Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 090_རྒྱུད་འབུམ།_ཕ

Văn bản gốc(Tây Tạng)

Trang 10 / 18 (50.000 ký tự/trang)
བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་

ཁྱོད་ལ་འདུད། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །ཆོས་ཀྱི་རྒྱལ་པོ་འོད་མཛད་པ། །སངས་རྒྱས་དཔལ་ལ་བདག་ཕྱག་འཚལ། །
གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །གཽ་ཏམ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །སྲིན་པོ་མཐོང་ན་རབ་འཇིགས་པ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་
སྦྱར་ཏེ་འཁོད་གྱུར་ལགས། །བདག་ནི་རྒྱལ་པོ་ཡུལ་འཁོར་སྲུང་། །ཤར་ཕྱོགས་སྐྱོང་བར་བགྱིད་པ་སྟེ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །སྲིན་པོ་རྣམས་དང་ཤ་ཟ་དང་། །དྲི་ཟ་དང་ནི་རླུང་ལྷ་རྣམས། །དེ་དག་བདག་གིས་བཟློག་པར་བགྱི། །སྱཱད་ཡ་ཐེ་དན།
ཨི་ཏི་མི་ཊཱི། ཁུ་ར་ཊེ། ཕུ་ར་ཊེ། མ་ཏི་བི་མ་ཊི། ཨུ་མ་ཎི་ཨཀྐེ། མཀྐེ། ནཀྐེ། ཨ་ཊུ་མི། བ་ཊུ་མི། མ་བྷེ། ཨེ་རི་ཊི། པི་རི་ཊི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཕྱོགས་སྐྱོང་བར་གྱུར་ཅིག །སྲིན་པོ་དང་། ཡི་དགས་དང་། དྲི་ཟ་དང་། རླུང་ལྷ་དང་། མི་འམ་
ཅི་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་
གཟིགས་ཁྱོད་ལ་འདུད། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །དེ་ནས་རྒྱལ་པོ་འཕགས་སྐྱེས་པོ། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །འཇིག་རྟེན་མགོན་པོ་སྐྱབས་མཛད་པ། །འཇིག་རྟེན་ཀུན་ལ་ཕན་པ་མཛད། །གཽ་ཏམ་
དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །གྲུལ་བུམ་ཡི་དགས་སྲུལ་པོ་རྣམས། །སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས། །བདག་ནི་རྒྱལ་པོ་འཕགས་སྐྱེས་པོ། །ལྷོ་ཕྱོགས་

སྐྱོང་བར་བགྱིད་པ་སྟེ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །འབྱུང་པོ་རྒྱུ་བ་གཟི་བྱིན་འཕྲོག །གྲུལ་བུམ་ཡི་དགས་སྲུལ་པོ་རྣམས། །དེ་དག་བདག་གིས་བཟློག་པར་བགྱི། །སྱཱད་ཡ་ཐེ་དན། ཨ་ལེ། ཨི་ལེ་ལེ། ཀི་ལེ་ཀི་ལེ་ལེ། ཀུ་པ་ཀུ་པ་ས། སི་ལེ་སི་ལེ་ལེ།
སི་ལི་ལི་ལི། ལི་ལི་ལི་ལི་ལི། ཧི་ཧི་སི་ལེ། མ་ཏི་སུ་མ་ཏི། སུ་སུ་མ་ཏི། སུ་སུ་སུ་སུ། སུ་སུ་མ་ཏི། ཧི་ལི་ཥ་ཧི་ལི་ཥ་སྭཱ་ཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཕྱོགས་སྐྱོང་བར་གྱུར་ཅིག །གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། འབྱུང་པོ་དང་། རྒྱུ་བ་དང་།
གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་
ཁྱོད་ལ་འདུད། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །དེ་ནས་རྒྱལ་པོ་མིག་མི་བཟང་། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །མུན་པར་གྱུར་པའི་འཇིག་རྟེན་ལ། །བཅོམ་ལྡན་ལམ་རྣམས་སྟོན་མཛད་པ། །གཽ་ཏམ་དཔའ་བོ་
ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །འཇིག་རྟེན་དག་ན་ཉི་ཟླ་འདྲ། །རིན་ཆེན་སྙིང་པོ་སྟོབས་པོ་ཆེ། །ཀླུ་དང་མཁའ་ལྡིང་གསང་བ་པ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས། །
བདག་ནི་རྒྱལ་པོ་མིག་མི་བཟང་། །ནུབ་ཕྱོགས་སྐྱོང་བར་བགྱིད་པ་སྟེ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །ཀླུ་དང་མཁའ་ལྡིང་གསང་བ་པ། །ལྷ་མིན་དབང་པོ་སྟོབས་པོ་ཆེ། །དེ་དག་བདག་གིས་བཟློག་པར་བགྱི། །སྱཱད་ཡ་ཐེ་དན། དགེ་དགེ། སུ་བ་ཏི་ཡེ། པ་
ཊེ། ཨཊ། ཀ་མཊྚེ། བི་མ་བི་ད་མ། བི་ད་ད་མ། བྷི་ད་ད་མ་ནི། ཨ་བྷི་ན་མེ། གཙྪ་བྷུ་ཏེ། ད་ལ་ཕི་ཡེ། བ་ར་སུརྟྲ་ཙི་ཙི་ལེ། ཙི་ལི་ལི་ལི་ལི་ལི་ལི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་ཕྱོགས་སྐྱོང་བར་གྱུར་ཅིག །ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། ལྷ་

མ་ཡིན་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །
ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །དེ་ནས་རྒྱལ་པོ་ཆེན་པོ་བཞི་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་
འབའ་ཞིག་ལ་ཕྱག་འཚལ་ཞིང་གྲོས་མཐུན་པ་དང་། ཚིག་མཐུན་པ་དང་། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་རྒྱལ་པོ་ཆེན་པོ་བཞིའི་བསྲུང་བ་སྟེ་འཁོར་བཞི་པོ་རྣམས་ལ་ཡོངས་
སུ་ཁྱབ་པ་ལགས་སོ། །གནོད་སྦྱིན་དང་། སྲིན་པོ་ནས་གནོད་པ་བགྱིད་པའི་བར་དུ་བཟློག་པར་བགྱི་བ་དང་། འཁོར་བཞི་པོ་རྣམས་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། བདེ་ལེགས་སུ་འགྱུར་བ་དང་། བདེ་བར་གནས་པར་བགྱིད་པ་ལགས་སོ། །དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་དག་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་བཟུང་ཟིན་ནོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་ངས་ཡོངས་སུ་བཟུང་ཟིན་ནོ། །ཀྱེ་རྒྱལ་པོ་ཆེན་པོ་དག་གཞན་ཡང་ངས་བསིལ་
བའི་ཚལ་གྱི་མདོ་ཆེན་པོ་ལ་རྗེས་སུ་ཡི་རང་བའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བརྗོད་ཀྱིས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ། །ཞེས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཉན་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རིན་པོ་ཆེ་གཡས་པས་ན་བཟའ་ཆོས་གོས་ཕྱེ་ནས་འབྱུང་པོའི་ཚོགས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་འདི་བསྟན་པར་བྱའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་དབྱེ་བར་བྱའོ། །ཐམས་ཅད་ལ་གོ་བར་བྱའོ། །དེ་ནས་བཅོམ་

ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིག་སྔགས་འདི་བཀའ་སྩལ་ཏོ། །སྱཱད་ཡ་ཐེ་དན། ཧི་ལཱི་ཧི་ལཱི། བྷི་སི་ནི། བཀྐེ །ཨ་ཧ་ར་ཡེ། ཏ་མ་ཏི། ཏ་མ་ཏི། ཏི་ལ་བཀྐེ། བ་ལཱི་ཏ་ཀེ། ད་རི་ཏི་ན། ད་དྷི་ན་ད། ཕུ་ཊྱི་ཕུ་ཕུ་ཊྱི། གུ་ཊྱི་གུ་གུ་ཊྱི། ཧི་ཙ་ཀཱནྟི། ནཱ་མཱ།
ཀཱན་ཏཱི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བཀའ་སྩལ་པ་ན་ས་འདི་ཀུན་ཏུ་གཡོས། འབྱུང་པོ་ཐམས་ཅད་རབ་ཏུ་འདར་ནས་ཀྱེ་མ་ཀྱེ་ཧུད་ཀྱེ་མ་སྡུག་བསྔལ་ལོ་ཞེས་སྒྲ་ཆེན་པོ་བྱུང་ངོ་། །སྲིན་པོ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་ཏེ། འདི་ལྟར་ཡང་དག་
རྫོགས་སངས་རྒྱས། །སེམས་ཅན་ཀུན་ལ་ཐུགས་བརྩེ་ནས། །འབྱུང་པོ་ཀུན་འཇིགས་ཉེན་པ་ཡི། །རིག་སྔགས་འདི་འདྲ་སྲུང་བར་མཛད། །དེ་ནས་ཀུན་མཁྱེན་སྟོན་པ་པོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །གནོད་སྦྱིན་སྲིན་པོ་དྲི་ཟ་དང་། །ཀླུ་དང་
མཁའ་ལྡིང་གསང་བ་པ། །འབྱུང་པོ་རྒྱུ་བ་གཟི་བྱིན་འཕྲོག །གྲུལ་བུམ་ཡི་དགས་སྲུལ་པོ་དང་། །ལྷ་མིན་གཤེད་བྱེད་རོ་ལངས་དང་། །བརྗེད་བྱེད་དང་ནི་མི་འམ་ཅི། །སྐེམ་བྱེད་དང་ནི་རིམས་དྲག་དང་། །དེ་བཞིན་བྲམ་ཟེ་སྲིན་པོ་དང་། །སྨྱོ་བྱེད་རིམས་
ནད་ཞག་གསུམ་པ། །དེ་བཞིན་ཞག་ནི་བཞི་པ་རྣམས། །སྐྲག་ཅིང་རབ་ཏུ་འདར་འགྱུར་ཏེ། །ཕྱོགས་བཅུར་རྒྱུག་པ་གཟིགས་ནས་ཀྱང་། །དེ་དག་ལ་ནི་ཐུགས་བརྩེའི་ཕྱིར། །རིག་སྔགས་འདི་ནི་བརྗོད་པར་མཛད། །སྱཱད་ཡ་ཐེ་དན། ཧི་རི་མ་ཁ། ཏི་རི་ཁ་ཁ།
ཀ་ཊ་མ་ཊཱ། སིད་དྷ་མ་ཧཱ། ཧ་ཏ་རི། ཨུ་ཊ་ཏ་ནི། ད་ཊ་ད་ཊ། ད་ཏི་ལི། ད་མཏྟེ། ད་མཏྟེ། དྷུ་དྷུ་རི། ད་ད་རི། ད་ར་མི་ར། ཀི་རི་ཀཱི་ཡེ། ཀ་ཏ་བ་རེ་ཎི། སུ་སུ་མཱ་ལེ་སྭཱ་ཧཱ། གསང་སྔགས་ཆེན་པོ་རིག་སྔགས་ཆེན་པོ་འདི་ལས་འགལ་བར་མ་བྱེད་ཅིག །བཅོམ་ལྡན་
འདས་ཀྱི་གསུང་གི་ཆོས་ལ་ཡང་དག་པར་སོ་སོར་རྟོགས་ཤིག །ཁྱེད་ཀུན་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ཞིང་འཁོར་བར་འགྲོ་བ་རེ། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་རྒྱལ་མོ་ཆེན་

མོ་སྔོན་མ་ཐོས་པ་འདི་ཐོས་ནས་སྐྲག་ཅིང་དངངས་ཏེ་མི་དགའ་ལ་སྐྱི་བུང་ཞེས་བྱེད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་གྲོས་མཐུན་པ་དང་། ཚིག་མཐུན་པ་དང་། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྡང་བའི་འབྱུང་
པོ་ཟད་བགྱིད་པ། །རིག་སྔགས་འདི་ནི་ལེགས་པར་གསུངས། །མི་ཡི་འཇིག་རྟེན་བདེ་བགྱིད་པའི། །རིག་སྔགས་བདག་ཅག་བརྗོད་པར་འཚལ། །དེ་ལ་རིག་སྔགས་འདི་ལགས་ཏེ། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཨུ་ཧུ་ཧ་ལ། ཀུ་ལི་
ཛི་བ་ཨ་བྷུ་ཡ། མ་སུ་ར་བེ་ལ། ཨད་དྱཱ་བད་དྱཱ། ཨད་དྱཱ་བ་ཏེ། ནད་ད་བད་དྱེ། མ་རུ་དྷྱ། མ་རུ་དྷྱ། བ་དེ་མ་རུ་ད་དྱ་ཕ་ལ་སྭཱ་ཧཱ། བཅོམ་ལྡན་འདས་འབྱུང་པོ་ཐམས་ཅད་བཟློག་པ་འདི་གཟུང་བར་གསོལ། སྱཱད་ཡ་ཐེ་དན། ཨི་ལི་ཨི་ལི། མི་ལི་མི་ལི། ཀི་ལི་ཀི་ལི། བ་ན་ར།
ནི་ལ་པ་ཡ། བྷུ་བྷུ་བྷུ་ར། ཐི་རཱུ་ཕུ་ཕུ་ཕུ་ར། ག་ཤ་ལཱི། རཽ་ཁ་ད་ཡ་མ་ལ། ཁུ་ལི་ཁུ་ལི་བ་ཡ་སྭཱ་ཧཱ། རིག་སྔགས་ཀྱི་རྒྱལ་མོ་འདི་ནི་ལོ་གཅིག་གི་བར་དུ་མཚམས་གཅོད་པ་དང་། འབྱུང་པོ་ཐམས་ཅད་བཟློག་པ་དང་། དོན་ཐམས་ཅད་གྲུབ་པ་ལགས་སོ། །དེ་ནས་གནོད་སྦྱིན་དང་།
སྲིན་པོ་དང་། དྲི་ཟ་ནས་གནོད་པར་བགྱིད་པའི་བར་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སྔོན་མ་ཐོས་པ་འདི་ཡང་ཐོས། རྒྱལ་པོ་ཆེན་པོ་བཞིའི་བསྲུང་བ་སྔོན་མ་ཐོས་པ་འདི་ཡང་ཐོས་ནས་སྐྲག་ཅིང་དངངས་ལ་མི་དགའ་སྟེ། སྐྱི་བུང་ཞེས་བྱེད་ནས་ས་ལ་
འཛུལ་ཀུན་ཏུ་འཛུལ། ཀུན་ཏུ་རབ་ཏུ་འཛུལ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ས་གཞི་རྡོ་རྗེར་སྤྲུལ་ནས་དེ་དག་ཕྱོགས་བཞིར་རྒྱུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཕྱོགས་བཞིར་མེའི་ཕུང་པོ་ཆེན་པོ་སྤྲུལ་ཏོ། །དེ་ནས་ནམ་མཁའ་ལ་རྒྱུག་གོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ནམ་མཁའ་གསེར་དུ་སྤྲུལ་ཏོ། །དེ་ནས་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལྷ་དང་དྲི་ཟས་བསྐོར་ཅིང་མདུན་དུ་བདར་ཏེ། སྟེང་གི་བར་སྣང་ལ་འཕགས་ནས་གནོད་སྦྱིན་དང་སྲིན་པོ་ནས་གནོད་པར་བྱེད་པའི་བར་རྣམས་གཞོམ་པ་དང་། སེམས་ཅན་ཐམས་ཅད་

