Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 3
Văn bản gốc(Tây Tạng)
Trang 2 / 20 (50.000 ký tự/trang)
ྔལ་བྱེད་པ་ནི་སྤྱོད་པ་ སྟེ་བཤད་པར་བྱ་བའོ། །ཕ་རོལ་སོང་ཞེས་བྱ་བ་ནི་ཤིན་ཏུ་འཇིག་རྟེན་ལས་འདས་པའོ། །མཆོག་ནི་གཙོ་བོར་གྱུར་པ་སྟེ། གང་གིས་རྟོགས་པར་འགྱུར་ཞིང་རབ་ཏུ་གོ་བར་འགྱུར་བའོ། །གང་གིས་ཞེས་བྱ་བ་ནི་གང་གིས་སོ། །ཅི་ཞིག་རབ་ཏུ་གོ་བར་འགྱུར་ཞེ་ན། གྲུབ་མཐའ་ངེས་པར་ཞེས་བྱ་ བའོ། །དངོས་གྲུབ་རྒྱུ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་དོན་དུ་ཚེ་འདི་ཉིད་ལ་དངོས་གྲུབ་འབྱུང་ངམ་མི་འབྱུང་བ་མཚན་མ་ཐོབ་པ་ལ་ངེས་པར་འགྱུར་བའོ། །སྒོམ་པ་པོ་ཞེས་བྱ་བ་ནི་རྣལ་འབྱོར་པ་སྤྱོད་པ་པོ་སྟེ། ལྷ་རྫས་ཀྱི་རུས་པའི་རང་བཞིན་ཉིད་དོ། །མི་འཆི་བཅུ་ཕྱེད་ནི་བདུད་རྩི་ལྔའོ། །ཧེ་རུ་ཀ་སྦྱོར་ཞེས་ བྱ་བ་ལ་སོགས་པ་ལ། གནས་ཞེས་བྱ་བ་ནི་སློང་མོ་པ་ལ་སོགས་པ་རྒྱུ་བའོ། །རིགས་ལྔ་ནི་ཤིན་ཏུ་དམན་པར་འགྱུར་བའམ། རིགས་ལྔ་ཞེས་བྱ་བ་འདི་བདེན་པ་ལ་མངོན་པར་ཞེན་པའི་བྱིས་པས་རྣམ་པར་བརྟགས་པ་སྟེ། སྡིག་པ་ལ་སོགས་པའི་སྐྱོན་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་ བྱས་ནས་སོ། །རང་གི་ངོ་བོས་ནི་རིགས་གཅིག་ཁོ་ན་ཡིན་ཏེ། ཇི་ལྟར་བྱས་ནས་ཤེ་ན། རིགས་དག་དུ་མ་ཉིད་ཀྱིས་ནི། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་བྱ་བ་གསུངས་ཏེ། སྐྱེ་བ་ཐ་དད་པའི་སྲོག་ཆགས་རྣམས་ཀྱི་རྣམ་པ་ཐ་དད་པ་ཉིད་ཡིན་ནོ། །འདི་ལྟ་སྟེ་གླང་པོ་རྟ་དང་ ཕག་དག་གི་རིགས་གཅིག་པ་རྣམས་ཀྱི་རྣམ་པ་ནི་གཅིག་པ་ཉིད་ཡིན་ཏེ། ཇི་ལྟར་བ་ལང་དག་དང་གླང་པོ་ནི་གླང་པོ་དག་དང་ངོ་། །དེ་དག་ཀྱང་ཁ་དོག་ཐ་དད་ཀྱང་རིགས་ཐ་དད་དུ་མི་འགྱུར་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཐ་སྙད་དུ་ཡང་རིགས་གཅིག་པ་ཉིད་དུ་གྲུབ་ན། རྣལ་འབྱོར་གྱི་ཀུན་རྫོབ་ཏུ་ལྟ་སྨོས་ ཀྱང་ཅི་དགོས་ཏེ། ཐོག་པ་མེད་པ་དང་ལྡན་པའི་འཁོར་བར་ཐམས་ཅད་ཀྱང་རིགས་ཐམས་ཅད་ཡིན་པའི་ཕྱིར་རོ། །སྤྱོད་པ་དང་རྗེས་སུ་མཐུན་པའི་གནས་བསྟན་པའི་ཕྱིར། ཤིང་གཅིག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་གྲིབ་མ་ཤིང་གཞན་ལ་མི་འཕོག་ཅིང་གང་གཞན་གྱི་ གྲིབ་མས་ཀྱང་མི་འཕོག་པ་དེ་ནི་ཤིང་གཅིག་གོ། །གཙོར་རྣལ་འབྱོར་རྒྱུན་མི་གཅོད་པ་འདི་ནི་སྤྱོད་པ་སྟེ། ཤིང་གཅིག་ལ་སོགས་པ་དབེན་པར་རིགས་སོ་ཞེས་བྱ་བར་དགོངས་སོ། །འདི་ནི་མ་བརྟགས་པ་དང་ཡིད་གཉིས་ཀྱིས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་བསླབ་པའི་ཕྱིར། ཅུང་ཟད་དྲོད་ནི་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲོད་ནི་ཏིང་ངེ་འཛིན་དང་སྔགས་ལས་བྱུང་བའི་མཐུ་སྟེ། དེ་ཐོབ་པར་གྱུར་ནས་བྱའོ་ཞེས་བྱ་བར་དགོངས་པའོ། །སྦྲུལ་དང་སྟག་དང་མི་དང་མི་མ་ཡིན་པ་ལ་སོགས་པས་ཇི་ལྟར་ཟིལ་གྱིས་མི་ནོན་ཅིང་བསྲུང་བར་འགྱུར་ལ། དེ་དག་གིས་མི་འཇིགས་པ་ དང་བཀྲེས་པ་དང་སྐོམ་པ་ལ་སོགས་པས་ཀྱང་མི་གནོད་པ་སྟེ། གལ་ཏེ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འདོད་པར་གྱུར་པ་དེའི་ཚེ་སྤྱོད་པ་འདི་སྤྱད་པར་བྱའོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་བུ་མོ་འདི་ཁྱེར་ནས། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིགས་ཀྱི་བུ་མོ་ཁོ་ནའོ། ། རྟོགས་པར་བྱ་བ་ནི་རིགས་པ་ཉིད་ཡིན་པས་ཏེ། དེ་ནི་རིགས་རྣམས་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་དང་། གཞན་གྱིས་མི་འཕྲོགས་པ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་ས་བོན་ཉམས་མྱོང་བ། །ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པས་དེ་འདུས་བྱས་པའོ། །རྡོ་རྗེ་མཆོག་དང་ལྡན་པ་ནི་བདེ་ བ་ཆེན་པོའི་ཡེ་ཤེས་ཏེ་དེ་བརྗོད་པའོ། །རྡོ་རྗེ་རྐང་པས་ཞེས་བྱ་བ་ལ། རྡོ་རྗེ་ནི་དགྱེས་པའི་རྡོ་རྗེའོ། །དེའི་རྐང་པ་ནི་གོ་འཕང་སྟེ། གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། ཟླུམ་པོ་དང་། ས་ག་དང་། སྐྱིལ་ཀྲུང་ཕྱེད་པ་ལ་སོགས་པའོ། །ཞེ་སྡང་རྣམ་དག་ཅེས་བྱ་བ་ནི་དགྱེས་ པའི་རྡོ་རྗེའི་རྣམ་པར་དག་པའོ། །རྟག་ཏུ་ཞེས་བྱ་བ་ནི་རྟག་པར་རྒྱུན་དུའོ། །སྨན་ཞེས་བྱ་བ་ནི་བཞི་མཉམ་པའོ། །ཆུ་ནི་མི་བསྐྱོད་པའོ། །རྟག་པར་ཞེས་བྱ་བ་ནི་རྟག་པ་ཉིད་དུའོ། །རྒས་པ་ནི་གཉེར་མ་དང་སྐྲ་དཀར་འབྱུང་བའོ། །བསྲུང་བར་གྱུར་པ་ཞེས་བྱ་བ་ནི་འབྱུང་པོ་དང་ཤ་ཟ་ལ་ སོགས་པས་གཟུང་བར་མི་ནུས་པའོ། །རྐུན་མའི་སྐྲ་ཞེས་བྱ་བ་ནི་དཔྱངས་པའི་སྐྲའོ། །ཧཱུྃ་བྱུང་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་གཟུགས་སོ། །ཐོད་པ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔའི་རང་བཞིན་ནོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་སྙོམས་པར་འཇུག་ པའོ། །དེའི་རོལ་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མཆོད་པའོ། །དེའི་ཕྱིར་ཐོད་པའི་དུམ་བུ་སོར་ལྔ་པ་འཛིན་པར་མཛད་དོ་ཞེས་བྱ་བར་དགོངས་པའོ། །སྐྲའི་སྐེ་རགས་ནི་སྐྲའི་ཐ་གུའོ། །ཐལ་བ་ནི་ཐལ་བས་བསྐུས་པའོ། །སྐྲའི་མཆོད་ཕྱིར་ཐོགས་ཞེས་བྱ་བ་ནི་སྐྲའི་མཆོད་ཕྱིར་ཐོགས་པ་ཉིད་དོ། ། ངོ་ཚ་བ་ནི་ངོ་ཚ་བ་ཉིད་དོ། །གཉིད་ནི་རྣལ་འབྱོར་གྱི་བར་ཆད་ཆེན་པོའོ། །ལུས་དང་སྲོག་ལ་ཆགས་པ་ནི་དེ་བཞིན་ཉིད་དུ་སྤང་བར་བྱ་བའོ། །ཐེ་ཚོམ་མེད་པར་ཞེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བར་གྱུར་པས་ཞེས་བྱ་བའི་དོན་ཏོ། །ལུས་དག་ཅེས་བྱ་བ་ལ་སོགས་པ་ལ། དང་པོར་དེ་སངས་རྒྱས་ ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་དབུལ་ཞིང་སྦྱིན་པའོ། །སྐལ་དང་སྐལ་མིན་ཞེས་བྱ་བ་ནི་མཁོ་འམ་མི་མཁོ་དཔྱོད་པ་རྣམ་པར་སྤངས་ནས་ལྟོས་པ་མེད་པར་སྦྱིན་པའོ། །མངོན་ཕྱག་འཚལ་ཞེས་བྱ་བ་ནི་ཕྱག་བྱ་བ་སྟེ། ཕྱག་མ་བྱས་ན་མནར་མེད་པར་ལྟུང་བའོ། །སྤང་བའི་ རྒྱུའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་སྤང་བའི་ཆེད་དུའོ། །དུས་སུ་ཟ་བ་ནི་བསླབ་པའོ། །སྐྲ་བྲེག་པ་ལ་སོགས་པ་ནི་དབང་ངོ་། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུ་ཀྱེའི་རྡོ་རྗེའི་ང་རྒྱལ་གྱིས་གནས་པའོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ལ། དགྱེས་ པའི་རྡོ་རྗེར་ལྷག་པར་མོས་པ་ཉིད་ཀྱིས་འདི་ལ་ལྷག་པར་རྣལ་འབྱོར་བརྟན་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་སྦྱིན་སྲེག་ལ་སོགས་པ་ཡོངས་སུ་སྤང་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དགྱེས་པའི་རྡོ་རྗེའི་བདག་ཉིད་ཅན་འདིས་གང་ཅུང་ཞིག་ཅི་ཟ་བ་དེ་ཉིད་སྦྱིན་སྲེག་ཡིན་པའི་ ཕྱིར་རོ། །མཆོད་སྦྱིན་ནི་ཕྱག་རྒྱ་ལ་བརྟེན་པའོ། །ལུས་ཀྱི་ལས་ཐམས་ཅད་ནི་དཀའ་ཐུབ་བོ། །ཅང་ཏེའུའི་སྒྲ་དང་ཁ་ཊྭཱཾ་འཛིན་པ་ནི་སྔགས་དང་བསམ་གཏན་ནོ། །ཡང་ན་རྡོ་རྗེ་གླུ་དང་རྡོ་རྗེ་གར་ནི་སྔགས་དང་བསམ་གཏན་ནོ། །དེའི་ཕྱིར་འདིས་གང་བྱེད་པ་དེ་ནི་དམ་ཚིག་ཡིན་ལ། གང་མི་བྱེད་པ་དེ་ནི་སྡོམ་པ་ཡིན་ནོ། །རྒྱུད་འདིར་དམན་པ་དང་བར་མ་དང་མཆོག་དང་ཤིན་ཏུ་མཆོག་ཏུ་གྱུར་པའི་སེམས་ཅན་གྱི་དབྱེ་བས་ཕྱག་རྒྱ་རྣམ་པ་བཞི་བསྟན་པ་ཡིན་ནོ། །དེ་ལ་ཤིན་ཏུ་མཆོག་ཏུ་གྱུར་པའི་སེམས་ཅན་གྱིས་ནི་བརྒྱ་ལ་དབང་བཞི་པ་བསྐུར་བ་དང་དུས་མཉམ་དུ་ཕྱག་རྒྱ་ཆེན་པོ་མངོན་ སུམ་དུ་བྱེད་པ་ཡང་སྲིད་པས་ལོགས་ཤིག་ཏུ་སྤྱོད་པ་མ་གསུངས་སོ། །དེའི་ཕྱིར་དབང་པོ་དམན་པ་དང་འབྲིང་དང་མཆོག་ཏུ་གྱུར་པའི་སློབ་མ་རྣམས་ལ་སྤྱོད་པ་མེད་པར་མྱུར་དུ་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྤྱོད་པ་རྣམ་པ་གསུམ་གསུངས་པ་ཡིན་ཏེ། སྤྲོས་བཅས་དང་སྤྲོས་མེད་དང་ ཤིན་ཏུ་སྤྲོས་པ་མེད་པའོ། །འདི་ནི་སྤྲོས་པ་མེད་པའི་སྤྱོད་པ་སྟེ། དབང་པོ་དམན་པ་དང་བར་མའི་ཕྱིར་གསུངས་པ་ཡིན་ནོ། །དབང་པོ་མཆོག་ཏུ་གྱུར་པ་རྣམས་ལ་ནི་ལེའུ་བཅུ་བཞི་པ་ལས་ཀྱེའི་རྡོ་རྗེའི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟོན་པར་མཛད་པར་འགྱུར་རོ། །དབང་པོ་དམན་ པ་རྣམས་ཀྱི་སྤྲོས་པ་དང་བཅས་པའི་སྤྱོད་པ་ཡང་བརྟག་པ་གཉིས་པའི་ལེའུ་བདུན་པ་ལས་མདོར་བསྟན་པས་སྟོན་པར་འགྱུར་རོ། །སྙིང་རྗེ་བཏུང་བར་ཞེས་བྱ་བ་ལ་སོགས་པ་ལ་དམིགས་པ་དང་བཅས་པའི་བསྒོམ་པ་ནི་སྙིང་རྗེ་སྟེ། དེ་ཉིད་ཀྱིས་བདེ་བ་ཆེན་པོའི་རོ་མྱོང་བར་བྱེད་པ་ནི་བཏུང་བའོ། །དེ་ནི་དུས་ ཐམས་ཅད་དུ་བཏུང་བར་བྱ་བ་སྟེ། འགྲོ་བའི་དོན་བྱ་བའི་ཆེད་དུའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བཏུང་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །དེ་ཉིད་ནི་བཏུང་བ་སྟེ། དེ་ལ་དགའ་བ་ནི་འདོད་པའོ། །དེའི་ཕྱིར་གཞན་ཆང་ལ་སོགས་པའི་བཏུང་བས་སྤྱོད་པ་ བྱེད་པའི་རྣལ་འབྱོར་པས་བཟི་བར་མི་བྱ་བ་སྟེ། རྨོངས་པ་གཙོར་གྱུར་པས་རྣལ་འབྱོར་གྱི་གེགས་ཆེན་པོར་འགྱུར་བའི་ཕྱིར་ཞེས་དེ་ལྟར་བསླབ་པར་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་དྲུག་པ་སྤྱོད་པའི་ལེའུའི་འགྲེལ་པའོ།། །།བརྡ་ནི་ཀླ་ཀློའི་སྐད་ དེ། རྣལ་འབྱོར་མ་རྣམས་ཀྱིས་རྟོགས་པ་བརྡ་སྟོན་པའོ། །དེ་ཡང་ཐབས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཡིན་པ་ཉིད་དུ་ཤེས་པར་བྱའོ། །དེའི་ཕྱིར་དེ་ནས་བརྡའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྡ་གསལ་བར་བྱེད་པའི་ལེའུ་ལ་ཡང་འདི་སྐད་ཅེས་བྱའོ། །སྤུན་ནི་རྣལ་འབྱོར་པའོ། ། སྲིང་མོ་ནི་རྣལ་འབྱོར་མའོ། །སོར་མོ་གཅིག་ཅེས་བྱ་བ་ནི་མཛུབ་མོ་སྟེ། འོངས་སམ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་གང་ཞིག་གིས་བལྟ་བར་བྱའོ། །གཉིས་ཀྱིས་ཞེས་བྱ་བ་ནི་མཛུབ་མོ་དང་གུང་མོ་དག་གིས་སོ། །དར་དཔྱང་སྟོན་པ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་དར་དཔྱང་ བཅིངས་པའི་ཚུལ་སྟོན་པའོ། །རྩེ་གསུམ་ཞེས་བྱ་བ་ནི་མཐེའུ་ཆུང་མཐེ་བོས་མནན་ནས་ལྷག་མ་རྩེ་གསུམ་གྱི་ཚུལ་དུ་བརྐྱང་པའོ། །མཚམས་ནི་ཞེས་བྱ་བ་ནི་སྤྱི་གཙུག་གི་མཚམས་སོ། །འཁོར་ལོ་ནི་འཁོར་ལོའི་ཚུལ་སྟོན་པའོ། །ཁྲོ་གཉེར་ནི་སྨིན་མ་གཡོ་བའོ། །གཙུག་ཕུད་དགྲོལ་ བ་ཞེས་བྱ་བ་ལ་སོགས་པ་ནི་དྲང་བའི་དོན་གྱི་བཤད་པའོ། །སོར་མོ་གཅིག་ནི་སྟོན་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་སོར་གཅིག་ཅེས་བྱ་བ་མཛུབ་མོའམ། གུང་མོ་དང་མཛུབ་མོ་དག་གིས་ཤེས་རབ་ཀྱི་པདྨར་སྟོན་པ་སྟེ་བསྐུལ་བར་བྱའོ། །དེ་ཉིད་ནི་ལེགས་པར་འོངས་ པ་ཡིན་ཞེས་བྱ་བ་ལ། ལེགས་པར་ཞེས་བྱ་བ་ནི་ཁུ་བ་སྟེ་སོར་མོ་སྦྱོར་བས་ཕབ་ཅེས་བྱ་བའི་དོན་ཏོ། །བསྙུན་གྱི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་ལ། བསྙུན་གྱི་ཕྱག་རྒྱ་ནི་བདེ་བའི་མཐར་ཐུག་པའི་ཆོས་ཀྱི་དབྱིངས་རབ་ཏུ་བསྒྲུབ་པ་སྟེ། དེ་རྣམས་ཤེས་པའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། གཡོན་ གྱི་མཐེ་བོང་བཅངས་པ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་ཞེས་བྱ་བ་ནི་ཤེས་རབ་སྟེ། དེའི་པདྨའི་ནང་ངོ་། །མཐེ་བོང་ནི་རྡོ་རྗེ་སྟེ་དེས་འཛག་པའི་གནས་སྐབས་ཐོབ་པར་གྱུར་པ་ནི་བཙིར་བར་བྱ་བའོ། །སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ། སྲིན་ལག་ནི་ཤེས་རབ་ཀྱི་ཡེ་ཤེས་ ཀྱི་དབང་བསྐུར་བའོ། །གང་ཞིག་ཅེས་བྱ་བ་ནི་གང་གི་ཕྱིར་རིམ་པ་འདི་ཉིད་ཀྱིས་བྱིན་པའོ། །དེ་ལ་མཐེའུ་ཆུང་ནི་དབང་ཐ་མ་སྟེ་བཞི་པ་ཞེས་བྱ་བའི་བར་དུའོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། གུང་མོ་ཞེས་བྱ་བ་གསུངས་ཏེ། གུང་མོ་ཞེས་བྱ་བ་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་བསྟན་པའོ། །གང་ཞིག་ཅེས་བྱ་བ་ནི་ བླ་མ་གང་ཞིག་གིས་སློབ་མ་ལ་བཞི་པའི་མན་ངག་ཅེས་བྱ་བར་གྲགས་པ་སྡིགས་མཛུབ་སྤངས་ལ་བསྟན་པར་བྱའོ། །དེ་ལ་མཛུབ་མོ་དང་སྲིན་ལག་ཅེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །སྦྱིན་པར་བྱ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ། །ཇི་ལྟ་བུ་ལ་བསྟན་པར་བྱ་ཞེ་ན། མགྲིན་པར་རབ་ཏུ་སྟོན་པ་ ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ཞབས་ལ་གཏུགས་པ་ལ་སོགས་པས་བླ་མ་ཡང་དག་པར་མཉེས་པར་བྱེད་པའི་སློབ་མ་ལ་བསྟན་པར་བྱ་ཞེས་བྱ་བར་དགོངས་སོ། །དར་དཔྱང་ཞེས་བྱ་བ་ལ་སོགས་པ་ལ། སོར་མོ་གཉིས་ཀྱིས་དར་དཔྱང་བཅིངས་པའི་ཚུལ་ དུ་བྱེད་པ་སྟེ། ཤེས་རབ་དང་ཐབས་མཚོན་པའོ། །དེ་འདིར་སྟོན་ཅིག་ཅེས་དྲི་བ་ལ། དེ་ལ་རྩེ་གསུམ་དུ་སྟོན་ཞེས་བྱ་བ་སྟེ་རྩེ་གསུམ་ནི་ཤེས་རབ་དང་ཐབས་དང་གཉིས་སུ་མེད་པའི་མཚོན་པར་བྱེད་པའི་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའོ། །དེ་ལ་རབ་ཏུ་ཕྱེ་ནས་བསྟན་པར་བྱ་བའོ། །ནུ་མ་ སྟོན་པ་ཞེས་བྱ་བ་ལ་སོགས་པ་ལ། སློབ་མ་གང་ཞིག་ལ་ནུ་མ་སྟེ་ཤེས་རབ་དང་ཐབས་མཚོན་པར་བྱེད་པ་སྟེ། དེ་དག་ཉམས་སུ་མྱོང་བས་བསྟན་ཅིང་སྨྲ་བར་བྱ་བའོ། །མཚམས་ནི་བདེ་བ་ཆེན་པོའི་འཁོར་ལོ་སྟེ། དེ་ལ་རབ་ཏུ་བསྟན་པར་བྱའོ། །ས་ནི་སྤྲུལ་པའི་འཁོར་ལོ་སྟེ་དེ་བསྟན་པར་བྱ་ བའོ། །གང་ཞིག་ཅེས་བྱ་བ་ནི་ཕྱི་ན་སྟེ། དེ་ལ་འཁོར་ལོ་ཞེས་བྱ་བ་ཆོས་ཀྱི་འཁོར་ལོ་བསྟན་པར་བྱ་བའོ། །ཁྲོ་གཉེར་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་བསྟན་པར་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་ཡང་ངོ་། །གཙུག་ཕུད་དགྲོལ་བར་བརྗོད་པར་བྱ། །ཞེས་བྱ་བ་ལ་ཐར་པའི་དོན་གྱིས་བསླབ་པ་ སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བའོ། །དཔྲལ་བ་སྟོན་པ་ལ་ཞེས་བྱ་བ་ནི་ངག་གིས་ཡང་ཕྱག་བྱ་བའོ། །དེ་ལ་རྒྱབ་ནི་ཞེས་བྱ་བ་ནི་ལག་པས་དེའི་རྒྱབ་ལ་རེག་པར་བྱའོ་ཞེས་བྱ་བར་དགོངས་པའོ། །ལག་པས་རེག་པ་འབའ་ཞིག་མ་ཟད་ཀྱི། རྐང་ མཐིལ་ཞེས་བྱ་བ་ནི་རྐང་པའི་མཐིལ་གྱིས་སའི་དཀྱིལ་འཁོར་བསྟན་པར་བྱ་བ་སྟེ། རྣལ་འབྱོར་འདི་དང་ལྡན་པས་ས་ལ་ཇི་ལྟར་བདེ་བར་གནས་པར་བྱའོ་ཞེས་བརྗོད་པར་བྱའོ། །གང་ཞིག་བླ་མས་རྗེས་སུ་གནང་བར་བྱས་པར་འགྱུར་བ་གནས་པ་དེས། ལྟོ་བའི་རྣམ་པར་རྩེ་བར་བྱ། །ཞེས་བྱ་བ་ལ་ལྟོ་བ་ ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །རིམ་གྱིས་དེ་དག་ལྷན་ཅིག་ཏུ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པར་བྱ་བའོ། །འདི་ནི་ངེས་པའི་དོན་གྱི་བཤད་པའོ། །ཕྱག་རྒྱ་ལན་ཞེས་བྱ་བ་ལ། སོར་མོ་གཉིས་ཞེས་བྱ་བ་ལ་སོགས་པས་དབྱེ་བར་བྱའོ། ། ཕྲེང་བ་མའི་ལག་ཅེས་བྱ་བ་ནི་སྐྲ་བཅིང་བ་ལྟར་བྱ་བའམ། ཕྲེང་བ་དྲང་བ་ལྟར་བྱ་བའོ། །དེ་ལ་མངོན་དུ་ཕྱོགས་པ་ལྟར་སྟོན་པ་ནི། ཕྲེང་བ་མངོན་པར་བསྟན་བྱས་ན། །ཞེས་བྱ་བའོ། །འདི་དག་གཉི་ག་ཡང་དངོས་སུའམ་དེ་ལྟ་བུའི་ཚུལ་གྱིས་རྟོགས་པར་བྱའོ། །འདི་དག་ཐམས་ཅད་ཀྱང་ལག་པ་ གཡོན་པ་བསྟན་པར་བྱའོ། །ཕྲེང་བ་མངོན་པར་གཏད་བྱས་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དམ་ཚིག་ལ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་རྫས་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །ཕྱི་རོལ་ཞེས་བྱ་བ་ནི་བསྟན་པར་གྱིས་ཤིག་ཅེས་བྱ་བའོ། །ཀྱེ་བཅོམ་ལྡན་འདས་ཞེས་བྱ་ བ་ལ་སོགས་པ་ལ། འདི་རྣམས་ས་ནི་བཅུ་གཉིས་ཞེས་བྱ་བ་ནི་གནས་ལ་སོགས་པའོ། །འདི་ལས་འབྱུང་བར་འགྱུར་བས་ན་ས་ཞེས་བྱ་སྟེ། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་འགྲོ་བ་དང་། མི་གཡོ་བ་ དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་དང་། དཔེ་མེད་པ་ཞེས་བྱ་བ་རིམ་བཞིན་ནོ། །ཡེ་ཤེས་ལྡན་ཞེས་བྱ་བ་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ནི་ཤིན་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པས་དེ་ནི་མ་བརྗོད་དོ། །ས་བཅུའི་དབང་ཕྱུག་གི་བྱང་ཆུབ་ སེམས་དཔའ་དང་། མགོན་པོ་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །གང་དག་ལས་ཞེས་བྱ་ཞེ་ན། གནས་ལ་སོགས་པ་འདི་དག་ཉིད་ལ་ཞེས་བྱ་བའི་དོན་ཏེ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །ཀོ་ལ་གི་རི་ནི་པུ་ལི་ར་མ་ལ་ཡའོ། །ན་ག་ར་ནི་པ་ཏཱ་ལ་པུ་ཏྲའོ། །ལན་ ཚྭ་རྒྱ་མཚོ་ནས་སྐྱེས་ཞེས་བྱ་བ་ནི་ཧ་ལི་ཀེ་ལའི་ཁྱད་པར་རོ། །གསེར་དང་ལྡན་པའི་གླིང་ཞེས་བྱ་བ་ནི་གསེར་གླིང་ཉིད་དོ། །དེ་ཉེ་བ་ཞེས་བྱ་བ་ནི་ཨུ་པ་ལི་ལ་སྟེ་ཉེ་བའོ། །རྫིང་བུ་ཞེས་བྱ་བ་ནི་རིང་བའོ། །ཉིན་མོ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་ཡི་དགས་ཟླ་ཕྱེད་ཅེས་བྱ་བ་ནི་ མར་ངོའི་ཕྱོགས་སོ། །འདི་ནི་ཕྱི་རོལ་གྱི་བསྟན་པའོ།། །།ད་ནི་གདུག་པ་ཅན་རྣམས་གཞུག་པར་བྱ་བའི་ཕྱིར་དང་སློབ་མའི་རྣལ་འབྱོར་བསྟན་པའི་ཕྱིར། ཕྱི་དང་ནང་གི་བདག་ཉིད་ཅན་སྒྲ་གཅིག་གིས་བསྟན་པར་འདོད་ནས་རྒྱལ་མཚན་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་ མཚན་ནི་དཔྱངས་པའོ། །མཚོན་བསྣུན་ཉིད་ནི་གཡུལ་ངོ་ལ་སོགས་པར་གསད་པའོ། །ལན་བདུན་པ་ནི་སྐྱེ་བ་བདུན་པའོ། །སྙིང་རྗེས་ཞེས་བྱ་བ་ནི་དེའི་འཁོར་བའི་སྡུག་བསྔལ་བསམས་ནས་སོ། །མཁས་པ་ཞེས་བྱ་བ་ནི་རྣམ་པར་མཁས་པ་ཉིད་དེ་འདི་ནི་བཤད་པ་གཅིག་གོ། །རྒྱལ་ མཚན་ནི་དམིགས་པ་དང་བཅས་པའི་སེམས་སོ། །མཚོན་བསྣུན་ན་ནི་ཤེས་རབ་ཀྱི་མཚོན་གྱིས་བཅད་པ་སྟེ། གཅིག་དང་དུ་མའི་རང་བཞིན་གྱིས་བཅད་པས་རང་བཞིན་མེད་པར་བྱས་པ་ནི་མཚོན་གྱིས་བསྣུན་པའོ། །ཉིད་ཅེས་བྱ་བ་ནི་གང་གིས་གཅོད་པར་བྱེད་པའི་སེམས་ཉིད་ཀྱང་བཅད་པས་རང་ བཞིན་མེད་པར་བྱེད་པར་བསྟན་པའོ། །ལན་བདུན་པ་ཡང་ཞེས་བྱ་བ་ནི་ལན་བདུན་གྱི་བར་དུ་ཡང་ཡང་བལྟས་ནས་བཟའ་བར་བྱ་བ་སྟེ། རང་བཞིན་མེད་པར་བྱས་ཞེས་བྱ་བའི་དོན་ཏོ། །འདི་ནི་གནས་ཇི་ལྟ་བུར་ཡང་བདག་དང་གཞན་མཆོག་ཏུ་བསྲུང་བར་བྱས་པར་འགྱུར་ཏེ། བདུད་ལ་སོགས་ པས་ཀྱང་ཉེ་བར་འཚེ་བར་མི་འགྱུར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །སྙིང་རྗེ་བསྐྱེད་ཅེས་བྱ་བ་ལ་སོགས་པ་ལ། དང་པོར་ཚངས་པའི་གནས་བཞི་བསྒོམ་པ་བྱས་ནས་སོ། །འབད་པས་ཞེས་བྱ་བ་ནི་ངེས་པ་ཁོ་ནར་རོ། །མཁས་པས་ཞེས་བྱ་བ་ནི་རྣམ་པར་མཁས་ པའོ། །གལ་ཏེ་འགྲོ་བ་རྣམས་གསད་ཅིང་མི་དམིགས་པར་བྱ་བ་ཡིན་ན། དེ་ལྟ་ན་ཅིའི་ཕྱིར་ཚངས་པའི་གནས་བཞི་དང་པོར་བསྒོམ་པར་བྱ་ཞེ་ན། སྙིང་རྗེ་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་དང་པོར་ཚངས་པའི་གནས་བཞི་བསྒོམ་པ་མེད་ན་དེའི་ཚེ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཀྱི་ངོ་བོ་མེད་པར་ཡང་འགྱུར་ཏེ། སྟོང་པ་ཉིད་འབའ་ཞིག་བསྒོམས་པས་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ཉིད་དུ་ཡང་འགྱུར་བ་སྲིད་དོ། །དེ་ལྟ་བས་ན་དེའི་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད་ཅེས་བྱ་བས་ཉེ་བར་བསྡུས་པ་ཡིན་ནོ། །ཐམས་ཅད་གདུག་པ་ཞེས་བྱ་བ་ནི་བདེ་བར་ གཤེགས་པའི་བསྟན་པ་ལ་སྡང་བ་སྟེ་རྒྱང་འཕེན་པ་ལ་སོགས་པའོ། །དེ་དག་གསང་སྔགས་ཀྱི་ཐེག་པ་ལ་སྦྱར་བར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །ཆོ་གའི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་འདིར་ཆོ་གའི་གཙོ་བོས་དགག་པར་བྱ་བ་ཡིན་ནོ། །གང་དག་གང་དུ་གསད་པ་ལ་སོགས་པའི་སྒྲ་དང་ལྡན་པ་ མཐོང་བ་དེ་དང་དེར་འདི་བཞིན་དུ་རིག་པར་བྱའོ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །འཇིག་རྟེན་པ་ལ་སོགས་པའི་དྲུང་དུ་ནི་རྒྱལ་མཚན་ལ་སོགས་པ་སྤང་བར་བྱ་བ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དབེན་པའི་གནས་སུ་ནི་ ལོངས་སྤྱོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །མི་བསམ་ཡོད་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། མི་བསམ་ཞེས་བྱ་བ་ནི་བསམ་པ་གཞན་ཅི་ཡང་མི་བསམ་པ་སྟེ། ཇི་ལྟར་བདག་ཉིད་དགྱེས་པའི་རྡོ་རྗེའི་ང་རྒྱལ་བྱེད་པ་དེ་བཞིན་དུ་སེམས་ཅན་གཞན་ལ་ཡང་བྱ་བའོ། །དེ་བཞིན་བདག་ཉིད་ཅེས་བྱ་བ་ནི་ཀུན་ བསྡུ་བ་སྟེ། དེ་དག་དང་བདག་གཉི་ག་དགྱེས་པའི་རྡོ་རྗེར་བལྟ་བར་བྱའོ། །བདག་ཉིད་གཞན་ཞེས་བྱ་བ་ནི་བདག་ཉིད་དང་གཞན་དག་གོ། །གནས་བཞུགས་པས་ཞེས་བྱ་བ་ལ་སོགས་པ་ལ། གཉིས་མེད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །དེ་ཉིད་ཤྲཱི་སྟེ་ཆོས་ཐམས་ཅད་འོད་གསལ་ བའི་རང་བཞིན་ཡིན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་བྱེད་རྒྱུའོ། །སོགས་པ་ཞེས་བྱ་བ་ནི་རང་བཞིན་ནོ། །སྟོང་པ་ཉིད་ནི་དེ་དག་དང་བྲལ་བའོ། །ཚོགས་ནི་རྣམ་པར་རྟོག་པ་སྟེ་དེ་དང་བྲལ་བ་ནི་ཡོངས་སུ་སྤངས་པ་ཉིད་དོ། །ཀ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །འདི་དག་གིས་ནི་ སྟོང་པ་ཉིད་དང་མཚན་མ་མེད་པ་དང་མངོན་པར་འདུ་བྱས་པ་མེད་པ་དང་། སྨོན་པ་མེད་པའི་དོན་རྣམས་ནི་ཧེ་རུ་ཀ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །འགྲོ་དྲུག་ཏུ་སྐྱེ་བར་འགྱུར་བས་ན་སྐྱེ་བོ་སྟེ་ཕུང་པོ་ལྔའོ། །ཤ་ཞེས་བྱ་བ་ནི་དེའི་རང་བཞིན་ནོ། །བཟའ་བྱ་བ་ཞེས་བྱ་བ་ནི་སྣང་བ་མེད་པར་བྱ་བའོ། ། མཁས་པ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པའོ། །སེམས་ཅན་དེ་དེ་ཞེས་བྱ་བ་ནི་དངོས་པོ་དེ་དང་དེའོ། །དབང་དུ་འགྱུར་ཞེས་བྱ་བ་ནི་དེ་དང་དེ་ལ་དབང་ཐོབ་པར་འགྱུར་བ་སྟེ། གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྤྲུལ་པས་གདུལ་བྱ་སྣ་ཚོགས་ འདུལ་བར་འགྱུར་རོ། །རྡོ་རྗེ་ནི་དགྱེས་པའི་རྡོ་རྗེའོ། །ཐོད་པ་ནི་བདེ་བ་སྲུང་བར་བྱེད་པའི་ཕྱིར་བདག་མེད་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེའོ། །དེའི་སྦྱོར་བ་ནི་ཏིང་ངེ་འཛིན་ཏེ་དེ་ཡིས་སོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྡ་དང་གནས་ཀྱི་ངེས་པར་བསྟན་པ་ ལེའུ་བདུན་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ནི་དཀྱིལ་འཁོར་ཏེ། མཆོག་དང་པོའི་ཕོ་བྲང་ཐར་པ་ཆེན་པོའི་གྲོང་ཁྱེར་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །དེ་ལ་འདིར་ནི་དང་པོའི་རྣལ་འབྱོར་དང་། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་བསྟན་པར་བྱའོ། །དེ་ཡང་ལྷའི་ལེའུར་ནི་དཔའ་བོ་གཅིག་པུའི་རྣལ་འབྱོར་གྱི་སྐབས་ཡིན་པས་བསམ་གཏན་ནོ། །རྣལ་འབྱོར་མ་ནི་བདག་མེད་མའོ། །དེའི་འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོའོ། །ནམ་ མཁའི་ཁམས་སུ་ཞེས་བྱ་བ་ལ་སོགས་པ། རྡོ་རྗེ་ར་བ་དང་གུར་གྱི་ནང་དུ་ནམ་མཁའི་ཁམས་སོ། །ཆོས་འབྱུང་ནི་སྟོན་ཀའི་ཟླ་བ་ལྟ་བུའི་གྲུ་གསུམ་སྟེ་ཆོས་འབྱུང་ཞེས་བྱ་བ་བསྒོམ་པར་བྱའོ། །དབུས་སུ་རྣམ་པར་བསྒོམ་པར་བྱ་བ་ནི་དེའི་དབུས་ཀྱི་རྟེན་གྱི་འཁོར་ལོ་བསྐྱེད་པའི་རྒྱུར་གྱུར་པ་འབྱུང་ བ་ཆེན་པོ་བཞི་བསྒོམ་པར་བྱ་བའོ། །ཅི་ལྟར་ཞེ་ན། འཁོར་ལོ་མངོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་མདོར་བསྟན་པའོ། །རྒྱས་པར་ནི་འཁོར་ལོ་ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ས་ནི་སའི་དཀྱིལ་འཁོར་རོ། །འདིའི་སྔོན་དུ་ཞེས་བྱ་བ་དང་པོར་ཆུ་སྟེ་ཆུའི་དཀྱིལ་འཁོར་རོ། ། འདིའི་སྔོན་དུ་ནི་ཅི་ལྟར་རིགས་པར་ཏེ་མེའི་དཀྱིལ་འཁོར་རོ། །འདི་ཡང་སྔོན་དུ་ལྷ་རྣམས་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ། །སྒོམ་པ་པོའི་སེམས་འདི་ལྟ་བུའི་རྣམ་པར་ངེས་པར་གནས་པ་ནི་ཇི་ལྟར་སྒོམ་པ་པོ་འབྱུང་བའོ། །དེ་ལ་འདིར་དང་པོར་ཆོས་འབྱུང་གི་དབུས་སུ་ཡཾ་ཡོངས་སུ་གྱུར་པ་ ལས་བྱུང་བའི་གཞུའི་དབྱིབས་ཅན་སྔོན་པོ་བ་དན་གཉིས་ཀྱིས་མཚན་པའི་རྩེ་མོ་གཉིས་གཡོ་བའི་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རཾ་ལས་བྱུང་བ་གྲུ་གསུམ་ཟུར་རྣམས་སུ་ཡི་གེ་རཾ་གྱིས་མཚན་པའི་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བཾ་ལས་བྱུང་བ་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུབ་པ་བུམ་ པས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་བྱུང་བ་གྲུ་བཞི་པ་སེར་པོ་མཚམས་རྣམས་སུ་རྡོ་རྗེས་མཚན་པའི་སའི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་འབྱུང་དེ་ཉིད་ནི་ཕྱག་རྒྱ་གྲུ་གསུམ་མོ། །དེ་ལས་སྐྱེས་པའི་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ཡོངས་ སུ་གྱུར་པ་ལས་འདིར་འདི་སྐད་ཅེས་བྱའོ། །འཁོར་ལོ་ནི་རྟེན་གྱི་དཀྱིལ་འཁོར་ཏེ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེའི་ཕྱིར། བདག་གི་འཁོར་ལོ་ཁྱོད་བཤད་ན། །ཞེས་བྱ་བ་ནས། དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཟུར་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བའི་བར་དང་། རྡོ་ རྗེ་སྲད་བུས་ཡང་དག་བརྒྱན། །ཞེས་བྱ་བས་སྟོན་པར་འགྱུར་བ་ཡིན་ནོ། །འཕར་མ་གཉིས་རིམ་ཞེས་བྱ་བ་ནི་རིམ་པ་གཉིས་པའོ། །ཟེའུ་འབྲུ་ལས་ཞེས་བྱ་བ་ནི་དབུས་ཀྱི་པདྨ་འདབ་མ་བརྒྱད་པ་ནི་རིམ་པ་གཅིག་གོ། །གྲུ་གསུམ་ཞེས་བྱ་བ་ནི་ཆོས་འབྱུང་གིས་མངོན་པར་ཁྱབ་པར་བྱས་པའི་གཞི་ གྲུ་བཞི་པའོ། །དེའི་དབུས་སུ་ཞེས་བྱ་བ་ནི་གཞལ་ཡས་ཁང་རིམ་པ་གཉིས་ཀྱི་དབུས་སུ་སྟེ་རྣལ་འབྱོར་མ་བཅོ་ལྔའི་གདན་གྱི་བདག་ཉིད་དེ། དེ་དག་ཉིད་ཀྱི་གནས་རྣམས་སོ་སོར་རོའི་གདན་བསམ་པར་བྱའོ། །དེ་དབུས་བསམ་ཞེས་བྱ་བ་ནི་དབུས་ཀྱི་རོའི་གདན་གྱི་སྙིང་གར་ཨཱ་ལི་ཡོངས་སུ་གྱུར་པ་ ལས་ཟླ་བའོ། །དེའི་སྟེང་དུ་ས་བོན་ཉིད་ཅེས་བྱ་བ་ནི་དབྱངས་ཀྱི་དང་པོའོ། །དེའི་སྟེང་དུ་ཀཱ་ལི་ཡོངས་སུ་གྱུར་པ་ལས་བདུད་ལས་རྒྱལ་བའི་དཀྱིལ་འཁོར་རོ། །གཉིས་འདུས་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཉི་མ་དང་ཟླ་བའོ། །དེའི་དབུས་སུ་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ས་བོན་ བསྟན་པའོ། །ཡང་ཉི་མ་དང་ཟླ་བའི་ངོ་བོ་ཉིད་ཅི་ཡིན་ཞེ་ན། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔ་ཉིད་དོ། །འདི་ལས་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་ས་བོན་ལས་ཀུན་དུ་བྱུང་བའོ། །ས་བོན་དབྱེ་བས་ཞེས་བྱ་ བ་ནི་ཡི་གེ་ཐ་དད་པ་ཉིད་དོ། །འདི་དག་གིས་ནི་ཤེས་རབ་དང་ཐབས་དང་བདེ་བ་ཆེན་པོའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ནི་རྡོ་རྗེ་འཆང་གི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །ད་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ དུ་བསྟན་པའི་ཕྱིར་ཟླ་བ་མེ་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་གྲི་གུག་གི་ཆང་ཟུངས་ལ་ཟླ་བ་ལས་ས་བོན་བལྟ་བ་ནི་ཕྱག་མཚན་ནོ། །རང་ལྷའི་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱིའོ། །སོ་སོར་རྟོག་པར་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བརྗོད་པའོ། །གཅིག་ གྱུར་ཞེས་བྱ་བ་ནི་ཕྱག་མཚན་ལ་གནས་པའི་ས་བོན་ལས་སྤྲོས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་སྣ་ཚོགས་འདི་ཁྱབ་པར་བྱས་ནས། ཐམས་ཅད་ཅེས་ཀུན་ཡང་དག་པར་བསྡུས་ནས་ས་བོན་དང་གཅིག་ཏུ་གྱུར་པའི་ས་བོན་དེ་ནི་བྱ་བ་ནན་ཏན་ནོ། །རྫོགས་པ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་ཕྱག་མཚན་ དང་ས་བོན་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །རྣམ་པ་ལྔ་པོ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་རྣམས་སོ། །མཁས་པས་ཞེས་བྱ་བ་ནི་ཤེས་རབ་ཅན་གྱིས་སོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་དཀྱིལ་ འཁོར་ཟུང་དུ་འབྱོར་པའོ། །གདན་ཞེས་བྱ་བ་ནི་བཞུགས་པའི་གདན་ནོ། །རྡོ་རྗེ་ནི་ཕྱག་མཚན་ནོ། །སེམས་དཔའ་ནི་ས་བོན་གྱི་ཡི་གེ་སྟེ། རྡོ་རྗེ་སེམས་དཔའ་དེ་ཡི་གདན། །ཞེས་བྱ་བའི་དོན་སྟོན་ཏོ། །ཡི་གེ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ནི་དང་པོའི་ཡི་གེའོ། །དེ་ལས་བྱུང་བ་ནི་ གོང་བུ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོའོ། །ཧཱུྃ་ཞེས་བྱ་བ་ལ་སོགས་པ་ལ་ཕཊ་རྣམ་པ་ཞེས་བྱ་བ་ནི་ཡི་གེ་ཨ་དང་ཨཾ་དང་ཤེས་རབ་ཐབས་ཀྱི་བདག་ཉིད་ཅན་གྱི་ལུས་ཞུ་བར་གྱུར་པ་ལ་སོགས་པ་ནི་བདག་མེད་མའི་དཀྱིལ་འཁོར་གྱི་གཙོ་བོ་བསྐྱེད་པ་ལ་མི་འདོད་པ་ཡིན་ནོ། ། གལ་ཏེ་ཞུ་བར་འགྱུར་བ་ལས་འབྱུང་བར་མི་འགྱུར་ན། འོ་ན་གང་ལས་འབྱུང་བར་འགྱུར་ཞེ་ན། སེམས་དཔའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དཔའ་ནི་ས་བོན་གྱི་ཡི་གེའོ། །གཟུགས་བརྙན་ནི་ཕྱག་མཚན་ཏེ་དེ་དག་ལས་བྱུང་བའོ། །དཀྱིལ་འཁོར་བདག་ པོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོ་སྟེ། བདག་མེད་མ་ཞེས་བྱ་བའི་དོན་ཏོ། །གོང་མ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ལྷའི་ལེའུར་རྡོ་རྗེ་ལྕགས་སྒྲོག་བསྟན་པའི་གཡས་དང་གཡོན་པའི་ཕྱག་ལ་གྲི་གུག་དང་ཐོད་པ་བཞིན་ནོ། །ཕྱག་མཚན་ཞལ་སོགས་ཞེས་བྱ་བ་ལ། ཞལ་ནི་ཞལ་གདོང་ ངོ་། །ཕྱག་མཚན་ནི་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་གའོ། །སོགས་པའི་སྒྲས་ནི་པགས་པའི་གོས་ཀྱིས་བརྒྱན་པ་ལ་སོགས་པ་བསྡུའོ། །ཟླ་བ་དང་ཆུ་ཤེལ་གྱི་ནོར་བུ་དང་འདྲ་བའི་འོད་འདི་ལ་ཡོད་པས། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་སྟེ་ཟླ་བའི་གདན་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟ་ བུ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོ་བཞིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་གཽ་རཱི་ལ་སོགས་པའོ། །རྫོགས་པ་ཉིད་ཇི་ལྟ་བུ་ཞེ་ན། ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་བྱ་བ་སྟེ། གཽ་རཱི་ལ་སོགས་པ་ཞེས་བྱ་བའོ། །འདི་ལས་ཞེས་བྱ་བ་ནི་ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཟླ་བ་དང་། ཕྱག་མཚན་ལ་གནས་པའི་ས་བོན་ལ་སྟེ། ཟླ་བ་དང་ཉི་མ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་གཽ་རཱི་མ་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་འབྱུང་བར་འགྱུར་བའོ། །ཅི་དེ་དག་གི་ས་བོན་ཡང་དེ་ཡིན་ནམ་ཞེ་ན། ཡི་གེའི་དབྱེ་ བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ནི་ས་བོན་ཏེ། དེའི་དབྱེ་བ་ནི་ས་བོན་གཞན་དང་གཞན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱུད་ཐམས་ཅད་ལ་རྒྱས་བཏབ་པའི་དོན་བསྡུས་པའི་ལེའུ་ལས། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཞེས་བྱ་བ་ལ་སོགས་པ་གསུངས་ པ་ཡིན་ནོ། །ད་ནི་རྣལ་འབྱོར་མ་རྣམས་ཀྱི་གནས་བསྟན་པའི་ཕྱིར། རེ་ཞིག་ནང་གི་འཕར་མ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་ཞེས་བྱ་བ་ནི་ནང་རོལ་གྱི་རིམ་པ་ལ་ཕུང་པོ་ལྔའི་རྣམ་པར་དག་པ་བསྒོམ་པར་བྱའོ། །དབང་པོར་ཞེས་བྱ་བ་ནི་ཤར་ཕྱོགས་སུའོ། །ཕྱི་རོལ་གྱི་འཕར་མ་ ལ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཽ་རཱི་དང་ཙཽ་རཱི་དང་བེ་ཏཱ་ལི་དང་གྷསྨ་རཱིའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ནི་པུཀྐ་སཱི་དང་ཤ་བ་རཱི་དང་ཙནྜ་ལཱི་དང་ཌོམྦི་ནཱི་རྣམས་སོ། །འོག་ལྡན་མ་ནི་འོག་གི་ཕྱོགས་སྲུང་བར་བྱེད་པས་འོག་ལྡན་མ་ཞེས་བྱ་བ་སྟེ་ས་སྤྱོད་མའོ། ། དེ་བཞིན་དུ་སྟེང་ལྡན་མ་ཉིད་ནི་མཁའ་སྐྱོད་མའོ། །སྲིད་དང་ཞེས་བྱ་བ་ལ་སོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པར་དག་པའོ། །སངས་རྒྱས་ལྔ་ནི་རྣམ་དག་པས། །ཞེས་བྱ་བ་ནི། སངས་རྒྱས་ལྔའི་ངོ་བོ་ཉིད་དོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱའོ། །དེ་ ལྟར་ཞེས་བྱ་བ་ནི་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །འབར་ཞིང་གསལ་ཞེས་བྱ་བ་ལུས་འབར་ཞིང་སེམས་ནི་གསལ་བའོ། །ང་རྒྱལ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་གྲི་གུག་ལ་སོགས་པའི་ངོ་བོ་གསུངས་སོ། །འདིས་ནི་ཞེས་བྱ་བ་ནི་འདི་ལྟར་བསྒོམས་པས་སོ། །མྱུར་དུ་ཞེས་བྱ་བ་ནི་མགྱོགས་ པར་རོ། །ད་ནི་སེམས་མཉམ་པ་ཉིད་དུ་བྱ་བའི་ཕྱིར། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ཞེས་བྱ་བ་གསུངས་པ་ཡིན་ཏེ། ཁ་དོག་དྲུག་གིས་འཁོར་ལོས་སྒྱུར་བ་དྲུག་དང་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་ཕྱི་ནས་སོ། །དགའ་བྲལ་མཐར་ཞེས་བྱ་བ་ནི་ལྷན་ ཅིག་སྐྱེས་པའི་དགའ་བ་ཙམ་ཞེས་བྱ་བའི་དོན་ཏོ། །ད་ནི་བསྐྱེད་པའི་རིམ་པ་བཤད་ནས། གཉིས་པ་རྫོགས་པའི་རིམ་པ་ཡང་དག་པར་བསྟན་པའི་ཕྱིར། བསྐྱེད་པའི་རིམ་པ་ཉིད་དང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་ཞེས་བྱ་བ་ནི་རྣམ་པའོ། །གང་གི་རིམ་པ་ཞེ་ན་ ཏིང་ངེ་འཛིན་གྱིས་ཏེ། ས་བོན་དང་ཟླ་བ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་ལྷའི་རྣམ་པར་ཡོངས་སུ་རྫོགས་པ་ནི་བསྐྱེད་པའོ། །དེའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་བསྐྱེད་པའི་རིམ་པའོ། །རྫོགས་པ་ནི་ངོ་བོ་ཉིད་ཀྱི་གཟུགས་ཅན་ཏེ། དེ་ཉིད་ལ་དེ་ཁོ་ན་ཉིད་དུ་མོས་པར་ བྱས་ནས་རྣལ་འབྱོར་གང་གིས་སྒོམ་པར་བྱེད་པ་དེ་ནི་རྫོགས་པའི་རིམ་པའོ། །དེ་ལྟ་བུའི་རིམ་པ་གཉིས་ལ་མཉམ་པར་གནས་ནས། སངས་རྒྱས་རྣམས་ཀྱིས་ཆོས་འཆད་དོ། །ཞེས་བྱ་བའི་ཏིང་ངེ་འཛིན་སྟོན་པའོ། །ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་ ནི་བསྐྱེད་པའི་ཆ་ཞེས་བྱ་བ་བསྐྱེད་པའི་རིམ་པའི་ཕྱོགས་སོ། །བཤད་དོ་ཞེས་བྱ་བ་ནི་དོན་བསྟན་པར་འགྱུར་བས་ཏེ། རྫོགས་པའི་རིམ་པའང་བསྟན་ཏོ་ཞེས་བྱ་བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་ཞེས་བྱ་བ་ནི་ཤེས་རབ་ ཀྱི་པདྨའོ། །ཡེ་ཤེས་ཞེས་བྱ་བ་ནི་རྡོ་རྗེའོ། །བསྒོམ་ཞེས་བྱ་བ་ནི་འཇུག་པའོ། །གསུམ་པོ་འདི་ནི་དང་པོར་ཡིན་ལ། ལྷན་ཅིག་སྐྱེས་པ་གཉིས་ནི་མཐར་ཡིན་ཏེ། འདི་གཉིས་ཀྱི་བར་དུ་བསྒོམ་པར་བྱ་བ་ཡིན་ནོ། །མཉམ་པར་གཞག་པའི་བྱ་བ་ལ་སྙོམས་འཇུག་ཅེས་བྱ་བའོ། །དེ་བསྒོམ་ ཞིང་བསྐྱེད་པ་ལས་བྱུང་བའི་བདེ་བ་ནི་དེའི་བདེ་བས་སོ། །འཁོར་ལོ་ཞེས་བརྗོད་པ་ནི་རྣལ་འབྱོར་མའི་འཁོར་ལོ་ཞེས་བརྗོད་པར་བྱ་བ་སྟེ། བདེ་བ་ཆེན་པོ་དེ་ཉིད་ཀྱིས་དེ་དག་བསྡུས་པའི་ཕྱིར་རོ། །དེའི་བདེ་བ་དེ་ཇི་ལྟ་བུ་ཞིག་ཅེ་ན། ཇི་ལྟར་རིགས་པར་ཞེས་བྱ་བར་གསུངས་ཏེ། རང་ རིག་ནི་གཞན་གྱི་རྐྱེན་ལ་མི་ལྟོས་པར་སོ་སོ་རང་གིས་རིག་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །རང་རིག་པ་དེ་ཉིད་ནི་བྱང་ཆུབ་སྟེ། བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ནི་བྱང་ཆུབ་སེམས་ཞེས་བྱའོ། །བྱ་བ་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། །ལུས་གནས་པར་བྱེད་པས་དེ་ཉིད་ནི་ལྷ་ཞེས་བྱ་ བའོ། །ཇི་ལྟར་འབྱུང་བ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་འབྱུང་བ་སྟེ། གཟུང་བ་དང་འཛིན་པ་ལ་མི་ལྟོས་པར་ཇི་ལྟར་འབྱུང་བའོ། །ཁུ་བ་ནི་ཀུན་ད་དང་ཟླ་བ་ལྟ་བུའི་ཁུ་བའི་གཟུགས་སོ། །གང་གི་ཕྱིར་དེ་ལྟར་ན། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་ བ་རྣམ་པ་གཉིས་ཡིན་ནོ། །གལ་ཏེ་དེ་ལྟ་བུ་ལྷན་ཅིག་སྐྱེས་པ་ཡིན་ན། སྐྱེས་པ་དང་བུད་མེད་ཅི་ཞིག་ཡིན་ཞེ་ན། རེ་ཞིག་བཙུན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ལ་ཞེས་བྱ་བ་ནི་བདུན་ཏེ། དགའ་བ་རྣམ་པ་གཉིས་སོ། །ཇི་ལྟ་བུ་ཞིག་ཅེ་ན། ཀུན་རྫོབ་དོན་དམ་ཞེས་བྱ་བ་སྟེ། བདེ་ བ་ཆེན་པོའི་ངོ་བོ་ནི་དོན་དམ་པའོ། །ཇི་ལྟ་བ་བཞིན་འབྱུང་བ་ནི་ཀུན་རྫོབ་སྟེ། ཀུན་རྫོབ་ཉིད་ཀྱི་ཆ་ཙམ་ཡོད་པའི་ཕྱིར་རོ། །དེ་ཉིད་ཕྱིར་ན་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་ཕྱིར་རོ། །བཞིའི་ཞེས་བྱ་བ་ནི་བཞི་རྣམས་སོ། །རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྤྱིའི་རབ་ཏུ་དབྱེ་བས་སོ། །གལ་ཏེ་གཞན་ དུ་ནི་དགའ་བ་བཞིར་འདོད་པ་མ་ཡིན་ནམ། འདིར་གཞན་དུ་འདོད་པ་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། འདི་ལྟར་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་དང་མཆོག་ཏུ་དགའ་བ་ལ་སོགས་པ་བཞིའི་རིམ་པས་འབྱུང་བར་འགྱུར་ཞེས་བྱ་བ་སྟེ། བསྐྱེད་པའི་རིམ་པའི་ཕྱོགས་ ཞེས་བྱ་བའོ། །དེ་ལྟར་ལྷན་ཅིག་སྐྱེས་པའི་རྣམ་པ་གཉིས་རྣམ་པ་བཞིར་བསྟན་པ་ཡིན་ཏེ། འདི་ནི་བཤད་པ་གཅིག་གོ། །ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། པདྨ་ལ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་ལ་སོགས་པ་རྣམས་སོ། །ཡེ་ཤེས་ནི་གཉིས་སུ་མེད་ པའི་ཡེ་ཤེས་སོ། །ཉོན་མོངས་པའི་བདུད་ལ་སོགས་པ་རྣམས་འཇིག་པར་བྱེད་པས་ན་བྷ་ག་ཞེས་བརྗོད་དོ། །བསྒོམ་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་ལྷན་ཅིག་ཏུའོ། །པདྨ་དང་རྡོ་རྗེའི་སྦྱོར་བས་དུས་མཉམ་དུ་འབབ་པར་གྱུར་པ་ནི་སྙོམས་པར་འཇུག་པའོ། །དེའི་བདེ་བ་ནི་སྙོམས་ པར་འཇུག་པའི་བདེ་བའོ། །འཁོར་ལོར་བརྗོད་པར་བྱ་བ་ནི་འཁོར་ལོ་རྣམ་པ་བཞིར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རིགས་པར་བྱ་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །རང་རིག་ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ལས་སློབ་དཔོན་གྱི་དབང་བསྐུར་བའི་མཚན་ཉིད་ ཅན་གྱི་བདེ་བ་གང་ཞིག་བླ་མའི་མན་ངག་ཉིད་ཀྱིས་འཁོར་ལོ་དང་པོར་བསྟན་པ་ནི་རང་རིག་ཉིད་དེ་རང་རིག་པ་ཞེས་བརྗོད་པར་བྱ་བའོ། །ཆོས་ཀྱི་ཕྱག་རྒྱ་ལས་གང་བསྐྱེད་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་སྟེ། བདེ་བ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་ཕྱག་རྒྱ་ལས་གང་ དམིགས་པའི་བདེ་བ་དེ་ནི་ལྷ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོ་ལས་བདེ་བའི་མཚན་ཉིད་གང་ཞིག་ཇི་ལྟར་འབྱུང་བའི་རིམ་གྱིས་ཉེ་བར་འབྱུང་བའི་མཚན་ཉིད་ཅན་གྱི་བདེ་བ་ཆེན་པོ་དེ་ནི་ཁུ་བ་ཞེས་བྱ་སྟེ། ཤུ་ཞེས་བྱ་བ་མྱ་ངན་ཏེ་འཁོར་བའི་སྡུག་བསྔལ་ཡིན་ལ་ཏྲ་ནི་གཅོད་པར་བྱེད་པ་དང་འདྲ་བས་ ཁུ་བ་ཞེས་བྱ་བ་ཡིན་ནོ། །རྣམ་པ་གཉིས་ཞེས་བྱ་བ་ནི་དེ་ལྟ་བུའི་ཕྱག་རྒྱ་རྣམ་པ་བཞི་ལས་ཉམས་སུ་མྱོང་བའི་བདེ་བ་ཉིད་ནི་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཞེས་བྱ་སྟེ་བདེ་བ་ཆེན་པོའི་རྣམ་པ་ནི་གཅིག་གོ། །མྱ་ངན་གཅོད་པའི་རྣམ་པ་ནི་གཉིས་པ་སྟེ། ལས་དང་ཆོས་ལ་སོགས་པའི་ཕྱག་རྒྱའི་དབྱེ་བས་ལྷན་ ཅིག་སྐྱེས་པ་རྣམ་པ་གཉིས་གསུངས་པ་ཡིན་ནོ། །ཅི་འདི་སྐྱེས་པ་ཁོ་ན་ལ་འབྱུང་བར་འགྱུར་རམ་བུད་མེད་ལ་ཡང་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་ཤེས་རབ་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ལ་དགའ་བ་ནི་བཞི་ཞེས་བྱ་བ་ནི་ཕྱག་རྒྱ་རྣམ་པ་ བཞིས་དབྱེ་བ་བྱས་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མའི་རྒྱུད་འདིར་བུད་མེད་ཇི་ལྟ་བ་བཞིན་དུ་སྐྱེས་པ་ཡང་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བས་དབང་ལ་སོགས་པ་རྗེས་སུ་གཟུང་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་བཞིའི་དབྱེ་བས་དགའ་བ་བཞིའི་དབྱེ་བ་བྱས་པར་ཇི་ལྟར་འགྱུར་ཞེ་ ན། འདི་ལྟར་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ། བདེ་བ་བསྐྱེད་པའི་མཚན་ཉིད་ཀྱི་སྐད་ཅིག་ཅེས་བྱ་བར་དགོངས་པའོ། །བཤད་པ་གཉིས་པ་སྟེ། འདི་དག་ཐམས་ཅད་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ད་ནི་མདོར་བསྡུས་ནས་ གསུམ་དུ་བསྟན་པའི་ཕྱིར་དགའ་བ་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོ་ཞེས་བྱ་བ་ནི་སྒྲུབ་པ་པོ་སྟེ་བརྩོན་འགྲུས་བརྩམས་པ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་དགའ་བའི་རྣལ་འབྱོར་མ། །ཞེས་བྱ་བ་ནི་དེ་མེད་ན་ཀུན་དུ་དགའ་བ་མི་འབྱུང་བའི་ཕྱིར་རོ། །ཤིན་ཏུ་དགའ་བ་ནི་མ་ལུས་པའི་ལྷན་ ཅིག་སྐྱེས་པའི་མཚན་ཉིད་དེ་ཀུན་ཀྱང་གསུམ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཐབས་ལས་ཞེས་བྱ་བ་གསུངས་ཏེ། ཐབས་ནི་ཕྱག་རྒྱའི་མན་ངག་བསྟན་པའོ། །དེ་བསྒོམས་པ་ལས་སྐྱེས་པའི་བདེ་བ་ནི་དེས་བདེ་བའོ། །ཐམས་ཅད་རིག་ཅེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །བསྐྱེད་པའི་ རིམ་པར་འདི་ལྷན་ཅིག་སྐྱེས་པ་མཚོན་པར་བྱ་བའི་ཕྱིར་དགའ་བ་བཞི་འདོད་པར་བྱེད་པ་ཡིན་ནོ། །རྫོགས་པའི་རིམ་པར་ནི་ལྷན་ཅིག་སྐྱེས་པ་གཅིག་ཉིད་བསྒོམ་པར་བྱ་བའོ། །དོན་དམ་ཉིད་རིག་པ་གསུམ་དང་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པའི་ཕྱིར་དགའ་བས་བདེ་བྱ་བ་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། ལྷག་མས་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་བྱ་བ་ནི་ཀུན་གྱི་ཕྱི་མ་ཉིད་དོ། །གང་ཡང་གསུམ་པོ་འདི་དག་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། འཁྲུལ་པ་ཉིད་ཡིན་པའི་ཕྱིར་འཁོར་བ་ཀུན་ཏུ་འབྱུང་བར་བྱེད་པ་ཡིན་ནོ། །དེས་ན་དེའི་ཕྱིར་ བསྒྲུབ་པར་བྱ་བ་བདེ་བ་ཆེན་པོའི་ཆོས་ཀྱི་སྐུའི་མཚན་ཉིད་ཐོབ་པར་བྱེད་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེའི་བསྒོམ་པར་བྱ་བ་གཅིག་ཡིན་ནོ། །ཡང་ཅིའི་ཕྱིར་གསུམ་པོ་འདི་དག་ཐར་པར་འདྲེན་པར་བྱེད་པ་མ་ཡིན་ཞེ་ན། དང་པོར་རེག་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེག་པར་ཞེས་བྱ་ བ་ནི་པདྨར་རྡོ་རྗེས་སོ། །གཉིས་པ་ཞེས་བྱ་བ་ནི་དེ་བས་ལྷག་པར་གྱུར་པའི་བདེ་བ་འདོད་པའོ། །གསུམ་པ་ཞེས་བྱ་བ་ནི་དགའ་བྲལ་གྱི་དགའ་བའོ། །འདོད་ཆགས་འཇིག་པ་ཉིད་ཅེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་ བཞི་པ་ཞེས་བྱ་བ་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པར་ཞེས་བྱ་བ་ནི་འཁོར་བའི་མཚན་ཉིད་ཅན་དེ། ལྷན་ཅིག་སྐྱེས་པ་ལ་འདོད་པ་དང་ཆགས་པའི་ཕྱིར་རོ། །དགའ་བྲལ་ལས་ནི་ཞེས་བྱ་བ་ནི་དགའ་བྲལ་ ནི་མྱ་ངན་ལས་འདས་པར་བསྟན་པའོ། །དབུ་མ་ཞེས་བྱ་བ་ནི་དགའ་བ་དང་པོ་ནི་དགའ་བ་ཙམ་སྟེ་ཐུན་མོང་གི་བདེ་བ་ཙམ་ཉིད་དོ། །འདི་དག་ཅེས་བྱ་བ་ནི་བསྟན་པའི་གསུམ་པོ་སྤངས་པའི་ལྷན་ཅིག་སྐྱེས་པ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་སྐྱོན་གྱིས་མཚོན་པར་མ་གྱུར་པའི་ངོ་བོ་ ཉིད་དེ། དེ་བསྒོམ་པར་བྱ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གལ་ཏེ་དེ་ལྟར་ན་ལྷན་ཅིག་སྐྱེས་པའི་བདེ་བས་བསྒྲུབ་པར་བྱ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ཡིན་ན་ཤེས་རབ་ཀྱི་ཟེའུ་འབྲུ་ཉིད་དུ་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་བྱ་བ་བྱས་པ་ཡིན་ པས་བསྒོམས་པས་ཅི་ཞིག་བྱ་ཞེ་ན། གཞན་གྱིས་བརྗོད་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མ་དང་རྡོ་རྗེ་འཆང་ལ་སོགས་པས་གང་དུ་ཡང་མ་ཡིན་ལ་འཁོར་ལོ་བཞི་དང་ཤེས་རབ་ཀྱི་པདྨ་དང་མཉམ་པར་སྦྱོར་བས་ཀྱང་མ་ཡིན་ཏེ། དེ་ནི་སོ་སོ་རང་གིས་རིག་པར་བྱ་བ་ངག་ གིས་རྟོགས་པའི་ཡུལ་ལས་འདས་པའོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་དེ་ལྟར་ན་དེ་བསྟན་པ་དང་ཐོས་པར་ཇི་ལྟར་འགྱུར་ཞེ་ན། ཀུན་རྫོབ་ཀྱིས་བརྗོད་པ་ཡིན་གྱི། གང་གི་ངོ་བོས་ནི་མ་ཡིན་ཏེ། ལྷ་དང་དམྱལ་བའི་བདེ་བ་དང་སྡུག་བསྔལ་བསྟན་པ་དང་ཐོས་པ་བཞིན་ནོ། ། གལ་ཏེ་དེ་ལྟར་ན་དེ་ཇི་ལྟར་ཤེས་པ་ཉིད་ཡིན་ཞེ་ན། བདག་གི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པའི་ཁྱད་པར་ཉིད་ཀྱིས་དམིགས་པར་བྱ་བ་ཡིན་ནོ། །དེའི་ཕྱིར་བསྒོམ་པ་དོན་མེད་པ་མ་ཡིན་ཏེ། བསྒོམ་པ་ཡོངས་སུ་རྫོགས་པ་མེད་པར་དེ་མངོན་སུམ་དུ་བྱ་བར་ མི་ནུས་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། སྲིད་པའི་ཟུག་རྔུ་སེལ་བྱེད་པའོ། །ང་ཡིས་ཁྱོད་ལ་ལམ་བསྟན་བྱས། །ཁྱོད་ཉིད་ཀྱིས་ནི་བྱ་བ་སྟེ། །དེ་བཞིན་གཤེགས་པ་སྟོན་པ་ཙམ། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པ་འདི་ནི་རིགས་ ཀྱི། ལྷན་ཅིག་སྐྱེས་པའི་དགའ་བ་ནི་མངོན་སུམ་དུ་ཉེ་བར་དམིགས་པ་ཡིན་པས་མངོན་སུམ་དུ་འགྱུར་བའི་དོན་དེ་གཞན་ལ་བསྟན་པར་རིགས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བསོད་ནམས་ལས་ཞེས་བྱ་བ་གསུངས་སོ། །འདི་སྙམ་དུ་དགོངས་ཏེ། འཇིག་རྟེན་པ་ཉིད་ཀྱིས་ལྷན་ཅིག་སྐྱེས་པའི་ དགའ་བ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གྲུབ་པ་ཉིད་ཀྱི་ཕྱིར་དང་ཟག་པ་དང་བཅས་པས་དྲི་མ་ཅན་ཡིན་པའི་ཕྱིར་དང་འཁོར་བ་པ་རྣམས་དེའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཉིད་ཀྱིས་གང་སོ་སོ་ཡང་དག་པར་རིག་པར་བྱའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ ལྷན་ཅིག་སྐྱེས་པ་དེ་འདིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་ཐབས་གཞན་ཡོད་པ་མ་ཡིན་པས་འདིར་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་དགའ་བས་མན་ངག་ཇི་ལྟ་བ་བཞིན་དུ་ལྷག་པར་མོས་པར་བྱས་ནས་བསྒོམས་པ་ལས་ཡོངས་སུ་སྨིན་པར་འགྱུར་བའི་སྟོབས་ཀྱིས་བདག་ཉིད་ཀྱིས་ ཤེས་པར་འགྱུར་གྱི། སྔར་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་ཐོས་པ་དང་བསམས་པ་དང་བསྒོམས་པ་དོན་མེད་པར་མི་འགྱུར་རོ། །ཐབས་ནི་ལམ་མོ། །དེ་བསྟེན་པ་ནི་ཡང་དག་པར་བསྒོམ་པའོ། །དེའི་དུས་ནི་མང་པོ་ཉིད་དེ། རྣམ་པ་དུ་མ་ཞེས་བྱ་བའི་དོན་ཏོ། །བླ་མ་ལས་རྙེད་པའི་དུས་ནི་ བླ་མའི་དུས་ཏེ། གང་སྣོད་དུ་གྱུར་པའི་སློབ་མ་ལ་བླ་མས་ཆོ་ག་བཞིན་དུ་བྱིན་པ་སྟེ། མན་ངག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ལྷན་ཅིག་སྐྱེས་པ་དེ་ཇི་ལྟར་བསྒོམ་པར་བྱ། ཡུལ་གཅིག་ཉིད་དུའམ། འོན་ཏེ་སྣ་ཚོགས་ལ་མངོན་པར་ཁྱབ་པ་ཉིད་དུ་ཞེ་ན། དམན་པ་དང་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། འདི་ནི་མདོར་བསྟན་པའོ། །འདི་བཤད་པ་ནི་ཕྲ་བའི་དོན་ཞེས་བྱ་བ་ལ་སོགས་པ་སྟེ། ཕྲ་བའི་དོན་ནི་བདག་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའོ། །དངོས་པོར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་སོ། །གཉིས་ཀྱིས་ཞེས་བྱ་བ་ནི་རང་གི་ལུས་དང་ཡན་ལག་ གོ། །དབང་པོ་དྲུག་ནི་ལུས་ལ་གནས་པའི་མིག་ལ་སོགས་པའོ། །བརྟེན་དང་གཡོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སེམས་དང་ལྡན་པ་དང་སེམས་མེད་པའོ། །ང་ཉིད་ཡིན་ཞེས་བྱ་བ་ནི་བདག་ཉིད་འབའ་ཞིག་བདེ་བ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་འཆང་ཡིན་པར་མ་ཟད་པའོ། ། མཉམ་ཉིད་མཚུངས་པར་ཞེས་བྱ་བ་ནི་དབྱེར་མེད་པའི་ངོ་བོ་ཉིད་དུའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དེ་ཉིད་བསྒོམས་པས་ཞེས་བྱ་བ་གསུངས་ཏེ། འདིའི་བཤད་པ་ནི་རོ་མཉམ་ཞེས་བྱ་བའོ། །ཡང་འདིའི་བཤད་པ་ནི་མཉམ་ཞེས་བྱ་བ་ལ་སོགས་པ་སྟེ། མཉམ་པ་ནི་མཚུངས་པར་འགྱུར་བ་ཞེས་ བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་དམན་པ་དང་འབྲིང་ལ་སོགས་པའོ། །རོ་ཞེས་བྱ་བ་ནི་སྙིང་པོ་སྟེ་དངོས་པོ་ཞེས་བྱ་བའི་རྣམ་གྲངས་སོ། །གང་རོ་ཡིན་ཞེ་ན། འཁོར་ལོའི་སྟེང་བདེ་བ་ཆེན་པོའི་མཚན་ཉིད་ཅན་ལྷན་ཅིག་སྐྱེས་པའི་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་པའི་དོན་བསྟན་པའི་ ཕྱིར། བསྒོམ་པ་རོ་གཅིག་མཉམ་པ་ཉིད། །ཅེས་གསུངས་སོ། །ཡང་རོ་གཅིག་པའི་མཉམ་པ་ཉིད་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ང་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་རྣལ་འབྱོར་པས་ཤེས་ནས་ཞེས་བྱ་བ་ནི་དེ་ལྟར་ངེས་པར་བཟུང་ནས་སོ། །ཤིན་ཏུ་མཉམ་གཞག་ ཅེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཟའ་བ་དང་བཏུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངང་གིས་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་པའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། །ཞེས་བྱ་བའི་དོན་ཏོ། ། འདིས་ནི་ལྷག་པར་མོས་པའི་རྣལ་འབྱོར་བསྟན་ཏོ། །ད་ནི་འདི་ཉིད་ལ་སེམས་བསྟན་པར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་བསྒོམ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེ་ཐམས་ཅད་བསྒོམས་པ་ལས་ འབྱུང་བ་ཉིད་དོ། །གང་གི་ཕྱིར་ཞེ་ན། ཡིད་ཀྱིས་ཞེས་བྱ་བ་གསུངས་ཏེ། རྣམ་པར་རྟོག་པ་ཅན་གྱི་ཤེས་པས་སོ། །གལ་ཏེ་བརྟག་པར་མི་བྱ་ན་བསྒོམ་པར་ཡང་མི་འགྱུར་རོ་ཞེ་ན། ཐམས་ཅད་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་ པར་འགྱུར་བ་ནི་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྟན་དང་གཡོ་བའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཐམས་ཅད་དམ་པའི་དེ་ཉིད་ཅེས་བྱ་བ་དེ་ཁོ་ན་ཉིད་ཀྱི་གཟུགས་སུ་བསྒོམ་པར་བྱ་བའོ། །ཡང་དེའི་དམ་པའི་དེ་ཉིད་གང་ཡིན་ཞེ་ན། བདག་གི་དངོས་པོའི་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ཞེས་བྱ་བ་ནི་རང་གི་སེམས་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི་ངོ་བོའོ། །དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དོ། །ཡང་དེ་དག་གཅིག་ཡོད་མིན་པ་ཅི་ཞེ་ན། རང་རིག་ ཅེས་བྱ་བ་གསུངས་སོ། །གལ་ཏེ་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ཡང་དག་པའི་མཐའ་ཡིན་པས་དེ་ལས་གཞན་པའི་དེ་ཁོ་ན་ནི་ཡོད་པ་མ་ཡིན་ཞེ་ན། རང་རིག་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རང་བཞིན་གྱི་སེམས་ཁོ་ན་ལས་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་ཏུ་འགྱུར་བའོ། །རང་རིག་ཕྱིར་ནི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཁོ་ན་རྫོགས་པའི་རིམ་པའི་ཕྱོགས་ན་བསྒོམ་པར་བྱ་བ་ཡིན་ནོ། །རང་གིས་རིག་ཅེས་བྱ་བ་ལ། གང་ཅུང་ཞིག་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་བརྟན་པ་དང་གཡོ་ བ་ལ་སོགས་པ་རྣམ་པ་སྣ་ཚོགས་མཐོང་བ་དེ་ཉིད་ནི་ལས་ཡིན་ནོ། །གལ་ཏེ་དེ་ལྟར་རང་རིག་པ་ལས་འབྱུང་བར་འགྱུར་ན་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་རྟོག་པ་ལས་ནི་ཞེས་བྱ་བ་གསུངས་ཏེ། རྟོག་པ་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་བསྒྲུབ་པའོ། །དེ་ལས་ སྐྱེས་པར་འགྱུར་གྱི། ཡང་སྣ་ཚོགས་ཀྱི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པ་ལས་ནི་མ་ཡིན་ནོ། །དེ་ལྟ་བས་ན་གང་གི་ཕྱིར་ལས་རྣམས་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར། རང་གིས་འཕྲོག་ཅིང་རང་གིས་བྱེད། །ཅེས་བྱ་བ་གསུངས་ཏེ། དེ་ལས་མ་གཏོགས་ པའི་བྱེད་པ་པོ་གཞན་མེད་པའི་ཕྱིར་རོ། །རང་གིས་འཕྲོག་ཅིང་ཞེས་བྱ་བ་ནི་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་སོ། །རང་ཉིད་རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་པོ་ཉིད་དོ། །ཉོན་མོངས་པ་མ་ལུས་པ་ཟད་པར་བྱེད་པའི་མཐུ་དང་ལྡན་པས་རང་གཙོ་བོ་ཞེས་བྱ་བའོ། །འདོད་ཆགས་ ཞེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པའོ། །དེ་ཀུན་གནས་ནི་ཞེས་བྱ་བ་ནི་རང་རིག་པའི་གོ་འཕང་བསྒོམ་པར་བྱ་བ་འདིའོ། །བཅུ་དྲུག་ཆར་ཡང་ཞེས་བྱ་བ་ནི་ཉམས་པར་བྱེད་པར་མི་ནུས་པའོ། །ད་ནི་རང་རིག་པའི་རང་བཞིན་བསྟན་པའི་ཕྱིར་ ཆོས་འབྱུང་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཞེས་བྱ་བ་ནི་འཕགས་པའི་ཆོས་སོ། །དེ་རྣམས་འདི་ལས་འབྱུང་བས་ན་ཆོས་འབྱུང་ཞེས་བྱ་སྟེ་ཆོས་ཀྱི་དབྱིངས་སོ། །འདིར་ནི་དེའི་ཕྱག་རྒྱར་བསྟན་པ་བཙུན་མོའི་པདྨ་ལ་ཆོས་འབྱུང་ཞེས་བྱའོ། །དེ་ལ་མོས་པའི་ སྟོབས་ཀྱིས་སོ། །དེ་ལས་བྱུང་བ་འདི་ལ་ཡོད་པས་ན་ཆོས་འབྱུང་ལས་སྐྱེས་ཞེས་བྱ་བ་སྟེ་ཡེ་ཤེས་སོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། ནམ་མཁའ་མཉམ་ཞེས་བྱ་བ་སྟེ་ནམ་མཁའི་རང་བཞིན་ཅན་ནོ། །ཐབས་ནི་ལམ་མོ། །དེ་ཡང་རྣམ་པ་དུ་མར་བཤད་ཅིང་བསྟན་ཏོ། །རྫོགས་པའི་རིམ་པའི་ ཕྱོགས་ལ་ལྷན་ཅིག་སྐྱེས་པ་ཉིད་གཅིག་པུ་ཙམ་བསྒོམ་པར་བྱ་བ་ལ་ཡང་ཐབས་དུ་མ་ཉིད་ཀྱིས་ཡིན་ནོ། །འདིས་ཇི་ལྟར་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཞེ་ན། འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སོ་སོ་ཡང་དཔག་ཏུ་མེད་པས་འཇིག་རྟེན་གསུམ་ཞེས་བྱའོ། །དེ་དག་བསྡུས་པ་ནི་འཇིག་རྟེན་གསུམ་ཞེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དེ་ལས་སྐྱེས་པའོ། །དེའི་ཕྱིར་ཡེ་ཤེས་དེ་བསྒོམ་པར་བྱའོ། །ཅིའི་ངོ་བོ་ཞེ་ན། ཐབས་དང་ ཤེས་རབ་རང་བཞིན་ལས། །ཞེས་བྱ་བ་གསུངས་ཏེ། ཁྱད་པར་ཅན་གྱི་ཡེ་ཤེས་ནི་ཤེས་རབ་སྟེ་ཆོས་ཀྱི་སྐུའོ། །ཐབས་ནི་འགྲོ་བའི་དོན་བྱེད་པའི་ཐབས་སོ། །དེ་དག་གི་རྒྱུ་མཐུན་པར་འགྱུར་བ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཏེ། དེ་དག་གི་རང་བཞིན་ཉིད་ནི་དེ་དག་གི་རང་བཞིན་ ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་དག་གི་རང་བཞིན་ལས་སྐྱེ་ཞེ་ན། ཁུ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བས་ནི་སྐུ་གཉིས་ཀྱིས་བསྡུས་པའི་ཐབས་གསུངས་སོ། །དེའི་བདེ་ཞེས་བྱ་བ་ནི་གང་ཡང་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཞེས་པ་ དེ་ནི་ཆགས་ཅན་མ་སྟེ་ཤེས་རབ་ཅེས་བྱ་བའི་དོན་ཏོ། །གཅིག་དང་དུ་མ་བྲལ་བ་ཞེས་བྱ་བ་ལ་འདི་ཞེས་བྱ་བ་ནི་ཐབས་ཀྱི་ཆ་སྟེ་ཁུ་བའི་རྣམ་པའོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་བརྟགས་ན་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་ན་བསྒོམ་པར་བྱ་བ་མ་ཡིན་ཏེ། མི་ བདེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མྱུར་དུ་བྱང་ཆུབ་ཐོབ་པའི་སྦྱོར་བ་མ་ཡིན་པ་ཉིད་དོ། །སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ལས་མཆོག་དགའ་ཞེས་བྱ་བ་ནི་ལྷག་པར་དགའ་བ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ བསྒོམ་པར་བྱ་བའི་མཆོག་གཙོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཅིག་དང་དུ་མའི་དཔྱད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་དེ་ལ་དཔྱོད་པའི་སྐབས་ཡོད་པ་མ་ཡིན་ན་དེ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། རང་གིས་རིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོ་ རང་གིས་རིག་པར་བྱ་བ་ཡིན་པས་གཞན་གྱིས་བརྗོད་པ་མ་ཡིན་ནོ། །ངག་གི་ལམ་འདས་ཞེས་བྱ་བ་ནི་ངག་གི་ལམ་ནི་སྒྲུབ་པ་སྟེ་ངག་གི་ལམ་ཞེས་བྱ་བའོ། །དེ་ལས་འདས་པ་ནི་སྤྱོད་ཡུལ་མ་ཡིན་པ་སྟེ། དེའི་ཡུལ་ལས་ཤིན་ཏུ་འདས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་བྱིན་རླབས་ རིམ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྡུས་པ་ཉིད་ཀྱིས་དེའི་རང་བཞིན་ནོ། །ས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ལྷན་ཅིག་སྐྱེས་པ་བསྒོམས་པའི་འབྲས་བུ་གསུངས་སོ། །ཇི་ལྟར་ན་ས་ ལ་སོགས་པས་མི་གནོད་ཅེ་ན། གལ་ཏེ་སྒོམ་པ་པོ་འདོད་པར་གྱུར་ན་ས་ལ་འོག་ཏུ་འཛུལ་ཞིང་སྟེང་དུ་འབྱུང་བར་འགྱུར་རོ། །ཐད་ཀར་ཡང་རི་དང་རྩིག་པ་ལ་མི་ཐོགས་པར་འགྲོ་བ་དང་འོང་བར་ཡང་བྱེད་དོ། །དུག་དང་མཚོན་ལ་སོགས་པས་ཉོན་མོངས་པར་ཡང་མི་འགྱུར་རོ། །ཆུའི་སྟེང་ དུ་གནས་ཤིང་ནང་དུ་འཇུག་པར་ཡང་འགྱུར་ལ། ཉལ་བ་དང་འདུག་པ་དང་འཆག་པར་ཡང་བྱེད་དོ། །རླུང་དང་ཆར་འབབ་པ་ལ་སོགས་པས་ཀྱང་ཉོན་མོངས་པར་མི་འགྱུར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །རང་གཞན་རིག་པའི་ཚོར་བ་ཡིས། །ཞེས་བྱ་བ་ནི་ བདག་དང་གཞན་གྱི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སེམས་ཤེས་པའོ། །མཐོ་རིས་མི་ཡུལ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་གཅིག་ཅེས་བྱ་བ་ནི་རང་བཞིན་གཅིག་པའོ། །རང་གཞན་ཆའི་ཞེས་བྱ་བ་ལ་སོགས་པའི་དོན་བསྟན་ཟིན་ཏོ། ། ལུང་གཞན་དག་ལས་དགྱེས་པའི་རྡོ་རྗེ་ཁྱད་པར་ཅན་རབ་ཏུ་བསྟན་པའི་ཕྱིར་ཐམས་ཅད་རིག་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་བྱེད་ནི་ངེས་བརྗོད་དང་སྲིད་སྲུང་དང་སྙན་དངགས་དང་མཆོད་སྦྱིན་ནོ། །གྲུབ་མཐའ་ནི་མུ་སྟེགས་ཀྱི་འདོད་པ་སྟེ་རྙིང་བ་ལ་སོགས་པ་དང་། ཉན་ ཐོས་ཀྱི་སྡེ་སྣོད་ཀྱི་མདོ་སྡེ་ལ་སོགས་པ་སྟེ་ཡང་སྲིད་ཀྱི་མཐར་བྱེད་པར་འདིས་འགྱུར་པས་སོ། །ལས་རྒྱས་ནི་བྱ་བའི་རྒྱུད་ལ་སོགས་པའོ། །འདི་དག་ལ་བཤད་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་ཡོད་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡོད་དམ་འོན་ཏེ་མེད་ཅེ་ན། སྲིད་ པ་དག་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དག་པ་ནི་འདིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཟད་པར་བྱེད་པས་ན་དག་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཅན་གྱི་ལམ་མོ། །དག་པ་དེས་བྱང་ཆུབ་ཐོབ་པར་འགྱུར་ཏེ། འོན་ཀྱང་སྲིད་མཐར་ཞེས་བྱ་བ་བསྐལ་པ་ གྲངས་མེད་པ་གསུམ་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣལ་འབྱོར་གྱི་རྒྱུད་དུ་ཡང་ཚེ་འདི་ལ་བྱང་ཆུབ་ཐོབ་པར་གསུངས་ན། དེ་ལས་ཅི་ཡིས་ལྷག་པར་འགྱུར་ཞེ་ན། དེ་མེད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་རང་རིག་ པའི་མཚན་ཉིད་ཅན་གྱི་ལྷན་ཅིག་སྐྱེས་པ་མེད་ན་སྐྱེ་བ་འདི་འམ་སྐྱེ་བ་གཞན་དག་ལ་ཡང་དངོས་གྲུབ་ཡོད་པར་མ་གསུངས་སོ། །དེ་ལྟར་ན་དེ་དང་འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། གང་གིས་མི་ཤེས་དགྱེས་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་ལས་ནི་ལྷན་ཅིག་སྐྱེས་པ་ བསྟན་པ་ཙམ་ཞིག་ཏུ་ཟད་ལ། དགྱེས་པའི་རྡོ་རྗེ་འདི་ལས་ནི་ཡོངས་སུ་གསལ་བའི་རྣམ་པ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་གང་གིས་དགྱེས་པའི་རྡོ་རྗེ་མི་ཤེས་པ་དེའི་ཐོས་པ་དང་བསམ་པ་དང་བསྒོམ་པའི་ངལ་བ་དོན་མེད་པར་འགྱུར་རོ་ཞེས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །གལ་ཏེ་བྱང་ ཆུབ་ནི་རྙེད་པར་དཀའ་བ་ཡིན་ན། སྐྱེ་བ་འདི་ལ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། ཆུ་བོའི་རྒྱུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་བོའི་རྒྱུན་ནི་ཆུ་རྒྱུན་འབབ་པ་སྟེ་དེ་བཞིན་དུ་རྒྱུན་མི་འཆད་པའོ། །མར་མེའི་རྩེ་མོ་ནི་མར་མེའི་འོད་ཀྱི་རྩེ་མོ་སྟེ་དེའི་རྒྱུན་བཞིན་དུའོ། །རྟག་ཏུ་ནི་རྒྱུན་མི་འཆད་པར་ རོ། །དེ་ཉིད་རྣལ་འབྱོར་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རྣལ་འབྱོར་ཏེ། དེས་ཉིན་མཚན་དུ་གནས་པར་བྱ་བའོ། །ངེས་པར་དེ་ལྟར་གནས་པར་གྱུར་ན་ཚེ་འདི་ཉིད་ལ་བྱང་ཆུབ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ནི་བདག་མེད་མ་ལ་སོགས་པའོ། །དེ་དག་དང་ འདུ་བ་ནི་འདུ་བ་སྟེ་གཞལ་ཡས་ཁང་དང་ལྷན་ཅིག་སྐྱེས་པའི་དགའ་བར་རོ། །དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལེའུ་བརྒྱད་པའི་འགྲེལ་བའོ།། །།རྣམ་པར་དག་པའི་ལེའུ་ཞེས་ བྱ་བ་ལ་འདིས་རྣམ་པར་དག་པར་བྱེད་པས་ན་རྣམ་པར་དག་པ་སྟེ། གང་གིས་སྲིད་པ་ཐམས་ཅད་སྐྱོན་དང་བྲལ་བར་འགྱུར་བ་དེ་ནི་རྣམ་པར་དག་པའོ། །དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་རྣམ་པར་དག་པའི་ལེའུ་ཞེས་བྱ་བའོ། །དངོས་པོ་ཐམས་ཅད་ལ་ཁྱབ་པ་ནི་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །བརྗོད་ཅེས་བྱ་བ་ནི་ལེའུ་བརྒྱད་པར་བསྟན་པའོ། །ཕྱི་ནས་ཞེས་བྱ་བ་ནི་ད་ལྟར་རོ། །ལྷ་རྣམས་ཞེས་བྱ་བ་ནི་རྡོ་རྗེའི་གཽ་རཱི་ལ་སོགས་པའོ། །ཇི་ལྟར་མ་དག་པ་ཇི་ལྟ་བུ་ཞིག་ཇི་ལྟར་རྣམ་པར་དག་པར་བྱེད་ཅེ་ན། སྐྱེ་མཆེད་དྲུག་ཅེས་ བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་ནི་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་སོ། །གལ་ཏེ་དག་པ་ཞིག་ཡིན་ན་ཅིའི་ཕྱིར་དག་ཅེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་བྱའི་སྒྲིབ་པ་ནི་རང་བཞིན་ཡོངས་སུ་མི་ཤེས་པ་སྟེ། མི་ཤེས་པའི་སྒྲིབ་ པ་ཞེས་བྱ་བའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། ཉོན་མོངས་པའི་སྒྲིབ་པའོ། །དེས་བསྒྲིབས་པ་ནི་བཀབ་པའོ། །དེའི་ཕྱིར་རྣམ་པར་དག་པར་བྱེད་དོ། །དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་དག་པ་དེ་ཇི་ལྟ་བུ་ཞིག་ཅེ་ན། རང་རིག་བདག་ཉིད་ཅེས་བྱ་བ་ལ་སོགས་ པ་གསུངས་ཏེ། སྔར་ངས་ལེའུ་བརྒྱད་པར་བསྟན་པ་ཡིན་ཏེ། དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་བྱ་བར་དགོངས་སོ། །ཡུལ་གྱི་དངོས་པོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་རྣམས་ཀྱི་རང་རིག་པའི་བདེ་བ་མཆོག་ཏུ་ཁྱད་པར་ཅན་དུ་འགྱུར་ བའི་དག་པའོ། །གཞན་ཡང་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུག་ལ་སོགས་པའོ། །དངོས་པོ་དེ་ཀུན་དག་པ་སྟེ། །ཞེས་བྱ་བ་ནི་དངོས་པོ་རྣམས་རང་བཞིན་གྱིས་དག་པའོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་བདག་ཅེས་བྱ་བ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་བདག་ཉིད་ཅན་ནོ། །འགྲོ་ བ་ནི་བརྟན་པ་དང་གཡོ་བའོ། །ད་ནི་ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ལྷའི་རྣམ་པར་དག་པ་ཞུས་པ་ཡིན་ནོ། །མིག་ཅེས་བྱ་བ་ལ་སོགས་པ་ལ་གཟུང་བར་བྱ་ཞེས་བྱ་བ་ནི། ཡོངས་སུ་སྤྱད་པར་བྱ་བའོ། །མྱོང་བར་བྱ་ཞེས་བྱ་བ་ནི་ཡོངས་སུ་སྤྱོད་པའོ། །ལྕེ་ཡིས་ཞེས་བྱ་བ་ནི་རོའོ། ། ཐོབ་པར་ཞེས་བྱ་བ་ནི་གཟུང་བར་བྱ་བའོ། །གལ་ཏེ་དག་པ་མ་ཡིན་ན་བསྟེན་པར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བསྟེན་བྱ་འདི་དག་ཅེས་བྱ་བ་གསུངས་ཏེ། བསྟེན་བྱ་ནི་བསྟེན་པར་བྱ་བའོ། །འདི་དག་དུག་མེད་པར་ཇི་ལྟར་བྱ་ཞེ་ན། གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། རྡོ་རྗེ་མ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་རྣལ་འབྱོར་པས་ཞེས་གསུངས་པ་ཡིན་ནོ། །དབང་ལྡན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་རིམ་པ་ནས་བརྩམས་པའོ། །གལ་ཏེ་ནང་གི་རིམ་པར་ཡང་གཽ་རཱི་བརྗོད་པ་མ་ཡིན་ནམ། ཕྱི་རོལ་ གྱི་རིམ་པར་ཡང་དེ་བརྗོད་པ་ནི་ཇི་ལྟ་བུ་ཞེ་ན། གཞན་ཡང་ལྷ་མོ་གཽ་རཱི་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། མིང་ཙམ་འདྲ་བའི་གཽ་རཱི་གཞན་ཞིག་གོ། །ལྷ་མོ་འདི་གཉིས་ཞེས་བྱ་བ་ནི་ལྷ་མོ་འདི་གཉིས་ཞེས་བྱ་བའི་དོན་ཏོ། །གནས་ཀྱི་དབྱེ་བ་ནི་ལྷ་མོ་རྣམས་ཀྱི་དབྱེ་བ་ཤེས་པར་བྱ་བའི་ ཕྱིར་བསྟན་ཏོ། །ཡང་འདི་དག་གི་རྣམ་པར་དག་པ་ནི་མ་བསྟན་པ་དེ་བསྟན་པའི་ཕྱིར། གཟུགས་ལ་གཽ་རཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་རྣལ་འབྱོར་པས་ཞེས་བྱ་བ་ལྷའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའོ། །ཕྱག་གི་ཞེས་བྱ་བ་ལ་སོགས་པ་ནི་དགྱེས་པའི་རྡོ་རྗེ་ཕྱག་བཅུ་དྲུག་ པའི་ཕྱག་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་ཡིན་ཏེ། ཕྱག་བཅུ་དྲུག་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། འདི་ལྟ་སྟེ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་འདི་དག་ཁོ་ན་ཕྱག་ཏུ་བྱས་པའོ། །ཞབས་རྣམས་ནི་བདུད་རྣམས་བཅོམ་པའི་རྣམ་པར་དག་པ་སྟེ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་ཅེས་བྱ་བའོ། །ཞལ་ རྣམས་ཞེས་བྱ་བ་ནི་ཞལ་རྣམས་སོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །ས་ནི་ཞེས་བྱ་བ་ལ་སོགས་པས་ནི་ས་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་བསྟན་ཏེ། པུཀྐ་སཱི་ལ་སོགས་པའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ཞེས་ བྱ་བ་ནི་ཕུང་པོ་ལ་སོགས་པའོ། །དེ་ལྟར་རེ་ཞིག་བསྐྱེད་པའི་རིམ་པའི་ཕྱོགས་ཀྱི་རྣམ་པར་དག་པ་བསྟན་ནས། ཡང་རྫོགས་པའི་རིམ་པའི་ཕྱོགས་ལ་དེ་ཉིད་རོ་གཅིག་པའི་རྣམ་པར་དག་པ་བསྟན་པའི་ཕྱིར། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ གང་གིས་འཇིག་རྟེན་འཆིང་བར་འགྱུར་བ་དེ་ཉིད་ཀྱིས་བདག་ཉིད་གྲོལ་བར་བྱའོ། །ལྷའི་རྣམ་པའི་བསྒོམ་པ་ཡང་མི་བྱའོ། །གལ་ཏེ་དེ་དང་དེས་གྲོལ་བར་འགྱུར་བ་ཉིད་ཡིན་ན་འཇིག་རྟེན་ན་བཅིངས་པ་ཉིད་དུ་འགྱུར་བ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་རྣམས་རྨོངས་པར་གྱུར་པས་དེ་ཉིད་ལས་འདི་ བདེན་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་དེ་ཉིད་མི་ཤེས་པ་སྟེ། དེ་རྣམས་ཀྱི་མ་སྐྱེས་པའི་དེ་ཁོ་ན་ཉིད་དེ་མ་རྟོགས་པའོ། །དེ་ཉིད་རྣམ་སྤངས་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་བསྒོམ་པ་དང་བྲལ་བ་ཞེས་སོ། །དངོས་གྲུབ་ནི་རྡོ་རྗེ་འཆང་གི་གོ་འཕང་སྟེ། རྙེད་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་པའོ། ། གང་གི་ཕྱིར་དེ་དེ་ལྟར་ན་དེའི་ཕྱིར་ཞེས་བྱ་བ་རྒྱུ་དེས་དྲི་ལ་སོགས་པ་དོན་དམ་པ་ཉིད་དུ་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །སེམས་ཀྱི་རྣམ་པར་དག་པ་ཡང་ཐ་དད་དུ་བྱ་བ་མ་ཡིན་ཏེ། དེའི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་རྣམ་པར་དག་ཅེས་ པ་ནི་འགྲོ་བ་ཐམས་ཅད་རྣམ་པར་དག་པའོ། །གང་གིས་འགྲོ་བ་རྣམ་པར་དག་ཅེ་ན། རྣམ་པར་དག་ཅེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རྣམ་པར་དག་པའོ། །དེའི་ཕྱིར་རང་བཞིན་དག་པའི་འགྲོ་ལ་ཞེས་སོ། །ཡང་དེ་ལྟ་བུ་སུས་ཤེས་ཤེ་ན། འགྲོ་བར་ཞེས་བྱ་བ་ གསུངས་ཏེ། ཤེས་པར་གྱུར་ན་ཞེས་བྱ་བའི་དོན་ཏོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་རྣམ་པར་དག་པའི་ལེའུའི་འགྲེལ་པ་སྟེ་དགུ་པའོ།། །།ད་ནི་སློབ་མ་མངོན་པར་དབང་བསྐུར་བ་སྦྱིན་པར་བྱ་བ་ཡིན་ལ། དེ་ཡང་བྲིས་པའི་དཀྱིལ་འཁོར་ཉིད་དུ་སྦྱིན་ པ་ཡིན་པས། དེའི་ཕྱིར་དེ་ནས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཡིན་པའི་ཆོ་ག་སྟེ། ཆོ་ག་གང་གིས་སློབ་མ་དབང་བསྐུར་བར་བྱེད་པ་དེའི་ཆོ་ག་ཡང་དག་པར་རབ་ཏུ་བཤད་དོ་ཞེས་བྱ་བར་སྦྱར་རོ། །ནོར་འཛིན་ཞེས་བྱ་བ་ནི་ས་གཞིའོ། ། ལྷའི་བདག་ཉིད་ཀྱི་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་སོ། །ཧཱུྃ་ལས་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ཀྱི་རྣམ་པར་བསྒོམས་ནས་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའོ། །དེ་ལས་རྡོ་རྗེའི་རང་བཞིན་གྱི་ས་ གཞི་དང་། རྡོ་རྗེ་ར་བ་དང་། གུར་དང་དེའི་ཕྱི་རོལ་དུ་རྡོ་རྗེ་མེ་འབར་བར་བསམས་ནས། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བས་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་བྲི་བར་བྱའོ། །བྱང་ཆུབ་སེམས་དཔའ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། མཐེ་བོ་གསུམ་ གྱིས་ལྷག་པ་ཞེས་བྱ་བའི་དོན་ཏེ། འདི་ནི་དཀྱིལ་འཁོར་མདོར་བསྟན་པའོ། །རྒྱས་པར་ནི་འོག་ནས་འཆད་པར་འགྱུར་རོ། །དབང་བསྐུར་བ་རབ་ཏུ་བརྗོད་པར་བྱ་བའི་ཕྱིར། རིག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟང་མོ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའོ། །ཡང་ན་ཞེས་བྱ་བ་ནི་ནུས་ པ་མེད་ནའོ། །དེའི་ཚེ་ནི་ཇི་ལྟར་རྙེད་པའི་ལང་ཚོ་གཙོར་གྱུར་པ་གཞུག་པར་བྱ་བ་སྟེ། རྣལ་འབྱོར་མའི་ཚུལ་འདི་ནི་འདོད་ཆགས་ཆེན་པོའི་ཚུལ་ཡིན་པས་སོ། །འདིས་ནི་སློབ་མའི་མཚན་ཉིད་མདོར་བསྟན་ཏོ། །ད་ནི་གསང་བའི་དབང་བསྐུར་བ་མདོར་བསྟན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་ སོགས་པ་སྟེ། ཕྱག་རྒྱའི་གདོང་ཡང་ཞེས་བྱ་བ་ནི་སློབ་མའི་གདོང་ངོ་། །ཐབས་ཀྱི་ཞེས་བྱ་བ་ནི་སློབ་མའིའོ། །བྱ་བར་བྱ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལ་ཡང་ཞེས་བྱ་བ་ནི་ཤེས་རབ་ལའོ། །རོ་མཉམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །སློབ་མའི་སྤྱོད་ཡུལ་ཞེས་བྱ་བ་ནི་སློབ་མའི་ གདོང་གཡོགས་དགྲོལ་བའོ། །དེ་དག་གིས་ཅིར་འགྱུར་ཞེ་ན། རང་རིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་ཉིད་ཀྱི་རོ་མཉམ་པས་རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཞེས་བྱའོ། །དེ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། རང་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ དང་གཞན་གྱི་ཆར་རྣམ་པར་འབྱེད་པ་དང་བྲལ་བའོ། །མཁའ་མཉམ་ཞེས་བྱ་བ་ནི་སྣང་བ་མེད་པ་ཉིད་ཀྱི་ཕྱིར་ནམ་མཁའ་དང་མཉམ་པའོ། །ཉོན་མོངས་པ་མེད་པ་ཉིད་ཀྱི་ཕྱིར་རྡུལ་བྲལ་ལོ། །སྤྲོས་པ་ལས་ཤིན་ཏུ་འདས་པའི་ཕྱིར་སྟོང་པའོ། །དངོས་པོ་ནི་འབྱུང་བའོ། །དངོས་པོ་མེད་པ་ནི་འགག་ པའོ། །དེ་དག་གི་བདག་ཉིད་ཅན་དེ་སྐད་ཅེས་བྱའོ། །མཆོག་ཅེས་བྱ་བ་ནི་དོན་དམ་པའི་ཤེས་རབ་བོ། །ཐབས་ཀྱི་སྟོང་པ་ཉིད་ནི་ཤེས་རབ་བོ། །ཐབས་ནི་སྙིང་རྗེ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་དང་མཉམ་པ་ཡོངས་སུ་མྱོང་བའོ། །དེ་དག་འདྲེས་པ་ནི་དེ་དག་གཟུགས་གཅིག་ཏུ་སྣང་བར་ འགྱུར་བའོ། །ཆགས་པ་ནི་མཆོག་ཏུ་དགའ་བའོ། །ཆགས་པ་དང་བྲལ་བ་ནི་དགའ་བྲལ་གྱི་དགའ་བ་སྟེ། དེ་དག་འདྲེས་པར་འགྱུར་བའི་རང་བཞིན་ནོ། །སྲོག་ཆགས་ནི་སེམས་ཅན་ནོ། །དེ་དག་ཉིད་ནི་སྲོག་སྟེ་དེ་དག་མེད་ན་སྲོག་མེད་པའི་ཕྱིར་རོ། །ཡི་གེ་མཆོག་ནི་ཐོག་མ་དང་ ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཅན་ཉིད་ཀྱི་ཕྱིར་རོ། །ཁྱབ་པ་པོ་ནི་ཆོས་ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་བྱ་བ་ནི་སྲོག་ཆགས་རྣམས་ཀྱི་ལུས་ལ་རྣམ་པར་ཤེས་པ་གནས་པའི་ཕྱིར་རོ། །དེ་ཉིད་ལས་འགྲོ་བ་རྣམས་ འབྱུང་བར་འགྱུར་ཏེ། དེའི་བདག་ཉིད་ཅན་གྱི་ལས་དང་ཉོན་མོངས་པ་ལས་འབྱུང་བའི་ཕྱིར་ཞེས་བསྟན་པའི་ཕྱིར་རོ། །དངོས་དང་དངོས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ནི་ལུས་སོ། །དངོས་པོ་མེད་པ་ནི་ཚོར་བ་ལ་སོགས་པའོ། །གཞན་ དང་ཞེས་བྱ་བ་ནི་དབང་པོ་དྲུག་གོ། །གང་རྣམས་དེ་རྣམས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་བརྟན་པ་དང་གཡོ་བ་ལ་སོགས་པའོ། །མུ་སྟེགས་པ་རྣམས་ཀྱིས་ཀྱང་དེ་ཉིད་ལ་བདག་ལ་སོགས་པ་ཉིད་དུ་ཡོངས་སུ་བརྟགས་པ་ཡིན་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར། རྣམ་པར་ཤེས་པ་ཀུན་གྱི་ གཟུགས། །ཞེས་བྱ་བ་གསུངས་སོ། །རྣམ་པར་ཤེས་པའི་གཟུགས་ནི་རིག་བྱེད་ཀྱི་མཐའ་སྨྲ་བ་རྣམས་ཀྱིའོ། །སེམས་ཀྱི་གཟུགས་ཅན་གྱི་སྐྱེས་བུ་ཞེས་བྱ་བ་ནི་གྲངས་ཅན་གྱིའོ། །གང་ཟག་ཅེས་བྱ་བ་ནི་གང་ཟག་ཏུ་སྨྲ་བ་རྣམས་ཀྱིའོ། །འགྲོ་བའི་བྱེད་པ་པོ་རྟག་པའི་དབང་ཕྱུག་ཅེས་བྱ་བ་ནི་ཞི་ བའི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱིའོ། །བདག་ཉིད་ཉེ་བར་སྐྱེ་བར་འགྱུར། འཚོ་བར་འགྱུར། འཆི་བར་འགྱུར། བཅིང་བར་འགྱུར། འགྲོ་བར་འགྱུར་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་རྣམས་ཀྱིའོ། །སྲོག་ཅེས་བྱ་བ་ནི་ཕྱོགས་ཀྱི་གོས་ཅན་རྣམས་ཀྱིའོ། །སེམས་ཅན་ཞེས་བྱ་བ་ནི་ སེམས་ཅན་དུ་སྨྲ་བ་རྣམས་ཀྱིའོ། །དུས་ཞེས་བྱ་བ་ལ། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་འགྱུར། །དུས་ཀྱིས་ལོགས་ཤིག་སད་པར་བྱེད། །དུས་ལས་ཤིན་ཏུ་འདའ་བར་དཀའ། །ཞེས་བྱ་བ་ནི་དུས་རྒྱུར་སྨྲ་བ་རྣམས་ཀྱིའོ། །ལས་ཀྱིས་འགེངས་པར་བྱེད་ ཅིང་དེ་དག་ཡོངས་སུ་སྨིན་པ་ན་འཛག་པར་ཡང་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ནི་གང་ཟག་ཏུ་སྨྲ་བ་རྣམས་ཀྱིའོ། །དངོས་པོ་ཀུན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །སྒྱུ་མའི་གཟུགས་ཞེས་བྱ་བ་ནི་སྣ་ཚོགས་པའི་སྤྲུལ་པའི་སྤྲུལ་པ་པོ་ཉིད་དོ། །ཡང་དེ་ལྟ་བུའི་རོ་ མཉམ་པར་འགྱུར་བ་དེ་ཇི་ལྟར་སློབ་མ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་བར་བྱ་ཞེ་ན། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ཙམ་ཞེས་བྱ་བ་ནི་ཐུན་མོང་དུ་འགྱུར་བའི་བདེ་བ་ཙམ་ཞེས་བྱ་བའི་དོན་ཏོ། །གཉིས་པའི་གྲངས་ལས་ཞེས་བྱ་བ་གཉིས་པའོ། །གསུམ་པ་ཞེས་བྱ་ བ་ནི་ཐ་དད་དུ་སྦྱར་བར་བྱའོ། །དགའ་བྲལ་ཞེས་བྱ་བ་ནི་དགའ་བྲལ་གྱི་དགའ་བའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །འདི་ནི་བཤད་པ་གཅིག་ཡིན་ནོ། །དང་པོར་ཞེས་བྱ་བ་ལ་སོགས་པ་ལ། དང་པོར་ཞེས་བྱ་བ་ནི་ཐོག་མ་སྟེ། ཕྱི་རོལ་གྱི་པདྨ་དང་རྡོ་རྗེ་རྣལ་འབྱོར་གྱིས་སློབ་ དཔོན་གྱི་དབང་བསྐུར་བས་དགའ་བ་ཙམ་འབྱུང་བའོ། །ཅི་ཕྱིར་དགའ་བ་ཙམ་ཡིན་ཞེ་ན། ཐུན་མོང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ་གཞན་དག་གིས་ཀྱང་རྡོ་རྗེ་དང་པདྨའི་སྦྱོར་བ་དེ་ལྟ་བུ་དང་མཐུན་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱས་ནས་དགའ་བ་ཙམ་ཞེས་བརྗོད་དོ། །མཆོག་དགའ་ ཉིད་ཅེས་བྱ་བ་ལ་སོགས་པ་ལ་མཆོག་ནི་ཁྱད་པར་ཅན་དུ་གྱུར་པ་སྟེ། མན་ངག་ཉིད་ལས་གསང་བའི་ནོར་བུར་ཡང་དག་པར་མྱོང་བར་འགྱུར་བ་ཉིད་དོ། །གཉིས་པའི་གྲངས་ལས་ཞེས་བྱ་བ་ནི་དབང་བསྐུར་བའི་གྲངས་གཉིས་པའོ། །གསུམ་པ་ཞེས་བྱ་བ་ལ་སོགས་པ་ལ་ཁྱད་པར་ཅན་གྱི་ དགའ་བ་ནི་དགའ་བྲལ་ཏེ་ཤེས་རབ་ཀྱི་དབང་བསྐུར་བའི་མཚན་ཉིད་ཅན་ཏེ། དེ་ལས་གཞན་པའི་ནོར་བུ་བདེ་བ་ཆེན་པོ་ཡང་དག་པར་རིག་པ་ཉིད་དོ། །བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། བཞི་པ་ནི་དབང་བསྐུར་བ་བཞི་པའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ ལས་འདས་པའི་དབྱིངས་ཀྱི་ངོ་བོ་ཉིད་ཡང་དག་པར་རྟོགས་པའོ། །དེ་ལྟ་བུའི་ལྷན་ཅིག་སྐྱེས་པ་ཉིད་རོ་མཉམ་ཞེས་བྱ་བའི་སྒྲ་དང་སྐད་ཅིག་མའི་དབྱེ་བས་སློབ་མའི་སྤྱོད་ཡུལ་དུ་ངེས་པར་བསྟན་པ་ན། དེའི་ཚེ་བ