Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 3
Văn bản gốc(Tây Tạng)
Trang 9 / 20 (50.000 ký tự/trang)
་བ་ཉིད་ལས་བདག་མེད་མའོ། །སྐྲའི་སྒྲས་རྡོ་རྗེ་འཆང་སྟེ། ། ཐལ་བ་དང་སྐྲ་དག་གི་དག་བྱེད་དྲི་མ་མེད་པར་བྱས་པ་ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་རྣལ་འབྱོར་དང་ལྡན་པ་སྤྱོད་པའི་བྱ་བ་ལ་གནས་པས་གཟུང་སྟེ། གཡོ་བ་མེད་པར་གྱུར་པའོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་ གང་གསུངས་པ་དང་། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ། །ཞེས་པ་དེའི་རྣམ་པར་དག་པ་ལུགས་ལས་བཟློག་པས་གསུངས་པ། ཅང་ཏེའུའི་སྒྲས་ནི་བཟླས་པ་སྟེ། ཤེས་རབ་ཁ་ཊྭཱཾ་ག་བསྒོམ་པ། །ཞེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན། ཅང་ཏེའུའི་སྒྲ་ནི། ཨཱ་ལི་ཀཱ་ ལི་ནཱ་དའི་བདག་ཉིད་ཅན་གཞོམ་དུ་མེད་པ་རྡོ་རྗེ་འཆང་ངོ་། །དེ་ཡང་བཟླས་པ་སྟེ། བར་མ་ཆད་པར་བཟླས་པའི་ངོ་བོ་ཉིད་ཀྱིས་རྣམ་པར་འཆད་པ་མེད་པའི་རང་བཞིན་ནོ་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་རོ། །ཤེས་རབ་ཁ་ཊྭཱཾ་ག་བསྒོམ་པ། །ཞེས་པ་ཤེས་རབ་ནི་ཕུལ་དུ་བྱུང་བའི་ ཡེ་ཤེས་སོ། །ཅི་ཞེ་ན། ཁ་ཊྭཱཾ་ག་བསྒོམ་པ་སྟེ། ཁ་ཊྭཱཾ་གའི་སྒྲས་མཁའ་སྤྱོད་མ་མཐར་ཐུག་པ་མཁའ་འགྲོ་མ་བཅོ་ལྔའོ། །བསྒོམ་པ་ཞེས་པ་དེ་རྣམས་ཀྱི་སྙོམས་པར་འཇུག་པ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །འདི་དག་བཟླས་དང་བསྒོམ་བྱར་འགྱུར། །གཉིས་ པོ་འདི་ཉིད་དོ། །ཅི་ལྟར་ཞེ་ན། རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །ཞེས་པ་དེ་ཁོ་ནའི་གནས་པས་སོ། །ཡང་ན། བཟླས་དང་བསྒོམ་བྱ་ཞེས་པ་བཟླས་པ་རྟག་ཏུ་འབྱུང་བའི་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །བསྒོམ་བྱ་སྙོམས་པར་འཇུག་པར་ བྱ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པར་བྱའོ། །ཡང་ན། བཟླས་དང་བསྒོམ་བྱ་ཞེས་པ་བསྒོམ་བྱ་ནི་གོམས་པར་བྱ་བ་སྟེ་གཉིས་སུ་མེད་པ་རྟོགས་པའོ། །དེ་ཡང་བཟླས་པར་འགྱུར་ཏེ། བར་མ་ཆད་པར་འབྱུང་བ་ཉིད་ཀྱིས་རྟག་ཏུ་འབྱུང་བའི་རང་ བཞིན་དུ་འགྱུར་རོ་ཞེས་པའོ། །འདི་དག་ཉིད་ཇི་ལྟར་ཞེ་ན། གསུངས་པ། རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །ཐོད་པ་ནི་བདེ་བ་སྐྱོང་བ་ཉིད་དེ། །ཤེས་རབ་བདག་མེད་མའོ་ཞེས་པ་རྡོ་རྗེ་ཐོད་པ་ཤེས་རབ་དང་ཐབས་དབྱེར་མེད་པའོ། །འདིས་ནི་སྤྱོད་པའི་རང་བཞིན་གྱིས་གནས་པས་ ཞེས་པའོ། །བརྐམ་དང་རྨོངས་དང་འཇིགས་དང་ཁྲོ། །ངོ་ཚའི་བྱ་བའང་སྤང་བར་བྱ། །བརྐམ་དང་རྨོངས་པ་ལ་སོགས་པ་འདི་རྣམས་སྒྲིབ་པའི་རྒྱུ་ཉིད་ཀྱི་ཕྱིར་སྤང་བར་བྱའོ། །ཡང་ན། བརྐམ་པའི་སྒྲས་འོད་དཔག་མེད་དོ། །རྨོངས་པ་ནི་རྣམ་པར་སྣང་མཛད་དོ། ། འཇིགས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཁྲོ་བ་ནི་མི་བསྐྱོད་པའོ། །ངོ་ཚ་བ་ནི་དོན་ཡོད་གྲུབ་པ་སྟེ། འདི་དག་གི་རང་བཞིན་ཉིད་ཀྱིས་ཡོངས་སུ་བཅད་པ་ནི་བྱ་བའོ། །དེའི་ཕྱིར་སྤང་བར་བྱ་སྟེ། འདི་རྣམས་ཀྱི་རྣམ་པར་དག་པ་ཡེ་ཤེས་ལྔ་ཉིད་ཀྱིས་འདི་རྣམས་སྤངས་པར་གྱུར་པའི་ཕྱིར་སྤང་ བར་བྱ་བའོ། །དེ་ཉིད་ཀྱི་ཕྱིར། གཉིད་དང་བདག་ཉིད་རབ་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པར་བྱ། །གཉིད་ཅེས་པ་དབང་པོ་དང་ཡུལ་ལ་འདོད་པའི་བྱ་བ་སྡུད་པ་ཉིད་ཀྱིས་གཉིད་ནི་བདག་མེད་མ་སྟེ། དེ་རྣམ་པར་དག་པས་དེ་ཡོངས་སུ་སྤོང་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པས་རྟོགས་ པའོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་རབ་ཏུ་སྤངས་ཏེ། བདག་ཏུ་ལྟ་བ་བཅད་པའི་ཕྱིར། །གང་ཟག་གི་བདག་མེད་པ་མངོན་དུ་བྱས་ནས་སྤྲོས་པ་མེད་པའི་སྤྱོད་པ་བྱའོ་ཞེས་དགོངས་པའོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་བརྩམ། །ཞེས་པ་དང་པོར་བདག་སྤངས་ པ་ལས། །གང་ཟག་གི་བདག་མེད་པ་མངོན་དུ་གྱུར་པ་ན་ཆོས་ཀྱི་བདག་མེད་པ་ཡང་མངོན་དུ་བྱ་སྟེ། ཕྱི་ནས་ཞེས་པ། དེའི་རྗེས་ལ་ལུས་ཆོས་ཐམས་ཅད་དོ། །དེ་སྦྱིན་པ་རྣམ་པར་དག་པ་རྣམ་པར་བྱང་བར་བྱིན་ཞིང་སྤངས་ནས་དེ་རྣམས་ཀྱི་རྣམ་པར་དག་པའི་མངོན་པར་ཞེན་པ་ ཡང་སྤངས་ཏེ། སྤྱོད་པ་གང་ཡིན་པ་དེ་ཡང་དག་པར་བསྟན་པ་འདི་ཉིད་བརྩམ་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བདག་གིས་བདག་དབུལ་བར་བྱའོ་ཞེས་པའི་སེམས་གང་ཡིན་པ་འདི་བསྐྱེད་དེ། དེའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ ལུས་བྱིན་ནས་སྤྱོད་པ་ལ་གནས་པ་བརྩམ་ཞིང་ཡང་དག་པར་བརྩམ་པར་བྱའོ། །སྐལ་བ་སྐལ་མེད་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་བྱིན་མི་བྱ། །སྐལ་བ་བྱས་པར་གྱུར་པ་ན། །སྐལ་བ་མེད་པ་རྣམ་པར་དཔྱད་པར་འགྱུར་ཏེ། སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་མཐའ་ཡས་ ཤིང་ཐུག་པ་མེད་པ་དེ་རྣམས་ཐམས་ཅད་ལ་ལུས་བྱིན་པ་ན། ལུས་ཀྱི་སྐལ་བ་བྱ་བ་སྟེ། སྐལ་བ་བྱས་པ་ན་འདིའི་ཆུང་བ་ནི་ཆུང་བའི་ཕྱིར་སྐལ་བ་མཐོང་བ་མ་ཡིན་ཞིང་རྣམ་པར་དཔྱད་པའི་རྒྱུ་དེས་ན་སྐལ་བ་མེད་དོ། །རྒྱུ་དེའི་ཕྱིར་སྦྱིན་པ་བྱིན་མི་བྱ། །རྒྱུ་གང་གི་ཕྱིར་སྦྱིན་པ་བྱིན་པར་མི་ བྱ་ཞིང་གཏང་བར་མི་བྱ་སྟེ། རྣམ་པར་དཔྱད་ན་རྡུལ་ཕྲ་རབ་བསགས་པ་མེད་པའི་ཕྱིར་རང་བཞིན་སྤངས་པ་ཁོ་ནའོ་ཞེས་པའོ། །ཡང་ན་བདག་ཉིད་སྤངས་ནས་ནི། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །བདག་ཉིད་ཅེས་པ་རྣམ་པར་ཤེས་པ་སྟེ། དེ་ལས་འདས་པའི་ཕྱིར་རྡོ་རྗེ་འཆང་ངོ་། ། བདག་ཉིད་སྤངས་ནས་ཐེ་ཚོམ་མེད་པས་སྤྱོད་པ་བྱ་སྟེ། ཐམས་ཅད་དུ་དོགས་པ་མེད་པ་ཉིད་ཀྱིས་བསྒྲུབ་པར་བྱ་ཞེས་པའོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་བརྩམ། །ལུས་ཀྱི་སྒྲས་ཚོགས་པ་བརྗོད་དོ། །དེ་སྦྱིན་པ་ནི་ཡོངས་སུ་གཏང་བ་སྟེ། དེའི་ མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །དེ་ཕྱིན་ནས་ནི་ཞེས་པ་དེ་རྣམས་ཀྱང་སྤོང་བ་སྟེ། འདིས་ནི་མངོན་པར་ཞེན་པ་ཡོངས་སུ་གཏོང་བ་ཡང་མངོན་པར་ཞེན་པ་ཁོ་ན་སྟེ། མངོན་པར་ཞེན་པ་དེ་ཡང་དེ་ལ་མེད་དོ་ཞེས་གནས་པའི་སྤྱོད་པ་བརྩམ་པར་བྱའོ། །ཡང་དག་པར་གནས་པ་ སྙོམས་པར་ཞུགས་པ་མཐར་ཐུག་པ་ཐོབ་པར་འགྱུར་བའི་ཕྱིར། སྐལ་བ་སྐལ་མེད་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་བྱིན་མི་བྱ། །ཞེས་པ་སྐལ་བ་ནི་རྣམ་པར་དབྱེ་བ་ཇི་སྲིད་པའི་ཆ་ཤས་ཏེ། དེ་ཡང་ཐབས་ཀཱ་ལིའི་རང་བཞིན་གྱི་ནཱ་དའི་ཕྲེང་བའོ། །འདི་ལ་སྐལ་བ་དང་ཆ་ ཤས་ཡོད་པ་མ་ཡིན་པའི་ཕྱིར་སྐལ་མེད་ནི་ཆ་དང་བྲལ་བ་ཨཱ་ལིའི་རང་བཞིན་གྱི་ནཱ་དའི་ཕྲེང་བའོ་ཞེས་པའོ། །ཡང་ན། སྐལ་བ་ནི་ཆ་ཤས་དང་ཆའི་ངོ་བོ་བསྐྱེད་པའི་རང་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཟླ་བ་ཨཱ་ལིའི་ཕྲེང་བ་ཉིད་དོ། །སྐལ་བ་མེད་པ་ནི་ཆ་ཤས་དང་བྲལ་བ་བདག་ མེད་མའི་རང་བཞིན་ཉི་མ་དང་ཀཱ་ལིའི་རང་བཞིན་གྱི་ནཱ་དའི་ཕྲེང་བ་སྟེ། སྐལ་བ་སྐལ་མེད་ཅེས་པའི་སྒྲས་གསུང་རྡོ་རྗེ་ནཱ་དའི་ཕྲེང་བ་གཉིས་སོ། །དེ་རྣམ་པར་དཔྱད་པ་ནི་རྒྱུ་བ་དང་བྲལ་བ་ཉིད་དེ། རྒྱུ་བ་མེད་པ་ཆ་དང་བྲལ་བ་ཉིད་དོ། །རྒྱུ་བ་མེད་པ་དང་ཆ་དང་བྲལ་བ་དེ་ཉིད་ཀྱིས་སྦྱིན་པ་ནི། ཡོངས་ སུ་གཏོང་བ་སྟེ། རྒྱུ་དེའི་ཕྱིར་སྦྱིན་མི་བྱ་གཏང་བར་མི་བྱ་སྟེ། གཏང་བའི་རང་བཞིན་གྱི་ཕྱིར་ཞེས་པའི་དོན་ཉིད་དོ། །འདིས་ནི་བདག་ཉིད་སྤངས་པའི་ཕྱིར་རྣམ་པར་ཤེས་པའི་འཛིན་པ་ལྡོག་གོ། །ལུས་བྱིན་པས་ལུས་ཀྱི་མངོན་པར་ཞེན་པ་དང་སྐལ་བ་སྐལ་མེད་རྣམ་དཔྱད་ པས། མཚན་མའི་ཆགས་པ་ཡང་སྟེ། ཆགས་པ་གསུམ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པའི་རང་བཞིན་ལས། རྡོ་རྗེ་འཆང་ཉིད་དེ། དེ་ཁོ་ན་དང་ལྡན་པའི་སྤྱོད་པའོ། །དེ་ཉིད་ཀྱི་ཕྱིར། བཟའ་བཅའ་དེ་བཞིན་བཏུང་བ་ནི། །ཇི་ལྟར་རྙེད་པ་ སྤྱད་པར་བྱ། །བཟའ་བ་ཐུག་པ་ལ་སོགས་པ་དང་། བཅའ་བ་ཟན་ལ་སོགས་པ་དང་། བཏུང་བ་ཞོ་ལ་སོགས་པ་རྣམ་པ་གང་གིས་བཟའ་བའམ་ངན་པ་ཇི་ལྟར་རྙེད་པ་དེ་ཐམས་ཅད་ལོངས་སྤྱོད་ཅིང་བཟའ་བར་བྱའོ། །དེ་ཉིད་ཀྱི་ཕྱིར། འདིར་ནི་འཛིན་པ་མི་བྱ་སྟེ། །འདོད་དང་མི་འདོད་རྣམ་ རྟོག་ཕྱིར། །ཞེས་པ་འཛིན་པ་ནི་མངོན་པར་ཞེན་པའོ། །དེ་མི་བྱ་སྟེ། ཅི་ལྟར་ཞེ་ན་འདོད་པ་བརྐམ་ཆགས་དང་། མི་འདོད་པ་བརྐམ་ཆགས་མེད་པ་སྟེ། གཉིས་ཀ་ཡང་རྣམ་རྟོག་ཕྱིར་ཞེས་པ་རྒྱུ་རྣམ་པར་རྟོག་པ་ལས་སོ། །དེ་ཉིད་ཀྱི་ཕྱིར། བཟའ་དང་བཟའ་མིན་རྣམ་དཔྱོད་ དང་། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན་བཟའ་བ་ནི་བཟའ་བར་བྱ་བ་སྟེ། ལུས་ལ་མངོན་པར་ཞེན་པའོ། །བཅའ་བ་ནི་ལོངས་སྤྱད་པར་བྱ་བ་སྟེ། ངག་ལ་མངོན་ པར་ཞེན་པའོ། །བཏུང་བ་ནི་བཏུང་བར་བྱ་བ་སྟེ། སེམས་ལ་མངོན་པར་ཞེན་པའོ་ཞེས་པ་སྟེ། གསུམ་པོ་འདི་ནི་རིམ་པ་གང་གིས་ཇི་ལྟར་རྙེད་པ་དང་ཐོབ་པ་བཟའ་བར་བྱ་སྟེ། མངོན་པར་ཞེན་པ་མེད་པའི་ངོ་བོར་འགྱུར་རོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་འདིར་རྡོ་རྗེ་གསུམ་དབྱེར་ མེད་པའི་མངོན་པར་ཞེན་པ་རྣམས་ལ་འཛིན་པ་མངོན་པར་ཞེན་པ་མི་བྱ་ཞིང་བྱ་བ་མེད་པའི་ཚུལ་གྱིས་ཡང་དག་པར་གནས་པར་བྱ་སྟེ། འདོད་དང་མི་འདོད་རྣམ་རྟོག་ཕྱིར། །འདོད་པ་མངོན་པར་ཞེན་པ་དང་། །མི་འདོད་པ་མངོན་པར་ཞེན་པ་མེད་པ་སྟེ། གལ་ཏེ་བྱ་བའི་སྒོ་ཡིས་ མངོན་པར་ཞེན་པ་ཡོངས་སུ་སྤོང་བ་དེ་ཡང་མངོན་པར་ཞེན་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཁོ་ནའོ། །དེའི་ཕྱིར་འདིར་ནི་འཛིན་པར་མི་བྱ་སྟེ། མངོན་པར་ཞེན་པ་མེད་པ་ཡང་མི་བྱ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བཟའ་དང་བཟའ་མིན་ཞེས་པ། བཟའ་བ་ནི་ལུས་ལ་མངོན་པར་ཞེན་པ་ པའོ། །བཟའ་མིན་ནི་མངོན་པར་ཞེན་པ་དེ་ཡོངས་སུ་སྤོང་བ་སྟེ། དེ་ཁོ་ན་དང་ལྡན་པས་འདི་གཉིས་ཀའི་རྣམ་པར་སྤྱོད་པ་མི་བྱ་བ་ཉིད་དེ། བྱ་བའི་སྒོ་ཡིས་བསྒྲུབ་པར་མི་བྱའོ། །བཏུང་དང་བཏུང་མིན་ཞེས་པ་བཏུང་བ་ཆུའི་ཁམས་གསུང་རྡོ་རྗེ་སྟེ། དེ་ལ་མངོན་པར་ཞེན་པའོ། ། བཏུང་མིན་ནི་མངོན་པར་ཞེན་པ་དེ་མེད་པ་སྟེ། འདི་གཉིས་ཀ་ཡང་ངོ་། །བགྲོད་དང་བགྲོད་མིན་ཞེས་པ། བགྲོད་བྱ་ནི་སེམས་ལ་མངོན་པར་ཞེན་པའོ། །བགྲོད་མིན་ནི་མངོན་པར་ཞེན་པ་དེ་མེད་པའོ་ཞེས་པ་སྐུ་དང་གསུང་དང་ཐུགས་ལ་མངོན་པར་ཞེན་པ་དང་མངོན་པར་ཞེན་པ་མེད་པ་ གཉིས་ཀ་རྣམ་པར་རྟོག་པ་ཁོ་ན་སྟེ། དེ་མི་བྱ་ཞིང་བྱ་བའི་སྒོ་ཡིས་རྟོག་པའི་ཡུལ་དུ་མི་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དེའི་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར་བླ་མའི་ཀུན་དུ་རྟོག་པ་དང་དེ་ལ་ཕྱག་འཚལ་བའི་ཀུན་ དུ་རྟོག་པ་ཡང་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་བ་ཉིད་དོ་ཞེས་དོགས་པ་ལ་གསུངས་པ། དངོས་གྲུབ་ཐོབ་ཀྱང་སློབ་མ་གང་། ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །གྲུབ་པས་བླ་མར་མངོན་ཕྱག་འཚལ། །ཞེས་པ་དེའི་དོན་ནི་རེ་ཞིག་སྤྱོད་པའི་བྱ་བ་ལ་ཞུགས་ པ་རྣམ་པར་རྟོག་པ་མེད་པ་གོམས་པ་ལ་དགའ་བ་དངོས་གྲུབ་ཐོབ་ཀྱང་ཕྱག་རྒྱའི་དངོས་གྲུབ་རྙེད་པ་སྟེ། དེ་ཉིད་ཀྱི་ཕྱིར་གྲུབ་པའོ། །དེ་ལྟར་གྱུར་པའི་སློབ་མ་དེ་ཡང་བླ་མ་སྟོན་པ་ལ་མངོན་པར་ཕྱག་འཚལ་རྣམ་པ་ཐམས་ཅད་ཀྱིས་ཕྱག་འཚལ་བར་བྱེད་དོ། །ཅིའི་ཕྱིར་ཕྱག་འཚལ་ཞེ་ན། མནར་མེད་སྤང་པའི་རྒྱུ་ཡི་ཕྱིར། །རྣམ་པ་གཞན་དུ་དེ་ཡང་མནར་མེད་པའི་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་ན། དངོས་གྲུབ་ཐོབ་ཀྱང་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཀྱང་། བདག་དང་བདག་གི་བ་ལ་སོགས་པ་སྣ་ཚོགས་པའི་ཀུན་དུ་རྟོག་པ་ ལས་ངེས་པར་གྲོལ་བ་ཉིད་ཀྱིས་རང་ཉིད་བདག་མེད་མའི་རང་བཞིན་ཏེ། སློབ་མ་རྣལ་འབྱོར་པ་དེ་ལྟར་གྱུར་པ་ཡང་བླ་མར་མངོན་ཕྱག་འཚལ། ཀུན་ནས་ཕྱག་འཚལ་ཞིང་མཆོད་པའི་ངོ་བོས་གནས་པའོ། །བླ་མ་ཞེས་པ་རྡོ་རྗེ་འཆང་སྟེ། འདིས་ནི་བླ་མ་ཉིད་ རྡོ་རྗེ་འཆང་དང་། རང་ཉིད་ཀྱང་བདག་མེད་མའོ། །དེའི་ཕྱིར་གཉིས་ཀ་དབྱེར་མེད་པར་རྟོག་པ་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡང་དག་ཡེ་ཤེས་སྣང་བའོ། །ཡང་དག་པའི་ཡེ་ཤེས་སྤྲོ་བའི་རང་བཞིན་ནོ། །ཅིའི་དོན་དུ་ཞེ་ན། མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། གནོད་པའི་རླབས་ཡོད་པ་མ་ཡིན་ པའི་ཕྱིར་མནར་མེད་བདག་མེད་མའོ། །དེ་སྤང་བ་ནི་ཡོངས་སུ་འདོར་བ་སྟེ། དེའི་རྒྱུས་རྒྱུ་དེའི་ཕྱིར་རོ། །འདིས་ཅི་གསུངས་ན། སློབ་མ་དངོས་གྲུབ་ཐོབ་པ་ཞེས་པ་དམིགས་པ་མེད་པ་སྟེ། གལ་ཏེ་མཐའ་གཅིག་ཏུ་བསྟན་པའི་སྟོང་པ་ཉིད་ཉམས་སུ་མྱོང་བ་རྟོགས་པས་གནས་ པར་གྱུར་པ་དེའི་ཚེ་འདི་རང་གི་དོན་དང་གཞན་གྱི་དོན་ཡོངས་སུ་འདོར་བར་འགྱུར་ཏེ། དེའི་ཕྱིར་ཡང་བླ་མ་སྟོན་པ་རྡོ་རྗེ་འཆང་གི་ངོ་བོར་དམིགས་པར་འགྱུར་ཏེ། དེའི་ཚེ་དེ་ལས་གཞན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་དང་དབྱེར་མེད་པ་ཡོངས་སུ་ཤེས་པ་ལས་འགྲུབ་པར་ འགྱུར་ཏེ། དེའི་ཕྱིར་ཡང་གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་ཡང་དག་ཡེ་ཤེས་སྣང་བ་པོར་འགྱུར་ཞིང་འགྲོ་བའི་དོན་བྱ་བ་བཟོད་པ་གྲུབ་པ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཞེས་པ་ཨ་བདག་མེད་མ་གནོད་པ་སྤོང་བའི་རང་བཞིན་ཉིད་ཀྱིས་ བླ་མ་རྡོ་རྗེ་འཆང་སྟེ་གཉིས་ཀ་དབྱེར་མེད་པ་ལས་གཅིག་གི་ཚིག་མནར་མེད་ཅེས་པའོ། །དེ་ཡང་དབྱེར་མེད་པ་རྟོགས་པ་དེ་ཡང་ཀུན་དུ་རྟོག་པ་སྟེ། དེ་སྤང་བའི་རྒྱུའི་ཕྱིར་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་འདི་རྣམས་ཐམས་ཅད་མཁྱེན་པ་ཉིད་མངོན་པར་ རྫོགས་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །རང་ཉིད་བདག་མེད་མ་དང་བླ་མ་རྡོ་རྗེ་འཆང་གཉིས་ཀ་དབྱེར་མེད་པ་ཉིད་དངོས་གྲུབ་ཡིན་གྱི་རྣམ་པ་གཞན་མིན་ནོ་ཞེས་པའི་རྣལ་འབྱོར་པ་གྲུབ་པས་ཀྱང་རྟོགས་པར་བྱ་སྟེ། འདི་ཉིད་དངོས་གྲུབ་དང་། དངོས་གྲུབ་ཀྱང་འདི་ཉིད་ཅེས་པའོ། ། དེ་ཁོ་ན་དང་ལྡན་པ་དེའི་བླ་མ་ལ་ཕྱག་འཚལ་བ་ལས་མཚན་ཉིད་ཐ་དད་པའི་བྱ་བ་གཞན་མེད་པ་ཉིད་དོ་ཞེས་གསུངས་པ། བསླབ་དང་བྱ་ལས་རྣམ་པར་གྲོལ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །རྣམ་དཔྱད་ཡོ་གཱི་སྙིང་རྗེ་ཆེ། །བསླབ་པ་ཞེས་ པ་མི་དགེ་བ་བཅུ་ལ་སོགས་པ་ཡོངས་སུ་སྤོང་བའོ། །བྱ་བ་ཞེས་པ་མགོ་བྲེག་པ་ལ་སོགས་པའི་བརྟུལ་ཞུགས་སོ། །དེ་དག་ལས་རྣམ་པར་གྲོལ་བ་ནི་ཡོངས་སུ་སྤོངས་བའོ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །ཞེས་པ་ངོ་ཚ་དང་བྱ་བ་ནི་ངོ་ཚ་བའི་བྱ་བ་སྟེ་དེ་དག་རྣམ་པར་སྤངས་པ་ནི་ངོ་ཚ་བའི་ བྱ་བ་རྣམ་པར་དཔྱོད་པ་ལས་ཕྱི་རོལ་དུ་གྱུར་པ་ཞེས་པའི་དོན་ཏོ། །རྒྱུ་གང་གི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་གྱིས་རྣམ་པར་དཔྱད་ཅིང་རྣམ་པར་གནས་པར་བྱ་སྟེ། །དེའི་ཕྱིར་ཡོ་གཱིའོ། །གལ་ཏེ་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་བསླབ་པ་ལ་སོགས་པ་ཡང་སྤངས་པ་ ཡིན་ན་འདི་ནི་དེ་མི་དགེ་བ་བཅུ་ལ་སོགས་པ་ཡང་བྱེད་པར་འགྱུར་བ་མ་ཡིན་ནམ་ཞེས་དོགས་པ་ལ་གསུངས་པ། སྙིང་རྗེ་ཆེ་ཞེས་པ་སྟེ། གང་གིས་བརྩེ་བ་ཆེན་པོར་གྱུར་པ་དེ་ནི་སྙིང་རྗེ་ཆེན་པོ་སྟེ། འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་པའི་ཕྱིར་མི་དགེ་བ་བཅུ་ལ་སོགས་པ་རྣམས་པ་དེའི་བློ་རྣམ་པ་ ཐམས་ཅད་དུ་མི་འཇུག་པ་ཁོ་ནའོ། །དེ་ལྟར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་ཆགས་ལ་སོགས་པ་རྣམས་དང་མྱ་ངན་ལས་འདས་པའི་བར་གྱི་འཛིན་པ་ཉེ་བར་ཞི་བར་བྱེད་དོ་ཞེས་པའོ། །ཡང་ན། བསླབ་པ་ཞེས་པ་རིག་པ་སྟེ་བདག་མེད་མའོ། ། དེ་ཉིད་སྣ་ཚོགས་པའི་གཟུགས་ཅན་ནི་བྱ་བའོ། །གང་གིས་དེ་དག་ལས་རྣམ་པར་གྲོལ་བ་དེ་ནི་བསླབ་དང་བྱ་ལས་རྣམ་པར་གྲོལ་བ་སྟེ། བདག་མེད་མ་ཉམས་སུ་མྱོང་བའི་ཀུན་དུ་རྟོག་པ་ཡང་དེ་ལ་ཡོད་པ་མ་ཡིན་ཞིང་རྡོ་རྗེ་འཆང་གི་གོ་འཕང་ལ་གནས་པ་ཉིད་དོ་ཞེས་པའོ། །ངོ་ཚའི་འབྲས་བུ་ རྣམ་པར་སྤངས། །ཞེས་པ་ངོ་ཚ་ནི་མི་གསལ་བའི་ངོ་བོ་ཉིད་ཀྱིས་བདག་མེད་མའོ། །བྱ་བ་ནི་གསལ་བའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་འཆང་སྟེ། ངོ་ཚ་དང་བྱ་བ་གཉིས་པོ་དེ་གང་གིས་སྤངས་ཤིང་དོར་བ་དེ་ཞེས་པ་སྟེ། འདིས་ནི་གཉིས་ཀ་དབྱེར་མེད་པའི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་པ་ཁོ་ནའོ་ཞེས་ པའོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་པ་རང་གི་དངོས་པོ་ནི་རང་བཞིན་ཏེ་རྣམ་པར་ཤེས་པའི་རང་བཞིན་རྟོགས་པའོ། །དེ་ཁྱད་པར་ཅི་ཞེ་ན། དབང་པོ་དང་། ཡུལ་ཐམས་ཅད་ཀྱི་དངོས་པོ་གང་ལས་སྐྱེས་པ་དེ་དངོས་པོ་ཐམས་ཅད་དེ། དེ་དངོས་པོ་ཐམས་ ཅད་དང་རང་བཞིན་ཡང་ཡིན་པའི་ཕྱིར་དེ་རྣམས་སྤྱད་པ་སྤྱོད་པ་དང་བྲལ་བར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་སྟེ། སྡུད་པའི་ངོ་བོས་དེ་ཁོ་ན་རྟོགས་པའོ། །སྤྲོས་པའི་ངོ་བོས་སྙིང་རྗེ་ཆེ། །ཞེས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །འདིས་ནི་བསླབ་དང་། བསླབ་པ་དང་། བྱ་ བ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་གཉིས་སུ་མེད་པ་རྟོགས་པས་རྣམ་པར་གནས་པ་རང་བྱུང་བའོ། །ངོ་ཚ་དང་བྱ་བ་རྣམ་པར་སྤངས་པ་ཉིད་ཀྱིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་ནོ། །རྣལ་ འབྱོར་པ་ཞེས་པ་འདིས་འདིའི་བཞི་པའི་རང་བཞིན་ནོ། །སྙིང་རྗེ་ཆེན་པོ་ཉིད་ཀྱིས་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་རྡོ་རྗེ་འཆང་ཞེས་པའི་དོན་ཏེ། དེ་ཉིད་དྲུག་པ་ཞེས་བརྗོད་དོ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །སྦྱིན་སྲེག་ གི་སྒྲས་མེ་ཚིམ་པར་བྱེད་པའི་བྱ་བའོ། །མཆོད་སྦྱིན་གྱི་སྒྲས་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པའོ། །དཀའ་ཐུབ་ཀྱི་སྒྲས། གསོ་སྦྱོང་ལ་སོགས་པའི་བྱ་བ་སྟེ། དེ་རྣམས་ལས་འདས་པའོ། །སྔགས་ཀྱི་སྒྲས་བཟླས་པའི་བྱ་བའོ། །བསམ་གཏན་གྱི་སྒྲས་ ལྷའི་བསམ་པ་བསྐྱེད་པའི་བྱ་བ་སྟེ། གཉིས་ཀའི་བྱ་བ་སྤང་པ་ཞེས་པའི་དོན་ཏོ། །ཡང་ན། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །ཞེས་པ། ཧ་རྡོ་རྗེ་འཆང་སྤྱི་བོར་རོ། །ཨོཾ་མགྲིན་པར་རོ། །ཨཱཿསྙིང་གར་རོ། །ཡ་ལྟེ་བར་རོ་ཞེས་པ་ཧོཿམ་ཡཱ་འཁོར་ལོ་བཞིའོ། །ག་ ཏ་ནི་འཁོར་ལོ་བཞིར་གནས་པ་དེ་རྣམས་དབྱེ་བ་མེད་པར་རྟོགས་པ་སྟེ། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་སོ། །དེ་འཐུང་བའི་ཕྱིར་སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་བོ། །དེ་ཁྱད་པར་ཅི་ཞེ་ན། ཨཱ་ཏཱི་ཏ་ཞེས་པ་ཨ་ཏི་སྤངས་པ་དང་། ཨི་ཏ་ཡེ་ཤེས་སོ། །དེ་གང་གིས་འདས་པ་ སྟེ། ཡེ་ཤེས་ཀྱི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་དོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། སྔགས་དང་བསམ་གཏན་རྣམ་པར་སྤངས། །སྔགས་ནི་ཡེ་ཤེས་སོ། །དེའི་བསམ་པ་ནི་བསམ་གཏན་ཏེ། ཡེ་ཤེས་དང་བསམ་པ་ལས་འདས་པ་ཞེས་པའི་དོན་ཏོ། །དམ་ཚིག་སྡོམ་ ལས་ངེས་པར་གྲོལ། །བཟང་པོའི་འབྱོར་ལྡན་སྤྱོད་པ་བྱ། །དམ་ཚིག་གི་སྒྲས་བསྲུང་བ་དང་བཟའ་བའོ། །དེ་ཡོངས་སུ་སྐྱོང་བ་ནི་སྡོམ་པའོ། །དེ་སྤངས་པ་ནི་ངེས་པར་གྲོལ་བའོ། །སྤྱོད་པ་བྱ་བ་ནི་གནས་པ་དང་རྟོགས་པར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བཟང་པོའི་སྤྱོད་ལྡན་དགེ་ བའི་སྦྱོར་བ་དང་ལྡན་པ་ཞེས་པའི་དོན་ཏོ། །ཡང་ན། དམ་ཚིག་དང་སྡོམ་པའི་སྒྲས་དམ་ཚིག་ནི་སྤྲོ་བའོ། །སྡོམ་པ་ནི་སྡུད་པ་སྟེ། དམ་ཚིག་དང་སྡོམ་པ་སྤྲོ་བ་དང་སྡུད་པ་ལྷག་མ་མེད་པ་ལས་གྲོལ་ཞིང་སྤངས་པའི་ཕྱིར་གཉིས་ཀའི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་དོ་ཞེས་ པའོ། །དེ་ལྟར་གྱུར་ཀྱང་སྤྱོད་པ་ལ་གནས་པར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བཟང་པོའི་སྦྱོར་ལྡན་དགེ་བའི་སྦྱོར་བ་དང་ལྡན་པ་སྟེ། གཉིས་ཀ་དབྱེར་མེད་པའི་ཀུན་དུ་རྟོག་པ་ཡང་རྣམ་པར་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར། ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྒྱུ་བར་བྱ། །དོན་གོ་སླ་བ་ཉིད་དོ། །ཡང་ན། བརྒྱ་བྱིན་གྱི་སྒྲས་དབང་པོ་སྟེ། ཐུགས་རྡོ་རྗེ་མཆོག་གི་དབང་ཕྱུག་གི་སྦྱོར་བ་ལས་ལྟ་བུ་ནི་ད་དང་མཉམ་པ་དབང་ པོ་དང་ཡུལ་དབྱེར་མེད་པའོ། །དེ་ལྟར་གྱུར་པ་ཡིན་ན་ཡང་ལྷ་མིན་གང་། ལྷ་མ་ཡིན་པ་དབང་ཕྱུག་མ་ཡིན་པ་དེ་ནི་དབྱེར་མེད་པ་ཉིད་ཀྱིས་སྡུད་པའི་རང་བཞིན་ཏེ། དེ་ཡང་སྔོན་དུ་ཐོག་མར་དང་པོར་སྟོང་ཉིད་བྱང་ཆུབ་སྟེ་ཞེས་པའི་གསུངས་ལས་སོ། །དེ་ཉིད་ངེས་པར་ཕུང་པོ་མ་ལུས་པར་གྱུར་ པའོ། །བརྒྱ་བྱིན་ལྟ་བུ་ཞེས་པ་སྤྲོ་བའི་བདག་ཉིད་ཅན་ཏེ། དེ་ལ་ཞེས་པ་དེ་ལྟ་བུར་གྱུར་པ་ལ་འཇིགས་པ་དང་རབ་ཏུ་སྐྲག་པར་མི་བྱ་སྟེ། ཇི་ལྟར་སེང་གེ་དོགས་པ་མེད་པར་རྒྱུ་བ་དེ་བཞིན་དུ་དེ་ཡང་སེང་གེའི་གཟུགས་ཀྱིས་ཐམས་ཅད་དུ་དོགས་པ་མེད་པར་རྒྱུ་བར་བྱ་ཞིང་ཐམས་ཅད་དུ་ ཁྱབ་པར་བྱའོ། །ཐམས་ཅད་དུ་དོགས་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་གྱི་སྤྱོད་པ་ཡོངས་སུ་སྤང་བའི་ཀུན་དུ་རྟོག་པར་འགྱུར་རོ་ཞེ་ན། གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེས་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། ། བཏུང་བ་གཞན་གྱིས་དག་པ་མེད། །སྙིང་རྗེ་ནི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་འདོན་པར་འདོད་པའོ། །དེ་རྣལ་འབྱོར་པ་དེས་བཏུང་བར་བྱ་སྟེ། རྟག་ཏུ་བར་མ་ཆད་པར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་བསྲུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་ནི་རྣལ་ འབྱོར་བཏུང་དགའ་སྟེ། །རྣལ་འབྱོར་བསྲུང་བ་ལ་རྗེས་སུ་ཆགས་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཞེས་བརྗོད་དོ། །དེའི་ཕྱིར་བཏུང་བ་གཞན་དང་ཉམས་སུ་མྱོང་བ་གཞན་གྱིས་དེ་དག་པ་མེད་ཅིང་དག་པར་མི་འགྱུར་རོ་ཞེས་པའོ། །ཡང་ན་སྙིང་རྗེ་ཀུན་རྫོབ་ཀྱི་བདེན་པའོ། ། དེ་བཏུང་བར་བྱ་སྟེ་གཉིས་སུ་མེད་པ་རྟོགས་པས་དོན་དམ་པའི་བདེན་པ་ཉིད་རྟག་ཏུ་བར་མ་ཆད་པས་རྟོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་རྣམས་ཐམས་ཅད་དང་སེམས་ཅན་ཡང་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་དེ། གཟུགས་ལ་ སོགས་པ་ཕུང་པོ་ལྔའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་ནི་དོན་དམ་པ་སྟེ། རྒྱུ་འདི་དང་བྱེད་པ་འདིས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བཏུང་དགའ་གཉིས་ཀ་དབྱེར་མེད་པར་རྟོགས་པ་སྡུད་པ་ལ་རྗེས་སུ་ཆགས་པའོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པ་དེ་ཁོ་ན་ཉིད་དང་ལྡན་པའོ། ། དེ་ཉིད་ཀྱི་ཕྱིར་འདི་ནི་བཏུང་བ་གཞན་ཏེ། གཞན་ནི་ལྷན་ཅིག་མེད་པ་གཅིག་པུའོ། །དེ་བཏུང་བ་ནི་ཟོས་པ་གཉིས་སུ་མེད་པར་རྟོགས་པ་སྟེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །མ་དག་པ་དག་པ་མེད་དོ་ཞེས་པ་སྟེ། ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱེའི་རྡོ་རྗེར་རྣལ་འབྱོར་གྱི་སྤྱོད་པའི་ལེའུ་སྟེ་དྲུག་པའོ། །ཐམས་ཅད་ནི་ ཐམས་ཅད་ཁྱབ་པའི་ཕྱིར་དྲུག་པ་རྡོ་རྗེ་འཆང་ངོ་། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ། །སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་གསུམ་མོ། །ཀྱེའི་རྡོ་རྗེ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ ཐུགས་ཀྱེའི་རྡོ་རྗེ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་རྣལ་འབྱོར་གྱི་སྤྱོད་པ་ཞེས་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་གནས་པའོ། །དེའི་ལེའུ་ནི་སྦས་པ་རབ་ཏུ་གསལ་བའི་སྣང་བའོ། །དེ་ཡང་དྲུག་པ་ནི་དྲུག་པ་རྣམས་ཀྱི་རྫོགས་པ་ཞེས་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་ བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་དྲུག་པའོ།། །།ལྟ་སྟངས་དགུག་དང་བརྡ་ཆེན་དང་། །ཞེས་པ་ལ་སོགས་པ་མདོར་བསྟན་པ་དེ་ལ་བརྡ་ཆེན་ནི་སྤྱོད་པའི་ལེའུའི་བར་མ་ཆད་པར་རྒྱས་པར་བཤད་ད། སྤྱོད་པའི་རྣལ་འབྱོར་པ་ངེས་པ་མེད་པས་གནས་པའི་ཕྱིར། དེ་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ་བསྐོར་ཞིང་སྦས་པའི་སྤྱོད་པས་གནས་པའི་རྣལ་འབྱོར་པས་མཆོག་གི་རྣལ་འབྱོར་མས་ཡང་དག་པར་བསྟན་པའི་བརྡ་མི་ཤེས་པ་ནི་མཚོན་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་འདི་དེ་རྣམས་དང་ལྷན་ཅིག་འདུས་པ་མེད་པས་ བསྐྱོད་པར་འགྱུར་ཏེ། དེ་བསྐྱོད་པ་ལས་དངོས་གྲུབ་ཉམས་པར་འགྱུར་རོ། །གང་གི་ཚེ་ཡང་རང་གི་དམ་ཚིག་གི་བརྡ་ཤེས་པར་གྱུར་པ་དེའི་ཚེ། དེ་ལ་མཉེས་པར་འགྱུར་ཏེ་དེའི་ཕྱིར་དེ་རྣམས་དང་འདུས་པས་ངེས་པར་འགྲུབ་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། དེ་ནས་ཙྪོ་མའི་ ལེའུ་བཤད་པར་བྱའོ་ཞེས་པ་སྟེ། དེ་ནས་ཞེས་པ་སྤྱོད་པའི་ལེའུའི་བར་མ་ཆད་པ་ཁོ་ནར་རྣལ་འབྱོར་པས་རྣལ་འབྱོར་མའི་བརྡ་བསྟན་པ་མཚོན་པར་བྱ་བའི་ཕྱིར་ཙྪོ་མའི་སྒྲས་ཙྪོ་མའི་བརྡའོ། །དེའི་ལེའུ་རབ་ཏུ་བརྟན་པར་བྱའོ། །གང་གིས་སྤུན་དང་སྲིང་མོར་ཡང་། །ཐེ་ཚོམ་མེད་པར་ ཤེས་བྱ་བ། །ཞེས་པ་བརྡ་གང་གིས་ན་དེས་སྤུན་རིགས་གཅིག་དང་འབྲེལ་བ་སྟེ། གཉིས་ཀ་དམ་ཚིག་ཐ་དད་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྲིང་མོ་ཡང་ངོ་། །ཡང་ན་སྤུན་དང་སྲིང་མོ་ཞེས་པ་ཤེས་རབ་དང་ཐབས་དག་གོ། །གང་གིས་ཞེས་པ་རླུང་གིས་ཏེ་ཨཱ་ལི་ཀཱ་ལིའི་ནཱ་ དའི་བདག་ཉིད་ལས་ཞེས་བྱ་བ་ཁྱད་པར་དུ་ཤེས་པར་བྱ་སྟེ། གཉིས་ཀ་ལ་གཉིས་ཀ་དབྱེར་མེད་པས་རྟོགས་པའི་ཕྱིར་རོ། །དང་ཡིག་ལས་སྤུན་ཉིད་སྲིང་མོ་སྟེ། ཐབས་ཉིད་ཤེས་རབ་བོ། །ཡང་ཞེས་པ་འདིས་ཐབས་དང་ཤེས་རབ་འབའ་ཞིག་མ་ཡིན་གྱི་སྲིང་ མོ་ཡང་སྤུན་ཏེ། ཤེས་རབ་ཉིད་ཀྱང་ཐབས་སོ་ཞེས་འདིར་ཐེ་ཚོམ་དང་དོགས་པ་མེད་དེ། རྣམ་པར་རྟོག་པ་མེད་པ་ཁོ་ན་ཀྱེའི་རྡོ་རྗེ་ཞེས་པའོ། །བརྡ་ཉིད་གསུངས་པ། གང་ཞིག་སོར་མོ་གཅིག་སྟོན་དང་། །ཞེས་པ་རྣལ་འབྱོར་མ་གང་སུ་ཞིག་གལ་ཏེ་ལག་པ་གཡོན་པའི་སོར་ མོ་གཅིག་སྟོན་པར་བྱེད་ན་དེས་དེའི་ཚེ་ཁྱེད་ཅག་ལེགས་པར་འོངས་སམ་ཞེས་བརྗོད་པར་འགྱུར་རོ། །ཡང་ན། གཅིག་ནི་རྡོ་རྗེ་འཆང་ངོ་། །སོར་མོའི་སྒྲས་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔའོ། །གཅིག་དང་སོར་མོ་ཡང་སོར་མོ་གཅིག་སྟེ། ཤེས་རབ་དང་ ཐབས་དབྱེར་མེད་པ་སྐུ་རྡོ་རྗེ་སྟོན་ཞེས་པའི་གསུང་ལས་སྣང་བའི་མཚན་ཉིད་དོ། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། གཉིས་ཀྱིས་ཞེས་པ་རྣལ་འབྱོར་པ་དེས་ལག་པ་གཡས་པའི་སོར་མོ་གཉིས་སྟོན་པས་ལེགས་པར་འོངས་པ་ཡིན་ཞེས་པ་ངེད་ཅག་ལེགས་པར་འོངས་ ཞེས་བརྗོད་པར་འགྱུར་རོ། །ལེགས་པར་འོངས་ཞེས་པ་ལེགས་པར་རང་རིག་པ་ཐུགས་རྡོ་རྗེའོ། །བརྗོད་ཅེས་པ་གསུང་རྡོ་རྗེའོ། །འདིས་གང་ཞིག་འགྱུར་བ་ཡང་རླུང་སྟེ་ནཱ་དའི་ཕྲེང་བ་གཉིས་སོ། །ཨ། ཨ་ཝ་དྷཱུ་ཏཱི་ཞེས་པ་ཡཱ་རྡོ་རྗེ་གསུམ་དབྱེར་མེད་པའོ། །དང་གི་སྒྲ་ནི་ཁྱད་ པར་གྱི་དོན་ཏེ། ཁྱད་པར་ཉིད་ནི་བཞི་པ་སྟེ། ལེགས་པར་འོངས་པ་རང་རིག་པའི་ཡེ་ཤེས་སོ། །ཡང་ན་གཉིས་ཀྱིས་ཞེས་པ་རྡོ་རྗེ་དང་པདྨ་དག་གིས་སྙོམས་པར་འཇུག་པའོ། །ལེགས་པ་ནི་ཁུ་བ་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཚེ་ལེགས་པར་འོངས་པ་ནི་རང་རིག་པའི་ཡེ་ཤེས་སོ། ། གཡོན་པའི་མཐེ་བོང་བསྡམས་པ་ལས་བསྙུན་གྱི་ཕྱག་རྒྱར་ཤེས་པར་བྱ། དེར་དགེ་བའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། ཅི་ལྟར་གཡོན་པའི་མཐེ་བོང་བསྡམས་པ་ལས་ཞེས་པ་གཡོན་པའི་མཐེ་བོང་ནང་དུ་བྱས་ཏེ། སོར་མོ་བཞི་པོ་རྣམས་ཀྱིས་ཁུ་ཚུར་བཅིངས་པ་ཞེས་པའི་དོན་ཏོ། ། ཡང་ན་གུང་མོ་དང་མཛུབ་མོ་དག་གི་བར་དུ་གཡོན་པའི་མཐེ་བོང་བཅུག་སྟེ་བསྡོམ་པར་བྱའོ་ཞེས་པའོ། །ཡང་ན། བདེ་བའི་ཕྱག་རྒྱ་ཞེས་པ་སྟེ། ཕྱག་རྒྱའི་དངོས་གྲུབ་བོ་དེ་ཤེས་པར་བྱ་བའོ། །གཡོན་པའི་མཐེ་བོང་གི་སྒྲས་གཡོན་པ་ནི་བདག་མེད་མའོ། །མཐེ་བོང་ ནི་རྡོ་རྗེ་འཆང་ངོ་། །གཉིས་པོ་བསྡམས་པ་ནི་གཉིས་ཀ་དབྱེར་མེད་པར་རྟོགས་པ་སྟེ། རྒྱུ་དེའི་ཕྱིར་རོ། །གང་ཞིག་མིང་མེད་སྟེར་བ་ན། །དེ་ལ་མཐེའུ་ཆུང་སྤྱད་པར་བྱ། །རྣལ་འབྱོར་པ་གང་ཞིག་མིང་མེད་མཐེའུ་ཆུང་དང་ཉེ་བའི་སོར་མོ་སྟེར་བ་དེ་ལ་མཐེའུ་ཆུང་སྦྱིན་པར་བྱའོ། །ཡང་ན། གང་ཞིག་མིང་མེད་བདག་མེད་མ་སྟེ་སྟེར་ཞིང་སྤོང་བ་ནི་དེ་ཉིད་ཆ་དང་བྲལ་བའི་ངོ་བོའི་ཕྱིར་རོ། །རང་བཞིན་མེད་པ་རྟོགས་པས་གནས་པ་དེ་ལ་མཐེའུ་ཆུང་རྡོ་རྗེ་འཆང་བསྟན་པར་གནས་པ་སྦྱིན་ཞིང་གཏང་བར་བྱའོ། །འདིས་ནི་གཉིས་ཀ་དབྱེར་མེད་པ་རྟོགས་པ་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཅེས་པའོ། །གང་ཞིག་གུང་མོ་སྟོན་པ་ན། །དེ་ཡི་ཕྱོགས་གཅིག་པ་སྦྱིན་བྱ། །མཛུབ་མོ་དང་མཐེ་བོང་དག་མཐོའི་ཚུལ་གྱིས་བསྟན་པར་བྱའོ། །ཡང་ན། དབུ་མ་པ་ཞེས་པ་སྟེ་མཐའ་བཞི་ལས་རྣམ་པར་གྲོལ་བའི་ཕྱིར་དབུ་མ་དམིགས་པ་མེད་ པའི་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རང་བཞིན་འདིས་སྟོན་པ་མངོན་དུ་བྱ་བ་སྟེ། ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །དེ་ཡང་ཡེ་ཤེས་ཏེ་གང་ཞིག་ཡང་རླུང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནཱ་དའི་ཕྲེང་བ་གཉིས་སོ། །དེ་ཡང་དབྱེར་མེད་པ་ལས་ཨ་བདག་མེད་མ་ སྟེ་གཉིས་ཀ་དབྱེར་མེད་པའི་ཕྱིར་ཡཱ་རྡོ་རྗེ་གསུམ་དབྱེར་མེད་པའོ། །འདི་ཉིད་ཕྱོགས་གཅིག་པ་སྟེ། ཕྱོགས་གཅིག་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་འདི་ལ་ཡོད་པའི་ཕྱིར་ཕྱོགས་གཅིག་པ་སྟེ། དེ་བསྒྲགས་པར་བྱ་བའི་ཕྱིར་ཕྱོགས་གཅིག་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ ཤེས་ཞེས་པའོ། །གཅིག་དང་གཉིས་གསུམ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །མཐེ་བོང་ནི་མི་བསྐྱོད་པའོ། །མིང་མེད་ནི་འོད་དཔག་མེད་དོ། །མཐེའུ་ཆུང་ནི་དོན་ཡོད་གྲུབ་པའོ། །གུང་མོ་ནི་རིན་ཆེན་དབང་པོའོ། །ཕྱོགས་གཅིག་པ་སྡིགས་མཛུབ་ ནི་རྣམ་པར་སྣང་མཛད་དེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ལག་པ་གཡོན་པ་དང་གཡས་པ་ཉིད་དང་། གཡས་པ་དང་གཡོན་པ་ཉིད་ཀྱིས་སྤུན་དང་སྲིང་མོའི་ལག་པ་དག་གོ། །གང་ཞིག་མིང་མེད་སྟོན་པ་ན། །དེ་ལ་མགྲིན་པ་རབ་ཏུ་བསྟན། །ཞེས་ པ་སྔར། གང་ཞིག་མིང་མེད་སྟོན་པ་ན། །ཞེས་པ་རྣལ་འབྱོར་པའི་ཕྱག་རྒྱ་བཤད་པའོ། །ད་ནི། གང་ཞིག་མིང་མེད་སྟོན་པ་ན། །དེ་ཡི་མགྲིན་པ་རབ་ཏུ་བསྟན། །ཞེས་པ་གལ་ཏེ་རྣལ་འབྱོར་མ་མིང་མེད་སྟོན་པ་དེའི་ཚེ། རྣལ་འབྱོར་པ་མགྲིན་པ་བསྟན་པར་བྱའོ་ཞེས་པ་སྟེ། འདིས་སྔར་བརྗོད་པའི་བརྡ་རྣམས་ལ་རྣལ་འབྱོར་མའི་བརྡ་ལག་པ་གཡོན་པ་དང་རྣལ་འབྱོར་པའི་བརྡ་ཡང་ལག་པ་གཡས་པ་ཞེས་པའོ། །ཡང་ན། མིང་མེད་ཅེས་པ་འོད་དཔག་མེད་བྱང་ཆུབ་ཀྱི་སེམས་ཏེ། དེ་སྟོན་པ་ནི་སྣང་བ་རྣམ་པར་དག་པར་བྱེད་པའོ། །མགྲིན་པ་ཞེས་ པ་མགྲིན་པ་འདབ་མ་བཅུ་དྲུག་ཉིད་ཀྱིས་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ནོ། །སྣང་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་སྙིང་རྗེའི་རང་བཞིན་ཏེ། ཡང་དག་པར་རིག་པའི་རང་བཞིན་ཡང་ཆ་དང་བྲལ་བ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། དེ་ལྟར་ཁྱད་པར་དུ་འཕགས་པ་ཉིད་ལས་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཕྱིར་ཡཱ། རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར་དེའི་རབ་ཏུ་བསྟན་ཞེས་པ་བྱང་ཆུབ་ཀྱི་སེམས་དེའི་རབ་ཏུ་བསྟན་པ་ཕུལ་དུ་བྱུང་བའི་ཡེ་ཤེས་ཏེ། འདིས་ནི་གཉིས་ཀ་དབྱེར་ མེད་པ་ཡང་དག་པའི་ཡེ་ཤེས་རབ་ཏུ་མཐོང་ཞེས་པའོ། །གང་ཞིག་གོས་ནི་སྟོན་པ་ན། །དེ་ཡི་རྩེ་གསུམ་རབ་ཏུ་བསྟན། །གོས་ཞེས་པ་གོས་འཛིན་པའི་བརྡ་མཁའ་འགྲོ་མ་གང་ཞིག་སྟོན་པ་ན། མཁའ་འགྲོ་མ་དེའི་རྩེ་གསུམ་པའི་ཕྱག་རྒྱ་བསྟན་པར་བྱའོ། །རྩེ་གསུམ་པའི་ ཕྱག་རྒྱ་ཞེས་པ་མཐེ་བོང་གི་རྩེ་མོ་དང་མཐེའུ་ཆུང་གི་རྩེ་མོ་གཅིག་ཏུ་བྱས་ཏེ་དོར་ནས་སོར་མོ་གསུམ་བསྟན་པར་བྱའོ་ཞེས་པའོ། །ཡང་ན་གོས་ཞེས་པ་ཀུན་རྫོབ་ཀྱི་བདེན་པའོ། །གང་ཞེས་པ་བདག་མེད་མ་དོན་དམ་པའི་བདེན་པ་སྟེ། དེ་ཡང་སྟོན་པ་ཡང་དག་པར་བསྟན་ཅིང་མཐོང་ བའི་ཡེ་ཤེས་སོ། །གཉིས་སུ་དབྱེར་མེད་པས་ཡང་དག་པའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། འདིས་ནི་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་ཡེ་ཤེས་ལྔ་རྣམས་མཐོང་བ་ཞེས་པའོ། །གང་ཞིག་ནུ་མ་སྟོན་པ་ན། །དེ་ཡི་མཚམས་ནི་རབ་ཏུ་བསྟན། །ཞེས་པའི་དོན་རབ་ཏུ་གསལ་བ་ཁོ་ནའོ། ། ཡང་ན་ནུ་མ་ཞེས་པ་ཤེས་རབ་དང་ཐབས་གཉིས་སོ། །སྟོན་པ་ནི་དེ་ལྟར་གྱུར་པའི་ཡེ་ཤེས་ཏེ། མཚམས་ནི་དེ་ཡོངས་སུ་བཅད་པའི་རང་བཞིན་ནོ། །ཅི་ལྟར་ནའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཡཱ། རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཉིད་ཅི་ལྟར་ཞེ་ན། གང་གི་ཕྱིར་ དེའི་ཤེས་རབ་དང་ཐབས་སྟོན་ཅིང་བསྟན་པ་མཐོང་བའི་ཡེ་ཤེས་ཏེ། ཡེ་ཤེས་ཉིད་ཀྱིས་བསྐྱེད་པར་བྱ་ཞིང་དབྱེར་མེད་པ་རྟོགས་པས་གནས་པར་བྱའོ་ཞེས་པའི་དོན་ཏོ། །གང་ཞིག་ས་ནི་སྟོན་པ་ན། །དེ་ཡི་འཁོར་ལོ་རབ་ཏུ་བསྟན། །འཁོར་ལོ་ཞེས་པ་མཐེ་བོང་དང་། མཐེའུ་ཆུང་ དག་ཕན་ཚུན་རྩེ་མོ་གཅིག་ཏུ་བྱས་ཏེ། ཟླུམ་པོའི་རྣམ་པས་སྟོན་པའོ། །ཡང་ན། ས་ཞེས་པ་ས་གཞི་ཆོས་འབྱུང་སྟེ། ད་སྟོན་པ་ནི་མཐོང་བས་རྣམ་པར་གནས་ཤིང་ཡེ་ཤེས་ཀྱིས་ངེས་པར་བྱེད་པའོ། །དེ་ཉིད་འཁོར་ལོ་དཀྱིལ་འཁོར་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་ རང་བཞིན་ནོ། །དེ་ཡང་ཡཱ། རྡོ་རྗེ་གསུམ་དབྱེར་མེད་པ་སྟེ། གང་གི་ཞེ་ན། དེའི་ཞེས་པ་ཆོས་འབྱུང་གི་དཀྱིལ་འཁོར་རབ་ཏུ་བསྟན་ཏེ། ཕུལ་དུ་བྱུང་བའི་ཡེ་ཤེས་རྣམ་པར་གནས་པ་གཉིས་སུ་མེད་པར་རྟོགས་པ་ཞེས་པའི་དོན་ཏོ། །གང་ཞིག་ཁྲོ་གཉེར་སྟོན་པ་ན། །གཙུག་ ཕུད་དགྲོལ་བ་བརྗོད་པར་བྱ། །གཙུག་ཕུད་དགྲོལ་བའི་སྒྲས་སྐྲ་དགྲོལ་བའི་ཕྱག་རྒྱའམ་སྐྲ་དགྲོལ་བ་ཉིད་བྱའོ་ཞེས་པའོ། །ཡང་ན་ཁྲོ་གཉེར་ནི་བྷྲི་ཀུ་རྡོ་རྗེའོ། །དེའི་ཀུ་ཊཱི་ནི་ཆོས་འབྱུང་སྟེ། དེའི་རྩེ་མོ་ཅན་ཉིད་དེ། མི་ཤེས་པ་ཐམས་ཅད་སྲེག་པའི་བདག་ཉིད་ཀྱིས་སོ། །དེ་ཉིད་ ཀྱི་ཕྱིར་གྲོལ་བ་ཐར་པར་བརྗོད་པར་བྱ་སྟེ། བི་ཁྱད་པར་དུ་འཕགས་པ་མཆོག་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་བཞིན་ངེས་པར་བྱའོ། །གང་ཞིག་དཔྲལ་བ་སྟོན་པ་ན། །དེ་ཡི་རྒྱབ་ནི་རབ་ཏུ་བསྟན། །ཅེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན། ལས་ དང་ཆོས་འབྱུང་ངོ་། །དེ་ལེན་པ་དང་འཛིན་པའི་ཕྱིར། ལ་ལ་བྱང་ཆུབ་ཀྱི་སེམས་སོ། །དེ་འགྲོ་ཞིང་རྒྱུ་བའི་ཕྱིར་ལ་ལཱ་ཊཱཾ། བཞི་པའི་ཡེ་ཤེས་སོ། །དེའི་རྒྱབ་ནི་དེ་དང་བར་མ་ཆད་པར་དེས་དམན་པ་མ་ཡིན་པར། དེ་ཉིད་རབ་ཏུ་བསྟན་ཞེས་པ་ཕུལ་དུ་ བྱུང་བའི་ཡེ་ཤེས་ཉིད་ཀྱིས་ཤེས་པར་བྱའོ་ཞེས་པའོ། །གང་ཞིག་སྟོན་པ་ན་ཞེས་པའི་དོན་ནི་སྔར་བརྗོད་པ་ཁོ་ནའོ། །གང་ཞིག་རྐང་མཐིལ་སྟན་པ་ན། །ལྟོ་ཡིས་རྣམ་པར་བརྩེ་བར་བྱ། །ལྟོ་ཡིས་བརྩེ་བའི་ཚུལ་བྱ་སྟེ། །ལག་པ་སྟོན་པའི་བྱ་བའོ། །ཡང་ན། རྐང་པ་ནི་བཞི་ པ་ལྷན་ཅིག་སྐྱེས་པ་སྟེ། དེ་ཉིད་མཐིལ་གྱིས་རང་བཞིན་ནོ། །ཡང་ན། གང་རྐང་པ་ནི་ཡེ་ཤེས་སོ། །དེའི་མཐིལ་ནི་དེའི་རང་བཞིན་ཉིད་དེ། ཐམས་ཅད་ཡེ་ཤེས་ཀྱི་བདག་ཉིད་ཁོ་ན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བརྩེ་བར་བྱ་ཞིང་གནས་པར་བྱ་སྟེ། ལྟོ་ཡིས་ཞེས་པ་ཇི་ལྟར་ལྟོ་ ཡིས་རྩེ་མོ་ལ་ལག་པར་གནས་པའི་དངོས་པོ་འཕེན་ཅིང་རབ་ཏུ་འཕེན་པའི་བྱ་བས་རྣམ་པར་གནས་པར་བྱ་བར་དེ་ཁོ་ན་ལྟར་དེ་སྤྲོ་བ་དང་སྡུད་པས་གནས་པར་གྱུར་པའོ། །ནའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་ཞིག་སྟོན་པ་ན་ཞེས་པ་སྔར་བརྗོད་པའི་དོན་ཉིད་ཀྱིས་སོ་ཞེས་པའོ། །ཕྱག་རྒྱ་ཕྱག་ རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་དབྱེ་བར་བྱ། །ཞེས་པ་སོར་མོ་གཅིག་ལ་སོགས་པ་བསྟན་པས། སོར་མོ་གཉིས་ལ་སོགས་པ་སྟོན་པ་ལས་ཙྪོ་མར་འགྱུར་རོ། །དེ་ལ་ཐོག་མར་སྟོན་པ་ནི་ཕྱག་རྒྱའོ། །རྗེས་ལ་སྟོན་པ་ནི་ཕྱག་རྒྱའི་ལན་ནོ། །འདིས་དབྱེ་བར་བྱ་སྟེ། བདག་ དང་ཁྱད་པར་རབ་ཏུ་རྟོགས་པར་བྱའོ། །ཡང་ན་གང་དབྱེ་བར་བྱ་ཞིང་ཐ་དད་དུ་བྱ་སྟེ། བརྡ་འདི་ནི་ཁྱེད་རྣལ་འབྱོར་མ་རྣམས་ཀྱིའོ། །འདི་ནི་ངེད་རྣམས་ཀྱི་ཡང་ངོ་ཞེས་པའོ། །ཡང་ན་གང་དབྱེ་བར་བྱ་ཞིང་ཐ་དད་དུ་བྱ་སྟེ། ཕྱག་རྒྱའི་ལན་གྱིས་སོ། །ཕྱག་རྒྱ་ཐ་དད་པ་མེད་པ་ལས་ བདག་དང་ཐ་དད་མེད་པ་ཉིད་ཀྱི་དམ་ཚིག་གི་བརྡ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་གིས་བསྟན་པ་ཙམ་འདུས་པ་ཡིས་ཏེ། ནིའི་སྒྲ་ནི་དམ་ཚིག་གི་བརྡ་ཉིད་ནི་ཁྱད་པར་ཅན་ནོ་ཞེས་པ་ཁྱད་པར་གྱི་དོན་ཏོ། །ཡང་ན་ཕྱག་རྒྱ་ནི་བདག་མེད་མའོ། །སོ་སོ་རེ་རེའི་ཕྱག་རྒྱ་རྡོ་རྗེ་འཆང་ གིས་དབྱེ་བར་བྱའོ། །དེ་ཡང་ཅི་ལྟར་དམ་ཚིག་གིས་ཞེས་པ་འདུས་པས་སོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་གཉིས་ཀ་ཐ་དད་མེད་པ་ཁོ་ན་ཞེས་པའོ། །ཡང་ན་ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ཞེས་པ། ཕྱག་རྒྱ་ནི་ཤེས་རབ་བོ། །ཕྱག་རྒྱའི་ལན་ཐབས་ཀྱིས་ཐ་དད་མེད་ པར་དབྱེ་བར་བྱའོ། །དམ་ཚིག་གིས་ཞེས་པ་ལྷ་རྣམས་ཀྱིས་འདུས་པ་སྟེ། ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །དེ་ཡང་། སྙིང་ལ་གནས་པའི་གདམས་ངག་ལས་ཤེས་པར་བྱའོ། །གདམས་ངག་དེ་ཡང་ཅི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ། སོར་མོ་གཅིག་ཅེས་རབ་བརྗོད་དེ། ། གཉིས་ཀྱིས་ཞེས་པའང་དེ་མ་ཐག །གཡོན་པའི་མཐེ་བོང་ཞེས་རབ་བརྗོད། །དེ་ནས་མིང་མེད་ཅེས་པ་སྟེ། དབུ་མ་ཞེས་ནི་གང་བརྗོད་དང་། །སླར་ཡང་མིང་མེད་ཅེས་པ་སྟེ། །གང་ཡང་གོས་ཞེས་རབ་བརྗོད་དང་། །དེ་རྗེས་ནུ་མ་ཞེས་པ་དང་། །གང་ཞིག་ས་ཞེས་རབ་བརྗོད་དང་། ། གཞན་ཡང་ཁྲོ་གཉེར་ཞེས་པ་དང་། །གང་ཞིག་དཔྲལ་བ་ཞེས་བརྗོད་དང་། །དེ་ནས་གང་ཞིག་རྐང་མཐིལ་ཏེ། །ཤེས་རབ་ཐབས་ཀྱིས་བསྡུས་པ་ལས། །གནས་ལ་སོགས་པའི་གྲངས་ཀྱིས་ནི། །འདི་རྣམས་ཕྱག་རྒྱ་བཅུ་གཉིས་འགྱུར། །ཐབས་དང་ཤེས་རབ་རྣམ་དག་པ། །ཉི་ཤུ་རྩ་ བཞིའི་ས་རྣམས་ཏེ། །གང་ཞིག་སྔར་བརྗོད་རྩ་རྣམས་ནི། །མི་ཕྱེད་ལ་སོགས་ཉི་ཤུ་བཞི། །ཙྪོ་མ་ཕྱག་རྒྱ་ཞེས་པར་ངེས། །དེ་ལྟ་བུའི་རིམ་པས་སྤྱོད་པ་ལ་ཞུགས་པ་དེའི་དམ་ཚིག་གི་བརྡ་ཤེས་ན་རྣལ་འབྱོར་མ་རྣམས་ཡིད་ཆེས་ཤིང་མཉེས་པར་འགྱུར་ཏེ། རྣལ་འབྱོར་དང་ལྡན་པའི་ རྣལ་འབྱོར་མའོ། །སྨྲས་པ་ནི་སེམས་ཀྱིས་བགྲོས་པའོ། །ཨེ་མ་བདག་ནི་མཚར་ཏེ། འདི་ནི་བདག་གི་བུའོ། །བདག་གིས་བསྐྱེད་པ་སྟེ། ཅི་ལྟར་དེ་ནི་བྱ་བ་ཡང་ཤེས་པར་གྱུར་ཏོ་ཞེས་པའོ། །དེ་ལས་རྣལ་འབྱོར་མས་སྨྲས་པ། ཨེ་མ་བུ་ནི་སྙིང་རྗེ་ཆེ། །ཞེས་སོ། །ཡང་ན། དེ་ལ་ ཞེས་པ་དེ་ལྟར་རྣམ་པར་གནས་པ་ལ་སྨྲས་པ་ནི་སྒྲ་དང་ལྡན་པར་གྱུར་པའོ། །རྣལ་འབྱོར་མ་ཞེས་རྩ་རྣམས་སོ། །དེ་ཐམས་ཅད་གང་ལས་ཤེ་ན། ཨ་ཤེས་རབ་ཨཱ་ལིའོ། །ཧོ་ཐབས་ཀཱ་ལི་སྟེ་ཨ་ཧོ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་ཆ་དང་བྲལ་བའོ། །དེ་ནི་བུ་སྟེ་དེ་ཡང་ ཐམས་ཅད་མཚན་མ་མེད་པའི་རང་བཞིན་ནོ། །སྙིང་རྗེ་ཆེན་པོ་ནི་དེ་ཉིད་མཚན་མར་རྣམ་པར་གཞག་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀའི་བདག་ཉིད་ཅན་ཞེས་པའི་དོན་ཏོ། །ཙྪོ་མ་བསྟན་པ་མངོན་པར་བརྗོད་ནས་འདུ་བའི་བརྡ་བརྗོད་པར་ བྱ་སྟེ། ཕྲེང་བའི་ལག་པ་ཞེས་པ་མེ་ཏོག་གི་ཕྲེང་བ་འཛིན་པའི་ཚུལ་ཏེ། ལག་པ་གཉིས་ཀའི་མཐེ་བོང་དང་སྡིགས་མཛུབ་དག་གཅིག་ཏུ་བྱས་ནས་ལག་པ་གཅིག་སྟེང་དང་གཞན་འོག་ཏུ་གཟུང་བར་བྱ་ཞིང་གཉིས་ཀྱི་བར་ཁྲུ་གང་གི་ཚད་དམ་ལྷག་པ་ཡང་ བསྟན་པར་བྱའོ་ཞེས་པའོ། །གལ་ཏེ་འདི་ལྟ་བུའི་རྣམ་འགྱུར་སྟོན་པར་བྱེད་ན། དེའི་ཚེ་རྣལ་འབྱོར་མ་རྣམས་འདུ་བར་བྱའོ་ཞེས་བརྗོད་པར་འགྱུར་ཏེ། གལ་ཏེ་ཕྲེང་བའི་ལག་སྟོན་ན། དེའི་ཚེ། འདུ་བར་བྱ་ཞེས་སྨྲ་བ་ཡིན་ཞེས་པ་འདིས་ཇི་ལྟར་ཕྲེང་བ་མེ་ཏོག་ཁ་དོག་སྣ་ཚོགས་ པ་རྣམས་གཅིག་ཏུ་བརྒྱུས་པས་འདུས་པ་དེ་བཞིན་དུ་དེ་རྣམས་ཀྱང་འདུའོ་ཞེས་པའོ། །ཡང་ན། གལ་ཏེ་གང་གི་ཕྱིར་ཕྲེང་བ་ནི་མ་མཱ་མ་ཀཱི་ཆུའི་ཁམས་དང་ཨ་བདག་མེད་མ་སྟེ། གཉིས་ཀ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་སོ། །དེ་ལན་ཅིང་འཛིན་པ་ནི་ཕྲེང་བ་སྟེ། ཆ་ བཅོ་ལྔའི་བདག་ཉིད་ལས་མཁའ་འགྲོ་མ་བཅོ་ལྔ་རྣམས་སོ། །དེའི་ལག་པ་ནི་ལྔའི་བདག་ཉིད་ཅན་གཉིས་ཏེ་དབང་པོ་དང་ཡུལ་དབྱེར་མེད་པར་སྟོན་ཅིང་ཤེས་པས་རྟོགས་པར་གྱུར་ན། དེའི་ཚེ་དེའི་ཕྱིར་འདུས་པ་དང་འདུ་བ་དང་། འདུ་བར་བྱེད་པས་འདུ་བར་བྱ་ཞེས་པ་ དེ་ཟད་པ་དང་སྒྲིབ་པ་དམིགས་པ་མེད་པས་གནས་པར་བྱའོ་ཞེས་པའོ། །སྨྲ་བ་ནི་བརྗོད་པ་ནཱ་དའི་ཕྲེང་བ་སྟེ། དེས་འདུ་བར་བྱའོ་ཞེས་པའི་དོན་ཏོ། །ཕྲེང་བ་མངོན་པར་བཏང་བྱས་ན། །དམ་ཚིག་ལ་གནས་བརྟུལ་ཞུགས་བཟང་། ཕྲེང་བ་མངོན་པར་བཏང་ཞེས་པ་མེ་ཏོག་ གི་ཕྲེང་བ་མངོན་པར་བཏང་ཞིང་འཕེན་པར་བྱེད་པ་ཇི་ལྟ་བ་དེ་ལྟ་བུའི་ཚུལ་གྱིས་ཏེ། འདིས་མེ་ཏོག་གི་ཕྲེང་བ་འཛིན་པའི་ཚུལ་གྱིས་ཕྱག་རྒྱ་ཉིད་འཕེན་པའི་ཚུལ་བྱས་ན་དམ་ཚིག་འདུས་པ་ལ་བརྟན་པར་གནས་པ་ཁྱོད། ཀྱེ་བརྟུལ་ཞུགས་བཟང་པོ་ཉིད་ཀྱིས་དམ་ཚིག་གི་བརྡ་ཤེས་ པ་ཞེས་པའོ། །ཡང་ན་ཕྲེང་བ་ཞེས་པ་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མ་དོན་དམ་པའི་བདེན་པའི་རང་བཞིན་ནོ། །དེ་མངོན་པར་བཏང་བ་ནི་ཀུན་ནས་བསྐུལ་བ་སྤྲོ་བའི་ཚུལ་གྱིས་གནས་པ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པར་ བྱས་ཤིང་བསྐྱེད་ན་ཞེས་པ་ཕྲེང་བ་མངོན་པར་བཏང་བྱས་ནའོ། །དམ་ཚིག་འདུས་པ་དབྱེར་མེད་པར་རྟོགས་པ་ལ་བརྟན་པར་གནས་ཤིང་གཡོ་བ་མེད་པའི་གོ་འཕང་སྟེ། དེ་ཉིད་ཀྱི་ཕྱིར་བརྟུལ་ཞུགས་བཟང་པོ་དམ་བཅའ་བརྟན་པ་རྣམ་པ་དེ་ལྟར་རྟོགས་པ་ལས་འགའ་ཞིག་གིས་ཀྱང་ གཡོ་བར་ནུས་པ་མེད་དོ་ཞེས་བོད་པས་ཀུན་དུ་བོད་པའོ། །འདུས་པ་དེར་སོང་འགྲོ་བ་ནི། །བཟང་པོའི་སྤྱོད་ཡུལ་གནས་པ་སྟེ། །འདུས་པ་དེ་ལ་བརྟེན་བྱ་ཞིང་། །རྣལ་འབྱོར་མ་རྣམས་གང་དང་གང་། །སྨྲ་བ་དེ་དག་ཐམས་ཅད་བྱ། །ཞེས་པ་སྟེ། ཕྲེང་བ་མངོན་པར་གཏང་བའི་ཚུལ་ གྱིས་འདུས་པའི་བརྡ་བཤད་པའོ། །ད་ནི་འདུས་པ་བརྗོད་པར་བྱ་སྟེ། ཀྱེ་བརྟུལ་ཞུགས་བཟང་པོ་འདུས་པ་དེར་འདུས་པའི་གནས་དེ་རུ་ཁྱོད་སོང་ཞེས་པའོ། །གང་ཞེ་ན། དེར་འགྲོ་བ་ནི་བཟང་པོའི་སྤྱོད་ཡུལ་གནས་པ་སྟེ། བཟང་པོ་ནི་རྣལ་འབྱོར་མའོ། །འདུས་པ་དེ་ལ་བརྟེན་བྱ་ཞིང་། ། འདུས་པའི་རྣལ་འབྱོར་མ་རྣམས་གང་དང་གང་སྨྲ་བ་དེ་དག་ཐམས་ཅད་བྱ་ཞིང་འཇིག་རྟེན་པ་དང་རྣམ་པར་འགལ་བ་ཡང་བྱ་བ་ཁོ་ན་སྟེ། མི་བྱ་བ་ནི་ཅི་ཡང་མེད་དོ་ཞེས་པ་གྲུབ་པའི་རྣལ་འབྱོར་མ་མཐོང་བས་དངོས་གྲུབ་ཐམས་ཅད་ཐོབ་པ་ཁོ་ནའོ། །ཡང་ན། སོང་ཞེས་པ། ཤེས་པ་ སྟེ་ཡེ་ཤེས་ཀྱི་ངེས་པའོ། །གང་དུ་ཞེ་ན། འདུས་པ་ནི་སྡུད་པ་སྟེ། དེ་ལྟར་གནས་པ་དེར་རོ། །བཟང་པོའི་སྤྱོད་ཡུལ་ནི་དབང་པོ་མིག་ལ་སོགས་པའི་དབང་པོ་དང་། སྤྱོད་ཡུལ་ཡུལ་རྣམས་སོ། །མ་བྱང་ཆུབ་ཀྱི་སེམས་རྣམ་པར་ཤེས་པ་དང་། ཨ་བདག་མེད་མ་སྟེ། དབང་ པོ་དང་ཡུལ་དང་རྣམ་པར་ཤེས་པའི་རང་བཞིན་འདི་དག་ཐམས་ཅད་བདག་མེད་མ་དང་ལྡན་པར་གནས་པ་སྟེ། འདི་ཐམས་ཅད་ཀྱི་གཞིར་གྱུར་པ་སྒྲིབ་པ་མེད་པའི་རང་བཞིན་གང་ཡིན་པ་དེ་ཤེས་ཤིང་རྟོགས་པ་ཡེ་ཤེས་ཀྱི་གནས་པའོ། །དེའི་ཕྱིར་གཉིས་ཀ་དབྱེར་མེད་པའི་ཡེ་ ཤེས་ནི་འདུས་པ་སྟེ། མེ་ཆོས་འབྱུང་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལེན་པ་དང་འཛིན་པའི་ཕྱིར་མེ་ལ། དེ་ལྟར་གྱུར་པའི་ཨཱ་ཡ་ཡེ་ཤེས་ཏེ། མེ་ལཱ་ཡ། དེ་ཐམས་ཅད་ནི་ཨ་ཞེས་པ་ཨ་ཨཾ་ཆ་བཅོ་ལྔའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་ པ་མེད་པའི་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་མ་རྣམས་ཏེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་དབྱངས་བཅུ་དྲུག་གཉིས་འགྱུར་གྱིས་རྩ་སུམ་ཅུ་རྩ་གཉིས་རྣམས་སོ། །དེ་རྣམས་ཉིད་གང་དང་གང་སྨྲ་བ་དང་བརྗོད་པའི་བྱ་བ་གང་ལས་རྫོགས་པར་བྱེད་པ་ནཱ་དའི་བདག་ཉིད་ཅན་ནོ་ཞེས་ པ་རྡོ་རྗེ་གསུམ་དབྱེར་མེད་པའི་ངོ་བོ་ཉིད་ཀྱིས་ཡེ་ཤེས་དེ་དག་ཐམས་ཅད་ཀྱི་བདག་ཉིད་དུ་བྱ་ཞིང་། བྱ་བའི་ཚུལ་གྱིས་རྟོགས་པར་བྱ་སྟེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཁོ་ན་ཞེས་པའོ། །གལ་ཏེ་འདུས་པ་དེར་མཆོག་གི་རྣལ་འབྱོར་མ་རྣམས་འདུ་བ་དེའི་ཚེ་འདུས་པ་ནི་ གྲུབ་པ་ཁོ་ན་སྟེ། འོན་ཀྱང་འདུ་བར་བྱ་བའི་གནས་རྣམས་མི་ཤེས་པར་བྱ་བ་མ་ཡིན་ནམ་ཞེ་ན། གསུངས་པ། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས། དེ་རྣམས་ཀྱི་འདུ་བའི་ས་དུ་ཞེས་ཞུ་བའོ། །ཡང་ན་ཧེ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་རང་བཞིན་ནོ། །བཅོམ་ ལྡན་འདས་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། ཀྱེའི་བཅོམ་ལྡན་འདས་ཞེས་འདི་ནི་ཡང་དག་པའི་ཡེ་ཤེས་ཀུན་དུ་བོད་པའོ། །གང་དུ་ཞེ་ན། ཀེ་ཏཱི། ཀཾ་བདེ་བ་ཡེ་ཤེས་སོ། །དེ་ལ་ཨི་དེ་རྟོགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ལས་ཏེ། ཡེ་ཤེས་གཉིས་ མི་སྲིད་པའི་ཕྱིར་སོ་སོ་བ་ཡང་མེད་དོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འདུ་བའི་གནས་ནི་འདུ་བ་ན་བྱེད་པ་དང་འདུ་བ་སྟེ་སྡུད་པའི་རང་བཞིན་བདག་མེད་མ་རྣལ་འབྱོར་མའོ། །དེ་རྣམས་བརྙེས་པ་དང་ཁྱབ་པའི་ཕྱིར་འདུ་བ་རྡོ་རྗེ་འཆང་སྟེ། གནས་དེ་ལ་གནས་པ་གང་དང་གང་ཡིན་པ་ དེ་དང་དེ་རྣམས་འདུ་བའི་གནས་སོ། །འདིས་ནི་ཡང་དག་པའི་ཡེ་ཤེས་གང་ཡིན་པ་དེ་བདག་མེད་མ་དང་དབྱེར་མེད་པར་གྱུར་པར་དཀྱིལ་འཁོར་གཉིས་ཀའི་བདག་ཉིད་ཅན་ཁོ་ནའོ། །བཀའ་སྩལ་པ་ཞེས་པ་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། ཞུས་པའི་མཐར་ ཐུག་ལ་གནས་པ་དང་སྦྱར་ནས་འདུ་བའི་གནས་ཉིད་གསུངས་པ། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡོ་ཉེ་བའི་ཚནྡོ་ཧ། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་ རྣམས་ས་ནི་བཅུ་གཉིས་སོ། །རབ་ཏུ་དབྱེ་བ་ཐ་དད་པ་བཅུ་གཉིས་པོ་འདི་རྣམས་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་འདུ་བའི་གནས་རྣམས་སོ། །འདི་དག་ཐམས་ཅད་ནི་དབང་པོ་དྲུག་དང་ཡུལ་དྲུག་གི་རང་བཞིན་ཉིད་ཀྱིས་དྲུག་ཚན་གཉིས་དང་གཉིས་ཀ་དབྱེར་མེད་པ་ལས་སྐྱེས་ པའི་ཤེས་པ་དྲུག་དང་། དེ་རྣམས་ཀྱང་སོ་སོར་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་དྲུག་སྟེ། དེ་ལྟར་མི་ཕྱེད་མ་ལ་སོགས་པ་རྩ་ཉི་ཤུ་རྩ་བཞི་རྣམས་དང་ཤེས་རབ་དང་ཐབས་ཀྱི་རང་བཞིན་དབྱེར་མེད་པས་ས་བཅུ་གཉིས་རྣམས་སུ་འདུས་པ་དང་གཉིས་སུ་མེད་པར་འགྱུར་རོ། །གཞན་ མཁའ་འགྲོ་མ་བརྒྱད་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་གནས་དང་ཉེ་བའི་གནས་ཀྱི་དབྱེ་བ་ལ་ལ་ནཱ་ལ་སོགས་པ་མཁའ་འགྲོ་མ་བརྒྱད་གནས་བརྒྱད་པོ་རྣམས་སུ་རྒྱུ་ཞིང་འདུ་བའི་ཕྱིར་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ཉིད་དོ་ཞེས་མདོར་ བསྟན་པའི་སོ་སོར་བཤད་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་སོར་མོའི་ཙྪོ་མ་ཡིས་སྐུ་དང་དབྱེར་མེད་པའི་ནཱ་དས་རབ་ཏུ་བསྟན་ནས་སྐུ་གསུང་ཐུགས་དབྱེར་མེད་པ་ཉིད་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མའི་རང་བཞིན་སྐུ་དང་ཡེ་ཤེས་སོ་ཞེས་པ་ས་བཅུ་གཉིས་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བ་ཐ་དད་ པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་འདུ་བ་དང་། འདུས་པས་གསུངས་པའོ། །ཡང་ན་གནས་དང་ཉེ་བའི་གནས་ཞེས་པ་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་དག་གི་གདན་དེ་གནས་པའོ། །ཞིང་དང་ཉེ་བའི་ཞིང་ཞེས་པ་སྐྱེས་པའི་ས་སྟེ། སྐྱེ་བ་ཞེས་པའི་དོན་ཏོ། །དེ་ཉིད་ནི་ཆོས་ འབྱུང་དང་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཁོ་ན་ཞེས་པའི་དོན་ཏོ། །ཚནྡོ་ཉེ་བའི་ཚནྡོ་ཧ། །ཞེས་པ། ཚནྡོ་ཉམས་པ་དང་བྲལ་བ་ཇི་སྲིད་དངོས་པོ་མེད་པའི་རང་བཞིན་གྱི་གནས་ཞེས་པའོ། །དེའི་ཨུ་ཧ་ཇི་སྲིད་རྟོག་པ་དང་རྣམ་པར་རྟོག་པ་རྟོགས་པ་ཞེས་པ་སྟེ། འདིས་ནི་འཇིགས་པ་ གསུངས་སོ། །དེ་བཞིན་འདུ་བ་ཉེ་འདུ་བ། །ཞེས་པ་སྐྱེ་བ་དང་གནས་པ་དང་འཇིག་པ་དབྱེར་མེད་པ་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར། བཞི་པ་ལྷན་ཅིག་སྐྱེས་པ་ཞེས་པའོ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །ཅེས་པ། འཐུང་གཅོད་གྲོང་གི་མཐར་ གནས་པ། །ཞེས་པ་ལ་སོགས་འདི་དང་ཉེ་བའི་ཉེ་འཐུང་གཅོད་ཅེས་པའི་བར་གྱིས་ཕྱེ་བ་ལས་རྣམ་པ་བདུན་ཏེ། བདུན་པོ་དེ་རྣམས་ལ་ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཉིད་ཀྱིས་གཉིས་དང་གཞན་ཡང་ལྔ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའི་ ཡེ་ཤེས་ལྔ་རྣམས་སོ་ཞེས་པ་གང་ཞིག་བཞི་པའི་རང་བཞིན་ལྷན་ཅིག་སྐྱེས་པ་དེ་ནི་གཉི་ག་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡེ་ཤེས་ལྔའི་རང་བཞིན་ཞེས་པ་སྟེ། ཉིད་ཅེས་པའི་སྒྲས་ངེས་པ་ཁོ་ནའོ། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །ཞེས་པ་དེ་ཡང་ཨཱ་ལི་ཀཱ་ལིའི་ནཱ་ དའི་བདག་ཉིད་སྤྲོ་བ་དང་སྡུད་པའི་ངོ་བོ་བདེན་པ་གཉིས་ཀྱི་རང་བཞིན་གྱིས་ངེས་པར་རྒྱུ་བ་སྟེ། བཤད་པ་ཡང་། དུར་ཁྲོད་ཡི་དགས་འདུས་པ་དང་། །ཞེས་པ་ཡི་དགས་ནི་རྡོ་རྗེ་འཆང་སྟེ། དེ་ཡང་འདུས་པ་ནི་འདུས་པའི་བདག་ཉིད་ཅན་ནོ་ཞེས་པ་ས་བཅུ་གཉིས་ཏེ། འདི་རྣམས་ གནས་བཅུ་གཉིས་སོ། །ཡང་ན། འདི་རྣམས་ནི་ཨེ་ཏཱ་ཞེས་པ་ཡེ་ཤེས་སོ། །དེ་དེ་རྣམས་ལ་ཡོད་པའི་ཕྱིར་ཨེ་ཏཱཿདེ་བཞིན་གཤེགས་པ་རྣམས་སོ། །ས་ནི་ཆོས་འབྱུང་གི་རང་བཞིན་ནང་གི་དུམ་བུར་གནས་པ་མཁའ་འགྲོ་མ་ལྔ་ཞེས་པ་སྟེ། ཉིད་ཅེས་པའི་སྒྲ་ཡིས་ངེས་པ་ཁོ་ ནའོ། །དེ་བཞིན་གཤེགས་པ་དང་མཁའ་འགྲོ་མའི་རང་བཞིན་ཕུང་པོ་ལྔ་རྣམས་སོ། །དེ་ཉིད་བཅུ་གཉིས་ཏེ། དེ་ཉིད་ཀྱི་ཕྱིར། འདིས་ནི་ས་བཅུའི་དབང་ཕྱུག་དང་། །མགོན་པོ་བརྗོད་བྱ་གཞན་གྱིས་མིན། །ཞེས་པ་ཕུང་པོ་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་དང་མཁའ་འགྲོ་ མ་རྣམ་པར་དག་པ་འདིས་ནི་ས་བཅུའི་དབང་ཕྱུག་སྟེ། དེ་ཉིད་ཀྱི་ཕྱིར་མགོན་པོ་འཇིག་རྟེན་གསུམ་གྱི་བླ་མའི་རང་བཞིན་ནོ། །གཉིས་སུ་མེད་པའི་ཕྱིར་མ་ནིང་དུ་བརྗོད་པར་བྱ་སྟེ། ནཱ་ད་བཅིངས་པའི་རང་བཞིན་གྱི་བྱ་བས་ཟུང་དུ་འཇུག་པ་རྟོགས་པའི་ཕྱིར་ཞེས་པའོ། །སླར་ཡང་གཞན་ གྱིས་མིན་ཏེ། ཐ་དད་པའི་རང་བཞིན་རྣམས་ཀྱིས་མ་ཡིན་གྱི། དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་ཐ་མི་དད་པའི་རང་བཞིན་འདི་རྣམས་ཀྱིས་སོ་ཞེས་པའོ། །ཡང་ན་ས་བཅུའི་དབང་ཕྱུག་གི་མིག་ལ་སོགས་པ་རྣམ་པར་དག་པ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་ དཔའི་རང་བཞིན་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པ་འདི་རྣམས་ཀྱིས་བརྗོད་པར་བྱའི་གཞན་རྣམས་ཀྱིས་མ་ཡིན་ནོ། །མགོན་པོ་ནི་འགྲོ་བའི་བླ་མ་སངས་རྒྱས་ཏེ། གཞན་བཅུ་གཅིག་གིས་བརྗོད་པར་བྱ་བའོ། །ཡང་ན་མགོན་པོ་ཞེས་པ་རྡོ་རྗེ་འཆང་སྟེ། རྡོ་རྗེ་སེམས་དཔའ་དང་ འབྲེལ་བས་གཞན་བཅུ་གཉིས་ཀྱིས་བརྗོད་པར་བྱའོ། །འདིས་ནི་ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ། །ས་བཅུ་གཅིག་གི་དབང་ཕྱུག་ནི་སངས་རྒྱས་སོ། །ས་བཅུ་གཉིས་ཀྱི་དབང་ཕྱུག་ནི་རྡོ་རྗེ་འཆང་སྟེ། མིག་ལ་སོགས་པ་དབང་པོ་ལྔ་དང་གཟུགས་ལ་སོགས་པ་ ཡུལ་ལྔ་རྣམ་པར་དག་པ་བཅུ་དང་གཉིས་ཀ་ལས་སྐྱེས་པའི་ཤེས་པ་དང་བཅུ་གཅིག་དང་། ཤེས་པ་ཉམས་སུ་མྱོང་བའི་མཚན་ཉིད་དང་བཅུ་གཉིས་ཏེ། དེ་ལས་འདས་པ་རྡོ་རྗེ་འཆང་ཆེན་པོའོ་ཞེས་པའོ། །ཡང་ན་ས་བཅུའི་དབང་ཕྱུག་ནི་མགོན་པོ་སྟེ། མགོན་པོ་ཞེས་པ་རྡོ་རྗེ་འཆང་ ཧེ་རུ་ཀའི་རྣམ་པ་ས་བཅུའི་དབང་ཕྱུག་གོ། །པཱི་ཋ་ལ་སོགས་པའི་གནས་ས་བཅུའི་དབང་ཕྱུག་འདི་རྣམས་ཀྱིས་བརྗོད་པར་བྱ་སྟེ། གནས་ཁྱད་པར་ཇི་ལྟ་བུ་རྣམས་ཀྱིས་ཤེ་ན། གཞན་གྱིས་མིན་ཐ་དད་པ་རྣམས་ཀྱིས་མ་ཡིན་ཏེ། གནས་གཉིས་ནི་ས་བཅུའི་ནང་དུ་ཐིམ་པ་ཁོ་ནའོ། །གནས་ བཅུ་གཉིས་དབྱེར་མེད་པ་ཉིད་ཀྱིས་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་པོ་རྣམས་ཀྱིས་གནས་བཅུ་གཉིས་ཉིད་ས་བཅུ་རྣམས་སོ། །དེ་ལ་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་རྒྱལ་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་པའོ། །ཅི་ལྟར་ས་དང་པོ་འདི་ལ་རབ་ཏུ་དགའ་བ་ཞེས་བརྗོད་ཅེ་ན། འགྲོ་བའི་དོན་དང་ལྡན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་གྱུར་པ་ན། དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་ཉེ་བར་བཟུང་ནས་རབ་ ཏུ་དགའ་བ་ཞེས་བརྗོད་དོ། །ཀུན་དུ་ཆགས་པ་ལ་སོགས་པ་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་དྲི་མ་མེད་པ་ཉིད་ཉེ་བར་བཟུང་ནས་དྲི་མ་མེད་པ་ཞེས་བརྗོད་དོ། །ཐོས་པ་དང་བསམ་པ་དང་གཟུངས་དང་ཏིང་ངེ་འཛིན་གྱི་དབང་གིས་ཚད་མེད་པའི་ཡེ་ཤེས་ཀྱི་སྣང་བ་རབ་ ཏུ་འགྱེད་པ་ཉིད་ཉེ་བར་བཟུང་ནས་འོད་བྱེད་པ་ཞེས་བརྗོད་དོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་ལས་སྐྱེས་པའི་བག་ཆགས་རྗེས་སུ་འབྲེལ་བའི་མཐར་ཐུག་པ་མི་ཤེས་པའི་བུད་ཤིང་རྣམས་སྲེག་པར་བྱེད་པའི་རང་བཞིན་ཉིད་ཉེ་བར་བཟུང་ནས་འོད་འཕྲོ་བ་ ཅན་ཞེས་བརྗོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་རྣམས་ཉིད་བསྒོམས་པས་དཀའ་བ་མེད་པས་དབང་དུ་གྱུར་པ་ཉིད་ཉེ་བར་བཟུང་ནས་ཤིན་ཏུ་རྒྱལ་དཀའ་བ་ཞེས་བརྗོད་དོ། །འདུ་བྱེད་པ་རྗེས་སུ་འཇུག་པ་ལས་སྒོམ་པ་མངོན་སུམ་དུ་མ་གྱུར་པ་རྣམས་མཚན་མ་མེད་པ་མང་དུ་ཡིད་ལ་བྱེད་པས་མངོན་དུ་ གྱུར་པ་ཉིད་ཉེ་བར་བཟུང་ནས་མངོན་དུ་གྱུར་པ་ཞེས་བརྗོད་དོ། །བར་མ་ཆད་པར་མཚན་མ་མེད་པ་ཡིད་ལ་བྱེད་པའི་དབང་གིས་རིང་པོ་ལ་རྗེས་སུ་ཞུགས་པ་ཉེ་བར་བཟུང་ནས་རིང་དུ་སོང་བ་ཞེས་བརྗོད་དོ། །མཚན་མ་དང་མཚན་མ་མེད་པ་དག་ལས་ཐེ་ཚོམ་དང་ཐེ་ཚོམ་མ་ཡིན་པའི་ཀུན་ནས་ཉོན་མོངས་ པའི་དབང་གིས་ལས་ཀྱི་རླུང་ལ་སོགས་པ་རྣམས་ཀྱིས་ཀྱང་གཡོ་བར་མི་ནུས་པའི་ཕྱིར་མི་གཡོ་བ་ཞེས་བརྗོད་དོ། །རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་གིས། ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཡངས་པ་བརྙེས་པ་ཉེ་བར་བཟུང་ནས་ལེགས་པའི་བློ་གྲོས་ཞེས་ བརྗོད་དོ། །ཆོས་ཀྱི་མཛོད་སྤྲིན་ཆེན་པོ་ལྟ་བུས་ཁམས་གསུམ་པ་ཐམས་ཅད་དུ་གཏོགས་པའི་ནམ་མཁའ་ལྟ་བུའི་སེམས་ཅན་གྱི་ཁམས་རྣམས་ཆོས་ཀྱི་ཆར་གྱིས་ཚིམ་པར་བྱེད་པ་ཉིད་ལྟ་བར་བཟུང་ནས་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །ཉོན་མོངས་པའི་སྒྲོག་པ་ཤིན་ཏུ་ཕྲ་མོ་རབ་ཏུ། སྤངས་པ་ལས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱ་ཡང་དག་པར་རྟོགས་པ་ཉིད་ཉེ་བར་བཟུང་ནས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཞེས་བརྗོད་དོ། །ཉོན་མོངས་པའི་བག་ཆགས་ལྷག་མ་མེད་པར་རབ་ཏུ་སྤངས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་ བྱང་ཆུབ་པ་ཉེ་བར་བཟུང་ནས་བཅུ་གཉིས་པ་རྡོ་རྗེ་འཆང་གི་ས་ཞེས་བརྗོད་དོ། །རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་རྣམས་ཏེ། མོས་པ་སྤྱོད་པའི་རང་བཞིན་གྱི། རྒྱུར་གྱུར་པ་མོས་པ་སྤྱོད་པ་ཡང་འབྲས་བུར་གྱུར་པ་སངས་རྒྱས་ཀྱི་ས་ལ་རབ་ཏུ་ཞུགས་པའི་ཕྱིར་ཐ་དད་མེད་པས་འབྲས་ བུར་གྱུར་པ་སངས་རྒྱས་ཀྱི་ས་དང་འབྲས་བུར་གྱུར་པ་རྡོ་རྗེ་འཆང་གི་སའི་རྒྱུར་གྱུར་པ་ཉིད་ཀྱིས་དབྱེ་བ་མེད་པའི་ཕྱིར་མོས་པ་སྤྱོད་པའི་ས་ནི་སངས་རྒྱས་ཀྱི་ས་དང་རྡོ་རྗེ་འཆང་གི་ས་ཡང་སྟེ། ས་བཅུ་དབྱེ་བ་མེད་པ་ཉིད་དོ་ཞེས་པ་ས་བཅུ་རྣམས་སོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དབྱེར་མེད་པའི་ གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམས་དང་རིམ་པ་ཇི་ལྟ་བར་སྦྱར་བར་བྱའོ་ཞེས་པ་ས་བཅུའི་དབང་ཕྱུག་སངས་རྒྱས་དང་མགོན་པོ་རྡོ་རྗེ་འཆང་གཉིས་སོ་ཞེས་བརྗོད་བྱ་གཞན་གྱིས་མིན། ཐ་དད་པ་རྣམས་ཀྱིས་མིན་ཏེ་སངས་རྒྱས་ དང་རྡོ་རྗེ་འཆང་གི་ཐ་དད་མེད་པ་ཉིད་ས་བཅུ་གཅིག་གོ་ཞེས་པ་སྟེ། གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུ་རྣམས་ནི་བྱང་ཆུབ་སེམས་དཔའི་དབང་པོ་དང་ཡུལ་རྣམ་པར་དག་པར་བལྟ་བར་བྱའོ། །དུར་ཁྲོད་ནི་སངས་རྒྱས་ཀྱི་ས་རྣམ་པར་ཤེས་པ་རྣམ་པར་དག་པར་བལྟ་བར་བྱའོ། ། ཉེ་བའི་དུར་ཁྲོད་ནི་རྡོ་རྗེ་འཆང་གི་ས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རྣམ་པ་ལས་འདས་པར་བལྟ་བར་བྱའོ། །འདིས་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་རྡོ་རྗེ་འཆང་རྣམས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་རྡོ་རྗེ་འཆང་ ཐམས་ཅད་ས་བཅུའི་དབང་ཕྱུག་ཁོ་ནའོ་ཞེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབྱེ་བ་འགའ་ཡང་མེད་དོ་ཞེས་པའོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ངོ་། །སེམས་དཔའ་ཆེན་པོ་ནི་སངས་རྒྱས་སོ། །དམ་ཚིག་སེམས་དཔའ་ནི་བྱང་ཆུབ་ སེམས་དཔའ་སྟེ། རྡོ་རྗེ་རིགས་ཀྱི་ལེའུར་མདོར་བསྟན་པའི་རྒྱས་པར་བཤད་པའོ། །གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་ནི་དབང་པོ་དང་ཡུལ་རྣམས་སོ། །དུར་ཁྲོད་ནི་ནཱ་དའི་བདག་ཉིད་ཅན་གྱི་སེམས་སོ། །ཉེ་བའི་དུར་ཁྲོད་ནི་དེ་ལས་འདས་པའོ་ཞེས་པའོ། །ཀྱེ་བཅོམ་ལྡན་འདས་ གནས་ལ་སོགས་པ་རྣམས་དུ་ལགས་ཞེས་པ་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་གསུངས་པ་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་དུ་ལགས་ཞེས་སྙིང་རྗེ་ཆེན་པོས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་ནི་ཛཱ་ལནྡྷ་རར་བཤད། ། ཨོ་ཌི་ཡཱ་ན་དེ་བཞིན་ཉིད། །གནས་ནི་ཀོལླ་གི་རི་ཉིད། །དེ་བཞིན་ཀཱ་མ་རཱུ་པ་ཉིད། །ཅེས་པ་བཞི་ནི་གནས་ཀྱི་དབྱེ་བའོ། །ཉེ་གནས་མཱ་ལ་ཝ་ཉིད་དང་། །སིན་དྷུ་ན་ག་ར་ཉིད་དོ། །ཞེས་པ་གསུམ་ནི་ཉེ་བའི་གནས་ཀྱི་དབྱེ་བའོ། །ཞིང་ནི་མུམྨ་ནིར་བཤད་དེ། །ཞིང་ནི་བྱེད་པའི་ བྲང་ཉིད་དང་། །དེ་ཝཱི་ཀོ་ཊ་དེ་བཞིན་ཞིང་། །ཞིང་ནི་པགས་པའི་བྲང་ཡིན་ནོ། །ཞེས་པ་བཞི་ནི་ཞིང་གི་དབྱེ་བའོ། །ཉེ་ཞིང་ཀུ་ལུ་ཏཱ་ཞེས་བརྗོད། །དེ་བཞིན་ཨརྦུད་ཉིད་དང་། །གོ་དཱ་བ་རཱི་ཁ་བའི་རི། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ། །ཞེས་པ་བཞི་ནི་ཉེ་བའི་ཞིང་གི་དབྱེ་བའོ། ། ཚནྡོ་ཧ་རི་ཀེ་ལ་ནི། །ལན་ཚྭ་རྒྱ་མཚོའི་དབུས་སྐྱེས་པ། །ཞེས་པ་ཧ་རི་ཀེ་ལའི་ཁྱད་པར་རོ། །ལམྦཱ་ཀ་དང་ཀཱཉྩི་ཉིད། །དེ་བཞིན་སཽ་རཱཥྚ་ཉིད་དོ། །ཞེས་པ་བཞི་ནི་ཚནྡོ་ཧའི་དབྱེ་བའོ། །ཉེ་བའི་ཚནྡོ་ཀ་ལངྐ། །གསར་དང་ལྡན་བའི་གླིང་དང་ནི། །ཞེས་པ་གང་ཞིག་གསེར་ གླིང་དུ་རབ་ཏུ་གྲགས་པའོ། །ཀོ་ཀ་ཎ་ཡང་ཉེ་ཚནྡོ། །མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པ་གསུམ་ནི་ཉེ་བའི་ཚནྡོ་ཧའི་དབྱེ་བའོ། །འཐུང་གཅོད་གྲོང་གི་མཐར་གནས་པ། །ཞེས་པ་གྲོང་གི་མཐའི་ས་གཞིའོ། །གྲོང་ཁྱེར་གྱི་ཡང་ འཐུང་གཅོད་དོ། །ཞེས་པ་གྲོང་ཁྱེར་གྱི་མཐའི་ས་གཞིའོ། །ཙ་རི་ཏྲ་དང་ཀོ་ཤ་ལ། །འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་ཏེ། །དེ་དག་ཉེ་བ་ཉེ་འཐུང་གཅོད། །ཞེས་པ་ཙ་རི་ཏྲ་ལ་སོགས་པ་རྣམས་དང་ཉེ་བའི་ས་གཞི་ཡང་སྟེ། གལ་ཏེ་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ཀྱི་རབ་ ཏུ་དབྱེ་བ་རྣམ་པ་བདུན་ཡིན་པ་དེ་ལྟ་ན་ཡང་གྲོང་དང་གྲོང་ཁྱེར་དག་ཐ་དད་མེད་པས་དེ་དག་གི་མཐའི་ས་གཞི་གཅིག་ཉིད་དང་དྲུག་ཁོ་ན་སྟེ། གང་གི་ཕྱིར། མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པའི་གསུང་ལས་སོ། །ཀྱེ་རྡོ་རྗེའི་སྙིང་པོ་སྙིང་རྗེ་ཆེ། །དུར་ཁྲོད་ཡི་དགས་འདུས་པ་དང་། །ཞེས་ པ་དུར་ཁྲོད་ཀྱི་ས་གཞིའོ། །དུར་ཁྲོད་ཆུ་གཏེར་འགྲམ་དང་ནི། །སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ། །ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །ཞེས་པ་བཞི་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་དབྱེ་བའོ། །ཡང་ན། དུར་ཁྲོད་རབ་སོང་འདུས་པ་དང་། །ཞེས་པ་རབ་སོང་ནི་རྡོ་རྗེ་འཆང་ངོ་། ། དེའི་འདུས་པ་ནི་ཚོགས་པ་སྟེ། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ཞེས་མ་ནིང་ཉིད་བསྟན་ཏོ། །ཆུ་གཏེར་འགྲམ་ཞེས་པ་དེ་ཉིད་རྡོ་རྗེ་འཆང་གི་ཡེ་ཤེས་ཏེ། ཆུ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་འཛིན་པའི་ཕྱིར་ཆུ་གཏེར་ནི་རྒྱ་མཚོ་སྟེ། ཕྱག་རྒྱ་དང་ལྡན་པ་རྡོ་རྗེ་འཆང་ངོ་། །དེའི་ འགྲམ་ནི་ཕ་རོལ་ཏེ། རྡོ་རྗེ་འཆང་འདིའི་མཐར་ཐུག་པ་ཁོ་ན་ཞེས་པའི་དོན་ཏོ། །དེ་ནི་སྐྱེད་མོས་ཚལ་ཏེ། རབ་ཏུ་འགྲོ་བ་སྤྲོ་བའི་རང་བཞིན་ཞེས་པའོ། །དེ་ཉིད་རྫིང་བུའི་འགྲམ་སྟེ། བ་བྱང་ཆུབ་ཀྱི་སེམས་དང་། ཨ་བདག་མེད་མ་སྟེ། དེ་ཐོབ་པ་དང་། ཁྱབ་པར་བྱེད་པའི་ཕྱིར་ རྫིང་བུ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་མ་ཉིད་སྡུད་པའི་རང་བཞིན་ནོ། །དེའི་འགྲམ་ནི་ཕ་རོལ་ཏེ། བདག་མེད་མ་འདིའི་མཐར་ཐུག་པ་ཁོ་ན་ཞེས་བརྗོད་པར་བྱ་ཞིང་། ངེས་པར་ཐ་སྙད་དུ་བྱའོ་ཞེས་པ་དུར་ཁྲོད་ཀྱི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །ཉེ་བའི་ དུར་ཁྲོད་ཀྱི་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མ་སྟེ། གཉིས་ཀ་ལ་གཉིས་ཀའི་བདག་ཉིད་ཀྱི་ནཱ་དའི་ཕྲེང་བ་གཉིས་སོ་ཞེས་པ་གནས་དང་ཉེ་བའི་གནས་དག་གི་དབྱེ་བ་རྣམ་པ་བདུན་ནོ། །ཞིང་དང་ཉེ་བའི་ཞིང་དག་གི་དབྱེ་བ་རྣམ་པ་བརྒྱད་དོ། །ཚནྡོ་ཧ་དང་ཉེ་བའི་ཚནྡོ་ཧ་དག་ གི་དབྱེ་བ་རྣམ་པ་བདུན་ནོ། །འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དག་གི་དབྱེ་བ་རྣམ་པ་དྲུག་གོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དག་གི་དབྱེ་བ་རྣམ་པ་བཞི་སྟེ། གནས་ལ་སོགས་པའི་རབ་ཏུ་དབྱེ་བ་ཐ་དད་པར་གྱུར་པ་སུམ་ཅུ་རྩ་གཉིས་ནི་རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པའོ། ། དེའི་ཕྱིར་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་སྟེ། རྩ་གསུམ་ནི་འོག་དང་སྟེང་དང་དབུས་སུ་འགྲོ་བ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་གསུམ་མོ། །མི་ཕྱེད་མ་ལ་སོགས་པ་སུམ་སྐོར་མའི་བར་རྩ་ཉི་ཤུ་རྩ་བཞི་ནི་སྤྱི་བོ་ལ་སོགས་པ་མདོམས་བར་གྱི་མཐར་ཐུག་པ། ཀཱ་མ་རཱུ་པ་ལ་ སོགས་པ་གཞོན་ནུའི་གྲོང་ཁྱེར་གྱི་བར་གནས་ཉི་ཤུ་རྩ་བཞི་རྣམ་པར་དག་པའོ། །སུམ་སྐོར་མ་དང་ཁྱིམ་མ་དང་གཏུམ་མོ་དང་། འདོད་པ་དང་བདུད་འདྲལ་མ་སྟེ། རྩ་ལྔ་ནི་སྙིང་གའི་པདྨར་གནས་པ་བདུད་རྩི་ལྔ་འབབ་པ། དེ་དག་ཉེ་བ་ཞེས་པ་ལ་སོགས་པ་རྫིང་ བུའི་འགྲམ་ཞེས་པ་ལ་སོགས་པའི་བར་གནས་ལྔ་རྣམས་སོ། །དེ་ལྟར་ས་བཅུ་གཉིས་ཀྱི་རབ་ཏུ་དབྱེ་བ་ཐ་དད་པ་སུམ་ཅུ་རྩ་གཉིས་ཏེ། གནས་སུམ་ཅུ་རྩ་གཉིས་པོ་རྣམས་སུ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྩའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་རྡོ་རྗེ་མཁའ་འགྲོ་མ་རྣམས་ནི་སྲིད་པ་ གསུམ་ཡོངས་སུ་གྱུར་པ་སྤྲོ་བ་དང་སྡུད་པས་ཀུན་དུ་རྒྱུ་བའོ་ཞེས་པ་རྡོ་རྗེ་རིགས་ཀྱི་ལེའུར་མདོར་བསྟན་པའི་རྩའི་འཁོར་ལོའི་རང་བཞིན་རྒྱས་པར་བཤད་པ་རྡོ་རྗེ་རྣལ་འབྱོར་མའི་འདུ་བའོ་ཞེས་པའོ། །འདིས་ནི་དམ་པའི་དོན་དུ་ཕྱི་དང་ནང་གི་བདག་ཉིད་ཐ་དད་པ་རྣམ་པ་ཐམས་ཅད་དུ་མེད་ པ་ཁོ་ནའོ་ཞེས་རབ་ཏུ་བཤད་དོ། །གནས་འདི་རྣམས་སུ་རེ་ཞིག་རྣལ་འབྱོར་མ་རྣམས་འདུ་བའི་ཕྱིར་འདུ་བའི་གནས་སུ་བརྗོད་དེ། དེའི་ཕྱིར་ཐམས་ཅད་ཀྱི་ཚེ་རྣལ་འབྱོར་མ་རྣམས་འདུ་བ་ཁོ་ནའོ། །འོན་ཀྱང་ཉི་མ་གང་ལ་དེ་རྣམས་ལེགས་པར་འདུ་བའི་ཉི་མ་བརྗོད་པར་བྱའོ་ཞེས་པ། སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །རྣལ་འབྱོར་མ་རྒྱུད་ཀྱེའི་རྡོ་རྗེར། །རྣལ་འབྱོར་མ་རྣམས་ལེགས་འདུ་བའི། །ཉིན་པར་ཉིད་ཀྱང་རབ་བཤད་བྱ། །ཀྱེ་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ནི་སྡུད་པར་བྱེད་པ་ཉིད་ལ་རྡོ་རྗེ་སྙིང་པོ་ཉིད་བཅོམ་ལྡན་འདས་སུ་མངོན་པར་བརྗོད་དེ། ཉིན་བར་གྱི་དོན་བཤད་པ་ཉེ་ བར་རྩོམ་པ་ཀྱེ་བཅོམ་ལྡན་འདས་ཉིན་པར་ཡང་བདག་གིས་རབ་ཏུ་བཤད་པར་བྱའོ། །ཁྱད་པར་ཅི་ཞེ་ན། རྣལ་འབྱོར་མ་རྣམས་ལེགས་འདུ་བའོ། །གང་དུ་ཀྱེའི་རྡོ་རྗེར་ཁྱད་པར་ཅི་ཞེ་ན། རྣལ་འབྱོར་མའི་རྒྱུད་དུའོ། །ཅིའི་དོན་དུ་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འགྲོ་བའི་དོན་དུ་ཞེས་ བརྗོད་པ་ཉིད་དོ། །ཉི་མ་གང་ལགས། །ཡི་དགས་ཕྱོགས་ལའང་བཅུ་བཞི་པ། །དེ་བཞིན་དུ་ཡང་བརྒྱད་པ་ལ། །རྒྱལ་མཚན་མཚོན་བསྣུན་ཉིད་དང་ནི། །ལན་བདུན་པ་ཡང་བཟའ་བར་བྱ། །ཉི་མ་གང་ཞེ་ན། གང་རྣམས་ལ་རྒྱལ་མཚན་དཔྱངས་པའམ་མཚོན་བསྣུན་གཡུལ་དུ་གསད་པའོ། ། ཅི་ལྟ་བུ་ཞེ་ན། ལན་བདུན་པ་སྐྱེ་བ་བདུན་ཏེ། དེའི་གྲིབ་མ་བདུན་འབྱུང་ངོ་། །དེ་ལྟར་གྱུར་པའི་སྐྱེས་བུ་ཉི་མ་གང་རྣམས་ལ་བཟའ་བར་བྱ་བ་དེ་རྣམས་ཉི་མ་སྟེ། ཡི་དགས་ཕྱོགས་ལ་གང་ཞིག་བཅུ་བཞི་པ་དེ་ཉིད་དང་། ཕྱོགས་ལ་གང་ཞིག་བརྒྱད་པ་དེ་ཉིད་ལའོ། །ཡང་ན། ཉིན་པར་ ཉིད་ཀྱང་རབ་བཤད་བྱ། །ཞེས་པ་ཉིན་པར་ནི་རྡོ་རྗེ་འཆང་སྟེ། དེ་ཉིད་རབ་བཤད་བྱ་ཕུལ་དུ་བྱུང་བས་ཐ་སྙད་དུ་བྱའོ། །རྣལ་འབྱོར་མ་རྣམས་ལེགས་འདུ་བ། །རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔ་སྟེ། དེ་རྣམས་གང་དུ་ལེགས་པར་མི་དགྱེས་པ་ མེད་པས་རང་ཉིད་འདུས་པར་གྱུར་པ་རྡོ་རྗེ་འཆང་དང་མཁའ་འགྲོ་མ་འདི་དག་ཐ་དད་མེད་པའོ། །གང་དུ་ཞེ་ན། ཀྱེའི་རྡོ་རྗེར་གཉིས་སུ་མེད་པར་རྟོགས་པ་ལ་སྟེ། དེ་ཉིད་ཅི་ལྟར་ཞེ་ན། གསུངས་པ། རྣལ་འབྱོར་མ་རྒྱུད་དུ། འདི་རྣམས་ལ་རྣལ་འབྱོར་མ་ཡོད་པའི་ཕྱིར་རྣལ་འབྱོར་མ་སྟེ། དེ་ རྣམས་ཀྱི་ཁྱད་པར་རྟོགས་པ། ཀྱེའི་རྡོ་རྗེ་གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །ཅིའི་དོན་དུ་ཞེ་ན། གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཐམས་ཅད་ནི་ཐམས་ཅད་ཁྱབ་པའི་ཕྱིར་གཉིས་སུ་མེད་པ་རྡོ་རྗེ་འཆང་ངོ་། །སེམས་ཅན་ནི་མེ་ལོང་ལྟ་ བུ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་ལ་སོགས་པའི་བདག་ཉིད་ཅན་ཏེ། ཐམས་ཅད་དང་སེམས་ཅན་ནི་སེམས་ཅན་ཐམས་ཅད་དོ། །དེ་ཉིད་དོན་ཏེ་དམ་པའི་དོན་རྡོ་རྗེ་འཆང་ངོ་། །རྒྱུ་དང་བྱེད་པ་དེ་ཉིད་ཀྱི་ཕྱིར་རོ། །ཀྱེ་བཅོམ་ལྡན་འདས་ཞེས་པ་ཡང་དག་པའི་ཡེ་ཤེས་ཀུན་དུ་ བོད་པའོ། །གང་ལ་ཀེ་ཏཱི། ཀ་ཆགས་པའི་མཚན་ཉིད་དང་ཨི་ཏེ། དེ་ལས་འདས་པ་ཆགས་པ་མེད་པ་ཐོབ་པ་ནའོ། །དེ་ཡང་། ཉི་མ་སྟེ། ཉི་མ་ནི་རྡོ་རྗེ་འཆང་ངོ་། །ཨ་བདག་མེད་མ་སྟེ། གཉིས་ཀ་རྣམ་པར་བཅད་པ་ཨཿའི་མཐའ་ཅན་ནི་དེ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ ཞེས་པའི་དོན་ཏོ། །ཡི་དགས་ཕྱོགས་ལ། ཕྱོགས་འདས་པའི་བཅུ་བཞི་པའི་ཨཱཾ་ནི་ཨ་དང་ཨཾ་སྟེ། ཨ་ནས་བརྩམས་པ་ཨཽའི་བར་བཅུ་བཞི་དང་ལུགས་ལས་བཟློག་པས་ཨཾ་ནས་བརྩམས་པ་ཨའི་བར་བཅུ་བཞི་སྟེ། དང་པོ་དང་མཐའ་གཉིས་མ་ཕྱེ་བས། ཨཱཾ་ནི་བཅུ་བཞི་པ་ སྟེ། དེ་རྣམས་མཁའ་འགྲོ་མ་བཅོ་ལྔ་ཉིད་དོ། །བཅུ་བཞི་པ་དང་། ཨཾ་ནི་བཅུ་བཞི་པ་ལ་སྟེ། མཁའ་འགྲོ་མ་བཅོ་ལྔའི་འདུས་པ་ཉིད་ཕྱོགས་ལ་འདས་པ་རྡོ་རྗེ་འཆང་ངོ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་པ་ནི་བརྒྱད་པ་ལ་སྟེ། མ་བྱང་ཆུབ་ཀྱི་སེམས་དང་། ཡ་རླུང་དང་། ཨཱཾ་རྡོ་རྗེ་མཁའ་འགྲོ་མ་སྟེ། མྱཱཾ་རྡོ་རྗེ་གསུམ་གསུམ་མོ། །མྱཱཾ་རྡོ་རྗེ་གསུམ་པོ་གང་གིས་བརྒྱད་ལ་ཁྱབ་པ་དེ་ནི་བརྒྱད་པ་ལ་ཞེས་པ་རྡོ་རྗེ་འཆང་སྟེ། ཇི་ལྟར་འདི་དང་དེ་ཞེས་པ་ལ་སོགས་པའི་ཕྱོགས་སུ་སྤངས་པ་མཁའ་འགྲོ་མའི་རང་བཞིན་ཁྱབ་པར་བྱེད་པ་རྡོ་རྗེ་གསུམ་པོ་ དེ་ལྟ་བུ་ཁོ་ན་ཡིན་གྱི་རྣམ་པ་གཞན་དུ་རྡོ་རྗེ་འཆང་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་གང་། ཡི་དགས་ཕྱོགས་ལ་ཞེས་པ་བདག་མེད་མའི་ཕྱོགས་ལ། བཅུ་བཞི་པ་ཞེས་པ་མཁའ་འགྲོ་མ་བཅུ་བཞི་སྟེ། མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དམ་ཚིག་གི་དཀྱིལ་འཁོར་དེ་ལའོ། ། དེ་བཞིན་དུ་ཡང་བརྒྱད་པ་ལ་ཞེས་པ་ཡི་དྭགས་ཕྱོགས་ལ་ནི། རྡོ་རྗེ་འཆང་གི་ཕྱོགས་ལ་མཁའ་འགྲོ་མ་བརྒྱད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ཏེ། རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་དེ་ལའོ། །རྒྱལ་མཚན་ནི་མཚན་མ་སྟེ་ཆགས་པའི་ མཚན་ཉིད་དོ། །མཚོན་ནི་ཆགས་པ་དེ་དང་བྲལ་བར་བྱས་པའོ། །བསྣུན་པ་ནི་ཅུང་ཟད་ཀྱང་མེད་པའོ། །དེ་བཟའ་བར་བྱ་སྟེ། དེ་ལ་ཆགས་པ་མེད་པར་རྟོགས་པ་ཡང་མེད་དོ་ཞེས་པའོ། །གང་གི་ཕྱིར་ལན་བདུན་པ་ཉིད་དེ། གང་ལས་དྲུག་པ་རྡོ་རྗེ་འཆང་ལས་འདས་པ་ལན་བདུན་ པ་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་པའི་དོན་ཏོ། །དེ་ལྟར་ན་ཆགས་པ་དང་བྲལ་བའི་ཕྱིར་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། སྙིང་རྗེ་བསྐྱེད་ནས་འབད་པ་ཡིས། །མཁས་པ་ རྣམས་ཀྱིས་གསད་པར་བྱ། །སྙིང་རྗེ་ཞེས་པ་ཆགས་པའི་མཚན་ཉིད་དགའ་བྲལ་ལོ། །དེ་བསྐྱེད་ནས་འབད་པ་ཡིས་རབ་ཏུ་འབད་པས་བླ་མ་བརྒྱུད་པའི་རིམ་པས་མཁས་པ་རྣམས་ཀྱིས་གསད་པར་བྱ། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བྱེད་པ་རྣམས་ཀྱིས་སོ། །གཞན་མཁས་པ་ ཞེས་འདོན་པ་ལ་ཡང་དེའི་དོན་ནི་འདི་ཡིན་ཏེ། མཁས་པ་ནི་ཤེས་པའོ། །དེ་ཉིད་ཡེ་ཤེས་ཀྱིས་ངེས་པར་གྱུར་པ་ཞེས་པའི་དོན་ཏོ། །ཡང་ན། སྙིང་རྗེ་བསྐྱེད་ནས་འབད་པ་ཡིས། །མཁས་པ་རྣམས་ཀྱིས་གསད་པར་བྱ། །ཞེས་པ་དེའི་དོན་ནི་འདི་ཡིན་ཏེ། དཔྱངས་པ་དང་གཡུལ་དུ་ གསད་པ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དངོས་གྲུབ་ཀྱི་དོན་དུ་དེ་བཟའ་བར་བྱའོ། །གལ་ཏེ་ལན་བདུན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཁོ་ནའོ། །དེ་ཅིའི་དངོས་གྲུབ་ཀྱི་དོན་དུ་གསད་ནས་བཟའ་བར་བྱ་བ་མ་ཡིན་ནམ་ཞེ་ན། དེའི་དོན་དུ་གསུངས་པ། ངེས་པར་གསད་ནས་བཟའ་བར་བྱ་ སྟེ། ཁ་ན་མ་ཐོ་བའི་སྐྱོན་མེད་པ་ཁོ་ནའོ། །གང་གི་ཕྱིར་སྙིང་རྗེ་བསྐྱེད་ནས་འབད་པ་ཡིས། །ཞེས་པ་འབད་པ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་ལ། མི་བསྐྱོད་པ་ལ་སོགས་པའི་ལྷའི་ངོ་བོས་དེའི་རྣམ་པར་ཤེས་པ་བཀུག་ནས། མི་བསྐྱོད་པ་ལ་སོགས་ པའི་ངོ་བོར་བསྒྲུབ་པའི་ཕྱིར་སེམས་ཅན་དེའི་ཁ་ན་མ་ཐོ་བའི་སྐྱོན་མེད་དོ་ཞེས་པ་འབད་པ་འདིས་སྙིང་རྗེ་ཉེ་བར་བསྐྱེད་པ་ནི་རྣལ་འབྱོར་པ་སྟེ། གསད་པ་ནི་སྐྱོན་མེད་དོ་ཞེས་པའི་དོན་ཏོ། །གལ་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་མ་ཡིན་ཞིང་དེའི་མཁའ་ལ་སྤྱོད་པའི་དངོས་གྲུབ་དགོས་པ་ ཅི་ཞེས་དོགས་པར་གྱུར་པ་ན། དེ་ལྟ་མོད་ཀྱི་སྙིང་རྗེའི་དབང་ཉིད་ལས་གསད་པར་བྱ་སྟེ། ཅི་ལྟར་འདུས་པ་དེར་རྣལ་འབྱོར་པ་གང་ཡིན་པ་དང་རྣལ་འབྱོར་མ་གང་ཡིན་པ་རྣམས་ཀྱང་འདུ་བྱར་འགྱུར་རོ། །དེ་རྣམས་གདོན་མི་ཟ་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ལྷག་པར་མོས་པར་ ག་ལ་འགྱུར། འོན་ཀྱང་སེམས་ཅན་གྱི་ཁམས་མོས་པ་ཉིད་ལས་མཁའ་ལ་སྤྱོད་པའི་དངོས་གྲུབ་ལ་ལྷག་པར་མོས་པའི་སེམས་ཅན་ཡང་དེར་འདུ་བར་འགྱུར་རོ། །དེའི་ཕྱིར་དེའི་དོན་དུ་ཡང་ལན་བདུན་པའི་བཟའ་བ་བསྒྲུབ་པར་རིགས་སོ་ཞེས་པའོ། །དེའི་ཕྱིར་སྙིང་རྗེའི་དབང་གིས་ གསང་བའི་བཟའ་བ་ཡང་རིགས་པར་འགྱུར་རོ་ཞེས་པའོ། །ཡང་ན་འདི་ནི་ལྟ་བ་གཞན་ལ་རྣམ་པར་གནས་པ་རྣམས་ལ་ཉེ་བར་དམིགས་པའི་གསུང་སྟེ། གང་གི་ཕྱིར། སྙིང་རྗེ་བསྐྱེད་ནས་འབད་པ་ཡིས། །མཁས་པ་རྣམས་ཀྱིས་གསད་པར་བྱ། །བདག་ཉིད་སྡུག་བསྔལ་ལས་ གདོན་པར་འདོད་པ་དང་། རང་གི་བདེ་བ་མངོན་པར་འདོད་པས་རབ་ཏུ་ཞུགས་པ་འབད་པ་ཡིས་རྣམ་པ་སྣ་ཚོགས་པའི་རྗེས་སུ་འབྲངས་ཏེ། གང་གིས་གསད་པར་བྱ་བ་དེ་རྣམས་མཁས་པར་གང་གིས་འགྱུར། མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་མི་ ཤེས་པ་ཁོ་ན་སྟེ། དེ་རྣམས་ནི་རང་གི་བདེ་བ་ཙམ་ལ་མཆོག་ཏུ་གཞོལ་བའི་ཕྱིར་རོ། །གང་གི་ཕྱིར། སྙིང་རྗེ་མེད་པས་འགྲུབ་མ་ཡིན། །དེ་ཕྱིར་སྙིང་རྗེ་ཉེ་བར་བསྐྱེད། །ཅེས་པ་སྙིང་རྗེ་མེད་པ་ནི་སེམས་ཅན་རྣམས་སྡུག་བསྔལ་ད