ལ་སྙིང་བརྩེ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པ་དང་། འཁོར་བཞི་པོ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། བདེ་ལེགས་སུ་འགྱུར་བ་དང་། བདེ་བར་གནས་པར་བྱ་བའི་ཕྱིར་རིག་སྔགས་འདི་བརྗོད་དོ། །སྱཱད་ཡ་ཐེ་དན། གི་མི་གི་མི་གི་མི་གི་མི། གི་ནི་
གི་ནི་གི་ནི་གི་ནི། ན་ཁི་མི་ན་ཁི། ནི་ཥ་ནི་ཥ་ནི་ཥ། ཨུ་བ་ཨ། དི་ཤྭ་དི་ཤྭ། བི་དི་ཤ། སརྦ་དི་ཤྭ། ཨ་དྷི་བ་ཏི། གི་ར། བི་ས། ཛ་ནི་བྷུ་མི་པ་ཏི། ཨི་ལི་ལཱི། ཨི་ལི་ལཱི། ཀི་ལི་ལཱི། ཀི་ལི་ཀི་ལི་ལཱི། ཀི་ལི་ཀི་ལི་ལཱི། ཀི་ལི་ཀི་ལི་ལཱི། ཀི་ལི་ཀི་ལི་ལཱི། ཀི་ལི་ཀི་ལི་ལི། ཀི་ལི་ལི་
ལི་ལི་ལི་ལི། ཀི་ལི་ལི་ལི་ལི་ལི་ལི་ལི་ལི། ཨད་དྱི། ནད་དྱི། ཀུ་ནད་དྱི། མ་ཧཱ་ཀུ་ནད་དྱི། ཀུ་ལད་དྱི་ཁུ་ལད་དྱི། ཁུ་ཁུ་ལད་དྱི་མ་ཧཱ་ཁུ་ལད་དྱི། ཧུ་ལུ་ཧུ་ལུ། ལུ། ཧུ་ལུ་ལུ་ལུ། ཧུ་ལུ་ལུ་ལུ་ལུ། ཧུ་ལུ་ལུ་ལུ་ལུ། ལུ། ཧུ་ལུ་ལུ་ལུ་ལུ་ལུ་ལུ་ལུ་ལུ་ལུ། ལུ། ཧ་ལ་ཧ་ལ། ཧི་ལི་ཧི་ལི།
ལ་ཧ་ཧ་ལུ། ཧུ་ལེ། ཨི་ཧ། ཧུ་ལེ་ཧུ་ལེ། ཨུ་ལད་ཏྱི། ཧི་ལེ། ཨུ་ཧ་ཧི་ལེ། ཧི་ལ་ཧི་ལེ། ཧུ་ལུ། ཧི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལེ། ཧ་ཧ་ཧ་ཧ་ཧ་ཧ། སྭཱ་ཧཱ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་སྐྱོང་བར་གྱུར་ཅིག །ལྷ་རྣམས་ཀྱི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་
མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཤེས་རབ་ཆེན་པོ་ཁྱོད་ལ་འདུད། །
གཽ་ཏམ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་ནས་གནོད་པར་བགྱིད་པའི་བར་རྣམས་མིང་འདི་ཞེས་བྱ་བའི་ལུས་ལ་བབས་པ་
ལས་གུད་དུ་དེང་ཤིག །གལ་ཏེ་མིང་འདི་ཞེས་བྱ་བའི་ལུས་ལས་མྱུར་དུ་གུད་དུ་མ་དོང་ན། དེ་དག་ལ་མྱུར་དུ་འཇིགས་པ་ཆེན་པོ་དང་། ནད་དྲག་པོས་འདེབས་པར་འགྱུར་ལ། དེའི་རྐྱེན་གྱིས་མགོ་བོ་དང་། སྙིང་ཚལ་པ་བརྒྱར་འགས་པར་འགྱུར་ཏེ། དེའི་མོད་ལ་སྡུག་བསྔལ་

དུ་མ་འབྱུང་བ་དང་བརླག་པ་དང་མཐའ་མེད་པར་འགྱུར་རོ། །འབྲུམ་བུའི་གདོན་གང་ཡིན་པ་དང་། སྐྱ་རེངས་འཆར་ཀའི་གདོན་གང་ཡིན་པ་དང་། གྲིབ་གནོན་གྱི་གདོན་གང་ཡིན་པ་དེ་དག་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་མིང་འདི་ཞེས་བྱ་བའི་
ལུས་ལས་མྱུར་དུ་གུད་དུ་དེང་ཤིག །གལ་ཏེ་མྱུར་དུ་གུད་དུ་མ་དོང་ན་དེ་དག་ལ་མྱུར་དུ་འཇིགས་པ་ཆེན་པོ་དང་། ནད་དྲག་པོས་འདེབས་པར་འགྱུར་ལ། དེའི་རྐྱེན་གྱིས་མགོ་བོ་དང་། སྙིང་ཚལ་པ་བརྒྱར་འགས་པར་འགྱུར་ཏེ། དེའི་མོད་ལ་སྡུག་བསྔལ་དུ་མ་འབྱུང་བ་དང་།
བརླག་པ་དང་མཐའ་མེད་པར་འགྱུར་རོ། །གཟི་བྱིན་དང་ནི་ཁྲག་ཟ་བ། །ཉིན་མཚན་རྒྱུ་བ་གང་ཡིན་པ། །དེ་དག་གིས་ཀྱང་ལེགས་གསུངས་པའི། །མདོ་བཤད་ཐོས་ནས་གཏང་བར་གྱིས། །ཤ་ཟ་ལུས་འཕགས་སྐེམ་བྱེད་དང་། །འབྱུང་པོ་འཇིགས་བྱེད་སྲུལ་པོ་
རྣམས། །དེ་དག་གིས་ཀྱང་ལེགས་གསུངས་པའི། །མདོ་འདི་བཤད་པ་ཐོས་ནས་ཐོང་། །ལྷ་དང་ལྷ་མིན་རླུང་ལྷ་དང་། །དྲི་ཟ་དང་ནི་གདོན་གྱི་བླ། །འབྱུང་པོ་དང་ནི་ཤ་ཟ་དང་། །དེ་བཞིན་གནོད་སྦྱིན་སྲིན་པོ་རྣམས། །ཀུན་ཏུ་འཁྲུགས་ཤིང་ཀུན་ཏུ་གཡོས། །
སྐྲག་ཅིང་ཀུན་ཏུ་རབ་ཏུ་འགུལ། །གདོན་སྡང་གནོད་པ་བྱེད་པ་རྣམས། །ལྟུང་ཞིང་རབ་ཏུ་ཕམ་པར་འགྱུར། །ས་གཞི་དག་ཀྱང་རབ་ཏུ་གཡོས། །སྒྲ་བོ་ཆེ་དག་སྒྲོགས་པར་བྱེད། །ཡི་དགས་དང་ནི་གྲུལ་བུམ་རྣམས། །སྡང་བའི་གདོན་ནི་ཟློག་བྱེད་པའི། །མདོ་
འདི་དག་ནི་ཐོས་གྱུར་ནས། །འཇིགས་པ་དྲག་པོས་འདེབས་པར་འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དད་པའི་གནོད་སྦྱིན་གང་ཡིན་པ། །དེ་དག་མགུ་ཞིང་ཡིད་དགའ་ནས། །ལེགས་པར་རྗེས་སུ་ཡི་རང་ངོ་། །དེ་ནས་རྒྱལ་པོ་ཆེན་པོ་བཞི་བར་སྣང་ལས་
བབས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་། གྲོས་མཐུན་པ་དང་། ཚིག་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་

བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་རྒྱལ་པོ་ཆེན་པོ་བཞིས་ཞབས་ལ་ཕྱག་བགྱིས་པ་དང་། འཁོར་བཞི་པོ་རྣམས་སྲུང་བ་དང་། ཡོངས་སུ་སྐྱོབ་པ་དང་། གནོད་སྦྱིན་དང་། སྲིན་པོ་ནས་གནོད་པར་བགྱིད་པའི་བར་རྣམས་འཇོམས་པ་ལགས་སོ། །བཙུན་པ་བཅོམ་ལྡན་
འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་བསྲུང་བ་དང་། དེ་དག་གིས་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་གཟུང་བར་བགྱི། བཅང་བར་བགྱི། བརྗོད་པར་བགྱི། ཀུན་ཆུབ་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ།
དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བདག་བསྲུང་བ་དང་། བདག་སྦ་བ་དང་། གཞན་བསྲུང་བ་དང་། གཞན་སྦ་བའི་སླད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། བརྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་ལ་ནི་གནོད་
སྦྱིན་དང་། སྲིན་པོ་ནས་གནོད་པར་བགྱིད་པའི་བར་རྣམས་ཉེ་འཁོར་དུ་ཡང་གནས་པར་མི་འགྱུར་ན། གནོད་པར་བགྱིད་པ་ལྟ་ག་ལ་སེམས་ལགས། དེ་གང་དུ་མཚན་གཅིག་ཙམ་གནས་པ་དེར་ཡང་གནོད་སྦྱིན་དང་། སྲིན་པོ་ནས་གནོད་པ་བགྱིད་པའི་བར་རྣམས་ཉེ་འཁོར་དུ་ཡང་གནས་
པར་མི་འགྱུར་ན། དེ་གང་དུ་རྟག་ཏུ་གནས་པ་དེར་ལྟ་སྨོས་ཀྱང་ཅི་འཚལ་ལགས། བཙུན་པ་བཅོམ་ལྡན་འདས་གང་ལ་མི་མ་ལགས་པའི་གནོད་པས་ཐེབས་པ་དེའི་མདུན་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བརྗོད་ན། དེ་མྱུར་བ་ཁོ་ནར་བདེ་ལེགས་དང་། ནད་མ་མཆིས་པ་དང་། བདེ་
བར་འགྱུར་ཞིང་ཐར་བར་འགྱུར་ལ། མི་མ་ལགས་པ་རྣམས་དེ་ལ་ལོག་པ་མི་བགྱིད་ཅིང་མྱུར་དུ་གུད་དུ་མཆི་བར་འགྱུར་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་དེ་ལྟར་དོན་ཆེ་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མའམ། དགེ་
བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། བརྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་བགྱིད་པ་དེ་ལ་ནི་དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས་རྒྱལ་པོ་ཆེན་པོ་བཞིའི་གནས་སུ་མཆིས་ནས་མིང་སྨོས་པར་བགྱིད་

དེ། ཀྱེ་རྒྱལ་བོ་ཆེན་པོ་དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཆེ་གེ་མོ་ཞིག་བདག་བསྲུང་བ་དང་། བདག་སྦ་བ་དང་། གཞན་བསྲུང་བ་དང་། གཞན་སྦ་བའི་ཕྱིར་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པར་བྱེད། འཆང་བར་
བྱེད། རྗོད་པར་བྱེད། ཀུན་ཆུབ་པར་བྱེད། སྦྱོར་བར་བྱེད་དོ་ཞེས་སྒྲོགས་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མདུན་དུ་གནོད་སྦྱིན་རྣམས་
འདུས་ཤིང་འབྱུང་པོ་ཐམས་ཅད་ཚོགས་པའི་ནང་དུ་ཡང་བསྒྲགས་ནས། དེར་དེ་དག་མངོན་པར་དགའ་བར་འགྱུར་ཏེ། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་
སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བདག་བསྲུང་བ་དང་། བདག་སྦ་བ་དང་། གཞན་བསྲུང་བ་དང་། གཞན་སྦ་བའི་སླད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། བརྗོད་པ་དང་ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་
བགྱིད་པ་དེ་ནི་ཚངས་པར་སྤྱད་པར་བགྱིའོ། །ཆང་མི་བཏུང་བ་དང་། དྲན་པ་དང་། ཤེས་བཞིན་ཅན་དུ་མཆིས་པ་དང་། ཟས་རྣམ་པ་ལྔ་ལ་འདི་ལྟ་སྟེ། བུ་རམ་དང་། སྦྲང་རྩི་དང་། ཏིལ་དང་། ཤ་དང་། ཉ་ཤ་རྣམས་ཡོངས་སུ་སྤང་བར་བགྱིའོ། །དེ་ཅིའི་སླད་དུ་
ཞེ་ན། བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་དང་། སྲིན་པོ་ནས་གནོད་པར་བགྱིད་པའི་བར་རྣམས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། བརྗོད་པ་དང་ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བ་དེ་ལ་དེའི་སྐབས་ཁོ་ནར་བརླག་པ་དང་། མཐའ་
མ་མཆིས་པར་བགྱིད་པ་དག་མཆིས་ཏེ། དེ་དག་གཞོམ་པའི་སླད་དུ་ཡི་དམ་བགྱི་འཚལ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་

དང་། བརྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་བགྱིད་པ་དེ་ལ་ནི་དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། བྲོ་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་སྤྲོ་བ་བསྐྱེད་པར་བགྱིད་དེ། བཙུན་པ་བཅོམ་
ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གཞན་མུ་སྟེགས་ཅན་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མ་དད་པ་དང་། མངོན་པར་མི་དགའ་བ་དང་། གནོད་པར་འཚལ་བ་དང་། སྨན་པར་མི་འཚལ་བ་དང་།
གྲུབ་པ་དང་། བདེ་བར་མི་འཚལ་བ་གང་ལ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། བརྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་བགྱིད་པ་དེ་ལ་ནི་དོན་དེ་འགྲུབ་པར་མི་བགྱིད་དེ། མི་མ་ལགས་པ་རྣམས་ཀྱིས་བར་མ་དོར་འགུམས་
པ་དང་། སྡུག་བསྔལ་དུ་མ་འབྱུང་བ་དང་། བརླག་པ་དང་། མཐའ་མ་མཆིས་པར་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་དེ་དག་ལ་གནོད་པར་འཚལ་བ་དང་། སྨན་པར་མི་འཚལ་བ་དང་། གྲུབ་པ་དང་། བདེ་བར་མི་འཚལ་བ་ལགས་པའི་སླད་དུ་སྟེ། དེ་དག་
ལ་ནི་ལོག་པར་ལྟ་བ་གང་ལགས་པ་དེ་བརླག་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་ན་སེམས་ཅན་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་རྒྱལ་པོ་ཆེན་པོ་བཞིས་བསྲུང་བ་བགྱིས་པ་གང་ཅི་ཡང་རུང་བའི་བསྲུང་བ་དེ་དག་གི་ནང་ན་ནི་འདི་མཆོག་
དང་། གཙོ་བོ་དང་། རབ་མཆོག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །མི་མཆོག་གང་ཞིག་མདོ་འདི་དག །ཡོངས་སུ་རྫོགས་པར་བསྲུང་བ་དང་། །བདེ་ལེགས་བགྱིད་པ་དེ་ལ་ནི། །སྲིན་པོ་རྣམས་
ཀྱང་འཚེ་མི་བགྱིད། །སུ་ཡང་རུང་སྟེ་མདོ་འདི་དག །མི་མཆོག་གིས་ནི་གསུངས་པ་བཞིན། །ཡོངས་སུ་རྫོགས་ཤིང་མ་ཆད་པར། །ཤིན་ཏུ་ཚང་བར་འཆང་བགྱིད་ན། །དེ་ལ་གནོད་སྦྱིན་ཡི་དགས་དང་། །འབྱུང་པོ་གྲུལ་བུམ་སྲིན་པོ་དང་། །སྨྱོ་བྱེད་རྒྱུ་བ་ཀླུ་རྣམས་དང་། །

དེ་ལྟ་བུ་དག་འཚེ་མི་བགྱིད། །དེ་ལ་མི་མ་ལགས་དང་གདོན། །མྱུར་དུ་གུད་དུ་མཆི་བར་འགྱུར། །དེ་ལ་ཅིས་ཀྱང་མི་ཚུགས་ཏེ། །དེ་ལ་འཚེ་བར་ཡོང་མི་ནུས། །རྒྱལ་པོ་ཆེན་པོ་བཞི་པོ་ཡིས། །བཅོམ་ལྡན་ཕྱག་འཚལ་ཞེས་བརྗོད་དེ། །སངས་རྒྱས་ཞབས་
ལ་ཕྱག་འཚལ་ནས། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་མཚན་མོ་འདས་ཏེ་ནམ་ལངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་བཞུགས་ཏེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་སུམ་རྒྱལ་པོ་ཆེན་པོ་བཞི་བུ་དང་བཅས། བློན་པོ་
དང་བཅས། འཁོར་དང་བཅས། མངག་གཞུག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་འཁོར་དང་བཅས་པ་ཁ་དོག་འཕགས་པ་དག་ནམ་སྲོས་ནས་ལྷགས་ནས་གྲོས་མཐུན་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་འོངས་ཏེ། རང་གི་འོད་ཀྱིས་སྣང་བར་བྱས་ནས་ལུས་ངན་དང་།
ཡུལ་འཁོར་སྲུང་དང་། མིག་མི་བཟང་དང་། འཕགས་སྐྱེས་པོ་རྣམས་ང་ག་ལ་བ་དེར་འོངས་ཏེ་ལྷགས་ནས། ངའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། རྒྱལ་པོ་ཆེན་པོ་བཞིས་ངའི་ཐད་དུ་བསིལ་བའི་ཚལ་གྱི་མདོ་
ཆེན་པོ་འདི་བརྗོད་ནས་དོང་ངོ་། །ཁྱོད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་
སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་རྒྱས་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་ཡི་རངས་ཏེ། བཅོམ་
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འདིའི་ཆོ་ག་ནི་ཟས་དཀར་གསུམ་ཟ་བ་དང་། ལེགས་པར་ཁྲུས་བྱས་པ་དང་། སྨྱུང་བ་བྱས་པ་དང་། ཚུལ་ཁྲིམས་དང་། ལྡན་པ་དང་། བསམ་པ་རྒྱ་ཆེན་པོ་དང་ལྡན་པས་རྒྱལ་པོ་ཆེན་པོ་བཞིའི་གཟུགས་ལྡོང་རོས་སམ་བཙག་གིས་

