Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 3
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
པ་འདིས་བདག་མེད་མ་དང་དབྱེར་ མེད་པའི་རྡོ་རྗེ་འཆང་རབ་ཏུ་གསལ་བར་མཛད་དོ་ཞེས་པའི་དོན་ནོ། །རོ་ལ་ཞོན་པ་ཞེས་པ་རོ་ཆོས་ཀྱི་དབྱིངས་སོ། །དེ་ལ་ཞོན་པ་ནི་ཆོས་ཀྱི་དབྱིངས་རྣམས་ཁྱབ་པའོ། །གཟི་བརྗིད་འབར་ཞེས་པ་རང་བཞིན་མེད་པ་འོད་གསལ་བའོ། །ཕྱག་གཉིས་ཞེས་པ་བདེན་པ་གཉིས་ཀྱི་བདག་ ཉིད་ཅན་ནོ། །སེར་པོ་ནི་ཉི་མའོ། །གྱེན་དུ་འགྲོ་བའི་ཕྱིར་ཞེས་པ་གྱེན་དུ་སྟེ་སེར་པོ་དང་གྱེན་དུ་ཡང་ཡིན་པའི་ཕྱིར་གྱེན་དུ་སེར་པོའོ། །དབུ་ལ་སྐྱེས་པ་ནི་དབུ་སྐྱེས་པ་དེ་ཟླ་བའོ། །གྱེན་དུ་སེར་པོ་དང་དབུ་སྐྱེས་པ་ནི་གྱེན་དུ་སེར་པོ་དབུ་སྐྱེས་སོ། །འདི་གཉིས་ཀའི་བདག་ཉིད་ཅན་ཨཱཿཨཱ་ ལི་བསྡུས་པ་སྟེ། ཤེས་རབ་དང་ཐབས་དབྱེར་མེད་པ་བསྡུས་པའི་བདག་ཉིད་ཅན་ཉིད་བདག་མེད་མའི་དཀྱིལ་འཁོར་རོ་ཞེས་པའོ། །དེ་བཞིན་དུ་ཞེས་པ་བདག་མེད་མའི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཡང་ངོ་ཞེས་པའོ། །གྲི་གུག་གི་རྣམ་པར་དག་པ་གསུངས་ པ། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་གནས་པ་ཉིད། །ཅེས་པ་ང་རྒྱལ་དང་། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། ཕྲག་དོག་དང་། ཕྲ་མོ་ཞེས་པ་སྐྱོན་དྲུག་གོ། །དེ་རྣམས་གཅོད་པའི་ཕྱིར་གྲི་གུག་གནས་པ་ཉིད་དེ། འདིའི་སྐྱོན་དྲུག་རྣམ་པར་དག་པ་ ཉིད་དོ། །སྐྱོན་དྲུག་རྣམ་པར་དག་པ་ཡང་དེ་བཞིན་གཤེགས་པ་ལྔ་དང་། རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་ཁོ་ན་སྟེ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་པའོ། །དངོས་པོ་དངོས་མེད་རྣམ་རྟོག་གི། །མགོ་བོ་པདྨའི་སྣོད་ཡིན་ཏེ། དངོས་པོ་འཁོར་བའོ། །དངོས་མེད་ ནི་མྱ་ངན་ལས་འདས་པའོ། །གཉིས་ཀའི་ཀུན་དུ་རྟོག་པ་དང་བྲལ་བའི་མགོ་བོ་དང་པོ་ཉིད་ཀྱིས་པདྨའི་སྣོད་ཐོད་པའི་སྣོད་དེ། གཉིས་སུ་མེད་པ་རྣམ་པར་དག་པ་ཐོད་པ་ཞེས་པའོ། །ཡང་ན། དངོས་པོ་ནི་དངོས་པོར་གྱུར་པ་སྐྱེ་བའོ། །དངོས་མེད་ནི་དངོས་པོར་མ་གྱུར་པ་སྐྱེ་བ་མེད་པ་སྟེ། སྐྱེ་བ་ཉིད་ སྐྱེ་བ་མེད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་རྟོག་ཀུན་དུ་རྟོག་པ་དང་བྲལ་བ་སྟེ། དེའི་མགོ་བོ་དེའི་རྩ་བས་པདྨའི་སྣོད་ཡེ་ཤེས་ཀྱི་གནས་ཡིན་ཏེ། དེ་ཉིད་ཡང་དག་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་རྒྱུ་ཕྱིར་བཏུང་བར་བྱ། །ཐོད་པ་ཁྲག་གིས་བཀང་པ་ཞེས་ པ་སྟེ། ཐོད་པར་དེ་བདུད་བཞི་པོ་རྣམས་ཀྱི་ཁྲག་བཏུང་བར་བྱ་སྟེ། ཕུང་པོ་ལ་སོགས་བདུད་བཞི་པོ་དེའི་ཕྱིར་བདུད་བཞི་བཅོམ་པ་ལས་དངོས་གྲུབ་དུ་འགྱུར་ཞིང་དངོས་གྲུབ་ཀྱི་རྒྱུའི་ཕྱིར་བཏུང་བར་བྱའོ། །ཡང་ན་སེམས་ཅན་རྣམས་དགའ་བ་མེད་པར་བྱེད་པའི་ཕྱིར་བདུད་དེ། སེམས་ཅན་དབང་པོ་ རྣམས་སོ། །དེ་རྣམས་ཀྱི་ཡུལ་ལ་ཆགས་པ་ལས་དགའ་བར་འགྱུར་ཞིང་དེ་དག་ལོག་པ་ན་དགའ་བ་མེད་པར་འགྱུར་རོ། །དགའ་བ་ལ་སོགས་པ་བཞི་པོ་རྣམས་ཀྱིས་དབང་པོ་རྣམས་ཀྱི་ཡུལ་སྤང་སྟེ། འདིས་ནི་བདུད་བཞིའོ། །དེ་རྣམས་ཀྱི་དེ་དང་འབྲེལ་བའི་ཁྲག་ནི་ཆགས་པའི་མཚན་ ཉིད་དེ། བཏུང་ཞིང་ཆགས་པ་མེད་པར་བྱ། །ཆགས་པ་མེད་པའི་རང་བཞིན་ཉིད་ལས་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པ་ཉིད་ཀྱིས་ཀྱང་ཆགས་པ་མེད་པར་འགྱུར་རོ་ཞེས་པའོ། །དངོས་གྲུབ་རྒྱུ་ཕྱིར་ཞེས་པ་དངོས་གྲུབ་ནི་འབྲས་བུའོ། །རྒྱུ་ནི་བྱེད་པའོ། །དངོས་གྲུབ་ཉིད་རྒྱུ་དང་རྒྱུ་ཉིད་ འབྲས་བུ་སྟེ། འབྲས་བུ་དང་རྒྱུ་གཉིས་ཐ་དད་མེད་པའི་ཕྱིར་རོ། །དེའི་དོན་དུ་ལྷན་ཅིག་སྐྱེས་པའི་མཐར་ཐུག་པས་རྒྱུ་དང་འབྲས་བུ་ཡང་ལྷན་ཅིག་སྐྱེས་པ་ཁོ་ནའོ་ཞེས་པའོ། །སྟོང་ཉིད་རྣམ་པས་ཁ་ཊྭཱཾ་ག། །ཞེས་པ་ཁ་ཊྭཱཾ་གའི་རྣམ་པར་དག་པ་གསུངས་ཏེ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ ཁ་ཊྭཱཾ་ག་ཞེས་པའོ། །ཡང་ན། ཨཾ་འགྲོ་བའི་ཕྱིར་ཨཾ་གའོ། །དེ་ཡང་ཁ་ཊྭཱཾ་ག་མཁའ་ལ་འགྲོ་བའི་ཕྱིར་མཁའ་སྤྱོད་མ་སྟེ། དེ་ཡང་སྟོང་པ་ཉིད་དོ། །ཅི་ལྟར་ཞེ་ན་གསུངས་པ། རྣམ་པས་ཞེས་པ། ཀཱ་ཀཱ་ལི་དང་། ཨཱ་ཨཱ་ལི་སྟེ། ཀཱ་ཞེས་པ་ཨཱ་ལི་ཀཱ་ལི་གཉིས་ཀའི་ནཱ་དའི་ཕྲེང་བ་གཉིས་ སོ། །ར་ནི་དེ་སྤོང་བའི་ཕྱིར་རོ། །དེ་རྣམས་ཀྱིས་ཨཱ་ལི་ཀཱ་ལི་གཉིས་ཁ་སྦྱོར་གྱིས་གཉིས་ཀ་དབྱེར་མེད་པར་རྟོགས་པ་ལས་བདག་མེད་མ་དང་དབྱེར་མེད་པ་ཁོ་ན་རྡོ་རྗེ་འཆང་ཞེས་པའོ། །རོ་ནི་ཐབས་ཀྱི་རྣམ་པར་བརྟག །ཅེས་པ་རོའི་རྣམ་པར་དག་པ་གསུངས་ཏེ། རོ་གང་ཡིན་པ་དེ་ནི་ ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཐབས་ཀྱི་རྣམ་པར་བརྟག་ཅིང་ཡོངས་སུ་བཅད་པ་སྟེ། ཐབས་ཀྱི་རང་བཞིན་ཉིད་རོའི་རྣམ་པར་དག་པ་ཞེས་པའོ། །ཡང་ན། རོ་ནི་ཆོས་ཀྱི་དབྱིངས་ཐུགས་སོ། །ཐབས་ནི་ཨཱ་ཡཾ་རྣམ་པར་ཤེས་པའོ། །ཉེ་བ་ལ་ཨུ་པ་སྟེ། རྣམ་པར་ཤེས་པ་ཉེ་བར་ འཇུག་པ་ནི་ཐབས་དབང་པོའོ། །ཡུལ་ནི་དབང་པོ་ལས་གཞན་མ་ཡིན་པའི་ཕྱིར་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པར་བརྟག་སྟེ། དེས་ཡོངས་སུ་བཅད་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཡང་དག་པའི་ཡེ་ཤེས་ཞེས་པའོ། །འདིས་ནི་འཁོར་ལོ་བསྒོམ་བྱ་སྟེ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ། འདིས་ནི་ཞེས་པ་རིམ་པ་འདིས་འཁོར་ལོ་རྣལ་འབྱོར་མའི་འཁོར་ལོ་བསྒོམ་ཞིང་སྙོམས་པར་འཇུག་པར་བྱ་སྟེ། བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་དཀྱིལ་འཁོར་དབྱེར་མེད་པར་གྱུར་པའོ། །མྱུར་དུ་མགྱོགས་པར་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་རྣལ་འབྱོར་པས་རྙེད་ པར་འགྱུར་རོ། །ཡང་ན། ཡེ་ཤེས་འདིས་འཁོར་ལོ་དབང་པོ་ལྔ་དང་ཡུལ་ལྔ་དང་ཤེས་པ་ལྔའི་བདག་ཉིད་ཅན་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་བསྒོམ་ཞིང་སྙོམས་པར་འཇུག་པར་བྱ་སྟེ། དབྱེར་མེད་པའི་ཡེ་ཤེས་ཁོ་ན་འཁོར་ལོ་ཞེས་པའོ། །དེའི་ཕྱིར་མྱུར་དུ་མགྱོགས་པར་དངོས་གྲུབ། ཨ་བདག་ མེད་མ་དང་། བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་སྟེ། ཨ་བ་གཉིས་ཀ་ཐོབ་པར་འགྱུར་ཞིང་གཉིས་ཀ་ཐ་དད་མེད་པས་ཁྱབ་ཅིང་གནས་པར་བྱའོ། །གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་པའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ན་ཡང་མངོན་པའི་ ཤེས་པ་དྲུག་གི་ཡོན་ཏན་འབྱུང་བར་འགྱུར་རོ། །དེའི་ཕྱིར་གསུངས་པ། དང་པོར་ནག་པོ་བསྒོམ་པར་བྱ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པར་སེར་པོ་བསྒོམ་བྱ་ཞིང་། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་ པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །འཁོར་ལོ་བསྒོམ་པར་བྱ་བ་ལ། །དང་པོར་ཁ་དོག་ནག་པོའི་འོད་སྤྲོ་ཞིང་། དེའི་རྗེས་ལ་དམར་པོའོ། །དེའི་རྗེས་ལ་སེར་པོའོ། །དེའི་རྗེས་ལ་ལྗང་གུའོ། །དེའི་རྗེས་ལ་སྔོན་ པོའོ། །དེའི་རྗེས་ལ་དཀར་པོ་སྟེ། མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་མཚན་མ་འོད་ཟེར་དྲུག་སྤྲོས་པས་ཡན་ལག་དྲུག་བསྒོམ་ཞིང་ཡན་ལག་དྲུག་སྙོམས་པར་འཇུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་སྟེ། གཉིས་ཀ་དབྱེར་མེད་པ་རྟོགས་པས་གནས་པའོ། །དེའི་ ཕྱིར་ཡང་། ཡན་ལག་དྲུག་ཇི་ལྟ་བ་དེ་བཞིན་དུ་དགའ་བྲལ་གྱི་མཐའ་ལྷན་ཅིག་སྐྱེས་པ་སྟེ། ཇི་ལྟར་འོད་གསལ་བའི་ཡེ་ཤེས་ཁོ་ན་ཞེས་པའོ། །ཡང་ན། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་གནས་པ་ཉིད། །ཅེས་པ་ང་རྒྱལ་ལ་སོགས་པ་སྐྱོན་དྲུག་རྣམ་པར་ དག་པའི་ཕྱིར་གྲི་གུག་མདོར་བསྟན་པ་གང་ཡིན་པ་དེ་ཉིད་རྒྱས་པར་བཤད་པ་སྟེ། དང་པོར་ནག་པོ་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ། དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པའི་བར་གྱིས་ང་རྒྱལ་ལ་སོགས་པ་སྐྱོན་དྲུག་རྣམ་པར་དག་པས་མཚན་མ་དྲུག་འབྱུང་བར་འགྱུར་རོ་ཞེས་ པའོ། །ཡང་ན་གང་ང་རྒྱལ་ལ་སོགས་པ། གྲི་གུག་རྣམ་པར་དག་པ་དང་། །དངོས་པོ་དངོས་མེད་རྣམ་དག་གི། །མགོ་བོ་པདྨའི་སྣོད་ཡིན་ཏེ། །ཞེས་གང་གསུངས་པ། པདྨའི་སྣོད་རྣམ་པར་དག་པ་དང་། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་རྒྱུ་ཕྱིར་བཏུང་བར་བྱ། །ཞེས་པ། གང་ཞིག་ཁྲག་རྣམ་པར་དག་པ་དང་། སྟོང་ཉིད་རྣམ་པས་ཁ་ཊྭཱཾ་ག། །ཞེས་པ། གང་ཞིག་ཁ་ཊྭཱཾ་ག་རྣམ་པར་དག་པ་དང་། རོ་ནི་ཐབས་ཀྱི་རྣམ་པར་བརྟག །ཅེས་པ། གང་ཞིག་རོ་རྣམ་པར་དག་པ་དང་། འདིས་ནི་འཁོར་ལོ་བསྒོམ་བྱ་སྟེ། །ཞེས་པ་རྣམ་པར་དག་པ་ལྔའི་བདག་ཉིད་ ཅན་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གང་ཞིག་དྲུག་པའི་འཁོར་ལོའི་ངོ་བོ་དེ་ནི་འཁོར་ལོ་སྟེ། ང་རྒྱལ་ལ་སོགས་པ་སྐྱོན་དྲུག་རྣམ་པར་དག་པ་ཉིད་ལས་ཡན་ལག་དྲུག་གོ། །ནག་པོ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་སྟེ། དང་པོ་གྲི་གུག་གིའོ། །དངོས་པོ་དངོས་མེད་ཅེས་པ་ལ་ སོགས་པ་རྣམ་པར་དག་པ་ཉིད་ལས་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་གཉིས་པའོ། །ཆགས་པའི་མཚན་ཉིད་ལས་དམར་པོ་སྟེ། ཤེས་རབ་དང་ཐབས་ཀུན་དུ་ཆགས་པའི་མཚན་ཉིད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་རྒྱུ་ཕྱིར་ བཏུང་བར་བྱ། །ཞེས་པ་གསུམ་པ་ཁྱད་པར་གྱི་དགའ་བའི་ངོ་བོའི་སྐད་ཅིག་ལ་དབང་པོ་དང་ཡུལ་གྱི་ཆགས་པ་འཐུངས་པས་སེར་པོ་ཉིད་དེ་འཐུངས་པའི་ཕྱིར་རོ། །སྟོང་ཉིད་རྣམ་པ་ཁ་ཊྭཱཾ་ག། །ཞེས་པ་བཞི་པ་ལ་ལྗང་གུ་སྟེ། བཞི་པ་ཞེས་པ་སྐད་ཅིག་བཞི་པ་ལྷན་ཅིག་སྐྱེས་པའི་རང་ བཞིན་ལས། ལྗང་གུ་ནི་ཧ། བྱང་ཆུབ་ཀྱི་སེམས་ཏེ། རི་ཏ་ཀཱཾ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྟོང་པའོ་ཞེས་པ་སྟེ། སྟོང་པ་ཁོ་ན་རི་ཏ་ཀཱཾ་ངོ་ཞེས་པའི་ངེས་པའི་ཚིག་གིས་ལྗང་གུ་ཉིད་དོ། །རོ་ནི་ཐབས་ཀྱི་རྣམ་པར་བརྟག །ཅེས་པ་བཞི་པ་ལྷན་ཅིག་སྐྱེས་པ་དེ་ཉིད་ལ་མེ་ལོང་ལྟ་ བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་ཏེ། དེ་ལྟར་གྱུར་པའི་ལྔ་པ་ལ་ཁ་དོག་སྔོན་པོ་ཞེས་པ་དཀར་པོ་དང་ནག་པོ་གཉིས་དབྱེར་མེད་པའི་རང་བཞིན་ནི། སྔོན་པོ་ཉིད་དོ། །འདིས་ནི་འཁོར་ལོ་བསྒོམ་བྱ་སྟེ། ཞེས་པ་ལ་སོགས་པ་དྲུག་པར། དྲུག་པ་རྡོ་རྗེ་འཆང་གི་རྒྱུ་ཡིས་དཀར་པོ་འོད་ གསལ་བ་ཉིད་དེ་ལུས་གཉིས་ཀའི་མཚན་ཉིད་མཁའ་འགྲོ་མ་བཅོ་ལྔའི་བདག་ཉིད་ཅན་གྱི་སྐུའོ། །དེ་འདི་ལ་ཡོད་པའི་ཕྱིར་དཀར་པོའི་ལུས་ཅན་ཏེ། དེ་ནི་འཁོར་ལོ་ཡང་དག་པའི་ཡེ་ཤེས་སོ། །དེ་གསལ་བར་བྱེད་པ་ནི་དཀར་པོའི་ལུས་ཅན་ཀའོ། །དེ་ཅི་ལྟ་བུ་ཞེ་ན། གསུངས་པ། ཨཱཾ་ ཨ་ཡིག་ལ་སོགས་པ་ཨོཾ་ཡིག་གི་མཐར་ཐུག་པ་ནཱ་ད་བཅོ་ལྔ་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ཞེས་པའོ། །ཡན་ལག་དྲུག་བསྒོམ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་སྙོམས་པར་འཇུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཟུང་དུ་འཇུག་པས་རྣམ་པར་གནས་ པའོ། །དེ་ལྟར་གྱུར་པའི་ཡན་ལག་དྲུག་གང་ཡིན་པ་དེ་ཡང་ཇི་ལྟ་བུ་ཞེ་ན། བཞི་པ་ཉིད་ཀྱིས་རྒྱས་བཏབ་པར་གསུངས་པ། དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ཇི་ལྟར་བཞི་པ་ལྷན་ཅིག་སྐྱེས་པ་དེ་ཁོ་ན་ལྟར། ཡན་ལག་དྲུག་གི་ཡེ་ཤེས་ཞེས་པ་སྟེ། ལྷན་ ཅིག་སྐྱེས་པ་དབྱེར་མེད་པ་ཁོ་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ཡེ་ཤེས་སོ་ཞེས་པའོ། །ཁ་སྦྱོར་ཉིད་མངོན་པར་གསལ་བར་བྱེད་པ། རིམ་གཉིས་དག་པ་སྐྱོན་མེད་པ། །ཞེས་གང་ཞིག་མདོར་བསྟན་པ་དེ་ཐམས་ཅད་རིམ་པ་གཉིས་ཀྱི་བདག་ཉིད་ཁོ་ན་ཡིན་གྱི་གཞན་ ནི་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་གསུངས་པ། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་རྣམ་ཆོས་འཆད་དོ། །ཞེས་པ་གང་ཞིག་རིམ་གྱིས་རྟོགས་པར་བྱ་བའི་ཕྱིར་རིམ་པའོ། །དེ་ནི་བསྐྱེད་པ་སྟེ། བསྐྱེད་པ་ ནི་སྐྱེ་བའོ། །དེ་གསལ་བར་སྟོན་པའི་ཕྱིར་ཨུད་པད་ཏི་ཀ་སྟེ། སྐུ་མདོག་དང་ཕྱག་དང་དབྱིབས་ཀྱི་བདག་ཉིད་ཅན་ལྷའི་རྣམ་པ་ཡོངས་སུ་རྫོགས་པའི་རང་བཞིན་ནོ། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རྫོགས་པའི་སྒྲས་ཡོངས་སུ་གྲུབ་པ་སྟེ་ལྷའི་རྣམ་པ་དང་། གྲི་གུག་ལ་སོགས་པ་རྣམ་པར་དག་པའི་ རང་བཞིན། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱིས་གང་ཞིག་རྟོགས་པར་བྱ་བ་དེ་ནི་རིམ་པའོ། །འདིས་ནི་རིམ་པ་གཉིས་མཉམ་པར་གནས་ནས་ནི། རྡོ་རྗེ་ཅན་རྣམས་དབྱེར་མེད་པའི་ཡེ་ཤེས་དང་ལྡན་པ་རྣམས་སོ། །ཆོས་འཆད་དོ་ཞེས་པ་དེ་རྣམས་ཆོས་སྟོན་པར་ མཛད་དོ། །ཡང་ན་རིམ་པ་ནི་རྟོགས་པ་སྟེ། ཡེ་ཤེས་སོ། །དེས་བསྐྱེད་པ་ནི་བསྐྱེད་པའི་སྒྲས་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པའི་ཡེ་ཤེས་སོ། །གང་གི་ཕྱིར་གྱི་དོན་ལ་ཡང་གི་སྒྲ་སྟེ། གང་གི་ཕྱིར་ཉིད་ཅེས་པ་ཨེའི་སྒྲས་ཆོས་འབྱུང་བདག་མེད་མ་དང་། བ་བྱང་ཆུབ་ཀྱི་སེམས་ཏེ། གཉིས་ ཀ་དབྱེར་མེད་པའི་ཕྱིར་དོན་དམ་པའི་བདེན་པ་དང་། དབྱེར་མེད་པ་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་པའོ། །རྫོགས་པ་ཉིད་དང་ཡང་ཞེས་པ་རྫོགས་པའི་རིམ་པའི་སྒྲས་དོན་དམ་པའི་བདེན་པའི་ཡེ་ཤེས་སོ། །ཉིད་དང་ཡང་ཞེས་པ་ཁོ་ནའི་དོན་ལ་ཡང་གི་སྒྲའོ། །དེ་ཡང་བདེན་པ་གཉིས་དབྱེར་ མེད་པ་ཁོ་ན་ཡེ་ཤེས་ཞེས་པའོ། །དེ་ལྟར་རིམ་པས་གང་ཞིག་རིམ་གཉིས་ཡེ་ཤེས་གཉིས་པོ་དེ་མཉམ་པར་གནས་ནས་ནི། མཉམ་པ་ཉིད་ཀྱིས་ངེས་པར་བྱ་སྟེ། རྡོ་རྗེ་ཅན་དབྱེར་མེད་པའི་ཡེ་ཤེས་དང་ལྡན་པ་རྣམས་ཆོས་འཆད་དོ་ཞེས་པ། ཆོས་ཀྱི་སྐུ་སྟོན་པར་མཛད་དེ། འདི་ལྟ་བུ་ ཉིད་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཞེས་པའོ། །བསྐྱེད་པའི་ཆ་ནི་བཤད་ཟིན་ཏོ་ཞེས་པ་གཙུག་ལག་ལ་ནི་འདིར་རྟགས་ཀྱི་ཚིག་མ་ནིང་དུ་བསྟན་ཏོ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་པ་ལ་སོགས་པ། དགའ་བྲལ་མཐར་ཡང་དེ་བཞིན་ནོ། ། ཞེས་པའི་བར་གྱིས་བསྐྱེད་པའི་ཆ་བཤད་ཟིན་ཏོ། །ཡང་ན། བསྐྱེད་པའི་ཆ་ཞེས་པ། བསྐྱེད་པའི་སྒྲས་རབ་ཏུ་རྟོགས་པ་དང་སྤངས་པའི་ཡེ་ཤེས་ཏེ་བདག་མེད་མའོ། །ཆ་ནི་རྣམ་པར་དབྱེ་བ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེའི་བདག་ཉིད་ཅན་རྡོ་རྗེ་འཆང་ངོ་། ། བསྐྱེད་པ་དང་ཆ་ཡང་བསྐྱེད་པའི་ཆ་སྟེ། གཉིས་སུ་མེད་པ་ཉིད་ལས་མ་ནིང་ངོ་། །དེ་བཤད་ཟིན་ཏེ་རབ་ཏུ་བསྟན་ཏོ་ཞེས་པའོ། །གསུངས་པའི་བསྐྱེད་པའི་ཆ་ཉིད་རྫོགས་པ་ཉིད་ཀྱིས་ཀྱང་བཤད་པར་བྱ་བའི་ཕྱིར་གསུངས་པ། མཁའ་ཁམས་ལ་ཞེས་པདྨ་ལ། །བྷ་ག་ཞེས་པ་ཡེ་ཤེས་ བརྗོད། །རྫོགས་པའི་རིམ་པར་བཤད་ན་ནམ་མཁའི་ཁམས་ལ་ཞེས་པ་པདྨ་ཆོས་འབྱུང་རྟེན་དུ་གྱུར་པ་རྣམས་ལ། བརྟེན་པར་གྱུར་པ་བྷ་ག །ཡེ་ཤེས་རྡོ་རྗེ་ཞེས་བརྗོད་པ་ཡེ་ཤེས་སོ། །སྒོམ་པ་ཞེས་པ་སྙོམས་འཇུག་སྟེ། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །མཉམ་པ་ཉིད་ཀྱིས་རྟོགས་ པའི་ཡེ་ཤེས་ཏེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའོ། །དེའི་བདེ་བ་སྙོམས་པར་འཇུག་པའི་ཡེ་ཤེས་ནི་འཁོར་ལོར་བརྗོད། །ཇི་ལྟར་རིགས་པར་རང་རིག་སྟེ། སྙོམས་པར་འཇུག་པ་ན་གང་ཞིག་དགའ་བ་ལ་སོགས་པའི་ཡེ་ཤེས་དེ་ནི་རང་གི་རིག་པ་སྟེ། བདག་ཉིད་རིག་པའི་ངོ་བོ་ཉིད་ ལས་སོ། །ལྷ་ནི་བྱང་ཆུབ་སེམས་ཡིན་ནོ། །ཞེས་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་གང་ཞིག་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ལྷའོ། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །དེ་ཕྱིར་ལྷན་སྐྱེས་རྣམ་པ་གཉིས། །ཇི་ལྟར་འབྱུང་བའི་སྒྲས་ཁུ་བ་བརྗོད་དེ། ཁུ་བ་དེ་ཉིད་ལྷན་ཅིག་སྐྱེས་པའོ། ། དེའི་ཕྱིར་ཞེས་པ་རྒྱུ་དེ་ཉིད་ལས་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་རྣམ་པ་གཉིས་སོ། །རེ་ཞིག་བཙུན་མོ་ཤེས་རབ་ཡིན། །ཞེས་པ་གང་ཞིག་བུད་མེད་ཀྱི་རང་བཞིན་དེ་ནི་རེ་ཞིག་ལྷན་ཅིག་སྐྱེས་པ་ཤེས་རབ་ཡིན་ནོ། །ཐབས་ནི་སྐྱེས་བུར་བརྗོད་པ་སྟེ། །ཞེས་པ་གང་ ཞིག་ཁུ་བའི་རང་བཞིན་དེ་ནི་སྐྱེས་བུའོ། །འདི་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་ཐབས་དང་ཤེས་རབ་ཉིད་དོ་ཞེས་པའོ། །ཕྱི་ནས་འདི་དག་རྣམ་པ་གཉིས། །འདི་དག་ཞེས་པ་ཤེས་རབ་དང་ཐབས་དག་གི་རེ་རེ་ལ་རྣམ་པ་གཉིས་ཉིད་དེ། དོན་དམ་ཀུན་རྫོབ་དབྱེ་བ་ལས། །དོན་དམ་ནི་དོན་དམ་ པའི་བདེན་པ་ལྷན་ཅིག་སྐྱེས་པའོ། །ཀུན་རྫོབ་ནི་ཀུན་རྫོབ་ཀྱི་བདེན་པ་ཁུ་བའོ། །རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །ཁུ་བ་དེ་ཡི་བདེ་བ་ཡང་། །གང་ཞིག་ཁུ་བ་དང་འབྲེལ་བའི་བདེ་བའོ། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང་། །ཁུ་བ་དེ་ཡི་བདེ་བ་ཡང་། །དེ་ཉིད་ཕྱིར་ན་དགའ་བ་ ཉིད། །བཞི་པོ་རྣམས་ཀྱི་རབ་དབྱེ་བ། །བཞི་པོ་རྣམས་ཀྱི་ཞེས་པ་ནི་ནམ་མཁའི་ཁམས་ལ་ཞེས་པ་གཅིག་གི་ཚིག་ལ་པདྨ་རྣམས་ལ་ཞེས་པ་མང་པོའི་ཚིག་སྟེ། གང་ཞིག་དགའ་བ་བཞིའི་རང་བཞིན་ཉིད་ཀྱིས་དགའ་བ་རྣམས་ཀྱི་ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་བཞི་པོ་ རྣམས་ཞེས་བུད་མེད་ཀྱི་རྟགས་ཀྱིས་བསྟན་ཏོ། །གང་ཕྱིར་ལྷན་སྐྱེས་རྣམ་པ་བཞི། །རྒྱུ་གང་གི་ཕྱིར་ལྷན་ཅིག་སྐྱེས་པ་རྣམ་པ་བཞིར་འགྱུར་ཞེ་ན། རྫོགས་པའི་རིམ་པའི་ཕྱོགས་ལས་ཏེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་མའི་འཁོར་ལོ་རྟོགས་ པའི་ཕྱིར་རོ། །དགའ་བ་དང་པོ་དཔའ་བོ་སྟེ། དཔའ་བོ་ནི་རྡོ་རྗེ་འཆང་ངོ་། །གཉིས་ཀ་དབྱེར་མེད་པ་ལས་མ་ནིང་ངོ་། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། རྣལ་འབྱོར་མ་བདག་མེད་མའོ། །ཤིན་ཏུ་བདེ་དགའ་མཐའ་དག་ངེས། །བཟང་པོའི་དགའ་བ་ནི་ཤིན་ཏུ་བདེ་བ་སྟེ། ། ངེས་པ་ནི་རྟོགས་པའོ། །གང་གི་ཕྱིར་མཐའ་དག་སྟེ་དུས་མཉམ་པ་ཉིད་དུ་དབང་པོ་དང་ཡུལ་རྣམས་གང་དུ་ཐིམ་པར་གྱུར་པའི་ཕྱིར་རོ། །ཤིན་ཏུ་བདེ་བ་དེ་ཡང་ངེས་པའི་དགའ་བ་སྟེ། །ཤིན་ཏུ་བདེ་དགའ་ཞེས་པ་དགའ་བྲལ་གྱི་དགའ་བའོ། །དེ་ཡང་མཐའ་དག་རྡོ་རྗེ་འཆང་དང་ བདག་མེད་མ་ཉིད་དབྱེར་མེད་པའོ། །དེ་བདེ་ཐབས་ནི་ཐམས་ཅད་རིག །དེ་ལས་བར་མ་ཆད་པར་གང་ཞིག་བདེ་བ་ལྷན་ཅིག་སྐྱེས་པ་གང་ཡིན་པ་དང་། ཐབས་ནི་བྱང་ཆུབ་ཀྱི་སེམས་ཁུ་བའོ། །དེ་གཉིས་ཉིད་ཐམས་ཅད་རིག་ཐམས་ཅད་ཤེས་པའོ། །དགའ་བས་བདེ་བ་ཅུང་ཟད་ དེ། །ཞེས་པ། དགའ་བ་དང་པོ་དཔའ་བོ་སྟེ། །ཞེས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན། རྡོ་རྗེ་འཆང་དུ་གསུངས་པ། དེ་ཅི་ལྟ་བུ་ཞེ་ན་རྒྱས་པར་སྟོན་པ་བདེ་བ་ཡེ་ཤེས་ཀྱི་རྣམ་པའོ། །ཅུང་ཟད་ཅེས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཏེ། དབང་ པོ་དང་ཡུལ་རྟོགས་པའི་རང་བཞིན་ཅན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ཡེ་ཤེས་སོ། །མཆོག་ཏུ་དགའ་བ་དེ་བས་ལྷག །ཅེས་པ། མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་པ་གང་ཡིན་པ་དེ་རྒྱས་པར་སྟོན་པ་སྟེ། མཆོག་རྨད་དུ་བྱུང་བ་སྟེ། དགའ་བ་ལྷན་ཅིག་སྐྱེས་པའོ། །དེ་ བས་ལྷག་ཅེས་པ་ལྷག་པ་ཉིད་ལྷག་པ་སྟེ། དེ་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ཡེ་ཤེས་ལས་ལྷག་པ་དོན་དམ་པའི་བདེན་པའི་རང་བཞིན་གྱི་ཡེ་ཤེས་སོ། །ཡང་ན། དེ་བས་ལྷག་པ་ནི་འཛིན་པ་ལྷག་པའི་བདེ་བའོ། །དེ་ཉིད་ལྷག་པ་སྟེ། ལྷན་ཅིག་སྐྱེས་པ་རྟོགས་པས་འཁྱུད་པའི་ཡེ་ ཤེས་དེ་ཉིད་ཅེས་པའོ། །དགའ་བྲལ་དགའ་བས་ཆགས་བྲལ་འགྱུར། །ཞེས་པ། ཤིན་ཏུ་བདེ་དགའ་མཐའ་དག་ངེས། །ཞེས་པ་གང་ཡིན་པ་དེ་རྒྱས་པར་སྟོན་པ་སྟེ། ཁྱད་པར་དུ་འཕགས་པའི་དགའ་བ་ནི་དགའ་བྲལ་ལོ། །དེ་དགའ་བྲལ་དང་དགའ་བ་ཡང་ཡིན་པའི་ཕྱིར་དགའ་ བྲལ་དགའ་བ་སྟེ། དགའ་བ་གསུམ་གྱི་བདག་ཉིད་ལས་དགའ་བ་རྣམས་ཀྱིས་ཞེས་པ་མང་པོའི་ཚིག་གོ། །ཆགས་བྲལ་ནི་ཁྱད་པར་དུ་འཕགས་པའི་ཆགས་པ་སྟེ། ཁྱད་པར་དུ་འཕགས་པའི་དགའ་བས་ཁྱད་པར་དུ་འཕགས་པའི་ཆགས་པ་ཞེས་པའོ། །ཡང་ན། དགའ་བྲལ་དགའ་བས་ ཞེས་པ། དགའ་བ་དང་། མཆོག་དགའ་དག་གིས་རྡོ་རྗེ་འཆང་དང་བདག་མེད་མའི་ངོ་བོ་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་གཉིས་ཏེ། དེ་ཡང་། དབང་པོ་ཡུལ་གྱི་རང་བཞིན་ནོ། །དེ་གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་གཉིས་ཀའི་དགའ་བ་དང་བྲལ་བའི་ཕྱིར། རྣམ་པར་ཤེས་པ་ལས་ཀྱང་དེའི་ བདག་ཉིད་ཀྱིས་བདེ་བའི་རྣམ་པའི་རང་བཞིན་ཉིད་དེ། ངོ་བོ་གཅིག་ཏུ་རྟོགས་པའི་ཕྱིར། རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ལས། །དགའ་བྲལ་དགའ་བས་ཆགས་བྲལ་འགྱུར། །འདོད་ཆགས་དང་བྲལ་བ་ནི་ཆགས་བྲལ་ལོ། །འདོད་ཆགས་ནི་ཀུན་དུ་ཆགས་པའི་མཚན་ཉིད་ དེ། དབང་པོ་དང་ཡུལ་གྱི་ཀུན་དུ་ཆགས་པའི་མཚན་ཉིད་ལས་རྣམ་པར་གྲོལ་བ། རྣམ་པར་ཤེས་པ་བདེ་བ་གཅིག་པུའི་ངོ་བོར་ཡོངས་སུ་གནས་པ་གང་ཡིན་པ་དེར་འགྱུར་ཏེ་དེ་ཡིན་ནོ། །དེ་ཡང་ཀུན་དུ་ཆགས་པའི་ངོ་བོ་ཉིད་དོ་ཞེས་པའོ། །གལ་ཏེ་དེ་ལྟར་ན། ལྷན་ཅིག་སྐྱེས་པའི་དགའ་བ་ཇི་ ལྟ་བུ་ཞེ་ན། ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ལྷག་མ་ཞེས་པ་བདེ་བའི་རྣམ་པ་ཉེ་བར་དམིགས་པའི་དགའ་བ། དབང་པོ་དང་ཡུལ་ཐ་དད་མེད་པ་བདེ་བའི་རྣམ་པ་ཡོངས་སུ་གྱུར་པ་ཀུན་དུ་ཆགས་པའི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་དགའ་བྲལ་ལ། ལྷན་ཅིག་སྐྱེས་དགའ་ཞེས་པ་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ནི་བདེ་བ་སྤངས་ནས་མིན། །ཞེས་པའི་གསུང་ལས་ཁུ་བ་དང་བདེ་བ་དག་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཁྱད་པར་གྱི་ཕྱིར་ཆགས་པ་དང་ཆགས་བྲལ་རྣམས་འདྲེས་པར་གྱུར་པ་ཉིད་ཀྱིས་ཆགས་པ་དང་ཆགས་བྲལ་རྣམ་པར་སྤངས་པ་ཡང་དག་པའི་ཡེ་ཤེས་ ཞེས་པ་སྟེ། འདི་ནི། དེ་བདེ་ཐབས་ནི་ཐམས་ཅད་རིག །ཅེས་པ་གང་ཡིན་པ་དེའི་རྒྱས་པར་བཤད་པའོ། །དང་པོ་རེག་པར་འདོད་པ་སྟེ། །ཡེ་ཤེས་ཀྱི་དང་པོ་རེག་པར་འདོད་པས་འཇུག་པའོ་ཞེས་པ། དགའ་བས་བདེ་བ་ཅུང་ཟད་དེ། །ཞེས་པ་གང་ཡིན་པ་དེའི་རྒྱས་པར་བཤད་པའོ། ། གཉིས་པ་བདེ་བ་འདོད་པའོ། །ཞེས་པ། གང་ཞིག་རེག་པ་དེ་ལ་བདེ་བ་འདོད་པ་ཉིད་དེ། མཆོག་ཏུ་དགའ་བ་དེ་བས་ལྷག །ཅེས་པ་གང་ཡིན་པ་དེའི་རྒྱས་པར་བཤད་པའོ། །གསུམ་པ་འདོད་ཆགས་ཉམས་པའི་ཕྱིར། །དབང་པོ་དང་ཡུལ་དབྱེ་བ་མེད་པས་ཤེས་རབ་དང་ཐབས་ དབྱེར་མེད་པའི་ཕྱིར་འདོད་ཆགས་ཉམས་པ་སྟེ། དབང་པོ་དང་ཡུལ་གྱི་ཀུན་དུ་ཆགས་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེའི་ཕྱིར། དགའ་བྲལ་དགའ་བས་ཆགས་བྲལ་འགྱུར། །ཞེས་པ་གང་ཡིན་པ་དེའི་རྒྱས་པར་བཤད་པའོ། །དེས་ན་བཞི་པ་བསྒོམ་པར་བྱ། །དེས་ན་ཞེས་པ་ འདོད་ཆགས་ཉམས་པ་ཉིད་ཀྱི་ཕྱིར་ཏེ། བདེ་བའི་རྣམ་པ་ཡོངས་སུ་གྱུར་པའི་རྣམ་པར་ཤེས་པ་ལས་ཀྱང་དབུ་མར་གནས་པའི་ཕྱིར་འདོད་ཆགས་ཉམས་པའོ། །རྒྱུ་དེས་ན་བསྒོམ་ཞིང་སྙོམས་པར་འཇུག་པར་བྱའོ། །ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་ལས་དབྱེར་མེད་པ་ཉིད་རྡོ་རྗེ་འཆང་གི་ཡེ་ ཤེས་སོ་ཞེས་ངེས་པར་བྱ་སྟེ། ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་པ་གང་ཡིན་པ་དེའི་རྒྱས་པར་བཤད་པའོ། །ད་ནི་བདག་མེད་མ་དང་དབྱེར་མེད་པ་ཁོ་ནའོ། །རྡོ་རྗེ་འཆང་ངོ་ཞེས་རབ་ཏུ་གསལ་བར་མཛད་པ། མཆོག་ཏུ་དགའ་བ་སྲིད་པར་བརྗོད། །མཆོག་ཏུ་དགའ་བ་དེ་ནི་སྲིད་པ་ཀུན་ རྫོབ་ཀྱི་བདེན་པ། རྡོ་རྗེ་འཆང་གི་ཡེ་ཤེས་ཏེ། སྔར་མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་གསུངས་པ་ལས། དེ་ནི་དེ་ཉིད་རྡོ་རྗེ་འཆང་གི་ཡེ་ཤེས་ཡིན་པའི་ཕྱིར། འདི་གཉིས་ཀ་དབྱེར་མེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་སོ་ཞེས་པ་སྟེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ དགའ་བ་བཞིའི་རབ་ཏུ་དབྱེ་བ་ལས་ཤེས་རབ་དང་ཐབས་དག་ལ་ཡང་དབྱེ་བ་མེད་པའི་ཕྱིར་དགའ་བ་བཞི་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་དབྱེར་མེད་པ་ཁོ་ནའོ། །དེའི་ཕྱིར་གསུངས་པ། ཆགས་བྲལ་ལས་ནི་མྱ་ངན་འདས། །ཁྱད་པར་དུ་འཕགས་པའི་ཆགས་པའི་མཚན་ཉིད་ནི་ དོན་དམ་པའི་བདེན་པ་བདག་མེད་མའི་ཡེ་ཤེས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་གང་ཡིན་པ། དབུ་མ་དགའ་བ་ཙམ་ཞིག་ནི། །ལྷན་སྐྱེས་འདི་རྣམས་ཀྱིས་སྤངས་པའོ། །ཞེས་པ་གང་ཞིག་གཟུ་བོར་གྱུར་པ་དེ་ནི་དབུ་མ་ཡིན་ལ། དེ་ནི་དགའ་བ་ཙམ་སྟེ། བདེ་ བའི་ཡེ་ཤེས་དེ་འབའ་ཞིག་ཉིད་དོ། །དེ་ནི་མཆོག་དགའ་ལ་སོགས་པ་རྣམས་ཀྱི་རྩ་བ་ཉིད་བསྐྱེད་པའི་ཕྱིར་རོ། །དེ་ནི་ཐམས་ཅད་ཐུན་མོང་པ་ཉིད་དོ། །དེ་ཡང་ལྷན་ཅིག་སྐྱེས་པ་བཞི་པ་སྟེ། གསུམ་པོ་འདི་རྣམས་ཀྱིས་སྤོངས་པའོ། །གསུམ་པོ་འདི་ཡང་དེ་ལ། དེའི་བདག་ ཉིད་ཀྱིས་དེ་ཉིད་དུ་རབ་ཏུ་ཞུགས་པའི་ཕྱིར། ཉེ་བར་དམིགས་པ་མེད་པས་འདི་རྣམས་ཀྱིས་རྣམ་པ་སྣ་ཚོགས་པས་སྤངས་ཤིང་ཡོངས་སུ་དོར་བ་ཡིན་ལ། དགའ་བ་གསུམ་པོ་ལྷན་ཅིག་སྐྱེས་པ་ལས་གཞན་ཡང་མ་ཡིན་ཏེ། ཐམས་ཅད་དེ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་རོ། །ཡང་ ན་གང་། མཆོག་ཏུ་དགའ་བ་སྲིད་པ་ནི། ཡང་དག་པའི་ཆགས་པའི་མཚན་ཉིད་གང་ཡིན་པ་དེ་སྲིད་པ་སྟེ། རྟག་པའི་ཤེས་པའོ། །ཆགས་བྲལ་ལས་ནི་མྱ་ངན་འདས། །མྱ་ངན་ལས་འདས་པ་ཆགས་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ཡང་ཆགས་བྲལ་ཏེ་ཆད་ པའོ། །སྲིད་པ་དང་མྱ་ངན་ལས་འདས་པ་རྟག་པ་དང་ཆད་པ་གཉིས་ཀ་རྣམ་པར་སྤངས་པ་གང་ཡིན་པ་དབུ་མ་བར་མར་གྱུར་པའོ། །དེ་ཡང་དགའ་བ་ཙམ་གྱི་ཡེ་ཤེས་འབའ་ཞིག་སྟེ། དེ་ལ་ཡང་། མཚན་མའི་རྒྱུ་བ་འབྱུང་བ་ཁོ་ནའོ། །གང་ཞིག་ལྷན་ཅིག་སྐྱེས་པ་ནི་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ཡེ་ཤེས་ཏེ། ད་ནི་འདི་རྣམས་ཀྱིས་སྤངས་ཞེས་པ་རྟག་པ་དང་ཆད་པ་ལ་སོགས་པ་སྤངས་པའོ། །ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་ནི་གསུམ་པོ་འདི་རྣམས་ཉིད་དང་ལྷན་ཅིག་སྐྱེས་པའོ། །ཅི་ལྟར་ཞེ་ན། སྤངས་པ་ཁྱད་པར་གྱིས་ཡོངས་སུ་སྤངས་པའོ། །འདིས་ནི་ལྷན་ཅིག་ སྐྱེས་པ་ཉིད་དགའ་བ་བཞིར་སྐྱེ་བར་འགྱུར་ཏེ། ཐིག་ལེ་བཞིའི་བདག་ཉིད་ཀྱི་ཕྱིར་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དགའ་བ་དང་པོ་དཔའ་བོ་སྟེ། །ཞེས་པ་ལ་སོགས་པ་མདོར་བསྟན་པ་བཞི་དང་། དགའ་བ་བདེ་བ་ཅུང་ཟད་དེ། །ཞེས་པ་ལ་སོགས་པ་རྒྱས་ པར་བཤད་པ་བཞི་དང་། དང་པོ་རེག་པར་འདོད་པ་སྟེ། །ཞེས་པ་ལ་སོགས་པ་ཤིན་ཏུ་རྒྱས་པར་བཤད་པ་བཞི་དང་། མཆོག་ཏུ་དགའ་བ་སྲིད་པར་བརྗོད། །ཅེས་པ་ལ་སོགས་པ་མཇུག་བསྡུ་བ་བཞི་སྟེ། སྟོང་པ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་ཁོ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ ཕྱིར་དགའ་བ་ལ་སོགས་པ་དགའ་བ་གསུམ་ནི་ལྷན་ཅིག་སྐྱེས་པ་ལས་གཞན་མ་ཡིན་པའི་ཕྱིར་ཐ་དད་མེད་པའི་རང་བཞིན་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་མཚན་མའི་ཡུལ་མ་ཡིན་པ། གཟུང་བ་དང་འཛིན་པའི་རང་བཞིན་མ་ཡིན་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པའོ། །དེའི་ཕྱིར་ གསུངས་པ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མ་བརྒྱུད་པས་ཉེར་བསྟེན་པས། །བདག་གིས་བསོད་ནམས་ལས་ཤེས་བྱ། །གཞན་གྱིས་སུ་ཡིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ངག་གི་ལམ་ལས་འདས་པའི་ཕྱིར་རོ། ། དངོས་པོ་ལ་གང་དུ་ཡང་རྙེད་པར་མི་འགྱུར་ཏེ། གཟུང་བ་དང་འཛིན་པའི་ཡུལ་ལས་འདས་པའི་ཕྱིར་རོ། །བདག་གིས་ཤེས་བྱ་རང་ཉིད་ཀྱིས་རྟོགས་པར་བྱའོ། །ཅི་ལྟར་ཞེ་ན། བསོད་ནམས་ལས་ཞེས་པ་བསོད་ནམས་ཀྱི་ཚོགས་ལས་སོ། །རྒྱུ་དེ་ཉིད་ཀྱི་ཕྱིར་བླ་མ་བརྒྱུད་པ་ཉེ་བར་བསྟན་པར་བྱ་ སྟེ། བླ་མ་གཞན་དང་གཞན་བསྟེན་པ་དེ་ལས་དེ་མཉེས་པས་བླ་མའི་དྲིན་ལས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་ལས་ཡེ་ཤེས་ཀྱི་ཚོགས་ཞེས་བརྗོད་དོ། །ཡང་ན་གང་། བདག་གིས་ཤེས་བྱ་རང་གིས་ཉམས་སུ་མྱོང་བར་བྱ་སྟེ། རང་ཉམས་ སུ་མྱོང་བའི་མཚན་ཉིད་དེ་ནི་ལྷན་ཅིག་སྐྱེས་པའོ། །རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར། རང་རིག་པ་ཞེས་པ་ཤིན་ཏུ་ཕྲ་མོ་སྟེ། ལྷན་ཅིག་སྐྱེས་པ་དེ་རྣམ་པར་ཤེས་པའི་སྤྱོད་ཡུལ་ཡང་མ་ཡིན་ནོ་ཞེས་པ་ངག་དང་ལུས་དང་སེམས་ལས་འདས་པ་ཉིད་དོ། །དེ་ལྟར་ན་ཅི་ལྟར་ཞེ་ན། བསོད་ ནམས་ལས་ཞེས་པ་བསོད་ནམས་ཀྱི་ཚོགས་ལས་ཏེ། བླ་མ་བརྒྱུད་པ་ཉེར་བསྟེན་པ། །ཞེས་པ་བླ་མའི་རིམ་པ་གོམས་པ་ལས་སོ། །འདིས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ལྔ་དང་བྲལ་བས་ཡང་དག་པའི་དེ་ཁོ་ན་རྙེད་པར་མི་འགྱུར་རོ་ཞེས་པ་སྟེ། ཐོག་མར་ཀུན་ཤེས་པ་ ཉིད་ཀྱིས་འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བའོ། །དེ་ནས་བསྟན་པ་ཞེས་པ་སྟེ། དེ་ལས་སྤོང་བའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། ཡེ་ཤེས་ཀུན་རྫོབ་དང་། དོན་དམ་པ་དབྱེར་མེད་པ་འབྱུང་བར་འགྱུར་རོ་ཞེས་པ་རིམ་པ་སྟེ། རིམ་པ་འདིས་འབྱུང་བའི་ཕྱིར་རོ། །དེ་ལ་གདམས་ ངག་སྟེ། གང་ཞིག་སྐྱེས་པའི་ཡེ་ཤེས་དེ་ནི་དེ་ཉིད་དོ་ཞེས་པ་དང་། དེ་ཐམས་ཅད་ཁྱོད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་སུ་སྟེར་རོ་ཞེས་པའོ། །གནང་བ་ནི་ཁྱོད་ཀྱིས་ཀྱང་བྱང་ཆུབ་སྙིང་པོའི་མཐར་ཐུག་པ་འགྲོ་བའི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་དད་པའི་སྟོབས་དང་དྲན་པའི་ སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་ཀྱང་ཡོངས་སུ་སྤང་བར་མི་བྱའོ་ཞེས་པ་ཀུན་ཤེས་པ་དང་། བསྟན་པ་དང་། རིམ་པ་དང་། གདམས་ངག་དང་། གནང་བ་སྟེ། རིམ་པ་ལྔ་སྟོན་པའི་དྲིན་ཉིད་ལས་མཆོག་དང་ཕུན་སུམ་ཚོགས་པར་འགྱུར་ཏེ། སྟོན་པའི་དྲིན་ཉིད་ཡང་དག་ པའི་ཡེ་ཤེས་མཆོག་གི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་མཚོན་པའོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད། །རིམ་པ་གཞན་གྱིས་གསལ་བའི་ཕྱིར། །དམན་པ་བར་མ་མཆོག་རྣམས་དང་། །གཞན་རྣམས་གང་རྣམས་དེ་རྣམས་དང་། །འདི་རྣམས་ཐམས་ཅད་མཉམ་ པ་ཞེས། །དེ་ཉིད་བསྒོམ་པ་རྣམས་གྱིས་བལྟ། །དམན་པ་དངོས་པོ་ཕྲ་མོའི་དོན། །མཆོག་ནི་དངོས་པོར་བརྗོད་པར་བྱ། །བར་མ་གཉིས་ཀྱིས་སྤངས་པ་སྟེ། །གཞན་རྣམས་ཞེས་པ་དབང་པོ་དྲུག །གང་རྣམས་དེ་རྣམས་བརྟན་དང་གཡོ། །འདི་རྣམས་ཐམས་ཅད་ཚོགས་པའོ། ། མདོར་བསྟན་པ་དམན་པ་ལ་སོགས་པ་རྣམས་ཀྱིས་རྒྱས་པར་བཤད་པ་ནི་དངོས་པོ་ཕྲ་མོའི་དོན་ཞེས་པ་ལ་སོགས་པ་སྟེ། དངོས་པོ་ཕྲ་མོའི་དོན་ནི་ཤེས་རབ་བོ། །དངོས་པོར་བརྗོད་པར་བྱ་ཞེས་པ་ཐབས་སོ། །བར་མ་གཉིས་ཀྱིས་སྤངས་པ་སྟེ། ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་རྡོ་རྗེ་འཆང་གི་རང་བཞིན་ གྱི་ཡེ་ཤེས་སོ། །དབང་པོ་དྲུག་ཅེས་པ་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །གང་རྣམས་དེ་རྣམས་བརྟན་དང་གཡོ། །ཞེས་པ་དེ་སྡུད་པ་དང་སྤྲོ་བའི་བདག་ཉིད་ཅན་ནོ། །འདི་རྣམས་ཐམས་ཅད་ཅེས་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་ཁོ་ནའོ། །ཚོགས་པ་ཞེས་པ་ཚོགས་པར་གྱུར་པ་ཉིད་ཚོགས་པ་སྟེ། མཐའ་དག་བསྡུས་པའི་བདག་ཉིད་ཅན་གྱི་ཡེ་ཤེས་སོ། །ཡང་ན་གང་། དམན་པ་དངོས་པོ་ཕྲ་མོའི་དོན། །ཞེས་པ་དགའ་བའི་ཡེ་ཤེས་སོ། །མཆོག་ནི་དངོས་པོར་བརྗོད་པར་བྱ། །ཞེས་པ་མཆོག་དགའི་ཡེ་ཤེས་སོ། །བར་མ་གཉིས་ཀྱིས་སྤངས་པ་སྟེ། །ཞེས་པ་དགའ་བྲལ་གྱི་དགའ་ བའི་ཡེ་ཤེས་སོ། །གཞན་རྣམས་ཞེས་པ་དབང་པོ་དྲུག་འདི་རྣམས་ལས་ཞེས་པ་སྟེ་འདི་རྣམས་ཐམས་ཅད་དབྱེར་མེད་པ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲུག་པ་རྡོ་རྗེ་འཆང་གི་རང་བཞིན་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་སྡུད་པ་དང་སྤྲོ་བའི་བདག་ཉིད་ཅན་གང་རྣམས་དེ་རྣམས་བརྟན་ དང་གཡོ་ཞེས་པའོ། །འདི་རྣམས་ཐམས་ཅད་ཅེས་པ་དགའ་བ་ལ་སོགས་པའི་ཡེ་ཤེས་འདི་རྣམས་ཐམས་ཅད་དོ། །ཧཾ་ཉིད་མིན་ཞེས་པ་ཧཾ་གི་རང་བཞིན་ཉིད་ཀྱང་མ་ཡིན་ཏེ། རྡོ་རྗེ་འཆང་གི་རང་བཞིན་གྱི་རྣམ་པར་རྟོག་པ་ཡང་དེ་ལ་ཡོད་པ་མ་ཡིན་ནོ་ཞེས་པའོ། །མཉམ་པ་མཚུངས་ པའི་བྱ་བ་སྟེ། །ཞེས་པ་དགའ་བ་ལ་སོགས་པ་ཐམས་ཅད་མཚུངས་པའི་བྱ་བ་ཉིད་དོ། །ཅི་ལྟར་ཞེ་ན། རོ་མཉམ་དེ་ཉིད་སྒོམ་རྣམས་ཀྱིས། །མཉམ་པ་མཚུངས་པ་ཞེས་པར་བརྗོད་པ་དབྱེར་མེད་པ་ཞེས་བརྗོད་དོ། །དེའི་འཁོར་ལོ་རོ་ཞེས་བརྗོད་དོ། །དེའི་ཉམས་སུ་མྱོང་བ་ནི་རོ་ཞེས་པའོ། ། རོ་མཉམ་གཅིག་ཏུ་གྱུར་པ་སྟེ། །ཅི་ལྟར་བརྗོད་པར་བྱ་ཞེ་ན། །དོན་འདི་ཡིས་ནི་བརྗོད་པར་བྱ། །དོན་དེ་ཉིད་གསུངས་པ། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་ས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་དག་ཐམས་ཅད་ཁྱབ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །རང་བཞིན་ཐ་ དད་པའི་རྣམ་འཕྲུལ་ཅི་ཡང་གསལ་བ་མེད་དོ། །གང་གི་ཕྱིར། ང་ལས་འགྲོ་བ་ཐམས་ཅད་བྱུང་། །གང་གི་ཕྱིར་རྣམ་པར་ཤེས་པ་ལས་འདས་པའི་དབང་པོ་དང་ཡུལ་ཡོད་པ་མ་ཡིན་ནོ། །ས་གསུམ་ནི་སྐུ་དང་གསུང་དང་ཐུགས་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ཉིད་ལས་གཞན་མེད་དོ། ། འདི་དག་ཐམས་ཅད་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་ཅན་ཏེ། ང་ཡིས་རྣམ་པར་ཤེས་པས་ཁྱབ་པ་དེའི་ཕྱིར། །འགྲོ་བའི་རང་བཞིན་དེ་ལས་གཞན་མེད་ཅིང་ཡེ་ཤེས་ལས་གཞན་ཅུང་ཟད་ཀྱང་མ་མཐོང་སྟེ། ཡེ་ཤེས་གཅིག་པུའི་རང་བཞིན་ཉིད་ཀྱིས་རྣམ་པར་ཤེས་པར་རྟོགས་པའི་ འགྲོ་བ་ཡང་མེད་དོ་ཞེས་པའོ། །དེ་ལྟར་ཡང་། དེ་བཞིན་གཤེགས་པས་རྟོགས་བྱ་དང་། །རྟོགས་བྱེད་རྣམ་པའི་སེམས་མ་གཟིགས། །གང་ལ་རྟོགས་བྱ་རྟོགས་བྱེད་དང་། །དེ་ལ་རྟོགས་པ་ཡོད་མ་ཡིན། །ཞེས་པ་དང་། གཞན་ཡང་སེམས་ཀྱིས་སེམས་མི་མཐོང་སྟེ། གང་ཡང་ སེམས་གཉིས་འགྲོགས་ཤིང་ཕྲད་པ་མེད་དོ་ཞེས་པའོ། །ཨེ་ཝཾ་རྟོགས་ནས་རྣལ་འབྱོར་པ། །ཤིན་ཏུ་མཉམ་གཞག་གང་གོམས་པ། །བསོད་ནམས་དམན་པའི་མི་རྣམས་ཀྱང་། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཨེ་ཡིག་དང་ཝཾ་ཡིག་གི་བདག་ཉིད་ཅན་རྟོགས་ཤིང་ངེས་པར་ཤེས་ནས་ རྣལ་འབྱོར་པ་ཟུང་དུ་འཇུག་པ་གནས་པ། མཉམ་པར་གཞག་པ་དབྱེར་མེད་པ་ལ་གནས་པ་གང་ཞིག་གོམས་པར་བྱེད་པ་བར་ཆད་མེད་པར་འཐོབ་པར་འགྱུར་བ་དེ་ནི་འགྲུབ་འགྱུར་འདིར་ཐེ་ཚོམ་མེད་པ་ཕྱག་རྒྱ་ཆེན་པོར་འགྱུར་རོ། །བསོད་ནམས་དམན་པ་ཡང་ཞེས་པ་བསོད་ནམས་ཉེ་བར་བསགས་ པའི་བདག་ཉིད་ནི་རེ་ཞིག་འགྲུབ་པར་འགྱུར་བ་ཉིད་དེ། བསོད་ནམས་དམན་པ་ཡང་ཡེ་ཤེས་ཀྱི་མཐུ་ལས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །བར་མ་ཆད་པར་བྱ་བ་རབ་ཏུ་འཇུག་པའི་རང་བཞིན་ཁོ་ན་ལྷན་ཅིག་སྐྱེས་པར་བསྟན་པའི་ཕྱིར་གསུངས་པ། བཟའ་དང་བཏུང་དང་དེ་བཞིན་ཁྲུས། །སད་དང་ཉལ་ཡང་བསམ་པར་བྱ། །ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །དེ་ལས་གོམས་པ་དང་བཅས་ཐོབ། །བཟའ་བ་དང་བཏུང་བ་ལ་སོགས་པའི་བྱ་བ་རྣམས་ལ་ཡང་ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ་པར་བྱ་སྟེ། རྒྱུ་དེ་ལས་ཕྱག་རྒྱ་ཆེན་པོ་མངོན་ འདོད་པ། ལྷན་ཅིག་སྐྱེས་པ་ཐོབ་ཅིང་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་ཐོབ་པར་འགྱུར་རོ། །བཟའ་བ་ནི་ལུས་ཀྱི་མངོན་པར་ཞེན་པ་དང་བྲལ་བའོ། །བཏུང་བ་ནི་ངག་གི་མངོན་པར་ཞེན་པ་དང་བྲལ་བའོ། །ཁྲུས་ནི་སེམས་ཀྱི་མངོན་པར་ཞེན་པ་དང་བྲལ་བའོ། །སད་པ་དང་ཉལ་བ་ དང་སྤྲོ་བ་དང་སྡུད་པའི་བདག་ཉིད་ཀྱི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་རང་བཞིན་ཏེ། བསམ་པར་བྱ་ཞིང་ཡེ་ཤེས་ཀྱི་རང་བཞིན་དུ་གཅིག་པར་བྱའོ། །དེའི་ཕྱིར་དེ་ལས་གོམས་པ་དང་བཅས་པ་སྟེ། གོམས་པ་རྣམ་པར་རྒྱས་པའོ། །དེའི་དངོས་པོ་ནི་གོམས་པར་ གྱུར་པ་སྟེ། ལྷན་ཅིག་གོམས་པས་འཇུག་པའི་ཕྱིར་གོམས་པ་དང་བཅས་པ་ཐོབ་ཅིང་རྙེད་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །ཕྱག་རྒྱ་ཆེན་པོ་ཀུན་ནས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་ཀྱིས་འདོད་པ་དང་མངོན་པར་འདོད་པ། དེ་ནི་ཕྱག་རྒྱ་ཆེན་པོ་མངོན་པར་འདོད་པ་སྟེ། རྡོ་རྗེ་འཆང་ངོ་། །དེ་གསལ་བར་སྟོན་པའི་ཕྱིར། །ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་རང་བཞིན་རྣལ་འབྱོར་པས་རྫོགས་པར་བྱའོ་ཞེས་པའི་དོན་ཏོ། །ལྷན་ཅིག་སྐྱེས་པ་ནི་མཉམ་པ་ཉིད་དུ་གཅིག་ པའི་མཚན་ཉིད་ཀྱིས་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་སྒོམ་པ་གསུམ་པོ་དམིགས་པ་མེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་གསུངས་པ། འགྲོ་བ་ཐམས་ཅད་བསྒོམ་བྱ་སྟེ། །གང་ཕྱིར་ཡིད་ཀྱིས་བསྒོམ་མི་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་པའི། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །འགྲོ་བ་ ཐམས་ཅད་ཅེས་པ་ཁམས་གསུམ་པར་གཏོགས་པ་འཁོར་བའི་རྒྱ་མཚོ་འགྲོ་བ་དྲུག་ཏུ་གཏོགས་པ་སེམས་ཅན་གྱི་འཇིག་རྟེན་དང་། ཤིང་ལྗོན་པ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་རྣམས་ཏེ། ཐམས་ཅད་བསྒོམ་པར་བྱ་ཞིང་སྙོམས་པར་འཇུག་པར་བྱའོ། །གང་གིས་ཤེ་ན། ཡིད་ཀྱིས་ཞེས་པ་ སེམས་ཀྱིས་ཏེ། །རྒྱུ་གང་གི་ཕྱིར་འགྲོ་བ་ཐམས་ཅད་སེམས་ཙམ་ཁོ་ན་ཡིན་པ་དེའི་ཕྱིར་བསྒོམ་པ་ཞེས་བརྗོད་ཅིང་། སྒོམ་པ་དེ་ཉིད་ནི་སྒོམ་པ་ཉིད་མ་ཡིན་ཏེ། སྙོམས་པར་འཇུག་པ་མ་ཡིན་པ་ཉིད་དོ་ཞེས་བརྗོད་དོ། །ཅི་ལྟར་གང་གི་ཕྱིར། ཐམས་ཅད་ཆོས་ནི་ཡོངས་ཤེས་པ། གང་ཡིན་པ་དེ་ ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་ལྷན་ཅིག་ཡོངས་སུ་འཇུག་པ་མཉམ་པ་ཉིད་ལས་ཤེས་པ་དེའི་ཕྱིར་བསྒོམ་པར་བྱ་བ་མ་ཡིན་ཞིང་སྙོམས་པར་འཇུག་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་ལ་བ་པས། གཟུང་བ་གཟུགས་བརྙན་ལྟ་བུ་སྟེ། །སེམས་ལས་བྱུང་བ་ ཐོག་མེད་ལ། །རྣམ་ཤེས་དེ་ཡི་རྣམ་པ་ཡང་། །ཕན་ཚུན་གཟུགས་བརྙན་ལྟ་བུའོ། །ཇི་ལྟར་མེ་ལྟོང་ལྟ་མིག་གི་གཟུགས་བརྙན་དང་མེ་ལོང་ཡང་དུས་མཉམ་དུ་མཐོང་བ། དེ་བཞིན་དུ་གཟུང་བ་དང་འཛིན་པ་དབྱེར་མེད་པ་ཁོ་ན་རྟག་ཏུ་འབྱུང་སྟེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་མཉམ་ པ་ཉིད་དུ་གཅིག་པའི་མཚན་ཉིད་ནི་ཡེ་ཤེས་ཡིན་པའི་ཕྱིར་སྒོམ་པ་སྒོམ་པ་ཉིད་མ་ཡིན་ནོ། །འགྲོ་བའི་སྒྲས་དབང་པོ་རྣམས་སོ། །ཐམས་ཅད་ཀྱི་སྒྲས་ཡུལ་རྣམས་སོ། །ཡིད་ཀྱི་སྒྲས་སེམས་ཡིན་ཏེ། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་རྟག་ཏུ་ཤེས་སོ། །མདོར་བསྟན་པའི་དོན་ཉིད་རྒྱས་པར་ སྟོན་པ། བརྟན་དང་གཡོ་བའི་དངོས་པོ་གང་། །རྩྭ་དང་གེལ་པ་འཁྲི་ཤིང་སོགས། །བསྒོམ་བྱ་གཞན་གྱི་དེ་ཉིད་ནི། །བདག་གི་དངོས་པོ་རང་བཞིན་ཅན། །འདིས་ནི་བརྟན་པ་བེམས་པོ་དང་གཡོ་བ་འགྲོ་བ་སྲོག་ཆགས་རྣམས་ཏེ། བརྟན་དང་གཡོ་བ་དངོས་པོ་ཐམས་ཅད་དེ། དངོས་པོའི་དོན་རྣམས་ སོ། །དེ་ཉིད་གསལ་བར་བྱེད་པ་རྩྭ་ནི་ཕྲ་མོ་རྣམས་སོ། །གེལ་བ་ནི་ཤིང་གི་རང་བཞིན་འདུས་པར་གྱུར་པའོ། །འཁྲི་ཤིང་ནི་གྱེས་པའི་རང་བཞིན་ཏེ། རྩྭ་དང་གེལ་པ་འཁྲི་ཤིང་ངོ་། །ཉམས་པ་དང་འཕེལ་བའི་རང་བཞིན་བེམས་པོ་རྣམས་ལ་ཡང་རྣམ་པ་གསུམ་ཡོད་པའི་ཕྱིར་རྣམ་པ་གསུམ་ཉིད་ཉེ་ བར་བསྟན་ཏོ། །སོགས་པའི་སྒྲས་འགྲོ་བ་ཞེས་པ་ལ་སོགས་པ་གཡོ་བ་རྣམས་ཀྱི་ཡང་གསུངས་པའི་ཕྱིར་རོ། །དེ་ཡང་བསྒོམ་བྱ་དམ་པའི་དེ་ཉིད་རྨད་དུ་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཅི་ལྟར་ཞེ་ན། ནིའི་སྒྲ་ནི་གང་གི་ཕྱིར་ཏེ། བདག་གི་དངོས་པོའི་རང་བཞིན་ ཅན། །བདག་གི་དངོས་པོ་ནི་ཇི་ལྟར་བདག་དང་པོ་ནས་མ་སྐྱེས་པ་དེ་བཞིན་དུ་བརྟན་པའི་དངོས་པོ་རྣམས་ཀྱང་དང་པོ་ནས་མ་སྐྱེས་པའོ། །འདིས་ནི་གཉིས་སུ་མེད་པར་རྟོགས་པའི་ཕྱིར་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེ་ལྟར་ན། བརྟན་པ་དང་གཡོ་བ་དག་ཇི་ ལྟར་ཐ་དད་ཅེ་ན། དེའི་ཕྱིར་གསུངས་པ། དེ་རྣམས་ཀྱི་གཅིག་གཞན་ཡོད་མིན། །ཞེས་པ་བརྟན་པ་དེ་རྣམས་ཀྱི་གཅིག་ཉིད་དེ་གཞན་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་རིག་བདེ་བ་ཆེན་པོ་སྟེ། རང་རིག་པའི་རང་བཞིན་གྱི་ཡེ་ཤེས་ཏེ། བརྟན་པ་རྣམས་སེམས་མེད་པ་ཉིད་ ཀྱི་ཕྱིར་རོ། །ཡང་ན་གང་བརྟན་པ་དང་གཡོ་བ་དེ་རྣམས་ཀྱི་ཡང་གང་ཞིག་གཅིག་གཉིས་སུ་མེད་པ་དེ་ནི་མེད་པའོ། །དེའི་རང་བཞིན་ཅི་ལྟ་བུ་ཞེ་ན། གསུངས་པ། ཡོད་མིན་རང་རིག་པ་ཡོད་པ་ཉིད་ལྡོག་པ་སྟེ། བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །དེ་ལོག་པ་ན་མེད་པ་ཉིད་ཀྱང་ལྡོག་ པའི་ཕྱིར་གཉིས་ཀ་ལོག་པའི་རང་རིག་པ་གཉིས་སུ་མེད་པ་རྨད་དུ་བྱུང་བ་དེ་ནི་བདེ་བ་ཆེན་པོ་སྟེ། དེ་ཉིད་ཡང་དག་པའི་ཡེ་ཤེས་སོ། །གང་གི་ཕྱིར་རང་རིག་པ་གཉིས་ཀ་དང་བྲལ་བ་ཡིན་ཞེ་ན། གསུངས་པ། རང་རིག་ལས་ནི་འགྲུབ་པར་འགྱུར། །རང་རིག་པ་ནི་སྒོམ་པའོ། །ལས་ནི་རང་རིག་ རང་བཞིན་ཏེ། །གནོད་པ་ལས་ནི་ལས་སྐྱེ་འགྱུར། །ཞེས་པ་གང་གི་ཕྱིར་རང་རིག་པའི་རྒྱུ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་གྱུར་པའི་ཕྱིར། རང་རིག་ལས་ནི་གྲུབ་པར་འགྱུར། །རང་རིག་པ་ནི་སྒོམ་པའོ། །ནི་ཞེས་པ་གང་གི་ཕྱིར་ཏེ། གང་ཞིག་རང་རིག་པ་དེ་ནི་གཉིས་ཀ་དབྱེར་ མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་སྒོམ་པ་སྙོམས་པར་འཇུག་པའོ། །ལས་ནི་རང་རིག་རང་བཞིན་ཏེ། གང་ཡང་དེའི་ལས་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའི་བདག་ཉིད་དེ་ཡང་རང་རིག་པའི་རྣམ་འཕྲུལ་ཉིད་དོ། །གང་གི་ཕྱིར། གནོད་པ་ལས་ནི་ལས་སྐྱེ་འགྱུར། །ཞེས་པ་གང་གི་ གནོད་པ་འཁྲུལ་བ་ལས་ནི་ལས་སྐྱེ་བར་འགྱུར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཐམས་ཅད་ཡིན་ལ། མ་རིག་པ་ཡང་གཏི་མུག་སྟེ། གཏི་མུག་ཀྱང་འཁྲུལ་པའོ། །འཁྲུལ་བ་ནི་དེ་མ་ཡིན་པ་ལ་དེར་འཛིན་པ་སྟེ། ཇི་ལྟར་ཐག་པ་འཁྱིལ་བ་ལ་སྦྲུལ་གྱི་ཤེས་པ་བཞིན་ནོ། །འཁྲུལ་བ་ དེ་ཉིད་ནི་ས་བོན་ཏེ། འཁྲུལ་བ་དེའི་དབང་གིས་གནོད་པའོ། །དེ་ལས་ཀྱང་ལས་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྐྱེ་བར་འགྱུར་རོ། །འདི་ཉིད་ཅི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། རང་ཉིད་འཕྲོག་པོ་རང་བྱེད་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །རང་ཉིད་འཕྲོག་པོ་ཞེས་པ་ རང་ཉིད་སྡུད་པའི་རང་བཞིན་ནོ། །རང་བྱེད་པོ་ཞེས་པ་རང་ཉིད་སྤྲོ་བའི་རང་བཞིན་ནོ། །རང་ཉིད་རྒྱལ་པོ་ཞེས་པ་རང་ཉིད་གསལ་བའི་རང་བཞིན་ནོ། །རང་གཙོ་བོ་ཞེས་པ་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པའི་ཕྱིར་ཏེ། གཟུགས་སྣ་ཚོགས་པའི་ནོར་བུར་སྤྲོ་བ་དང་སྡུད་པ་དང་གསལ་བའི་ རང་བཞིན་ནོ། །འཕྲོག་པའི་རང་བཞིན་ཉིད་ཀྱིས་གཟུགས་ལ་སོགས་པ་ཡུལ་གྱི་རང་བཞིན་ནོ། །བྱེད་པ་པོའི་རང་བཞིན་ཉིད་ཀྱིས་མིག་ལ་སོགས་པ་དབང་པོའི་རང་བཞིན་ནོ། །རྒྱལ་པོ་ཉིད་ཀྱིས་རྣམ་པར་ཤེས་པའི་རང་བཞིན་ནོ། །གཙོ་བོ་ཉིད་ཀྱིས་ཡུལ་དང་དབང་པོ་དང་རྣམ་པར་ ཤེས་པ་དབྱེར་མེད་པ་ཡང་དག་པའི་ཡེ་ཤེས་ཁོ་ན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་རང་ཉིད་བྱེད་པ་པོ་ཡིན་པའི་ཕྱིར། འདོད་ཆགས་ཞེ་སྡང་ཕྲག་དོག་དང་། །དེ་བཞིན་གཏི་མུག་ང་རྒྱལ་ཉིད། །དེ་ཀུན་དེ་གནས་ཉམས་དགའ་བར། །བཅུ་དྲུག་ཆ་ལ་མཆོད་མ་ཡིན། །འདོད་ཆགས་ དང་ཞེ་སྡང་ལ་སོགས་པ་དེ་ཀུན་དེ་གནས་ཡང་དག་པའི་ཡེ་ཤེས་རྟོགས་པ་ན། ཁྱད་པར་ཅི་ཞེ་ན། ཉམས་དགའ་བ་མཛེས་པར་གྱུར་པ་ན་འདོད་ཆགས་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཏེ། དེའི་ངོ་བོར་སྐྱེས་པའི་ཡེ་ཤེས་ཉིད་ཀྱིས་མ་ནིང་དུ་བསྟན་ཏོ། །བཅུ་དྲུག་ཆ་ལ་མཆོད་ མ་ཡིན། །ཞེས་པ་ཟླ་བ་ནི་ཆ་བཅོ་ལྔའི་བདག་ཉིད་ཅན་ཉིད་དོ། །དེའི་ཆ་བཅུ་དྲུག་པ་ནི་མེད་པ་ཁོ་ན་སྟེ། བྱེད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་ལ་མཆོད་པ་མ་ཡིན་མཆོད་པར་བྱ་བ་མ་ཡིན་ཏེ། ཐམས་ཅད་རང་རིག་པའི་བདག་ཉིད་ཅན་ཁོ་ནའོ། །བཅུ་དྲུག་པ་སྟོང་པ་ཉིད་བཅུ་དྲུག་རྣམ་ པར་དག་པའོ། །ཆ་ནི་ཀཾ་བདེ་བ་སྟེ། དེ་ལེན་པ་དང་འཛིན་པའི་ཕྱིར་ཀ་ལཱ། བདག་མེད་མའོ། །དེ་ལ་མཆོད་མིན་མཆོད་པར་བྱ་བ་མ་ཡིན་པ་སྟེ། ཐམས་ཅད་སྣང་བ་མེད་པར་རྟོགས་པའི་ཕྱིར་ཞེས་པའོ། །ལྷན་ཅིག་སྐྱེས་པ་དེ་གང་ཞིག་བླ་མ་བརྒྱུད་པ་ཉེ་བར་བསྟེན་པས་ ཤེས་པར་བྱའོ། །ཞེས་གསུངས་པ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །དེ་ལ་འཇིག་རྟེན་གསུམ་པོ་སྐྱེས། །གང་ལ་ཆོས་རྣམས་འབྱུང་བ་དེ་ནི་ཆོས་འབྱུང་ངོ་། །དེ་ལས་བྱུང་བ་ནི་ཡེ་ཤེས་གང་ཞིག་ དེ་ལས་སྐྱེས་པ་སྟེ། ཆོས་འབྱུང་ལས་སྐྱེས་སོ། །ཁྱད་པར་ཅི་ཞེ་ན། མཁའ་མཉམ་ནམ་མཁའ་ལྟ་བུའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ལྷན་ཅིག་ཐབས་དང་བཅས་པ་ཞེས་པ་ཐབས་དང་ལྷན་ཅིག་འཇུག་པ་སྟེ། ཐབས་རྡོ་རྗེ་འཆང་དང་བཅས་པ་དེ་བདག་མེད་མ་དང་ལྷན་ཅིག་ལྡན་པ་དེ་ ལ་དེར་འཇིག་རྟེན་གསུམ་པོ་སྐྱེས་སོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་ཡེ་ཤེས་དེ་ནི་ཤེས་རབ་ཐབས་ཀྱི་རང་བཞིན་ལས་སོ། །ཡང་ན་གང་། ཆོས་འབྱུང་ནི་བདག་མེད་མའོ། །སྐྱེས་པ་ནི་རྡོ་རྗེ་འཆང་ངོ་། །ཆོས་འབྱུང་དང་སྐྱེས་པ་ཡང་ཆོས་འབྱུང་སྐྱེས་ཏེ། དེ་ལྟར་གྱུར་པའི་ཡེ་ཤེས་ མཁའ་མཉམ་ནམ་མཁའ་ལྟ་བུར་རོ་མཉམ་པ། ལྷན་ཅིག་ཐབས་དང་བཅས་པ་རྡོ་རྗེ་འཆང་དང་། བདག་མེད་མ་དབྱེར་མེད་པའོ། །དེར་དེ་ལས་སྐྱེས་པ་གང་ཡིན་ན་འཇིག་རྟེན་གསུམ་སྟེ། གསུམ་དང་འཇིག་རྟེན་གསུམ་ཡང་འཇིག་རྟེན་གསུམ་མོ། །དེ་རྣམས་ཀྱི་དངོས་པོ་ནི་འཇིག་རྟེན་ གསུམ་སྟེ། གསུམ་གྱི་སྒྲས་ལུས་དང་ངག་དང་སེམས་སོ། །འཇིག་རྟེན་གྱི་སྒྲས་ཕུང་པོ་ལྔའོ། །དེ་རྣམས་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ངོ་བོ་དེའི་བདག་ཉིད་ཀྱིས་དེ་ཉིད་དུ་རྣམ་པར་གནས་སོ། །འདིས་ནི་ཡེ་ཤེས་དེའི་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་ཁོ་ནའོ། །ཤེས་རབ་ཐབས་ཀྱི་ རང་བཞིན་ལས། །ཞེས་པ་ཤེས་རབ་ཐབས་ཀྱི་སྒྲས་ཨཱ་ལི་ཀཱ་ལིའོ། །རང་གི་སྒྲས་སེམས་ཨ་ཝ་དྷཱུ་ཏཱིའོ། །འདི་རྣམས་ཀྱི་དངོས་པོ་ལས་རང་བཞིན་འདི་ཉིད་ལས་སོ། །འདིས་ནི་གཉིས་སུ་མེད་པ་ཁོ་ན་གཉིས་ཏེ། དེ་དབྱེར་མེད་པ་འདི་ནི་གསུམ་མོ། །དེ་དབྱེར་མེད་པ་ཉིད་ལྔ་ཞེས་པ་སྟེ། བཞིའི་ བདག་ཉིད་ཅན་འདི་ཉིད་བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་པའོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་ཁོ་ན་ལྷན་ཅིག་སྐྱེས་པར་རབ་ཏུ་གསལ་བར་མཛད་པ། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །གཅིག་དང་གཅིག་མིན་རྣལ་འབྱོར་ཏེ། །སྐད་ ཅིག་ལས་གཅིག་མཆོག་དགའོ། །རྣམ་པར་གསལ་བའི་ཕྱིར་རྣམ་པ་སྟེ། ཁུ་བར་གྱུར་པའི་རྣམ་པ་ནི་ཁུ་བའི་རྣམ་པའོ། །དེ་ནི་བཅོམ་ལྡན་ཆོས་འབྱུང་ལས་སྐྱེས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་རྡོ་རྗེ་འཆང་ངོ་། །དེ་ཡི་བདེ་བ་དེ་ལ་གང་ཞིག་ཡེ་ཤེས་དེ་ནི་འདོད་མ་བདག་མེད་མ། དོན་དམ་པའི་ བདེན་པའི་བདག་ཉིད་ཅན་ཏེ། བརྗོད་ཅེས་པ་ཡེ་ཤེས་སོ། །འདི་ནི་ཁུ་བའི་རྣམ་པ་བཅོམ་ལྡན་ཡིན་ཏེ། གཅིག་དང་གཅིག་མིན་རྣམ་སྦྱོར་འདི་རྣམ་པ་སྣ་ཚོགས་པའི་རང་བཞིན་དང་། སྦྱོར་བ་ཡང་ཡིན་པའི་ཕྱིར་རྣམ་སྦྱོར་ཏེ། གཅིག་ཉིད་གཅིག་མ་ཡིན་པའོ། །གཅིག་དང་གཅིག་མིན་ ཉིད་ཀྱིས་རྣམ་པར་སྦྱོར་བ་ནི། གཅིག་དང་གཅིག་མིན་རྣམ་སྦྱོར་ཏེ། །འདིས་ནི་གཉིས་སུ་མེད་པ་ཉིད། །གཉིས་ལ་སོགས་པའི་བདག་ཉིད་སྤྲོ་བ་དང་སྡུད་པ་དབྱེར་མེད་པ་ཐ་དད་དང་ཐ་དད་མེད་པ་གཅིག་པའི་རང་བཞིན་ནོ། །འདི་ཅི་ལྟར་ཞེ་ན། སྐད་ཅིག་ལྷན་ཅིག་སྐྱེས་པའི་སྐད་ཅིག་མས། གཅིག་དབྱེར་མེད་པ་སྟེ། མཆོག་རྨད་དུ་བྱུང་བའོ། །དགའ་བ་ནི་ཕུལ་དུ་བྱུང་བའི་བདེ་བ་མཚན་ཉིད་གཅིག་པ་སྟེ། ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་གང་ཡིན་པ་དེ་ཉིད་གསལ་བར་ སྟོན་པ། རང་གིས་རིག་བྱ་ཡེ་ཤེས་འདི། །རིག་པར་བྱ་བ་ནི་རིག་བྱ་སྟེ། ཡང་དག་པ་ཆགས་པ་ཐམས་ཅད་སྤངས་པ་ཉིད་ཀྱིས་རང་རིག་རྣམ་པར་མི་རྟོག་པའོ། །རང་གིས་རིག་པར་བྱ་བའི་ཡེ་ཤེས་དེ་ཡང་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་སྟེ། ངག་གི་ལམ་འདས་སྤྱོད་ཡུལ་ ལོ། །ཞེས་པ་གཞན་གྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ནི་བྱིན་རླབས་རིམ་པ་སྟེ། རང་གིས་རིག་པར་བྱ་བའི་རང་བཞིན་འདི་ནི་རིམ་གྱིས་རྙེད་པར་འགྱུར་བའི་ཕྱིར་རིམ་པའོ། །ལྷག་པ་ནི་ལྷག་པར་འཁྱུད་པ་སྟེ། གནས་པ་ནི་བརྟན་པའོ། །གང་གིས་རིམ་པས་རྟོགས་པ་བརྟན་པ་ གཡོ་བ་མེད་པ་དེ་ནི་བྱིན་རླབས་རིམ་པ་སྟེ། གཡོ་བ་མེད་པ་ངོ་བོ་ཁྱབ་པར་གྱུར་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། གང་དུ་ཡང་ནི་མི་རྙེད་དེ། གལ་ཏེ་འདི་ལྟ་བུའི་ཡེ་ཤེས་སྣང་བ་དང་བརྗོད་པ་དང་། རིག་པའི་སྤྱོད་ཡུལ་མ་ཡིན་པ་དེ་ཅི་ལྟར་ཞེ་ན་གསུངས་པ། གང་གི་ཕྱིར་གྱི་ དོན་ལ་དེའི་སྒྲའོ། །གང་གི་ཕྱིར་ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཐམས་ཅད་ཤེས་པའི་ཕྱིར་ཀུན་མཁྱེན་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་ཡེ་ཤེས་ནི་ཡེ་ཤེས་གང་ཞིག་བག་ཆགས་རྗེས་སུ་འབྲེལ་བའི་མཐར་ཐུག་པའི་སྐྱོན་ཉེ་བར་ཞི་བ་སྟེ། དེའི་རང་བཞིན་དང་དེའི་ངོ་བོ་ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་ཆེན་པོའི་བདག་ཉིད་ཅན་དབང་པོ་དང་ཡུལ་དབྱེར་མེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར། ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ཉིད་ཐམས་ཅད། །རང་བཞིན་རིག་པའི་ཚོར་བ་ ནི། །སྐད་ཅིག་ལས་ནི་གནོད་མི་འགྱུར། །ས་ལ་སོགས་པ་འདི་རྣམས་ཐམས་ཅད་གནོད་པར་མི་འགྱུར་རོ། །དེ་ཅི་ཞེ་ན། རང་གཞན་རིག་པའི་ཚོར་བ་བདག་དང་གཞན་རྟོགས་པ་ཡོངས་སུ་ཤེས་པའོ། །ཅི་ལྟར་ཞེ་ན། སྐད་ཅིག་ལས་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རིག་པའི་ སྐད་ཅིག་ལས་སོ། །ཡང་ན་གང་ས་ལ་སོགས་པ་འདི་རྣམས་ཐམས་ཅད། སྐད་ཅིག་ལས་ནི་གནོད་མི་འགྱུར། །འདི་རྣམས་ལྷན་ཅིག་སྐྱེས་པའི་སྐད་ཅིག་དང་འགྲོགས་ཀྱི། གནོད་པ་རྣམ་པར་རྟོག་པ་མེད་དེ། འདི་ནི་སྐད་ཅིག་དབྱེར་མེད་པ་ཁོ་ནའོ། །རང་གཞན་རིག་པའི་ཚོར་བ་ཡང་། ། སྐད་ཅིག་ལས་གནོད་པར་མི་འགྱུར་ཏེ། རང་དབང་པོ་རྣམས་སོ། །གཞན་ཡུལ་རྣམས་སོ། །རིག་པ་ཤེས་པ་སྟེ། རང་གཞན་རིག་པ་འདི་རྣམས་ཀྱི་ཚོར་བ་ནི་ཡེ་ཤེས་སོ། །སྐད་ཅིག་ལས་གནོད་པར་མི་འགྱུར་ཏེ། ལྷན་ཅིག་སྐྱེས་པ་དང་བཅས་པའི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་ པ་རྣམས་ཀྱི་གནོད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པ་སྟེ། མཐོ་རིས་ས་སྟེང་རྐང་འོག་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །རྣལ་འབྱོར་པ་དེའི་སྐུ་གཅིག་པུར་འགྱུར་ཞིང་དབྱེར་མེད་པའི་བདག་ཉིད་སྐྱེ་བར་འགྱུར་ཏེ། མཐོ་རིས་དང་ས་སྟེང་དང་ ས་འོག་རྣམས་ཡེ་ཤེས་སྐད་ཅིག་ལས་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ། །ཤེས་རབ་དང་ཐབས་དབྱེར་མེད་པ་དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ་ཞེས་ཡང་གསུངས་པ། རང་བཞིན་ཆ་ཡི་རྣམ་རྟོག་གིས། །གནོད་པ་ཉིད་ནི་ནུས་མ་ཡིན། །རང་བཞིན་གྱི་སྒྲས་ སྐྱེས་པ་དང་བུད་མེད་དོ། །ཆ་ནི་དེ་དག་གི་དབྱེ་བའོ། །འདི་ལྟ་བུའི་རྣམ་པར་རྟོག་པ་དེས་གནོད་པ་རྣམ་པར་བརྟག་པར་ནུས་པ་མ་ཡིན་ཏེ་ཡེ་ཤེས་ཉིད་ནི་རྣམ་པར་བརྟག་པར་བྱ་བ་དང་། རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཉེ་བར་ བསྟན་པའི་ཕྱིར། རིག་བྱེད་གྲུབ་མཐའ་ཐམས་ཅད་དང་། །དེ་བཞིན་རབ་འབྱམས་ལ་སོགས་ཀྱིས། །འགྲུབ་མིན་དག་ལས་འགྱུར་བ་ཡང་། །སྐྱེ་དང་སྲིད་པ་གཞན་དུའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཐབས་གཞན་གྱིས་མ་ཡིན་པ་ཉིད་དོ། །རིག་བྱེད་དང་གྲུབ་མཐའ་ཡང་རིག་ བྱེད་གྲུབ་མཐའ་སྟེ། དེ་རྣམས་ཐམས་ཅད་དང་རིག་བྱེད་གྲུབ་མཐའ་ཡང་ཡིན་པའི་ཕྱིར། རིག་བྱེད་གྲུབ་མཐའ་ཐམས་ཅད་དོ། །སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་དེ་རྣམས་ཀྱིས་བསྔགས་པའི་ཚིག་རྣམས་དང་རང་གི་ལྟ་བ་བསྔགས་པ་ལས་རབ་འབྱམས་ལ་སོགས་པ་ རྣམས་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ག་ལ་ཞིག་སྟེ་མ་ཡིན་ནོ། །འོ་ན་ཇི་ལྟར་འགྱུར་ཞེ་ན། གསུངས་པ། དག་པས་འགྱུར་ཏེ་རྣམ་པར་དག་པ་བསྐྱེད་པ་དང་རྫོགས་པའི་རིམ་པ་དབྱེར་མེད་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ལམ་ཤེས་པ་ལས་སོ། །གང་དུ་སྐྱེ་དང་སྲིད་པ་གཞན་ དུའོ། །སྐྱེ་བ་འཇིག་རྟེན་འདི་དང་སྲིད་པ་གཞན་སྐྱེ་བ་གཞན་དང་གཞན་དུ་སྟེ། འདིས་ནི་སྐྱེ་བ་གཞན་དང་གཞན་རྣམས་སུ་ཡང་ངོ་། །ཕྱག་རྒྱ་ཆེན་པོ་འགྲུབ་པར་མི་འགྱུར་བ་དེ་ཉིད་གསལ་བར་བྱེད་པ། འཇིག་རྟེན་འདི་དང་གཞན་དུ་ཡང་། །དེ་དང་བྲལ་བས་དངོས་གྲུབ་མེད། །རྣམ་པར་དག་པ་ཡོངས་སུ་ཤེས་པ་ དེ་དང་བྲལ་བས་འཇིག་རྟེན་གཉིས་ཀར་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་པ་ཁོ་ནའོ་ཞེས་ལྡོག་པའི་སྒོ་ནས་རྗེས་སུ་འགྲོ་བ་བསྟན་པར་མཛད་དེ། ཀྱེ་ཡི་རྡོ་རྗེ་མི་ཤེས་གང་། །དེ་ཡི་ངལ་བ་དོན་མེད་འགྱུར། །རྣལ་འབྱོར་པ་གང་གིས་ཀྱེའི་རྡོ་རྗེ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡེ་ཤེས་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་མི་ཤེས་ཤིང་མ་རྟོགས་པ་དེའི་ངལ་བ་རིག་བྱེད་ལ་སོགས་པའི་ཚིག་བརྗོད་པའི་དོན་ལ་འཇུག་པའི་ཉོན་མོངས་པ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་འབྲས་བུ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར། དོན་ མེད་རྒྱུ་མ་ཡིན་པ་ལ་འབྲས་བུ་མ་ཡིན་པའི་ཕྱིར་རོ། །ཀྱེའི་རྡོ་རྗེ་ཤེས་པ་ལ་ཡང་རྒྱུན་དུ་གོམས་པ་དང་བྲལ་བ་ལས་དངོས་གྲུབ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །སྒྲོན་མའི་འོད་ནི་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་མོར་ གནས་པར་བྱ། །ཇི་ལྟར་ཆུ་བོའི་རྒྱུན་རབ་ཏུ་འབབ་པ་ཐ་དད་པ་མེད་པ་དང་། སྒྲོན་མའི་འོད་རབ་ཏུ་བཅིངས་པ་ཐ་དད་པ་མེད་པ་དང་། དེ་བཞིན་དུ་རྣལ་འབྱོར་པས་ཁམས་གསུམ་པོ་དབྱེར་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་པུའི་སྐུས་ཀྱེའི་རྡོ་རྗེའི་རྣལ་འབྱོར་གྱིས་གནས་པར་བྱ་སྟེ། ཉིན་དང་ མཚན་མོར་ཞེས་པ་དུས་ཐམས་ཅད་དུ་བར་མ་ཆད་པ་ཉིད་ཀྱིས་ཞེས་པའི་དོན་ཏོ་ཞེས་པ་ལེའུ་རྫོགས་པའི་སྒོ་ཡིས་ལེའུར་གསུངས་པའི་དོན་ཡང་དག་པར་སྡུད་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱེའི་རྡོ་རྗེར་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ རྣལ་འབྱོར་མ་ཆེན་མོ་འདུ་བའི་ལེའུ་བརྒྱད་པའོ་ཞེས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱེའི་རྡོ་རྗེར་ཞེས་པའོ། །རྣལ་འབྱོར་མའི་འཁོར་ ལོ་གང་ཞིག་མི་ཤེས་པ་གཅོད་པ་སྟེ། ལེའུ་གང་ན་དེ་ཡོད་པ་ནི་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བའོ། །རྣལ་འབྱོར་མ་ཆེན་མོ་ནི་བདག་མེད་མ་སྟེ། དེའི་འདུ་བ་ནི་འདུས་པའོ། །ཨཱ་པ་ནི་དེས་ཁྱབ་པ་སྟེ། དེས་ན་ཀཾ་བདེ་བའི་ཡེ་ཤེས་སོ། །ལེའུ་གང་ན་དེ་ཡོད་པ་ནི་རྣལ་འབྱོར་མ་ཆེན་ མོའི་འདུ་བའོ། །དེ་ཡང་པ་ཊ་གཡོགས་པ་དང་སྦས་པ་སྟེ། དེ་ལེན་པ་དང་འཛིན་པའི་ཕྱིར་ལེའུའོ། །དེ་ཡང་ཁྱབ་པའི་རང་བཞིན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ། མ་ཨཱཿསྟེ་མཱཿསྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་རྡོ་རྗེ་འཆང་ཞེས་པའི་དོན་ཏོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་བརྒྱད་པའོ།། །།ད་ནི་རིམ་པ་གཉིས་རྣམ་པར་དག་པ་ནི་ཡང་དག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའི་ཕྱིར་ཕུང་པོ་ལ་སོགས་པ་རྣམས་ཀྱི་རྣམ་པ་གཉིས་ཀའི་རྣམ་པར་དག་པ་རབ་ཏུ་བསྟན་ པའི་ཆེད་དུ་གསུངས་པ། དེ་ནས་གཞན་ཡང་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ། །དེ་ནས་རྣལ་འབྱོར་མའི་འཁོར་ལོ་ལས་གཞན་བར་མ་ཆད་པར་རྣམ་པར་དག་པའི་ལེའུ་ཁྱད་པར་དུ་འཕགས་པའི་དག་པ་ནི་རྣམ་པར་དག་པ་སྟེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་རྡོ་རྗེ་འཆང་ དང་བདག་མེད་མ་གཉིས་སུ་མེད་པའོ། །ལེའུ་ནི་པ་ཊ་སྦས་པ་སྟེ། དེ་ལེན་པ་དང་འཛིན་པའི་ཕྱིར་ལེའུའོ། །རྣམ་པར་བཤད་པར་བྱའོ་ཞེས་པ་ཁྱད་པར་དུ་གྱུར་པའི་ཚུལ་གྱིས་རབ་ཏུ་བསྟན་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །རྣམ་དག་ དེ་བཞིན་ཉིད་དུ་བརྗོད། །ཅེས་པ་འདི་ལ་དོན་གནས་པའི་ཕྱིར་དངོས་པོ་དོན་གནས་པ་སྟེ། དེ་རྣམས་ཀྱི་རྣམ་པར་དག་པའོ། །གང་ཞེ་ན། དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཐམས་ཅད་ཀྱི་ཞེས་པ་བརྟན་པ་དང་གཡོ་བ་རྣམས་ཏེ། དེའི་ཕྱིར་གཉིས་ཀ་ཡང་དངོས་པོ་ཉིད་ཀྱིས་ཡོངས་ སུ་བརྟག་པར་བྱའོ། །དོན་རྟོགས་པ་ཁོ་ན་ཚད་མའི་འབྲས་བུ་ཡིན་པའི་ཕྱིར་འདིས་ནི་དོན་དམ་པའི་རྣམ་པར་དག་པའོ། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཕྱི་ནས་ཞེས་པ་དེ་མ་ཐག་བར་མ་ཆད་པ་ཉིད་ཀྱིས་སོ། །རེ་རེའི་དབྱེ་བ་ཡིས་ཞེས་པ་རེ་རེའི་རྣམ་པ་ཡིས། གང་ གི་ཞེ་ན། ལྷ་རྣམས་ཀྱི་སྟེ། ཁྱད་པར་གྱི་དོན་ལ་ནིའི་སྒྲའོ། །དེ་ཉིད་ཀྱི་ཕྱིར་བརྗོད་ཅིང་མཚན་མར་བྱ་སྟེ། མཚན་མའི་ངོ་བོ་ཉིད་ལས་ཀུན་རྫོབ་ཀྱི་བདེན་པའི་འོ། །ལྷ་རྣམས་ཀྱི་རེ་རེའི་དབྱེ་བས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་དངོས་པོ་རྣམས་ཀྱི་རྣམ་པར་དག་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ལྷའི་རྣམ་པས་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་སྦྱོང་ཞིང་། དོན་དམ་པའི་བདེན་པ་ལ་ནི་དེ་བཞིན་ཉིད་ཀྱི་རྣམ་པས་སོ་ཞེས་པ་རིམ་པ་གཉིས་རྣམ་པར་དག་པ་སྟེ། གཉིས་ཀ་དབྱེར་མེད་པ་བསྒོམ་པར་བྱ་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ད་ནི་ངེས་ པར་དངོས་པོ་ཐམས་ཅད་ཀྱི། །ཞེས་ཐུན་མོང་དུ་གསུངས་པས་དོན་དམ་པའི་རྣམ་པར་དག་པ་མངོན་པར་བརྗོད་ནས་ཕྱི་ནས་རེ་རེའི་དབྱེ་བ་ཡིས། ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་པ་དངོས་པོའི་དབྱེ་བ་ཉིད་ཀྱིས་ཁྱད་པར་དུ་སོ་སོར་བསྟན་པའི་ཕྱིར། དབང་པོ་དྲུག་དང་ཕུང་པོ་ ལྔ། །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཅེས་པ་དབང་པོ་དྲུག་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམས་ཏེ་དབང་པོ་དྲུག་གོ། །ཕུང་པོ་ལྔ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །སྐྱེ་མཆེད་དྲུག་ནི་གཟུགས་དང་ སྒྲ་དང་དྲི་དང་རོ་དང་རེག་བྱ་དང་བདེ་བ་ལ་སོགས་པ་རྣམས་སོ། །འབྱུང་བ་ཆེན་པོ་ལྔ་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའོ། །འདི་དག་ཐམས་ཅད་རང་བཞིན་གདོད་མ་ཉིད་ནས་མ་སྐྱེས་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་པར་དག་པ་འོད་གསལ་བའི་རང་བཞིན་ཏེ། དོན་དམ་པའི་རྣམ་པར་དག་པའོ། །དེ་ཉིད་ གང་ཞིག་ཉོན་མོངས་པ་དང་མི་ཤེས་པ་རྣམས་ཀྱིས་བསྒྲིབས་པ་དེ་ལྷའི་རྣམ་པས་རྣམ་པར་སྦྱོང་བར་བྱ་སྟེ། ཀུན་རྫོབ་ཀྱི་རྣམ་པར་དག་པའོ། །རྣམ་པར་དག་པ་གཉིས་ཀ་ཡང་རང་རིག་པའི་བདག་ཉིད་ཅན་ཁོ་ན་སྟེ། རྣམ་པར་དག་པ་དེ་དང་བྲལ་བས་རྣམ་པར་གྲོལ་བར་མི་འགྱུར་རོ། །དེའི་ཕྱིར་གསུངས་ པ། རང་རིག་བདག་ཉིད་དག་པ་སྟེ། དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པའོ། །འདི་དག་ཅི་ལྟར་ཞེ་ན། གསུངས་པ། ཡུལ་རྣམས་དག་པའི་ངོ་བོའི་ཕྱིར། །རང་གིས་རིག་པའི་ངོ་བོ་མཆོག །ཡུལ་རྣམས་ཞེས་པ་ཡུལ་ལ་སོགས་པ་རྣམས་དག་པའི་ངོ་བོའི་ཕྱིར་ཞེས་པ་དོན་དམ་པ་དང་ ཀུན་རྫོབ་ཀྱི་རང་བཞིན་ལྷའི་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཕྱིར། གང་ཞིག་རང་གིས་རིག་པ་དེ་བདེ་བ་མཆོག་ཡང་དག་པའི་ཡེ་ཤེས་སོ། །འདི་ཉིད་གང་ཞིག་གཉིས་ཀ་དབྱེར་མེད་པར་མངོན་སུམ་དུ་རྟོགས་པ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། གང་ཞིག་གཟུགས་སོགས་ཡུལ་གཞན་དང་། ། རྣལ་འབྱོར་པ་ལ་རབ་གསལ་བ། །དེ་ཀུན་དག་པའི་དངོས་པོ་སྟེ། །གང་ཕྱིར་འགྲོ་བ་སངས་རྒྱས་ཚུལ། །གཟུགས་ལ་སོགས་པའི་ཡུལ་ཕུང་པོ་ལྔ་དང་ཡུལ་དྲུག་རྣམས་སོ། །གཞན་ཡང་ཞེས་པ་དབང་པོ་དྲུག་དང་འབྱུང་བ་ཆེན་པོ་ལྔའོ། །འདི་དག་ཐམས་ཅད་རྣལ་འབྱོར་པ་གཉིས་ཀ་དབྱེར་མེད་ པ་རྟོགས་པའི་བདག་ཉིད་ཅན་ལ་གང་ཞིག་རབ་ཏུ་གསལ་བ་དེ་ཐམས་ཅད་རྣམ་པར་དག་པ་ཉིད་ཁོ་ན་སྟེ། རྒྱུ་གང་གི་ཕྱིར་འགྲོ་བ་ཁམས་གསུམ་པ་སངས་རྒྱས་ཚུལ་ཡེ་ཤེས་ཀྱི་རང་བཞིན་དུ་གཅིག་པའོ། །གང་ཞིག་རྣམ་པར་མ་དག་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་རྣལ་འབྱོར་མ་ ཉིད་དུ་རྣམ་པར་དག་པའི་ཕྱིར་རོ། །གལ་ཏེ་རང་བཞིན་ཉིད་ལས་རྣམ་པར་དག་པ་ཡིན་ན་དེའི་ཕྱིར་དོན་དམ་པའི་རྣམ་པར་དག་པ་ཁོ་ན་སྟེ། དེ་ལ་ལྷའི་རྣམ་པའི་རྣམ་པར་དག་པ་ཅི་ཞེས་པའི་རྣམ་པར་རྟོག་པ་བློ་ལ་གནས་པར་མཛད་ནས། རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་རྣམ་ པར་མ་དག་པ་གང་ལགས་གང་ཞིག་ལྷའི་རྣམ་པས་རྣམ་པར་སྦྱོང་བར་བགྱི་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པ་རྣམས་སོ། །ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཕྱིར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མདོར་བསྟན་ པ་ཉིད་རྒྱས་པར་སྟོན་པ་གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་བ། གཟུང་བ་དང་འཛིན་པ་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མིག་གིས་གཟུང་བྱ་གཟུགས་ཡིན་ཏེ། །རྣ་བས་མཉན་པར་བྱ་བ་སྒྲ། །སྣ་ཡིས་རེག་བྱ་དྲི་ཡིན་ནོ། ། ལྕེ་ཡིས་རོ་ནི་རེག་བྱ་སྟེ། །དངོས་པོ་ལུས་ཀྱིས་རིག་པར་བྱ། །ཡིད་ཀྱིས་བདེ་བ་ལ་སོགས་ཐོབ། །བསྟེན་བྱ་འདི་དག་བསྟེན་བྱ་ཞིང་། །དུག་མེད་བྱས་ན་དག་པར་འགྱུར། །མིག་གིས་གཟུང་བྱ་གཟུགས་ཡིན་ཏེ། །ཞེས་པ་མིག་ནི་འཛིན་པའོ། །གཟུགས་ནི་གཟུང་བའོ། །རྣ་བས་ མཉན་པར་བྱ་བ་སྒྲ། །ཞེས་པ། རྣ་བ་ནི་འཛིན་པའོ། །སྒྲ་ནི་གཟུང་བའོ། །སྣ་ཡིས་རེག་བྱ་དྲི་ཡིན་ནོ། །ཞེས་པ་སྣ་ནི་འཛིན་པའོ། །དྲི་ནི་གཟུང་བའོ། །ལྕེ་ཡིས་རོ་ནི་རེག་བྱ་སྟེ། །ཞེས་པ་ལྕེ་ནི་འཛིན་པའོ། །རོ་ནི་གཟུང་བའོ། །དངོས་པོ་ལུས་ཀྱིས་རིག་པར་བྱ། །ཞེས་པ་ལུས་ ནི་འཛིན་པའོ། །དངོས་པོ་ནི་གཟུང་བའོ། །ཡིད་ཀྱིས་བདེ་བ་ལ་སོགས་ཐོབ། །ཅེས་པ་ཡིད་ནི་འཛིན་པའོ། །བདེ་བ་ལ་སོགས་པ་ནི་གཟུང་བའོ། །འདིས་ནི་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་ལས་རྣམ་པར་མ་དག་པའོ། །དེ་རྣམས་རྣམ་པར་སྦྱངས་ཏེ་བསྟེན་པར་བྱའོ་ཞེས་པའོ། ། དེའི་ཕྱིར་གསུངས་པ། བསྟེན་བྱ་འདི་དག་བསྟེན་བྱ་ཞིང་། །དུག་མེད་བྱས་ན་དག་པར་འགྱུར། །འདིའི་དོན་ནི་འདི་ཡིན་ཏེ། །ཕུང་པོ་ལ་སོགས་པ་རྣམས་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པས་རྣམ་པར་མ་དག་པའོ། །དེ་རྣམས་ཀྱང་ལྷའི་རྣམ་པས་རྣམ་པར་ སྦྱངས་ན་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་པའོ། །དག་པ་ཉིད་གསུངས་པ། གཟུགས་ཀྱི་ཕུང་པོར་རྡོ་རྗེ་མ། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་ མེད་རྣལ་འབྱོར་མ་གནས་སོ། །ཕུང་པོ་ནི་སྤུངས་པ་སྟེ། ནམ་མཁའི་ཁམས་ལྟ་བུར་གཟུགས་མཐའ་ཡས་པ་ཉིད་ཀྱིས་གཟུགས་ཀྱི་ཕུང་པོའོ། །དེ་བཞིན་དུ་ཚོར་བ་མཐའ་ཡས་པ་ཉིད་ཀྱིས་ཚོར་བའི་ཕུང་པོའོ། །འདུ་ཤེས་མཐའ་ཡས་པ་ཉིད་ཀྱིས་འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་མཐའ་ ཡས་པ་ཉིད་ཀྱིས་འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པ་མཐའ་ཡས་པ་ཉིད་ཀྱིས་རྣམ་པར་ཤེས་པའི་ཕུང་པོའོ། །ཕུང་པོ་ལྔ་པོ་འདིས་མཁའ་འགྲོ་མ་ལྔའི་རྣམ་པར་དག་པ་སྟེ། ཕུང་པོ་ལྔ་རྣམ་པར་དག་པའོ། །རྟག་ཏུ་འདི་རྣམས་རྣམ་དག་ན། །དེ་ཉིད་རྣལ་འབྱོར་པ་དེས་འགྲུབ། མཁའ་ འགྲོ་མ་འདི་རྣམས་ཀྱི་རྣམ་པར་དག་པ་རྟག་ཏུ་བར་ཆད་མེད་པ་ཉིད་ཀྱིས་ཏེ། གང་གི་ཕྱིར་གྱི་དོན་ལ་ནའི་སྒྲའོ། །གང་གི་ཕྱིར་བར་ཆད་མེད་པས་གཟུགས་ལ་སོགས་པ་ཕུང་པོ་ལྔ་མཁའ་འགྲོ་མར་རྣམ་པར་དག་པ་སྟེ། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དེ་ཁོ་ན་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་ངེས་པར་ འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དབང་ལྡན་དུ་ནི་པུཀྐ་སཱི། །དེ་བཞིན་མེ་རུ་རི་ཁྲོད་མ། །བདེན་བྲལ་གདོལ་པ་མོ་གཞག་ཅིང་། །རླུང་དུ་གཡུང་མོ་རྣམ་པར་གཞག །ཕྱོགས་སུ་དགོད་པ་གསུངས་པས་འཇིག་རྟེན་སྐྱོང་བ་མནན་པ་འབྱུང་བ་ཆེན་པོ་བཞི་རྣམ་པར་དག་པ་ མཁའ་འགྲོ་མ་བཞི་སྟེ། མཁའ་འགྲོ་མ་བཞི་རྣམ་པར་དག་པ་འབྱུང་བ་ཆེན་པོ་བཞི་ཞེས་པའོ། །དེ་ནས་ཕྱི་ཡི་རིམ་པ་བཤད། །དེ་ནས་ཞེས་པ་དེ་མ་ཐག་བར་མ་ཆད་པ་ཉིད་ཀྱིས་སོ། །ཕྱིའི་རིམ་པ་ནི། ཕྱི་རོལ་དུ་གྱུར་པ་ནི་ཕྱི་སྟེ། ཕྱི་དང་དེའི་རིམ་པ་ཡང་ཕྱིའི་རིམ་པའོ། །ཕྱི་ནི་ནང་ལས་མཚན་ ཉིད་གཞན་མ་ཡིན་པའི་ཕྱིར་ནང་དང་ལྷན་ཅིག་ཁ་སྦྱོར་རོ། །དེ་བཤད་ཅིང་བསྟན་པར་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པ་ཉིད་ཀྱིས་རབ་ཏུ་རྟོགས་པར་བྱའོ། །དེ་ཉིད་གསུངས་པ། ཕྱི་མ་ལྷ་མོ་གཽ་རཱི་ལ་སོགས་གང་ལ་གཞན་ཐ་དད་པ་མེད་པ་དེ་ནི་གཞན་མིན་ཏེ་དེ་རྣམས་གཞན་མིན་དང་། ལྷ་མོ་གཽ་རཱི་ལ་ སོགས་པ་ཡང་ཡིན་པའི་ཕྱིར་ཕྱི་མ་ལྷ་མོ་གཽ་རཱི་སོགས་ཞེས་པ་དབྱེར་མེད་པའི་ཕྱིར་གཅིག་གི་ཚིག་གོ། །དེ་ཉིད་གསུངས་པ། དབང་དཀར་གཤིན་རྗེ་ཆོམ་རྐུན་མ། །ཆུ་ཡི་ཕྱོགས་སུ་རོ་ལངས་མ། །ལུས་ངན་དུ་ནི་གྷསྨ་རཱི། །འོག་ཏུ་ས་སྤྱོད་མ་ཞེས་བརྗོད། །སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། ། བསྐྱེད་པའི་རིམ་པའི་ཕྱོགས་ཉིད་ལས། །གཽ་རཱི་ནི་དབང་པོ་མནན་པའོ། །ཙཽ་རཱི་ནི་གཤིན་རྗེ་མནན་པའོ། །བེ་ཏཱ་ལཱི་ནི་ཆུ་ལྷ་མནན་པའོ། །གྷསྨ་རཱི་ནི་ལུས་ངན་མནན་པ་སྟེ། སྔར་དབང་ལྡན་ལ་སོགས་པ་ཕྱོགས་བྲལ་སྐྱོང་བ་བཞི་མནན་ཅིང་ཕྱོགས་བྲལ་བཞི་ཁྱབ་པའི་མཁའ་འགྲོ་མ་ པུཀྐ་སཱི་ལ་སོགས་པ་བཞིའོ། །འདིར་ནི་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བ་བཞི་མནན་ཅིང་ཕྱོགས་བཞི་ཁྱབ་པ་ཉིད་ཀྱིས་རྣལ་འབྱོར་མ་གཽ་རཱི་ལ་སོགས་པ་བཞིའོ། །འོག་དང་སྟེང་གི་ཕྱོགས་ཉིད་ཁྱབ་པ་ཉིད་ཀྱིས་མཁའ་འགྲོ་མ་ས་སྤྱོད་མ་དང་མཁའ་སྤྱོད་མ་གཉིས་སོ་ཞེས་པ་མཁའ་འགྲོ་མ་བརྒྱད་ནི་ ཕྱོགས་བརྒྱད་ཀྱི་འཇིག་རྟེན་སྐྱོང་བ་མནན་པས་ཕྱོགས་བརྒྱད་ཁྱབ་པའོ། །མཁའ་འགྲོ་མ་མཁའ་སྤྱོད་མ་དང་ས་སྤྱོད་མ་གཉིས་ནི་སྲིད་པ་དང་མྱ་ངན་ལས་འདས་པ་རྣམ་པར་དག་པ་སྟེ། སྲིད་དང་ཞི་བའི་རང་བཞིན་གྱིས། །ལྷ་མོ་གཉིས་པོ་འདི་དག་གནས། །སྲིད་པའི་རང་བཞིན་གྱིས་ས་སྤྱོད་མའོ། ། མྱ་ངན་ལས་འདས་པའི་རང་བཞིན་གྱིས་མཁའ་སྤྱོད་མའོ། །འདིས་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་རང་བཞིན་ཡེ་ཤེས་ཀྱི་རྣམ་པ་འདི་དག་བརྟན་པར་གནས་ཏེ། གཡོ་བ་མེད་པའི་རང་བཞིན་ནོ། །གང་ཞེ་ན། ལྷ་མོ་གཉིས་སོ། །གཽ་རཱི་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། གཟུགས་ ལ་གཽ་རཱི་རྟག་ཏུ་བཤད། །གཟུགས་རྣམ་པར་དག་པ་གཽ་རཱིའོ། །སྒྲ་ལ་ཙཽ་རཱི་རབ་ཏུ་གྲགས། །སྒྲ་རྣམ་པར་དག་པ་ཙཽ་རཱིའོ། །དྲི་ཡི་ཆ་ལ་བེ་ཏཱ་ལཱི། །དྲི་རྣམ་པར་དག་པ་བེ་ཏཱ་ལཱིའོ། །རོ་ལ་གྷསྨ་རཱི་རབ་གྲགས། །རོ་རྣམ་པར་དག་པ་གྷསྨ་རཱིའོ། །རེག་ལ་ས་སྤྱོད་མ་ཞེས་བཤད། །རེག་བྱ་རྣམ་ པར་དག་པ་ས་སྤྱོད་མའོ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་སྟེ། དེས་རྣམ་པར་དག་པ་མཁའ་སྤྱོད་མའོ། །རྟག་ཏུ་འདི་རྣམས་རྣམ་དག་ན། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །གཽ་རཱི་ལ་སོགས་པ་འདི་རྣམས་ དང་འབྲེལ་པའི་གཟུགས་ལ་སོགས་པ་རྣམ་པར་དག་པ་དེས་གང་གི་ཚེ་རྟག་པར་རྒྱུན་དུ་བར་ཆད་མེད་པར་གྱུར་པ་དེའི་ཚེ་རྣལ་འབྱོར་པ་དེ་ཁོ་ནའི་རྣལ་འབྱོར་དང་ལྡན་པར་འགྱུར་ཞིང་དེ་ཁོ་ནའི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་བ་ཁོ་ནའོ། །དཀྱིལ་འཁོར་གཉིས་དབྱེར་མེད་པ་ཁོ་ན་ རྣལ་འབྱོར་མའི་འཁོར་ལོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་རྣམ་པར་དག་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་གསུངས་པ། ཕྱག་རྣམས་སྟོང་ཉིད་དག་པ་སྟེ། །ཕྱག་རྣམས་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ ཁོ་ན་ཕྱག་བཅུ་དྲུག་གོ། །བདུད་དག་པ་ལས་ཞབས་དག་གོ། །ཞེས་པ་རིགས་ཙམ་གྱིས་ཞབས་དག་ཅེས་པ་སྟེ། བདུད་བཞི་རྣམ་པར་དག་པས་ཞབས་བཞིའོ། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་ཏེ། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་ཞལ་བརྒྱད་རྣམས་སོ། །རྡོ་རྗེ་གསུམ་གྱིས་དག་པ་སྤྱན། །ཞེས་པ་སྟེ། འདིས་ནི་ཕྱག་དང་ཞབས་དང་ཞལ་དང་སྤྱན་རྣམས་ཀྱི་རྣམ་པར་དག་པའོ། །སྟོང་པ་ཉིད་བཅུ་དྲུག་ཅེས་པ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་ དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་རང་བཞིན་སྟོང་ པ་ཉིད་དང་། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་དངོས་པོ་སྟོང་པ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་དེ། འདིར་དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་དངོས་པོ་སྟོང་པ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་ པ་བཞི་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་བཅུ་དྲུག་གོ། །ནང་གི་ཆོས་མིག་ལ་སོགས་པ་རྣམས་ཏེ། དེ་རྣམས་མིག་ལ་སོགས་པ་རྣམས་ཉིད་ཀྱིས་སྟོང་པའི་ཕྱིར་ནང་སྟོང་པ་ཉིད་དོ། །ཕྱིའི་ཆོས་གཟུགས་ལ་སོགས་པ་ཡུལ་རྣམས་ཏེ། གཟུགས་ལ་སོགས་པ་རྣམས་ཉིད་ཀྱིས་སྟོང་ པའི་ཕྱིར་ཕྱི་སྟོང་པ་ཉིད་དོ། །ནང་གི་ཆོས་མིག་ལ་སོགས་པ་རྣམས། ཕྱིའི་ཆོས་གཟུགས་ལ་སོགས་པ་ཡུལ་རྣམས་ཀྱིས་སྟོང་ཞིང་། ནང་གི་ཆོས་མིག་ལ་སོགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པའི་ཕྱིར་སྟོང་པ་ཉིད་ སྟོང་པ་ཉིད་དོ། །ཤར་ལ་སོགས་པའི་ཕྱོགས་རྣམས་ཤར་ལ་སོགས་པའི་ཕྱོགས་རྣམས་ཀྱིས་སྟོང་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། དེས་མྱ་ངན་ལས་འདས་པ་སྟོང་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་དོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ དང་། གཟུགས་མེད་པའི་ཁམས་ནི་འདུས་བྱས་ཏེ་དེ་རྣམས་ཉིད་ཀྱིས་སྟོང་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་དོ། །སྐྱེ་བ་དང་འགག་པ་ལ་སོགས་པས་སྟོང་པ་ནི་འདུས་མ་བྱས་ཏེ། དེ་དེས་སྟོང་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་དོ། །དེ་ལས་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་གི་ མཐའ་ཉེ་བར་དམིགས་པ་མེད་པ་དེ་ནི་མཐའ་ལས་འདས་པ་སྟེ། མཐའ་ལས་འདས་པ་མཐའ་ལས་འདས་པས་སྟོང་པའི་ཕྱིར་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དུ་བརྗོད་དོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་གི་ཐོག་མ་མེད་ཅིང་མཐའ་མི་དམིགས་པ་དེའི་དབུས་ མེད་དོ། །གང་གི་ཐོག་མ་མེད་ཅིང་དབུས་མེད་ལ་ཐ་མ་མི་དམིགས་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དེ་ནི་དེས་སྟོང་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཆོས་གང་གི་དོར་བ་ནི་སྤྲོ་བ་དང་འདོར་བ་སྤོང་བའོ། །དེ་ལྟར་མ་ཡིན་པ་ནི་དོར་བ་མེད་པ་སྟེ། དེ་ དེས་སྟོང་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་དོ། །གང་ཞིག་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་དེ་ནི་དེས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་དོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་རྣམས་ཀྱིས་སྟོང་པའི་ཕྱིར་རང་གི་ མཚན་ཉིད་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ནི་ཕུང་པོ་ལྔ་ལ་སོགས་པ་སྟེ། དེ་རྣམས་ཉིད་ཀྱིས་སྟོང་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདས་པའི་ཆོས་ལ་མ་འོངས་པ་དང་། མ་འོངས་པ་ལ་འདས་པ་དང་། ད་ལྟར་བྱུང་བའི་ཆོས་ལ་ད་ལྟར་བྱུང་བ་དང་འདས་པ་དང་། འདས་པ་དང་མ་འོངས་པ་