲ་བ་ལས་འདྲ་བར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཡིན་ཏེ། ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ནི་འགྲོ་བ་རྣམས་ཀྱི་ས་བོན་འཛིན་པ་ཡིན་ནོ་ཞེས་སྨྲ་བ་ལྟར། དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་རྟོགས་པར་བྱས་པ་བདེ་བ་ཆེན་པོའོ། །མཚན་ཉིད་ཅན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ཡང་ ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཉིད་ཡིན་ནོ་ཞེས་ཐེག་པ་ཆེན་པོའི་གསང་སྔགས་ལས་སྔགས་པར་བྱེད་དོ། །དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། བདེ་བ་གནག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སྦྱོར་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱིས་སྙོམས་པར་འཇུག་པའོ། །དངོས་ནི་སངས་ རྒྱས་ལྔའི་རང་བཞིན་ནོ། །དངོས་མེད་ནི་དེ་དག་ཉིད་ཀྱིས་སྤྲོས་པ་མེད་པ་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་ནི་ཇི་ལྟར་བདེ་བའི་ངོ་བོར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ ཀྱི་རང་བཞིན་དག་ཉི་མ་དང་ཟླ་བ་ཡང་དག་པར་འབྱོར་པ་ལས་འབྱུང་བའི་ས་བོན་ལས་འབྱུང་བའི་ཕྱག་མཚན་གྱི་རྡོ་རྗེ་དང་། དེའི་དཀྱིལ་ན་གནས་པའི་ས་བོན་ནི་སེམས་དཔའ་སྟེ། རྡོ་རྗེ་དང་བཅས་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་བདེ་བ་ཞེས་བྱ་བར་བརྗོད་དོ། །རྡོ་ རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ་དོན་ཅི་ཞིག་གིས་གསོལ་ཞེ་ན། བསྐྱེད་པའི་རིམ་པའི་དེ་ཉིད་བཅོམ་ལྡན་འདས་ཀྱིས་བདེ་བའི་ངོ་བོ་ཉིད་དུ་བསྔགས་པའི་ཕྱིར། རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པ་ཞེས་བྱ་བ་ནི་ལྷ་ཉིད་བསྒོམ་པའོ། །མེད་པའི་ བསྐྱེད་པ་ཡིས་ནི་ཅི་ཞིག་དགོས། །ཞེས་བྱ་བ་ནི་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དགོངས་པ་ནི་འདི་ཡིན་ཏེ། བདེ་བ་ཆེན་པོར་མོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་འབད་པ་འདིས་ཅི་ཞིག་དགོས། །བདེ་བ་ཆེན་པོ་འབའ་ཞིག་ཁོ་ནས་མངོན་པར་འདོད་པའི་དོན་ འགྲུབ་པར་འགྱུར་རོ་ཞེ་ན། གུས་པ་བསྟན་པའི་ཕྱིར། དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ཞེས་བྱ་བ་ལ། བསྐྱེད་པའི་རིམ་པ་ལ་གུས་པ་དང་ལྡན་པ་ཉམས་པ་ཞེས་བྱ་བ་བསྐྱེད་པའི་རིམ་པ་སྤོང་བར་བྱེད་པ་ཉིད་དོ། །ལུས་ཀྱི་དངོས་མེད་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་དེ་ཉིད་ ལ་སྟོང་པར་བྱེད་པའོ། །ཅི་ལྟར་ཞེ་ན། གང་ལས་བདེ་ཞེས་བྱ་བ་དེ་གཞན་ལས་བདེ་བ་ཉེ་བར་བསྟན་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་བདེ་བས་ཉེ་བར་ཁྱབ་པ་དེ་ཉིད་འགྲོ་བ་ཞེས་བྱ་བར་བརྗོད་དོ། །ཁྱབ་པར་བྱེད་པའི་ངོ་བོ་འབའ་ཞིག་གིས་ནི་མ་ཡིན་གྱི། ཁྱབ་པར་བྱ་བའི་ངོ་བོས་ཀྱང་ཡིན་ནོ། །གཉི་ག་ཡང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཡིན་ཏེ། ཇི་ལྟར་བདེ་བ་མེད་པར་ཡང་ལུས་ལ་སོགས་པ་ཡོད་པ་མ་ཡིན་ལ། ལུས་དེ་མེད་པར་ཡང་བདེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མེ་ཏོག་བྱ་བ་ལ་སོགས་པས་ནི་དཔེ་གསུངས་ པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཁོ་ནས་ཆོག་མོད། བདེ་བ་ཆེན་པོ་བསྒོམ་པས་ཅི་ཞིག་བྱ་ཞེ་ན། དངོས་བདག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་བདག་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི་ འཁོར་ལོའི་གཟུགས་ཉིད་དོ། །དངོས་པོ་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དང་བདེ་བ་ཆེན་པོའི་རང་བཞིན་གྱིས་སོ། །གལ་ཏེ་ཁྱོད་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཉིད་ཀྱི་ངོ་བོ་ཉིད་ཞིག་ཡིན་ན་ནི་དེ་ལྟ་ན་དཀྱིལ་འཁོར་ནི་གཅིག་དང་དུ་མའི་རང་ བཞིན་དང་བྲལ་བའི་ཕྱིར། ཁྱོད་ཉིད་འཁྲུལ་པའི་ངོ་བོ་ཡིན་པས་དེ་ལྟ་བས་ན་སངས་རྒྱས་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་བས་ན་སངས་རྒྱས་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བདག་ཅེས་བྱ་བ་ལ་དངོས་པོ་ནི་ཆོས་ཐམས་ཅད་དོ། །དེ་དག་རྟོགས་ པ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡེ་ཤེས་དེ་དང་ལྡན་པས་སངས་རྒྱས་བདག་མེད་ཅེས་བྱའོ། །དེ་ལྟ་བས་ན་བདག་ནི་མཆོག་ཏུ་ཟབ་པའི་སྐུ་གཉིས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྨོངས་པ་གང་གིས་ང་མི་ཤེས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨོངས་ པ་ཞེས་བྱ་བ་ནི་ཐོས་པ་དང་མི་ལྡན་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་དང་བྲལ་བའོ། །དེ་ལྟ་བུའི་ཟབ་མོའི་ངོ་བོ་ཉིད་ཀྱི་སྐུ་གཉིས་གསལ་བར་བསྟན་པའི་ཕྱིར། བདེ་ཆེན་གནས་དེར་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་བདེ་བ་ཅན་ཞེས་བརྗོད་དོ། །འདིར་ནི་བདག་མེད་མ་ལ་སོགས་པའི་བྷ་ག་ལ་བདེ་བ་ཅན་ཞེས་བྱ་སྟེ། མདོར་བསྡུས་པའི་རང་བཞིན་གྱི་བླ་ན་མེད་པའི་བདེ་བ་སྲུང་བར་བྱེད་པའི་ཕྱིར་ཏེ། དེར་བདག་གནས་པའོ། །བདེ་ བ་ཆེན་པོའི་གཟུགས་སུ་གཅིག་པར་ཆོས་ཐམས་ཅད་མཚོན་པར་བྱ་བའི་ཕྱིར། ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །ཞེས་པའོ། །སངས་རྒྱས་ཉིད་ནི་རིན་པོ་ཆེའོ། །དེའི་ཟ་མ་ཏོག་ནི་གཞག་པའི་གནས་སོ། །ད་ནི་དེ་ལྟ་བུའི་བདག་ཉིད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། འཆད་པ་པོ་བདག་ཅེས་ བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུའི་ཆོས་དགྱེས་པའི་རྡོ་རྗེ་ལ་སོགས་པ་འཆད་པར་བྱེད་པའོ། །ཉན་པ་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པའི་སློབ་མའོ། །བསྒྲུབ་བྱ་བདག་ཅེས་བྱ་བ་ནི་གང་སྔར་བསྟན་པའོ། །དེའི་སྒྲུབ་པ་པོ་ཡང་བདག་ཉིད་ཡིན་པའོ། །འགྲོ་བའི་ སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དག་སྟེ་བདག་ཉིད་ཡིན་པའོ། །འཇིག་རྟེན་འཇིག་རྟེན་འདས་པ་ཞེས་བྱ་བ་ལ་སོགས་པ་ལ་གཉི་ག་སྤྲོས་པ་ལས་བྱུང་བ་ནི་འཇིག་རྟེན་ནོ། །འཇིག་རྟེན་ལས་འདས་པ་ནི་དེ་དག་ཉིད་རྒྱུར་གྱུར་པའི་བྱང་ཆུབ་སེམས་ཁུ་བ་སྟེ། འདི་འཇིག་རྟེན་ལ་ དགོས་པའི་ཕྱིར་དང་། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད་ཡིན་པས་བདག་ཉིད་ཡིན་ནོ། །གལ་ཏེ་ཁྱོད་གཙོར་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ན་དེ་ཇི་ལྟ་བུ་ཞིག་ཅེ་ན། ལྷན་ཅིག་སྐྱེས་དགའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཁྱད་པར་ཇི་ལྟ་བུ་ཅན་ ཞིག་ཅེ་ན། མཆོག་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་དགའ་བའི་མཐའ་དགའ་བྲལ་གྱི་དང་པོ་གང་ཡིན་པ་དེ་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྒྲུབ་པར་བྱ་བ་བདེ་བ་ཆེན་པོ་ཀུན་གྱི་བདག་ཉིད་གང་ཡིན་པ་དེ་ཉིད་ཁྱོད་ཡིན་ཞེས་སྔར་གསུངས་པས་ འཁོར་བ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་ནི་བསྒྲུབ་བྱ་མ་ཡིན་ནའང་། དེ་ཇི་ལྟར་ཁྱོད་ཉིད་ཡིན་པར་འགྱུར་ཞེ་ན། དེ་བཞིན་བུས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་སོ། །གང་གི་ཕྱིར་དེ་ཉིད་གཙོར་དཔེས་བསྟན་པར་བྱ་བ་ཡིན་ པས་འདྲ་བར་འགྱུར་བའི་དཔེ་ཉིད་གྱིས་རབ་ཏུ་བསྒྲུབ་པར་བྱ་བ་ཡིན་པས་དེ་ཉིད་ནི་གཙོར་བསྟན་པ་ཡིན་ལ། འདི་ནི་ཉེ་བར་བཏགས་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། མུན་པ་ལ་ནི་མར་མེ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགའ་ཞིག་ཇི་ ལྟར་མུན་པའི་ཡུལ་ན་གནས་པའི་བུམ་པ་དང་། སྣམ་བུ་ལ་སོགས་པ་རྣམས་མེ་སྒྲོན་གྱིས་གསལ་བར་བྱེད་པར་བསྒྲུབ་པ་ལྟར། དེ་བཞིན་དུ་དཔར་གྱུར་པ་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་བདེ་བས་བསྒྲུབ་བྱའི་མཚན་ཉིད་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཡིན་པར་བལྟ་བར་ བྱའོ། །བདེ་གནས་སུ་ཞེས་བྱ་བ་ལ་སོགས་པ་ལ་སྔར་གསུངས་པ་དེ་ཉིད་གསལ་བར་བསྟན་པའི་ཕྱིར། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་དང་དཔེ་བྱད་ཀྱིས་འབར་བའི་སྐུའོ། །གཙོ་བོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་བདག་པོའོ། །བཙུན་མོ་ཞེས་བྱ་བ་ནི་ དཔེ་སྟེ་རྡོ་རྗེའི་བཙུན་མོའོ། །དེའི་བྷ་གར་ཁུ་བ་ཞེས་བྱ་བ་ནི་བདག་ཉིད་གནས་པའོ། །ཁུ་བ་ནི་བདེ་བ་སྟེ་ཕྱི་རོལ་གྱི་ཁུ་བའོ། །དེ་མེད་ཅེས་བྱ་བ་ནི་ཁུ་བ་དེ་མེད་ནའོ། །གང་གི་ཕྱིར་བདེ་བ་ནི་ཁུ་བ་ལྟོས་པ་དང་བཅས་ནས་འབྱུང་བའི་ཕྱིར་ཏེ། ཁུ་བ་མེད་ན་རྒྱུ་གཞན་གྱིས་དེ་ལྟ་བུའི་བདེ་བ་ འབྱུང་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ལྷའི་རྣལ་འབྱོར་ལས་ཀྱང་བདེ་བ་འབྱུང་བར་འགྱུར་ཞེས་བརྗོད་པ་ཡིན་ཏེ། དེ་དང་འདྲ་བར་བདེ་བ་ཆེན་པོ་འདོད་པས་ལྷའི་རྣལ་འབྱོར་ངེས་པ་ཁོ་ནར་བྱ་བ་ཡིན་ནོ། །དེའི་ལམ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཁུ་བ་དང་བདེ་བའི་ངོ་བོ་ཉིད་ཡིན་པའི་ ཕྱིར་རོ། །དེའི་འབྲས་བུར་གྱུར་པ་སངས་རྒྱས་ཀྱང་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ། །ཇི་ལྟ་ཞེ་ན། ཞལ་ཕྱག་རྣམ་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ནི་གཟུགས་ཅན་ནོ། །མཆོག་ཏུ་བདེ་བའི་ཆོས་ཀྱི་སྐུ་ཉིད་ཀྱིས་ནི་ གཟུགས་མེད་པའོ། །དེའི་ཕྱིར་མི་གནས་པའི་གཟུགས་ཅན་ཉིད་ཡིན་པས་ན། གཟུགས་ཅན་མ་ཡིན་གཟུགས་མེད་མིན། །ཞེས་བྱ་བར་གནས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ན། དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་བྱ་བ་སྟེ་སེམས་ཅན་ཐམས་ཅད་དོ། །ལྷན་ཅིག་ སྐྱེས་པ་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བ་སྟེ། ཆོས་རྣམས་ཀྱི་རང་བཞིན་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སྟེ་རྣམ་གྲངས་སོ། །དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། ཇི་ལྟར་བྱས་ནས་ཤེ་ན། རྣམ་དག་རྣམ་པའི་སེམས་ཀྱིས་ནི། །ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་དག་པ་ནི་དྲི་མ་མེད་པ་སྟེ། འོད་གསལ་བའི་ངོ་བོ་ཉིད་དོ། །དེའི་རྣམ་པ་ཅན་གྱི་སེམས་སུ་གང་གི་ཚེ་མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འགྲོ་བ་སངས་ རྒྱས་ཀྱི་རང་བཞིན་ཉིད་ཡིན་ན། དེ་ལྟ་ན་ནི་ཅིའི་ཕྱིར་ལྷའི་རྣམ་པར་སྒོམ་པར་བྱེད་ཅེ་ན། དེ་ནི་བདེན་ན་ལྷའི་རྣམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞིན་ལག་ཁ་དོག་ཅེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་ལུས་ཀྱི་ནི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་བསྒོམ་པ་དོན་མེད་ དོ་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལུས་ཕལ་པའི་ཁྱད་པར་གྱི་དེའི་བག་ཆགས་ཞེས་བྱ་བ་ནི་ལྷག་མའོ། །དེ་སྤང་བའི་ཕྱིར་ཟག་པ་མེད་པའི་ཕུང་པོའི་བག་ཆགས་རྒྱས་པར་བྱ་བའི་དོན་དུ་ལྷའི་སྐུ་བསྒོམ་པར་བྱ་བ་ཡིན་ནོ་སྙམ་དུ་དགོངས་པའོ། །ད་ནི་ལུས་ཀྱི་བསྒོམ་པ་ཡང་ མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་འདི་ཉིད་དཔེ་དུ་མས་བསྒྲུབ་པར་བྱ་བའི་ཕྱིར། དུག་དེ་ཉིད་ཤེས་པ་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པར་བྱེད་ཅེས་བྱ་བ་ནི་འཇིལ་བར་བྱེད་པའོ། །ཇི་ལྟར་ སྔ་མ་ལ་རླུང་ཞེས་བྱ་ཞེ་ན། དབུགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟློག་པ་ཡིན་ཞེ་ན། རིགས་གཅིག་པ་ཡིན་པའི་ཕྱིར་རོ། །དེའི་བརྟགས་པ་ནི་དེ་ཉིད་ཕན་པར་རོ། །སྲིད་པ་ནི་འཁོར་བའོ། །དག་པ་ནི་ཡོངས་སུ་ཟད་པའོ། །སྲིད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་དང་ཕྱག་ མཚན་དང་ས་བོན་ཡོངས་སུ་གྱུར་པས་ནི་སྲིད་པ་སྟེ། ལྷའི་རྣམ་པ་ཉིད་ཀྱིས་དེ་དག་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་རྟོག་ནི་འཁོར་བའོ། །ཀུན་རྟོག་ནི་ལྷའི་རྣམ་པའི་ཀུན་རྟོག་པས་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་བྱ་བ་ནི་དཔེ་ བསྟན་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ནི་རྣམ་པར་རྟོག་པའི་ངོ་བོ་སྟེ་འཁོར་བའོ། །རྣམ་པར་ཞེས་བྱ་བ་ནི་ལྷའི་རྣམ་པའོ། །ངེས་པར་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ནི་ ཉོན་མོངས་པའོ། །དེ་ཉིད་ནི་མེའོ། །དེས་ཚིག་པ་ནི་ཡོངས་སུ་གདུངས་པའོ། །འདོད་ཆགས་ཀྱི་མེས་བསྲེགས་ཤིང་ཡོངས་སུ་བཙོས་པ་ལ། འདོད་ཆགས་ཆེན་པོ་བསྒོམ་པ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུའི་མཚན་ཉིད་ཅན་བསྟན་པའོ། །གང་དང་གང་གིས་ཞེས་བྱ་བ་ལ་ སོགས་པ་ལ། འཆིང་འགྱུར་ཞེས་བྱ་བ་ནི་བཅིངས་པར་གྱུར་པའོ། །མི་ཟད་པའི་ལས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །ཐབས་ནི་སྙིང་རྗེ་ཆེན་པོའོ། །ཆགས་པས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆགས་པའོ། །རྣམ་གྲོལ་འགྱུར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཆགས་ པས་སོ། །བཟློག་པའི་ཞེས་བྱ་བ་ནི་རང་གི་ཕྱོགས་ཉིད་ཡིན་ན་ཡང་མི་མཐུན་པའི་ཕྱོགས་ལྟར་གྱུར་པའོ། །ཡང་དག་པར་ནི་འདོད་ཆགས་གཅིག་པུར་མ་ཟད་ཀྱི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་ཡང་ངོ་། །མི་ཤེས་ཞེས་བྱ་བ་ནི་དེ་ལྟ་བུའི་བདེ་བ་ཆེན་པོ་བསྒོམ་པ་མི་རྟོག་པའོ། ། སངས་རྒྱས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའོ། །ཇི་ལྟར་ན་དེ་དག་སངས་རྒྱས་ཞེས་བྱ་ཞེ་ན། སངས་རྒྱས་ཉིད་སྟོན་པར་ཁས་ལེན་པའི་ཕྱིར་རོ། །ཅིའི་ཕྱིར་མུ་སྟེགས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་བསྟན་པའི་སྙིང་པོར་གྱུར་པ་རྡོ་རྗེ་ཐེག་པ་ཉིད་ལ་རབ་ཏུ་སྡང་བའི་ཕྱིར་རོ། །དེ་ དག་གིས་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་རབ་ཏུ་བསྒྲུབ་པ་ཡིན་ནོ། །ད་ནི་བདེ་བ་ཆེན་པོའི་མཆོག་དེ་ཉིད་དཔག་ཏུ་མེད་པའི་རིགས་སུ་འགྱུར་རོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར་དབང་པོ་གཉིས་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། དབང་པོ་གཉིས་སྦྱོར་བ་ཞེས་པ་ནི་ཤིན་ཏུ་དགའ་བའི་སྦྱོར་བའོ། །འགྱུར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །ལྔ་ཞེས་བྱ་བ་ནི་ལོངས་སྤྱོད་རྣམ་པ་ལྔའོ། །འབྱུང་བའི་རང་བཞིན་ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་ངོ་བོ་ཉིད་དོ། །ཡང་དེ་ཅི་ཞིག་ཅེ་ན། གཅིག་ཉིད་ལས་ཞེས་བྱ་བའོ། །ལྔ་རུ་ཞེས་བྱ་བ་ནི་རྣམ་པ་ལྔར་རོ། །དབྱེ་བས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་ལྔའི་དབྱེ་བས་སོ། །རྡོ་རྗེ་པདྨས་ཞེས་བྱ་བ་ལ་སོགས་པ་ལ། སྲ་བར་ཞེས་བྱ་བ་ནི་སྲ་བར་ཤེས་པ་སྟེ་སའི་ཁམས་སོ། །དེ་ཉིད་ནི་གཏི་མུག་གི་ཆོས་ཏེ་སྲ་བའི་ཕྱིར་རོ། །དྲོད་ ཅེས་བྱ་བ་ནི་དྲོ་བའོ། །འདོད་ཆགས་དྲོད་ལས་ཞེས་བྱ་བ་ནི་ཆགས་པ་ཉིད་དོ། །རླུང་གི་རང་བཞིན་གྱིས་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྲག་དོག་སྟེ། ཨི་ར་ག་ཏ་པི་ཏི་ཞེས་བྱ་བའི་སྐད་ཀྱི་དབྱིངས་སོ། །བདེ་བ་ནི་སྙོམས་པར་འཇུག་པའི་ཆགས་པ་སྟེ། ཆགས་པ་ མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འདོད་ཆགས་ཏེ་འགྲོ་བ་ཐམས་ཅད་ཁ་དོག་བསྒྱུར་བའི་ཕྱིར་རོ། །དེ་ནི་ནམ་མཁའི་མཚན་ཉིད་དེ། རང་བཞིན་མེད་པའི་ཕྱིར་རོ། །ཕྲ་མ་རྡོ་རྗེ་ནི་རིན་ཆེན་འཆང་ངོ་། །དོན་དམ་པར་རབ་ཏུ་སྟོན་པར་བྱེད་པས་ན་ཕྲ་མའོ། །སེམས་ ནི་རིན་པོ་ཆེ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་བཞིན་གྱི་སེམས་སོ། །རང་བཞིན་ལྔ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ལས་ཞེས་བྱ་བ་ནི་དེ་དག་ཉིད་ལས་སོ། །གང་གཱའི་ཀླུང་བཅུའི་ཞེས་བྱ་བ་ལ་སོགས་པ་ལ། རིགས་གཅིག་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ གཅིག་ཉིད་ལའོ། །རིགས་ཀྱི་ཚོགས་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་ཀྱི་རིགས་ཀྱི་ཚོགས་ལ་སྟེ། དེ་བཞིན་གཤེས་པའི་རིགས་ཀྱི་ཚོགས་ཅན་གྱི་རིགས་ཏེ། རིགས་དེ་ལས་རིགས་འབྱུང་བར་འགྱུར་རོ། །རིགས་འབུམ་སོ་སོ་ལས་ཀྱང་རིགས་བྱེ་བ་འབྱུང་བར་འགྱུར་རོ། །དེ་དག་ ལས་ཀྱང་རིགས་གཞན་གྲངས་མེད་པ་འབྱུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བར་འགྱུར་རོ། །མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་མའོ། །དེའི་དྲ་བ་ནི་ཚོགས་ཏེ་དཀྱིལ་འཁོར་གྱི་འཁོར་ལོའོ། །དེའི་སྡོམ་པ་ནི་བདེ་བའི་མཆོག་གོ། །དེའི་ཕྱིར་ དངོས་གྲུབ་ཅེས་བྱ་སྟེ་དེ་གཏན་ལ་དབབ་པའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལེའུ་གཉིས་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་ནི་དགྱེས་པ་རྡོ་རྗེའི་ རྒྱུད་ཀྱི་དབང་དུ་བྱས་པ་སྟེ། དེའི་ཆེད་དུ་བྱས་པའི་དང་པོར་བསྟན་པའི་རྒྱུད་དོ། །ཞེས་བྱ་བ་ནི་མིང་དེ་སྐད་ཅེས་བྱ་བར་རབ་ཏུ་གྲགས་པའོ། །ཐབས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་སོ། །དེ་ཉིད་མདོར་བསྟན་པའི་ཕྱིར་སྡོམ་པ་དང་ནི་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡོམ་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དབང་ནི་དབང་རྣམ་པ་བཞིའོ། །དགོངས་པའི་སྐད་ནི་མངོན་པར་དགོངས་པའི་སྐད་ཉིད་དོ། །དགའ་བ་དང་ཞེས་བྱ་བ་ནི་དགའ་བ་རྣམ་པ་བཞིའོ། །སྐད་ཅིག་དབྱེ་བ་ཞེས་བྱ་བ་ནི་སྐད་ཅིག་མ་རྣམ་པ་བཞིའོ། ། གཞན་ཡང་ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱི་སྤྱོད་པའོ། །ཡང་ཞེས་བྱ་བ་ནི་མིག་ལ་སོགས་པ་དག་པའོ། །བཟའ་བ་ནི་སློབ་དཔོན་གྱིས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ངེས་པར་བྱ་བའི་ཚིགས་བཅད་བསྡུ་བའོ། །སྡོམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ གིས་སྡོམ་པ་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀུན་ལ་ཐ་དད་པ་མི་མངའ་བའི་ཕྱིར་རོ། །ཨེ་ཝཾ་རྣམ་པར་ཞེས་བྱ་བ་ནི་ཆོས་འབྱུང་གི་ཕྱག་རྒྱ་ལ་གནས་པའོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དབང་ལས་ཡང་དག་ཅེས་བྱ་བ་ལ་སོགས་ པ་གསུངས་ཏེ། བླ་མའི་མན་ངག་ལས་ཤེས་པར་བྱ་ཞིང་རབ་ཏུ་བསྒྲུབ་པར་བྱའོ། །མཁའ་འགྲོ་མའི་ཞེས་བྱ་བ་ནི་ཌཱ་ཌཱ་ནི་མཁའ་ལ་འགྲོ་བར་བྱེད་པ་ཞེས་བྱ་བའི་སྐད་ཀྱི་དབྱིངས་ཀྱིས་འདིར་བརྟགས་ནས། ནམ་མཁའ་ལ་འགྲོ་བ་འགྲུབ་པ་ཐམས་ཅད་ལ་མཁའ་འགྲོ་ཞེས་ཀླ་ཀློའི་ སྐད་ཀྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་པས། མཁའ་འགྲོ་མ་ནི་རྡོ་རྗེ་རྣལ་འབྱོར་མའོ། །དེ་དག་སྡོམ་པ་ནི་མཆོག་ཏུ་མདོར་བསྡུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ངོ་བོ་ཉིད་གཅིག་པར་བསྟན་པའི་ཕྱིར། ཨེའི་རྣམ་པའི་ ཆ་བྱད་དོ། །འདི་ལ་བཟང་པོ་ཡོད་པས་ན་བཟང་པོ་སྟེ། བཾ་གྱི་རྣམ་པའོ། །བརྒྱན་པ་ནི་དེས་པདྨའི་ཟེའུ་འབྲུ་མཛེས་པར་བྱས་པའོ། །གནས་ཞེས་བྱ་བ་ནི་རྟེན་ནོ། །སངས་རྒྱས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལྔ་ནི་སྣོད་དུ་གྱུར་པ་ལ་དེ་སྐད་ཅེས་ བྱ་སྟེ། དེ་དག་གི་རྟེན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་དབྱེ་བས་ཕྱེ་བ་ཡི། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ལ་སོགས་པའི་དབྱེ་བས་ཕྱེ་བའོ། །གལ་ཏེ་དགའ་བ་ཉིད་ཡོད་པར་གྱུར་ན་སྐད་ཅིག་མའི་དབྱེ་བས་ཅི་ཞིག་བྱ་ཞེ་ན། སྐད་ ཅིག་ཤེས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་མ་རྣམས་ཀྱིས་རང་གི་ངོ་བོ་ཤེས་ན་ནི་དགའ་བ་རྣམས་ཀྱིས་བདེ་བའི་བྱེད་པ་ཡོངས་སུ་ཤེས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །སྐད་ཅིག་མའི་དབྱེ་བ་དེ་དག་ཉིད་བསྟན་པའི་ཕྱིར། སྣ་ཚོགས་ དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་ཞེས་བྱ་བ་སྣ་ཚོགས་པ་ལ་མཁས་པ་སྟེ་སློབ་དཔོན་གྱི་ལས་སོ། །རྣམ་སྨིན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལས་ཟློག་ཅེས་བྱ་བ་ནི་དེ་དང་མི་འདྲ་བར་གྱུར་པའོ། །ཡེ་ཤེས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། ། དེ་ཟ་བ་ནི་དེ་ཉམས་སུ་མྱོང་བའོ། །རྣམ་པར་ཉེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཟོས་ཞེས་བྱ་བ་ནི་འདས་མ་ཐག་པ་ཞིག་པ་དྲན་པའོ། །ཡང་ན་ཤེས་པ་སོ་སོར་རྟོགས་པ་ནི་ཟོས་ཞེས་བྱ་སྟེ། བདག་གིས་བདེ་བ་སྤྱད་པར་གྱུར་ཏོ་ཞེས་སྔར་གྱི་ངེས་པར་འཛིན་པའོ། །མཚན་ཉིད་བྲལ་བ་ ཞེས་བྱ་བ་ནི་སྔར་བསྟན་པ་གསུམ་པོའིའོ། །ཆགས་དང་ཆགས་བྲལ་ཞེས་བྱ་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པ་དང་བྲལ་བའོ། །སྣ་ཚོགས་དང་ནི་ཞེས་བྱ་བ་ལ་སོགས་པས་ནི་དགའ་བ་རྣམ་པ་བཞི་དབང་བསྐུར་བ་རྣམ་པ་བཞི་རྣམ་པར་གཞག་པར་བྱེད་དེ། དགའ་བ་སོ་ སོས་ཀྱང་སློབ་དཔོན་དང་གསང་བ་དང་ཤེས་རབ་དང་བཞི་པ་ཞེས་བྱ་བར་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་དགའ་བ་སོགས་པས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་ཞེས་བྱ་ཞེས་བྱ་བ་ནི་དགའ་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །མཆོག་ཏུ་དགའ་བ་ནི་གསང་བའི་དབང་ ངོ་། །དགའ་བྲལ་ནི་ཤེས་རབ་ཀྱི་དབང་ངོ་། །ལྷན་ཅིག་སྐྱེས་པ་ནི་དབང་བསྐུར་བ་བཞི་པའོ། །དེ་ལྟར་དབང་བསྐུར་བ་བཞི་སོ་སོ་དང་སྐད་ཅིག་མ་བཞི་དང་དགའ་བ་བཞི་བླ་མའི་མན་ངག་ལས་སྦྱར་བ་ཤེས་པར་བྱ་སྟེ། དེ་ལྟར་ན་དབང་བཞིའི་རྣམ་གྲངས་ཤེས་པར་བྱའོ། །རྒོད་ པའི་དག་པས་ཞེས་བྱ་བ་ལ་སོགས་ནི་དབང་གི་རྣམ་པར་དག་པ་གསུངས་པ་ཡིན་ཏེ། བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་ལྷ་རྣམས་ཐབས་དང་ཤེས་རབ་ཀྱི་རྗེས་སུ་ཆགས་པས་དགོད་པ་བསྟན་ཏེ། དེ་རྣམ་པར་དག་པ་ནི་སློབ་དཔོན་ཞེས་བྱ་བ་སློབ་དཔོན་གྱི་དབང་ བསྐུར་བའོ། །སྤྱོད་པའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་ཐབས་དང་ཤེས་རབ་རྗེས་སུ་ཆགས་པ་སྟོན་པར་བྱེད་ཕན་ཚུན་ལྟ་བ་འབྱུང་བ་སྟེ་དེའི་རྣམ་པར་དག་པ་ནི་གསང་བའི་དབང་བསྐུར་བའོ། །རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ཐབས་དང་ཤེས་རབ་ཕན་ཚུན་འཁྱུད་པ་འབྱུང་སྟེ། དེའི་རྣམ་པར་དག་པ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །རྣལ་འབྱོར་བླ་ན་མེད་ཅེས་བྱ་བ་ལ་སོགས་པ་ཁ་ཅིག་ཏུ་ཐབས་དང་ཤེས་རབ་གཉིས་ཀྱིས་སྙོམས་པར་འཇུག་པ་འབྱུང་བས་དེའི་རྣམ་པར་དག་པ་ནི་དབང་བསྐུར་བ་རྣམ་པ་བཞིའོ། །དེའི་ཕྱིར། དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་གསུངས་ ཏེ། བཞི་ནི་རྣམ་པ་བཞིའོ། །བཤད་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྒྱུད་འདིར་ཏེ་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་འདིར་སྐལ་པ་དང་ལྡན་པར་བྱས་ན་ཐམས་ཅད་ལ་དབང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །དབང་བསྐུར་ ཞེས་བྱ་བ་ནི་སྒྲའི་དོན་བསྟན་པའི་ཕྱིར། དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླུགས་ཤིང་བཀྲུས་ཏེ་དྲི་མ་མེད་པར་བྱས། །ཞེས་བྱ་བའི་དོན་ཏོ། །ལག་པ་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་དབང་བསྐུར་བ་གསུངས་པ་སྟེ། རྡོ་རྗེ་ དྲིལ་བུས་མཉམ་པར་སྦྱོར་བའི་ལག་པས་སམ། པདྨ་དང་རྡོ་རྗེ་དག་གིས་ཏེ་མན་ངག་ཇི་ལྟ་བ་བཞིན་དུ་སློབ་དཔོན་གྱི་དབང་བསྐུར་བ་ཡིན་ནོ། །ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་དབང་བསྐུར་བའི་ཕྱིར་ཤེས་རབ་ཀྱི་ངོ་བོ་གསུངས་པ་ཡིན་ཏེ། ལག་པ་གཡོན་ པའི་མཐེ་བོ་དང་སྲིན་ལག་དག་གིས་སྙོམས་པར་འཇུག་པའི་རོ་སློབ་མའི་ཁར་འཛུད་ཅིང་གསང་བའི་དབང་བསྐུར་བའི་ཚིགས་བཅད་བརྗོད་པ་སྟེ་བཤད་པ་གཅིག་ཡིན་ནོ། །ཡང་ན་མཐེ་བོ་ཞེས་བྱ་བ་ནི་ལ་ལ་ནཱའོ། །སྲིན་ལག་ཅེས་བྱ་བ་ནི་ར་ས་ནཱའོ། །དེ་གཉིས་ནས་སློབ་མའི་རྡོ་རྗེ་ནོར་ བུའི་སྒོར་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པ་དེའི་མན་ངག་བསྟན་པའོ། །དེ་ཉིད་དུ་ནི་བྱ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་དུ་ནི་ཞེས་བྱ་བ་ནི་ཤེས་རབ་གང་ལ་མན་ངག་བསྟན་པ་ཉིད་ལའོ། །རོ་མཉམ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དག་གི་བྱང་ཆུབ་ཀྱི་སེམས་ཡང་དག་ པར་འབྱོར་པའོ། །སློབ་མའི་སྤྱོད་ཡུལ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡུལ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུ་ནི་གསང་བའི་དབང་བསྐུར་བའོ། །སྟོན་པས་ཤེས་རབ་ཅེས་གསུངས་པ་ནི་རྒྱུད་ནས་གསུངས་པའི་མཚན་དང་ལྡན་པའོ། །མཆོད་ཅེས་བྱ་བ་ནི་དང་པོར་རོ། །སྟོན་པ་ཞེས་ བྱ་བ་ནི་བླ་མ་སྟེ། དཀའ་བར་གྱུར་པའི་ལས་རྣམས་ཀྱི་ཁུར་བཟོད་དམ་མི་བཟོད་ཅེས་བརྟག་པའི་ཕྱིར་རོ། །དེ་ནས་རྒྱུད་ནས་གསུངས་པའི་འཆད་པར་འགྱུར་བའི་ཚིགས་བཅད་བརྗོད་ནས་གཏད་པར་བྱའོ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །འདི་ ལྟ་བུ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །སློབ་མ་ཆེ་འགྱུར་ཤེས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཆེ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྣོད་དུ་གྱུར་པའོ། །ཕྲག་དོག་སྤངས་ཞེས་བྱ་བ་ནི་སེར་སྣ་དང་བྲལ་བའོ། །ཁྲོ་བ་རྣམ་སྤངས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་ པོ་དང་ལྡན་པའོ། །དེ་ལ་ཞེས་བྱ་བ་ནི་སློབ་མ་ལའོ། །སྣང་བ་སྦྱིན་ཞེས་བྱ་བ་ནི་མན་ངག་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཀྱང་བརྗོད་པར་བྱ་སྟེ་དབང་པོ་གཉིས་སྦྱོར་ཞེས་ཀྱང་ངོ་། །སྦྱོར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྙོམས་པར་འཇུག་པ་སྟེ་གྱིས་ཤིག་ཅེས་བྱ་ བའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བ་བཞི་པའོ། །ད་ནི་དབང་གི་དོན་དུ་སློབ་མས་ཇི་ལྟར་མཉེས་པར་བྱ་བ་བསྟན་པའི་ཕྱིར། སློབ་མའི་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་གདབ་ཅེས་བྱ་བ་ནི་དོན་དུ་གཉེར་བར་བྱའོ། །བཅོམ་ ལྡན་ཞི་བ་ཆེན་པོ་ཀྱེ། །ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་བསྟོད་པའོ། །གཉིས་སུ་མེད་པའི་རྣལ་འབྱོར་ལ་ངེས་པར་གནས་པའི་ཕྱིར་ཞི་བ་ཆེན་པོའོ། །རྡོ་རྗེ་ནི་རྡོ་རྗེའོ། །རྣལ་འབྱོར་ནི་སྙོམས་པར་འཇུག་པའི་ཁྱད་པར་རོ། །དེར་གཅིག་ཏུ་གཏད་པ་གཅིག་བཞེད་པའོ། །ཕྱག་རྒྱ་ སྒྲུབ་པ་པོ་ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་བཞིའོ། །སྒྲུབ་པ་པོ་ནི་ཡོངས་སུ་མཉེས་པར་བྱེད་པ་པོའོ། །སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་མི་ཕྱེད་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་གི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་ལས་ཡང་དག་པར་བྱུང་ བའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཁྱོད་འགྲོ་བ་ལ་ཕན་པའི་རྒྱུ་ཡིན་པ་ལྟར་རོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུའོ། །མངའ་བདག་ཅེས་བྱ་བ་ནི་གཙོ་བོའོ། །འདམ་དང་འདྲ་བ་ནི་འདམ་སྟེ་འཁོར་བའོ། །ཚོགས་ཞེས་བྱ་བ་ནི་ སྤུངས་པའོ། །དེར་བྱིང་བ་བདག་ལ་སྐྱོབས་ཞེས་བྱ་བ་སྐྱབས་མཛོད་ཅིག་པ་སྟེ། སྐྱབས་མེད་བདག་ལ་ཞེས་བྱ་བར་སྦྱར་རོ། །ཞིམ་པའི་ཞེས་བྱ་བ་ནི་ཤིན་ཏུ་ཞིམ་པར་སེམས་པའོ། །བཟའ་བ་བཏུང་བ་དང་ཞེས་བྱ་བ་ནི་མདོར་བསྟན་པའོ། །ཆང་དང་ཤ་ཆེན་ཞེས་བྱ་བ་ནི་རྒྱས་པར་ བཤད་པའོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་འཛིན་པ་སྟེ་བླ་མའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཐོབ་ཅེས་བྱ་བ་ནི་ཤིན་ཏུ་གནས་པའོ། །སྣ་ཚོགས་སྤངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སྟེ་བཞི་པའོ། །སེམས་དཔའ་ཆེ་ ཞེས་བྱ་བ་ནི་སློབ་མས་རྟོགས་པར་བྱ་བའི་ཕྱིར་བདེ་བ་སྟེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །བདེ་བ་ཆེན་པོའི་རྣམ་པར་ཟུང་། །ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་གནང་བ་སྦྱིན་པའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་ པས་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་རྗེས་སུ་གནང་བ་མདོར་བསྟན་ཏོ། །དབང་བསྐུར་ཞེས་བྱ་བ་ནི་དབང་བསྐུར་བས་དབང་བསྐུར་བའོ། །བྱ་བ་ཀུན་ཞེས་བྱ་བ་ནི་བྱ་བའི་ཚོགས་སོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་བླ་མའོ། །འདི་སྐད་སྨྲ་ཞེས་བྱ་བ་ནི་ཅི་ཞིག་སྨྲ་ཞེ་ན། འདི་ཉིད་ ཅེས་བྱ་བ་ལ་སོགས་པ་སྟེ་འདི་ཉིད་ཅེས་བྱ་བ་ནི་དབང་བསྐུར་བ་ཐོབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་ཉིད་དོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ལུས་ལ་གནས་པའོ། །གཉིས་སུ་མེད་པ་ནི་ཐབས་དང་ཤེས་རབ་གཉིས་སུ་སྣང་བ་དང་བྲལ་བ་ཉིད་དོ། །གཉིས་ནི་དེ་དག་ཉིད་ ཀྱི་ངོ་བོའོ། །དངོས་དང་དངོས་མེད་བདག་ཉིད་ཅེས་བྱ་བ་ནི་མཆོག་ཏུ་དགའ་བ་དང་། །དགའ་བ་དང་དགའ་བྲལ་གྱི་ངོ་བོའོ། །གཙོ་བོ་ཞེས་བྱ་བ་ནི་དགའ་བ་གསུམ་པོས་ལས་མཆོག་ཏུ་གྱུར་པའོ། །བརྟན་ནི་ཆོས་དང་དམ་ཚིག་ཕྱག་རྒྱ་བསྒོམས་པའོ། །གཡོ་བ་ནི་ཕྱི་རོལ་གྱི་ ཕྱག་རྒྱ་དང་སྙོམས་པར་འཇུག་པའོ། །དེ་དག་ཐམས་ཅད་ལ་ཁྱབ་ནས་གནས་པ་ཡང་འདི་ཉིད་དོ། །སྒྱུ་མའི་གཟུགས་ཅན་ཞེས་བྱ་བ་ནི་སྤྲུལ་པ་སྣ་ཚོགས་ལྟ་བུའོ། །དེ་ལྟ་ན་འདི་ཐབས་གང་གིས་འགྲུབ་པར་འགྱུར་ཞེ་ན། དཀྱིལ་འཁོར་འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། སོགས་ཞེས་བྱ་བའི་སྒྲས་ནི་ཕྱག་རྒྱ་གཉིས་ཀྱི་མན་ངག་དང་། དཔའ་བོ་གཅིག་པུ་ལ་སོགས་པ་ལ་མོས་པ་ཡང་བསྡུའོ། །ཡང་ན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲས་ཕྱག་རྒྱ་ཆེན་པོའི་མན་ངག་གཟུང་ངོ་། །བཟོད་པ་གསོལ་ནས་ཞེས་བྱ་བ་ནི་བཟོད་པར་གྱིས་ ཤིག་ཅེས་བྱས་ནས། གསོལ་ཏོ་ཞེས་བྱ་བ་ནི་ཞུས་པར་གྱུར་པའོ། །སངས་རྒྱས་ཐམས་ཅད་ཀྱིས་གང་བར་གྱུར་པས་ན་གྲོང་ཁྱེར་རོ། །ཅི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཁྲུལ་གྱུར་པས་ཞེས་བྱ་བ་ནི་བདག་ཐེ་ཚོམ་དང་ལྡན་པར་གྱུར་ཅེས་བྱ་བའི་དོན་ཏོ། ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་ཞེས་བྱ་བ་ནི་སྙིང་པོ་ཞེས་བྱ་བའི་རྣམ་གྲངས་སོ། །སྙིང་པོ་དེ་ཅི་ཞིག་ཅེ་ན། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པས་བསྐྱེད་པའི་སྡུག་བསྔལ་ དང་བྲལ་བའི་མཚན་ཉིད་ཅན་ནོ། །དེ་ལེན་པ་ནི་བདག་གིར་བྱེད་པའོ། །དེ་ཡིས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །འདུས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་སྟེ། འདི་ལྟ་བུ་ནི་དོན་དམ་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ལྟར་ ཞེས་བྱ་བ་ནི་བདེ་བ་ཆེན་པོའི་མཚན་ཉིད་ཅན་ནོ། །གནས་ཞེས་པ་ནི་སྙིང་རྗེ་ཆེན་པོའོ། །ནམ་མཁའི་ཁམས་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཡུལ་ལ་སོགས་པ་རྣམ་པར་སྦྱོང་ཞེས་བྱ་བ་ནི་དེ་དག་རོ་གཅིག་པར་གྱུར་པའི་འོད་གསལ་བའི་མཚན་ཉིད་དོ། །རྡོ་རྗེ་ནི་ སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སེམས་རྡོ་རྗེའོ། །པདྨ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་དག་མན་ངག་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྦྱོར་བ་ནི་སྦྱོར་བའོ། །དེའི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དེའོ། །བདེ་བ་ནི་འོད་གསལ་བའི་མཚན་ཉིད་ཅན་ནོ། །ཤེས་ པར་གྱུར་ཅེས་བྱ་བ་ནི་རྟོགས་པར་གྱུར་ནས་ཞེས་བྱ་བའི་དོན་ཏོ། །གསོལ་བ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་མགུ་བར་གྱུར་ནས་སོ། །ཅིའི་ཕྱིར་གསོལ་ཞེ་ན། རྣལ་འབྱོར་བླ་ན་མེད་པ་འདིར་དམ་ཚིག་དང་སྡོམ་པ་མ་གསུངས་པས་དེའི་ཕྱིར་གསོལ་བའོ། །ཁྱོད་ཀྱིས་སྲོག་ཆགས་གསད་པ་ དང་། །ཞེས་བྱ་བ་ནི་མདོར་བསྟན་པའོ། །འདི་དག་ཉིད་ཀྱི་བཤད་པ་ནི་སེམས་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ངོ་བོ་ཉིད་ཐོབ་པར་འགྱུར་བ་ནི་སེམས་གཅིག་པ་ཉིད་དེ། དེ་ནི་སྲོག་ཆགས་གསོད་པའོ། །དེ་ཇི་ལྟར་ཡིན་ཞེ་ན། གང་ ཕྱིར་སྲོག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྲོག་ཆགས་རྣམས་ཀྱི་སྲོག་ཏུ་གྱུར་པ་ནི་སེམས་ཉིད་དོ། །འདི་སྐྱེ་བ་མེད་ཉིད་ནི་གཅོད་པའོ། །འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། བསྒྲལ་བ་ཞེས་བྱ་བ་ཉིད་བརྫུན་གྱི་ཚིག་སྟེ། དོན་དམ་པར་སེམས་ཅན་གྱི་ འཇིག་རྟེན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །བཙུན་མོ་ཞེས་བྱ་བ་ནི་རྡོ་རྗེའི་བཙུན་མོའོ། །དེའི་ཁུ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཡང་འཕགས་པའི་ལམ་བསྒོམ་པས་ཐོབ་པ་ཡིན་པས་དེའི་ཕྱིར་མ་བྱིན་པར་ལེན་པའོ། །རང་མཚུངས་མཛེས་ཞེས་བྱ་བ་ ནི་བདག་མེད་མ་ལ་སོགས་པའོ། །དེ་ཇི་ལྟར་གཞན་གྱི་བུད་མེད་ཡིན་ཞེ་ན། མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་རང་བཞིན་ཅི་ལགས་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་རྣམས་ཀྱིའོ། །གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཞེས་བྱ་བ་ནི་ཇི་ལྟར་འཆད་པར་འགྱུར་ བའོ། །དབང་པོ་དྲུག་ཅེས་བྱ་བ་ནི་མིག་ལ་སོགས་པའོ། །ཡུལ་དང་ཡུལ་ཅན་ཞེས་བྱ་བ་ནི་མིག་ལ་སོགས་པའོ། །འདུ་བྱེད་ཐ་མ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བར་དུ་སྟོན་པའོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་ལས་དང་པོ་པའི་རྣལ་འབྱོར་མ་རྣམས་སོ། །གོ་བྱའི་ཕྱིར་ཞེས་ བྱ་བ་ནི་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །འདི་རྣམས་ཀྱི་རང་བཞིན་ཅི་ཞིག་ཅེ་ན། གདོད་ནས་མ་སྐྱེས་ཞེས་བྱ་བ་གསུངས་ཏེ། གདོད་མ་ནས་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ། །དེ་ལྟར་ན་སྣང་བར་ཇི་ལྟར་འགྱུར་ཞེ་ན། བརྫུན་མིན་བདེན་མིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྣང་བར་འགྱུར་ བ་ཉིད་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའོ། །ཆུའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་ཡང་གཞན་ཡིན་ལ་སྣང་བ་ཡང་གཞན་ཡིན་པ་ཉིད་དོ། །ཤེས་གྱིས་ཞེས་བྱ་བ་ནི་ཤེས་པར་གྱིས་ཤིག་པའོ། །འདོད་པས་ཞེས་བྱ་བ་ནི་ལྟར་འདོད་པའི་ དབང་གིས་སོ། །གཙུབ་ཤིང་ཞེས་བྱ་བ་ནི་གཙུབ་པར་བྱེད་པའོ། །གཙུབ་སྟན་ཞེས་བྱ་བ་ནི་གཙུབ་པར་བྱ་བའི་གཞིའོ། །སྐྱེས་བུའི་ལག་པའི་རྩོལ་བ་ཞེས་བྱ་བ་ནི་བྱ་བའོ། །གློ་བུར་དུ་ཞེས་བྱ་བ་ནི་དེ་དག་ལ་ཡོད་པ་མ་ཡིན་ན་ཡང་ངོ་། །ཡོད་པ་མ་ཡིན་པས་ཞེས་བྱ་བ་ནི་དམིགས་ པར་མ་གྱུར་པའོ། །བདེན་པ་མ་ཡིན་ཞིང་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །བརྫུན་པ་ཡང་མ་ཡིན་ཞེས་བྱ་བ་ནི་དེ་ལྟ་བུར་སྣང་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཡིད་ལ་གྱིས་ཤིག་ཅེས་བྱ་བ་ནི་ཡིད་ལ་ཟུང་ཤིག་པའོ། །འཐུང་བར་བྱེད་དོ་ཞེས་བྱ་བ་ནི་ ངོམས་པར་འཐུང་བའོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རོའོ། །དགྱེས་ནས་ཞེས་བྱ་བ་ནི་དགྱེས་པར་གྱུར་ནས་སོ། །ཤིན་ཏུ་སྤྲོས་པ་མེད་པའི་མཚན་ཉིད་ཅན་གྱི་སྤྱོད་པ་གང་གིས་བྱིན་གྱིས་བརླབས་པའི་ཕྱིར། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་བསྟན་པ་ ཞེས་བྱ་བ་སྟེ། རབ་ཏུ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ཐོབ་པའི་རྒྱུ་ནི་དེ་ཉིད་ཅེས་བྱ་བའོ། །མཆོད་པ་ཉིད་ནི་རྡོ་རྗེ་སྟེ་བརྟན་པར་གྱུར་པའི་ཕྱིར་རོ། །འདོད་པས་ཞེས་བྱ་བ་ནི་མགུ་བས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའོ། ། བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་བྱང་ཆུབ་ཐོབ་པར་བྱ་བའི་སེམས་ཀྱིས་སམ། ཡང་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སེམས་ཏེ་དེས་སོ། །དེ་ཉིད་བསྟན་པའི་ཕྱིར། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །ཞེས་གསུངས་པ་ཡིན་ནོ། །ཡི་དགས་གནས་ཞེས་བྱ་བ་ནི་དུར་ཁྲོད་ དོ། །མགོ་སྐྱེས་ཞེས་བྱ་བ་ནི་སྐྲའོ། །དབང་པོ་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་རྣམ་པར་དག་པ་སྔར་མ་མཛད་པའོ། །ཐམས་ཅད་ཡུལ་ཞེས་བྱ་བ་ནི་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀྱིའོ། །གཏི་མུག་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་མའོ། །ཞེ་སྡང་རྡོ་རྗེ་ནི་བདག་མེད་ མའོ། །སེར་སྣ་རྡོ་རྗེ་མ་ནི་གསང་བའི་གཽ་རཱིའོ། །འདོད་ཆགས་རྡོ་རྗེ་མ་ནི་ཆུའི་རྣལ་འབྱོར་མའོ། །ཕྲག་དོག་རྡོ་རྗེ་མ་ནི་རྡོ་རྗེ་མཁའ་འགྲོ་མའོ། །དགོངས་པའི་སྐད་ནི་དགོངས་པ་དང་བཅས་པའི་ཚིག་སྟེ། བསམ་པ་གཙོར་བྱས་ནས་སྨྲ་བ་ཡིན་གྱི་ཡི་གེ་གཙོར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །དམ་ཚིག་ཆེ་ཞེས་བྱ་བ་ནི་གསང་བའི་བརྡའོ། །མི་ཤེས་པ་ཞེས་བྱ་བ་ནི་མཚོན་པ་མ་ཡིན་པའོ། །དགོད་དང་ཞེས་བྱ་བ་ལ་སོགས་པས་ནི་ཤིན་ཏུ་གསང་བ་ཉིད་དུ་གསུངས་པ་ཡིན་ནོ། །དགོད་པ་ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་ རྣམས་སོ། །མ་གསུངས་པ་ནི་མ་བསྟན་པའོ། །རིགས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ལྔ་ཞེས་བྱ་བ་ནི་སོ་སོར་གྱུར་པ་རྣམ་པ་ལྔ་སྟེ་དེ་བཤད་པའོ། །གསང་བའི་སྐད་ནི་སངས་རྒྱས་ཀྱི་རིགས་ཅན་གྱིའོ། །གཡུང་མོ་རྡོ་རྗེའི་རིགས་ཅན་བཤད། །ཅེས་བྱ་བ་ལ་སོགས་པ་ལ་རིགས་ཉིད་ རིགས་ཅན་ནོ། །བཤད་ཅེས་བྱ་བ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སུའོ། །ཅིའི་ཕྱིར་འདི་དག་ལ་རིགས་ཞེས་བྱ་ཞེ་ན། ཤིན་ཏུ་གྲུབ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེར་ཞེས་བྱ་བ་ནི་རྡོ་རྗེའི་ཡེ་ཤེས་ཐོབ་པའི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ། །མཆོད་ནས་ཞེས་བྱ་བ་ནི་རྡོ་རྗེ་དང་ པདྨའི་རྣལ་འབྱོར་གྱིས་སོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ཞེས་བྱ་བ་ནི་དམ་ཚིག་ཡོངས་སུ་སྐྱོང་བར་བྱེད་པའོ། །དམ་ཚིག་ཉམས་ཞེས་བྱ་བ་ནི་དམ་ཚིག་འདྲལ་བར་བྱེད་པའོ། །ཡམས་དང་འཚེ་བ་ཞེས་བྱ་བ་ནི་དེ་དག་གི་གནོད་པས་ཡོངས་སུ་གནོད་པའོ། ། རང་གི་དམ་ཚིག་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པས་རྙེད་པའོ། །ཁྲོ་བ་ནི་ཞེ་སྡང་ངོ་། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་དགོངས་པའི་སྐད་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་ པ་གཉིས་པའི་ལེའུ་གསུམ་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོ་ལ་སོགས་པ། །ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་སྔོན་དུ་འགྲོ་བའོ། །ཐེ་ཚོམ་དུ་གྱུར་པ་ནི་ཡིད་གཉིས་ཟ་བའོ། །ཅིའི་ཕྱིར་ཐེ་ཚོམ་དུ་འགྱུར་ཞེ་ན། ཐ་མལ་པའི་གླུ་དང་གར་ལ་སོགས་པ་ནི་ རྣམ་པར་གཡེང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྷ་དབང་བསྐུར་བའི་ཞེས་བྱ་བའི་ལྷ་དབང་བསྐུར་བའི་ལེའུ་ལས་མངོན་པར་དབང་བསྐུར་བར་གྱུར་པ་ནི་ཅོད་པན་ལ་རང་གི་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གིས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་རྒྱས་བཏབ་པའོ། །གང་ས་བོན་ ཞེས་བྱ་བ་ནི་ལྷ་གང་གི་ས་བོན་གང་ཡིན་པའོ། །འཁྲུལ་པ་ནི་ཡོངས་སུ་མི་ཤེས་པར་བདག་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཀོལླ་ཨི་རི་ཞེས་བྱ་བ་ནི་གནས་ཀྱི་ཁྱད་པར་རོ། །མུམྨུ་ནི་ཞེས་བྱ་བ་ནི་ཞིང་ངོ་། །བོལླ་ཀཀྐོ་ལ་ཞེས་བྱ་བ་ནི་དེས་ཉེ་བར་མཚོན་པའི་རྣལ་འབྱོར་དང་རྣལ་འབྱོར་མ་ རྣམས་རིང་ན་གནས་སུ་ཟིན་ཀྱང་འདུ་བ་ཉིད་མཚོན་པར་བྱེད་དོ། །གྷ་ཎ་ཨ་ཞེས་བྱ་བ་རྒྱུན་མི་འཆད་པའོ། །ཀྲི་པི་ཌ་ཧོ་ཞེས་པ་ནི་ཅང་ཏེའུའོ། །ཀཱ་རུ་ཎི་ཞེས་བྱ་བ་ནི་ཕན་ཚུན་བརྩེ་བ་དང་ལྡན་པའི་བྱ་བས་ཀུ་ཅོ་མི་བྱེད་པའོ། །རོ་ལཱ་ཞེས་བྱ་བ་ནི་འཐབ་རྩོད་དོ། །འོ་ན་དེ་ལྟར་ནི་མི་བྱེད་ཅེ་ན། བཱ་ལ་ཁཛྫ་ཞེས་བྱ་བ་ལ་སོགས་པ་སྟེ། གྷ་ཌེཾ་ཞེས་བྱ་བ་ནི་ཆོག་པ་མེད་པར་ཇི་ལྟར་ཡོད་པ་བཞིན་འཐུང་བའོ། །ཧ་ལེ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ལ་འབོད་པའོ། །ཀ་ལིཉྫ་ར་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པ་རྣམས་སོ། །དུ་དྷུ་ར་ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་རྣམས་སོ། ། ཙ་ཨུ་ས་མ་ཞེས་བྱ་བ་ནི་མཉམ་པར་འབྱུང་བ་རྣམས་སོ། །ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི་ཞེས་བྱ་བ་ནི་འདུ་བ་བྱས་པ་དེར་ཤིན་ཏུ་ཡང་བཟའ་བར་བྱའོ། །ཤུདྡྷ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །ཨ་ཤུདྡྷ་ཞེས་བྱ་བ་ནི་ལས་དང་པོ་པ་སྟེ་དེ་དག་མི་ཤེས་པའོ། །ཨ་ག་ཙ་ཌ་ཝི་ཞེས་བྱ་བ་ནི་ལུས་ ལ་གདགས་པར་བྱ་བའོ། །ཏ་ཧིཾ་ཛ་ཞེས་བྱ་བ་ནི་དེར་རོ། །ས་རཱ་ཝ་ཞེས་བྱ་བ་ནི་གཞག་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་བཞི་པོ་འདི་དག་ནི་རྐང་པ་བཞི་བཞི་དང་ལྡན་པ་ཡིན་ནོ། །ཚིགས་སུ་བཅད་པ་བཞི་པོའི་རྗེས་ཐོགས་སུ་འདྲུ་བ་ཀ་ཞེས་བྱ་བ་བསྟབས་ ཤིང་གླུར་བླང་བར་བྱའོ། །དེ་ཉིད་གསུངས་པ་མ་ལ་ཨ་ཛེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཀོལླ་ཨི་རི་ཞེས་བྱ་བ་ནི་མགོའོ། །བོལླ་ཞེས་བྱ་བ་ནི་དེ་གནས་པའི་ཡི་གེ་ཧཾ་ངོ་། །མུམྨུ་ནི་ཞེས་བྱ་བ་ནི་ལྟ་བའོ། །ཀ་ཀྐོ་ལཱ་ཞེས་བྱ་བ་ནི་ཡི་གེ་ཨཾ་ངོ་། །དེ་ གཉིས་ཀྱི་རྣལ་འབྱོར་ནི་གྷ་ཎ་སྟེ་རྒྱུན་མི་འཆད་པའོ། །ཀྲི་པི་ཊཱ་ནི་མི་ཤིག་པའི་སྒྲའོ། །བཱཛྫ་ཞེས་བྱ་བ་ནི་དེ་ཀུན་དུ་འབྱུང་བའོ། །ཀཱ་རུ་ཎི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཀ་ཨ་ཨི་ཞེས་བྱ་བ་ནི་མི་བྱེད་པའོ། །ཎ་རོ་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྙོམས་པར་འཇུག་པ་མི་བྱེད་ པའོ། །ཏ་ཧིཾ་བི་ལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་དངོས་པོའོ། །ཁཛྫ་ཨི་ཞེས་བྱ་བ་ནི་བདག་ཉིད་མི་དམིགས་པར་བྱའོ། །མ་ཨ་ཎ་བི་ཛ་ཨ་ཨི་ཞེས་བྱ་བ་ནི་རྣལ་འབྱོར་ལས་སྐྱེས་པའི་བདེ་བ་ཆེན་པོའི་བཏུང་བ་བཏུང་བར་བྱའོ། །ཀལིཉྫ་ཞེས་བྱ་བ་ནི་རླུང་ངོ་། །པ་ནི་ཨ་ཨི་ ཞེས་བྱ་བ་ནི་ནང་དུ་འཇུག་པས་སོ། །དུ་དྷུ་ར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། །ཙ་ཨུ་ས་མ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །ཀཙྪུ་རི་ཞེས་བྱ་བ་ནི་ཚོར་བའོ། །སིཧླ་ཞེས་བྱ་བ་ནི་འདུ་ཤེས་སོ། །ཀ་པུ་ར་ཞ