བྲིས་ལ། སྤོས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་སངས་རྒྱས་ཀྱི་སྤྱན་སྔར་དུས་གསུམ་དུ་བརྗོད་པར་བྱའོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་རྫོགས་སོ།། །།པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་
བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།། །།ཕྱིས་འགོས་གཞོན་ནུ་དཔལ་གྱིས་ཆག་ལོ་ཙཱ་བའི་ཕྱག་དཔེ་ལས་ཞུས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མནྟྲ་ཨ་ནུ་དྷཱ་ར་ཎི་སཱུ་ཏྲ།
བོད་སྐད་དུ། གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་དང་བཅས་
པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། རིག་སྔགས་འདི་ནི་དོན་དུ་བསྒྲུབ། །རིག་སྔགས་འདི་དག་གྲུབ་གྱུར་ཅིག །གང་ཕྱིར་དོན་དུ་བསྒྲུབས་པ་ཡི། །དོན་དེ་ཡང་ནི་གྲུབ་པར་ཤོག །འདི་སྐད་བདག་གིས་
ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་
བཅས་པ་དང་། རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་དང་བཅས་པ་གཡོག་འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་
བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་སྟོང་གི་འཇིག་རྟེན་གྱི་ཁམས་

རྣམས་སུ་དབང་ཕྱུག་ལ་དབང་བགྱིད་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་འཚལ་ན་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བ་དང་ཡོངས་སུ་སྐྱོབ་པར་བགྱིད། ཡོངས་སུ་བཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིད་ལགས་སོ། །བཙུན་པ་
བདེ་བར་གཤེགས་པ་ཆོས་ཀྱི་མངའ་བདག་བཅོམ་ལྡན་འདས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་མངའ་མཛད་པ་ལགས་ཏེ། བཅོམ་ལྡན་འདས་ཀྱང་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བ་དང་། ཡོངས་སུ་སྐྱོབ་
པ་དང་། ཡོངས་སུ་བཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་པ་ལགས་ན། བཙུན་པ་བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་
ལེགས་སུ་འགྱུར་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བར་གནང་ངོ་། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་གནས་དེ་ཉིད་དུ་མི་སྣང་བར་གྱུར་
ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང་། རྒྱལ་པོ་ཆེན་
པོ་བཞི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་དང་བཅས་གཡོག་འཁོར་དང་བཅས་པ་རྣམས་ང་ག་ལ་བ་དེར་ལྷགས་ཏེ་འོངས་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་
བཅོམ་ལྡན་འདས་བདག་ནི་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་དབང་བགྱིད་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་འཚལ་ན་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བར་བགྱིད། ཡོངས་སུ་སྐྱོབ་པར་བགྱིད། ཡོངས་སུ་བཟུང་བ་དང་།

ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིད་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཆོས་ཀྱི་མངའ་བདག་བཅོམ་ལྡན་འདས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་མངའ་མཛད་པ་ལགས་ཏེ། བཅོམ་ལྡན་འདས་ཀྱང་བཞེད་ན་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་ལགས་ན། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་
བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་ངས་ཀྱང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་མཇེད་ཀྱི་
བདག་པོ་ཚངས་པས་ངས་ཅང་མི་གསུང་བར་གནང་བར་རིག་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདི་ནི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་
གསུངས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་འདི་ཉིད་ལ་ཕན་པར་བྱ་བའི་ཕྱིར་ད་ལྟར་ང་ཉིད་ཀྱིས་བཤད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཤོད་ཅིག །ཀུན་ཆུབ་པར་གྱིས་ཤིག །ཀུན་དགའ་
བོ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདི་ནི་འཁོར་བཞི་པོ་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་དང་བདེ་བར་གནས་པར་འགྱུར་རོ། །ཏདྱ་ཐཱ། ཨུ་བུད་དྷེ། ནི་བུད་དྷེ། བི་བུད་དྷེ། ས་མ་བུད་དྷེ། བི་ཤྭཥྚ་བུད་དྷེ། ཨི་ཧ་བུད་དྷེ། ཏཏྟྲ་བུད་དྷེ། ནི་ཡཾ་ག་མེ། ཚ་བི་ལ། ཨ་ཕུ་ལ། ཏ་ཕུ་ལ།

ཏཱ་ལེ་མཱ་ལེ། མཾ་ག་ག་མཾ་ག་མ་ནན། ཨི་མ། མ་བིདྱཱ། ཧུ་དུ་མེ་ཧུ་ཧུ་མེ། པཱུརྦྦ་པྲ་ཧ་རེ། ཀུན་དགའ་བོ་ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་སྟོབས་དང་། མཐུ་རྩལ་དང་ལྡན་པ་འདི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་
ཀྱིས་ཀྱང་གསུངས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་འདི་ལྟ་སྟེ་སངས་རྒྱས་ཀྱི་བྱང་ཆུབ་འདི་ཉིད་ལ་ཕན་པར་བྱ་བའི་ཕྱིར་ད་ལྟར་ང་ཉིད་ཀྱིས་བཤད་དོ། །ངས་རིག་
སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །མཚམས་བཅད་དོ། །ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་བར་དུ་ཡང་རྒྱང་གྲགས་གཅིག་ཚུན་
ཆད་མཚམས་བཅད་དོ། །ཏདྱ་ཐཱ། ས་མུ་ཙ་བི་མུ་ཙ། ཕ་ལ་མུ་ཙ། ཛ་ག་དྷ་ར། མ་ད་སྠ་ལ། ན་ལ་ཀ་མ་ག །ས་མུ་ཤྭ་བཱ་ཏི། བི་མུཀྟི། ཡོ་ག །ཧི་ན་ས་ག་མ། ཨ་ར་ད་མུ་ལ། བི་ཧཾ་ག་མི། ཨི་དི་ཙི་རི། བི་ཏ་ལཱ་ཁ་ཡོ། མ་ཁ་ཡོ། ལ་ག་བྷི་དྷ་ར་ཎི། པྲ་ཏི་པྲཱ་ཡོ་གི། ཨ་ཙཀྲ་པ་ཏི། ས་མ་སྲ་བ་
ཏི། ཨི་ལཱ་ཡ། མི་ལཱ་ཡ། བ་ཧུ་སད་དྱ། ཨ་ན་ཏ་མ། ཨརྠ་བ་ཏི་ག་ར་བ་ཏི། ཏི་ཁི་ནི་ཏི་བེ། ཨ་ཀ་ན་ཏི། ས་ཀ་ན་ཏི། ས་མི་དི་མ། བ་སུ་བ་ཊེ། ཨ་ཊེ། ཨ་ཊེ། ཏཊྚ། ཁ་རུ་སྨིན། ཁ་རུ་སྨིན། ལ་ཧ་ཏཾ། ལ་ཧུ་ཏཾ། སམྦྷ་ར། སམྦྷ་ར། བི་ཏི་ར་ན་ཏཾ། ནི་རུ་ཏཾ། ཨི་ལ། ཏ་ཨི་ལ། ས་ར་ཕ་ལ། བ་ཧུ་ཕ་ལ། ས་ཏ་མ་ཏ། དཾཥྚི་མ་ཏ།
ཀུན་དགའ་བོ་ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་ཀྱི་སྟོབས་དང་། མཐུ་རྩལ་དང་ལྡན་པ་འདི་དག་ནི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་ངས་བཤད་དོ། །མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་བཤད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་བཤད་དོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་བཤད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་ཀྱང་

བཤད་དོ། །འཕྲོག་མ་བུ་དང་བཅས་གཡོག་འཁོར་དང་བཅས་པས་ཀྱང་བཤད་དོ། །ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདི་བཟུང་ནས་ཇི་ལྟར་བསྟན་པ་དང་། ཇི་ལྟར་ཀུན་
ཆུབ་པར་བྱས་པ་དེ་བཞིན་དུ་ཤེས་སམ། མཐོང་ངམ། ལས་སུ་བྱེད་པ་དེ་ལ་ནི་ཇི་སྲིད་འཚོའི་བར་དུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ། །ཀུན་དགའ་བོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་
བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱའོ། །
མཚམས་བཅད་དོ། །ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །དེ་བཞིན་དུ་ནུབ་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ལྷོ་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །བྱང་ཕྱོགས་སུ་རྒྱང་གྲགས་གཅིག་
ཚུན་ཆད་མཚམས་བཅད་དོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ཀུན་དགའ་བོ་རྒྱལ་པོ་ཆེན་པོ་བཞིའི་ལམ་དང་ལམ་མ་ཡིན་པ་ན་གནས་པ་བཞི་ཡོད་དེ། དེ་དག་གང་ཞེ་ན། འདི་ལྟ་སྟེ་བཀྲ་ཤིས་ལྡན་དང་། ཀུན་
བཤེས་དང་། གང་པོ་དང་དགའ་བའི་དཔལ་རྣམས་ཏེ། གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་རྒྱལ་པོ་ཆེན་པོའི་འཇིགས་པ་མི་འབྱུང་ངོ་། །ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། མིའི་འཇིགས་པ་དང་།
མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ་། །ཀུན་དགའ་བོ་ལག་ན་རྡོ་རྗེའི་ཕུ་བོ་ལག་མྱུར་ཞེས་བྱ་བ་གྲོང་ཁྱེར་ཁོར་ཡུག་ཅེས་བྱ་བ་ན་གནས་པ་ཡོད་དེ། གང་དེའི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་དེས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པར་བྱེད། ཡོངས་སུ་འཛིན་པར་བྱེད།

ཆད་པ་ཟློག་པར་བྱེད་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱེད་དོ། །མིང་འདི་ཞེས་བྱ་བའི་ཕྱིར་ལག་ན་རྡོ་རྗེའི་ཕུ་བོ་ལག་མྱུར་ལ་གསོལ་ལོ། །གསོལ་བ་འདེབས་སོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་
བཀས་གང་མིང་འདི་ཞེས་བྱ་བ་ལ་སྐབས་ཚོལ་བ་དང་། གླགས་ལྟ་བའི་གནོད་སྦྱིན་ནམ། སྲིན་པོའམ། ཡི་དགས་སམ། ཤ་ཟའམ། གྲུལ་བུམ་མམ། སྲུལ་པོའམ། ལུས་སྲུལ་པོ་རྣམས་ཀྱིས་བདག་ལ་གླགས་རྙེད་པར་མ་གྱུར་ཅིག །བདག་ལ་ཀླན་ཀ་རྙེད་པར་མ་གྱུར་ཅིག །
ཀུན་དགའ་བོ་སྲིན་མོ་ཆེན་མོ་བཅུ་བཞི་ཡོད་དེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ན་ཡང་བསྲུང་བསྲུང་། བལྟམས་པའི་ཚེ་ན་ཡང་བསྲུང་བསྲུང་། བལྟམས་ཟིན་པའི་འོག་ཏུ་ཡང་བསྲུང་བསྲུང་། སྐུ་འཁྲུངས་པ་ན་ཡང་བསྲུང་བསྲུང་སྟེ། བཅུ་བཞི་
གང་ཞེ་ན། འདི་ལྟ་སྟེ་སྟོབས་ལྡན་དང་། དྲི་མེད་དང་། སྒྲ་ཆེན་དང་། རབ་མཉེན་དང་། འཇིགས་བྱེད་མ་དང་། འཛམ་བུའི་མགྲིན་དང་། མཆོག་ལེན་དང་། བླ་མ་དང་། གྲགས་ལྡན་མ་དང་། རྨད་གྲགས་དང་། འཐབ་དགའ་དང་། རྩེ་མོ་དགའ་དང་། ས་འཛིན་དང་། འཐབ་འཇུག་རྣམས་
ཏེ། གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པར་བྱེད། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་བརྒྱད་ཡོད་དེ། དེ་དག་ནི་སྐྱེས་པ་དང་བུད་མེད་གཉིད་ལོག་ཀྱང་རུང་། མ་ལོག་ཀྱང་རུང་སྟེ།
གཟི་བྱིན་འཕྲོག་པར་བྱེད་དོ། །དེ་དག་གང་ཞེ་ན་འདི་ལྟ་སྟེ། རྭ་དང་། ཐུབ་མེད་དང་། ངན་སློབ་དང་། ཕྲ་མ་ཅན་དང་། བྲན་མོ་དམར་མོ་དང་། རབ་ཆེན་དང་། མིག་བཟང་དང་། བརྒྱད་པ་སྟེ་འཇིགས་བྱེད་དོ། །གང་དེ་དག་གི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད་དོ། །ཡོངས་སུ་
སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་ཟློག་པར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་བདུན་ཡོད་དེ། དེ་དག་ནི་ཁྲག་གི་དྲི་ཚོར་ན་དཔག་ཚད་བརྒྱར་ཡང་རྒྱུག་གོ། །དེ་དག་གང་ཞེ་ན་འདི་ལྟ་སྟེ། གཟི་བརྗིད་མཆོག་དང་། དགའ་བརྩེགས་དང་། སྣ་ཚོགས་སྦྱིན་

སྤོང་དང་། བྲན་མོ་དཀར་མོ་བཟང་དང་། འཇུག་འདོད་དང་། གྲོང་ཁྱེར་ཁོར་ཡུག་དང་། བདུན་པ་སྟེ་རི་བསྲུང་ངོ་། །གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད་དོ། །ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་
བ་དང་། ཆད་པ་ཟློག་པར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་ནག་མོ་ཆེན་མོ་ཞེས་བྱ་བ་བུ་སྟོང་ཡོད་པ་རྒྱ་མཚོའི་འགྲམ་ན་གནས་པ་མཚན་གཅིག་གིས་དཔག་ཚད་བརྒྱད་ཁྲིར་ཕྱིན་པ་ཞིག་ཡོད་དེ། གང་དེའི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང་།
ཡོངས་སུ་འཛིན་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་ཟློག་པར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་ལྔ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་གི་མི་རྣམས་སྲུང་ཞིང་སྐྱོབ་པར་བྱེད་དོ། །དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། རྟག་ཏུ་མྱོས་
དང་། རྗེས་སུ་མྱོས་དང་། སྟོབས་ཀྱིས་རྒྱགས་དང་། འོད་མའི་སྦུབས་དང་། ལྔ་པ་སྟེ་འབྱོར་ལྡན་ནོ། །གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཞི་བ་དང་བདེ་ལེགས་སུ་
འགྱུར་བ་དང་། ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་བདག་གིས་མིང་འདི་ཞེས་བྱ་བའི་ཕྱིར་སྲིན་མོ་ལྔ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་བཅས་པ་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་བཀས་མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པར་གྱིས་ཤིག །ཏདྱ་ཐཱ། བཱི་མུ་དེ། བཱི་ཏི་དེ། པི་ཙ་རི་དེ། པི་ག་རི་དེ། ཀ་ར་ཌི།
ཀ་ར་བཱི་ར། སྭཱ་རི། མ་དྷུ་ར་གྷོ་ཥེ། ཤ་ཏ་ཧ་ནི་ཏ། བྷ་ཤི་ཏ་གྷེ་ཨཀྐེ །ནཀྐེ །བི་ཀ །ཌི་ཏཱ། བི་ཀུ་ཊི་ཏེ། བི་ར་ཛེ། བི་གྷཥྚ་བཱ་དེ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདིས་གང་ལ་བསྲུང་བར་བྱས་པ་དང་། སྦ་བ་བྱས་པ་དང་། ཡོངས་སུ་བསྐྱབ་

པ་བྱས་པ་དང་། ཡོངས་སུ་གཟུང་བ་བྱས་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པར་བྱས་པ་དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་
དགུ་དང་། ལྷ་དང་། མིར་བཅས་པ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པའི་འཇིག་རྟེན་ན་མིའམ། མི་མ་ཡིན་པའམ། གནོད་སྦྱིན་ནམ། སྲིན་པོའམ། ལྷ་མ་ཡིན་ནམ། དྲི་ཟའམ། ཀླུའམ། ནམ་མཁའ་ལྡིང་ངམ། གསང་བ་པའམ།
ཡི་དགས་སམ། ཤ་ཟའམ། རོ་ལངས་སམ། བྱད་སྟེམས་སམ། གཤེད་བྱེད་དམ། སྲུལ་པོའམ། ལུས་སྲུལ་པོའམ། སྨྱོ་བྱེད་དང་། བརྗེད་བྱེད་གླགས་ལྟ་བ་དང་། ཀླན་ཀ་ཚོལ་བ་རྣམས་ཀྱིས་གླགས་རྙེད་པའི་སེམས་ཅན་གང་ཡང་ངས་ཡང་དག་པར་མ་མཐོང་སྟེ་དེ་ནི་
གནས་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །དེ་བས་ན་ངས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་མིའམ། མི་མ་ཡིན་
པའམ། གནོད་སྦྱིན་ནམ། སྲིན་པོའམ། ཤ་ཟའམ། ལྷ་མ་ཡིན་ནམ། དྲི་ཟའམ། ཀླུའམ། ནམ་མཁའ་ལྡིང་ངམ། གསང་བ་པའམ། ཡི་དགས་སམ། ཤ་ཟའམ། རོ་ལངས་སམ། བྱད་སྟེམས་སམ། གཤེད་བྱེད་དམ། སྲུལ་
པོའམ། ལུས་སྲུལ་པོའམ། སྨྱོ་བྱེད་དམ། བརྗེད་བྱེད་རྣམས་ལས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། སྦ་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པར་བྱའོ། །དུག་མེད་
པར་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདིས་སྡང་བར་སེམས་པ་ཐམས་ཅད་དང་། གནོད་པར་སེམས་པ་ཐམས་ཅད་དང་། མི་ཕན་པར་སེམས་པ་ཐམས་ཅད་དང་། རབ་ཏུ་སྡང་བར་སེམས་པ་ཐམས་ཅད་དང་། བདུད་ཐམས་ཅད་

དང་། གསེབ་ལམ་བསྲུང་བ་ཐམས་ཅད་དང་། ལ་གཅན་བསྲུང་བ་ཐམས་ཅད་དང་། ཤོ་གམ་གྱི་གནས་བསྲུང་བ་དེ་དག་ཐམས་ཅད་མྱོས་པར་བྱའོ། །རྣམ་པར་མྱོས་པར་བྱའོ། །རེངས་པ་དང་། རྨུགས་པ་དང་། ལག་པ་གཟུང་བ་དང་། རྐང་པ་གཟུང་བ་དང་། སེམས་གཟུང་བ་དང་། ལྕེ་གཟུང་
བར་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདིས་ནི་གང་དང་གང་དུ་ཡང་ཐར་བར་འགྱུར་རོ། །ཀྱེ་མ་བྲམ་ཟེ་མྱ་ངན་འདས། །འཇིག་རྟེན་དག་ན་སྲིད་ལས་རྒལ། །ཁོན་དང་འཇིགས་པ་ཀུན་འདས་པ། །རིང་མོ་ཞིག་ནས་གཟོད་མཐོང་ངོ་། །བཟོད་པ་
དཀའ་ཐུབ་མཆོག་སྟེ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་ནི། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཡང་ན་མིག་དང་ལྡན་པ་དག །མཐུ་རྩལ་དག་ཀྱང་ཡོད་པ་བཞིན། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །
སྡིག་པ་དག་ནི་ཡོངས་སུ་སྤང་། །ད་ལྟར་བྱུང་དང་འདས་པ་དང་། །མ་བྱོན་སངས་རྒྱས་གང་ཡིན་པ། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །དེ་དག་ཀུན་ལ་སྐྱབས་སུ་མཆི། །འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། །སངས་རྒྱས་འཇིག་
རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང་། །ལྷམ་མེར་འདུག་པ་དཀར་བ་དང་། །རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟུང་བར། །སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང་། །དེ་ནས་
རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྔུལ་ཞིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །ཟླ་བ་རྣམ་པར་གཏོང་བར་བྱེད། །ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྔུལ་ཞིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་པར་ཟླ་བ་གཏོང་བར་བྱེད། །སངས་རྒྱས་ཚིགས་བཅད་
འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །བདག་གི་མགོ་བོ་ཚལ་བདུན་འགས། །གསོན་ཡང་བདེ་བར་མི་འགྱུར་རོ། །ཀྱེ་མ་བདེན་པར་གཟིགས་པ་ཡི། །སངས་རྒྱས་རྣམས་ཀྱི་འབྱུང་བ་རྨད། །དེ་དག་གིས་ནི་ཚིགས་སུ་བཅད། །བརྗོད་ན་སྒྲ་གཅན་ཟླ་བ་གཏོང་། །བདེན་པ་དང་བདེན་པའི་ཚིག་གང་

གིས་འཇིག་རྟེན་དུ་སེམས་ཅན་བརྗེད་ངས་པ་མེད་པའི་ཆོས་ཅན་བྱུང་བ་ནི་དེ་བཞིན་གཤེགས་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི་དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ་ཞེས་བྱ་བ་དང་། ཀུན་དགའ་བོ་གཞན་ཡང་ཚངས་པར་སྤྱོད་པ་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པས་ཚིགས་སུ་
བཅད་པ་གསུངས་པ་གང་ཡིན་པ་དེ་དག་དང་། ཀུན་དགའ་བོ་གཞན་ཡང་ཚིག་དེ་དག་གིས་བྱ་བ་གང་བྱེད་པའི་དོན་དང་། ཕན་པ་དང་བདེ་བ་ཡང་འདིས་བྱེད་པར་འགྱུར་ཏེ། སྱཱད་ཡ་ཐེ་དན། སྭ་སྟི་མ་ཏི། བི་ལུ་མ་ཏི། པྲ་ཧ་ར་ཏི། ཀ་ཤུ་མད་ཚི། ནན་ད། མ་ཏི། བི་ཧ་གྲ་ཧེ། བི་དུ་མ་ཏི། ཨེ་ད་ཀྲྀ་ཏ། ཨརྠ་
སུ་དྲྀ་ཤ་བུདྡྷི། བོ་དྷི་མ་ཏི། སུ་ཧུ་དུ་མེ། ཨ་ལ་ཁཱུ་མེ། ཨ་ལ་མི་ཏེ། ཧི་ག་ར་ཤ་ར། ཨ་ཤུ་ཧ། པྲ་ག་ཤི་ནི། ཀུན་དགའ་བོ་ས་བོན་གྱི་རྩ་བ་བཅུ་དང་ས་བོན་གྱི་རྩ་བའི་ཚིག་བཅུ་དེ་བཞིན་གཤེགས་པས་གསུངས་པ་ཡོད་དོ། །ཀུན་དགའ་བོ་ཚིག་དེ་དག་དེ་བཞིན་གཤེགས་པས་གསུང་བར་
འགྱུར་བ་དང་། སྟོན་པར་འགྱུར་བ་ཡང་ཡོད་དེ། དེ་དག་བསྟན་པ་འདི་ལ་ཞུགས་པའི་མི་རྣམས་ཀྱི་ཁར་བརྗོད་ན། གནོད་སྦྱིན་དང་སྲིན་པོ་རྣམས་ཀྱང་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཕྱིར་མི་ལྡོག་པའི་སའི་ཚིག་བདེན་པ་རྣམས་ལ་འཇིག་རྟེན་གྱི་ཚིག་
གི་མཆོག་དང་། དགེ་སྦྱོང་རྣམས་ཀྱི་ནང་ན་དགེ་སྦྱོང་སྐྱིད་དེ་བ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིགས་པ་མི་མངའ་བ་བག་ཚ་བ་མི་མངའ་བ་སྟེ། མི་སྐྲག་མི་འབྲོས་ལ་འཇིགས་པ་མེད་ཅིང་འཇིགས་པ་དང་། འཇིགས་པར་བྱེད་པ་སྤངས་པ་
སྐྱི་བུང་ཞེས་བྱེད་པ་མེད་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི་དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག །བདེན་པ་དང་བདེན་པའི་ཚིག་གང་གིས་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་།
ཚངས་པར་སྤྱོད་པ་ལ་གནས་པ་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག །གནས་བརྟན་རྒྱལ་པོའི་བུ་ཐུ་བོ་དང་འདྲ་བར་རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཚངས་པར་

སྤྱོད་པ་མངོན་པར་སྤྱད་པ་རྣམས་ཀྱི་མཆོག་འདི་ལྟ་སྟེ་དགེ་སློང་ཀུན་ཤེས་ཀཽཎྜི་ནྱ་དང་། འདོད་པ་ཉུང་བ་དང་སྦྱངས་པའི་ཡོན་ཏན་ལ་གནས་པ་དང་། ཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུང་ཆེན་པོ་དང་ཤེས་རབ་ཆེ་བ་དང་སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤ་ར་དྭ་ཏིའི་བུ་དང་། རྫུ་འཕྲུལ་ཆེ་བ་དང་མཐུ་
ཆེ་བ་རྣམས་ཀྱི་མཆོག་མཽད་གལ་གྱི་བུ་ཆེན་པོ་དང་། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང་། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང་། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བར་འཁོར་དང་། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་མའི་བུ་གང་པོ་དང་། བསླབ་པ་ལ་
གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་ཟིན་དང་། མལ་ཆ་དང་། སྟན་བསྒོ་བ་རྣམས་ཀྱི་མཆོག་གྱད་བུ་ནོར་དང་། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བྷ་ར་དྭ་ཛ་བསོད་སྙོམས་ལེན་དང་། ཁྱིམ་པ་དད་པ་བསྐྱེད་པ་རྣམས་ཀྱི་མཆོག་ནག་པོ་འཆར་ཀ་དང་། ལྷ་དང་མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་
མཐོང་གི་བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་བཟློག་པར་བྱའོ། །རྒྱལ་པོའམ། བློན་པོའམ། ཆོམ་རྐུན་ནམ། མེའམ། ཆུའམ། དགྲའམ། མི་མཛའ་བའམ།
ལམ་དུ་འགྲོ་བའམ། ལམ་གོལ་བར་འགྲོ་བའམ། གཉིད་ལོག་པའམ། ར་རོ་བའམ་བག་མེད་པ་ལ་བསྲུང་བར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྐང་པ་མེད་པའམ། རྐང་གཉིས་པའམ། རྐང་བཞི་པའམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་ཅན་མ་
ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་།
ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་

ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཚོགས་སམ། འདུས་པའམ། མང་པོའམ། འཁོར་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་
ན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་རྒྱལ་ཁམས་སམ། ཡུལ་འཁོར་རམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཁྱིམ་མམ། གནས་སམ། ཞིང་ངམ། ནད་པ་འདི་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་།
ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། མཚམས་གཅད་པར་བྱའོ། །འབྱུང་པོ་ཐམས་ཅད་བཟློག་པར་བྱའོ། །གཟི་བྱིན་འཕྲོག་པ་རྣམས་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ངས་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ཟད་པར་བྱ་བའི་ཕྱིར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང་། བཤད་པ་དང་བརྗོད་པའི་བདེན་པ་དང་། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག་
མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་
པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་མདོ་རྫོགས་སོ།། །།པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་
བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།། །།


༄༅༅། རྒྱ་གར་སྐད་དུ། ཨཱརྱ་མཱ་རཱི་ཙཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་
ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་
ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉི་མ་དང་། ཟླ་བའི་མདུན་དང་མདུན་ནས་འགྲོ་སྟེ། དེ་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་
བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །དགེ་སློང་དག་གང་གིས་ཀྱང་ལྷ་མོ་འོད་ཟེར་ཅན་དེའི་མིང་ཤེས་པ་དེ་ཡང་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་
པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དེ་དགྲའི་དབང་དུ་འགྲོ་བར་མི་འགྱུར་རོ། །དེ་ལྟར་བདག་གིས་ཀྱང་ལྷ་མོ་འོད་ཟེར་ཅན་གྱི་མིང་ཤེས་ཀྱིས་བདག་ཀྱང་བལྟར་མེད་པར་གྱུར་ཅིག །གཟུང་དུ་མེད་པར་གྱུར་ཅིག །
བཅིང་དུ་མེད་པར་གྱུར་ཅིག །དགག་ཏུ་མེད་པར་གྱུར་ཅིག །བརྒལ་དུ་མེད་པར་གྱུར་ཅིག །རྨོངས་པར་བྱར་མེད་པར་གྱུར་ཅིག །ཆད་པས་གཅད་དུ་མེད་པར་གྱུར་ཅིག །མགོ་བྲེག་ཏུ་མེད་པར་གྱུར་ཅིག །གཞུར་མེད་པར་གྱུར་ཅིག །ཚིག་པར་བྱར་མེད་པར་གྱུར་ཅིག །
དགྲའི་དབང་དུ་མི་འགྲོ་བར་གྱུར་ཅིག །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨོཾ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི། ནཻ་ར་མ་སི། ཨརྐྐ་མ་སི། མརྐྐ་མ་སི། ཨུར་མ་མ་སི། བ་ན་མ་སི། གུལ་མ་མ་སི། ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི།


ཨན་ཏར་དྷྭཾ་ན་མ་སི་སྭཱ་ཧཱ། ཨོཾ་ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག །བདག་ལམ་ལོག་པ་ལས་སྐྱོབས་ཤིག །བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག །བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག །བདག་གླང་པོ་ཆེའི་འཇིགས་
པ་ལས་སྐྱོབས་ཤིག །བདག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབས་ཤིག །བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག །བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག །བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤིག །བདག་མེའི་འཇིགས་པ་ལས་སྐྱོབས་ཤིག །
བདག་ཆུའི་འཇིགས་པ་ལས་སྐྱོབས་ཤིག །བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག །བདག་དུག་གི་འཇིགས་པ་ལས་སྐྱོབས་ཤིག །བདག་ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ལས་སྐྱོབས་ཤིག །འཁྲུགས་པ་དང་། མ་འཁྲུགས་པ་དང་། ཉམས་པ་དང་མ་ཉམས་
པ་ཐམས་ཅད་དུ་བདག་སེང་གེ་ལས་སྲུངས་ཤིག །བདག་སྟག་ལས་སྲུངས་ཤིག །བདག་ཀླུ་ལས་སྲུངས་ཤིག །བདག་སྦྲུལ་ལས་སྲུངས་ཤིག་སྭཱ་ཧཱ། བདག་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་ཐམས་ཅད་ལས་སྲུངས་ཤིག་
སྲུངས་ཤིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ལོ། ཏཱ་ལོ་ཀཱ་ལོ། སཙྪ་ལོ་ས་མ་པ་མཱུར་དྷི་ཊི་རཀྵ་རཀྵ་མཱཾ། བདག་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་དང་། འཇིགས་པ་དང་། ནད་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྚཱ། པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ་བན་དྷ་བན་དྷ། བན་དྷ། མུ་ཁཾ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་བ་རཱ་ལི། བ་དཱ་ལི། བཏྟྭ་ལི། བཱ་རཱ་ཧ་མུ་ཁི།
སརྦ་དུཥྚཱ་ནཱཾ། པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ་བན་དྷ་བན་དྷ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་

རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།པཎྜི་ཏ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ། བོད་སྐད་དུ། སྒྱུ་མའི་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་ཕྱུང་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མོ་འོད་ཟེར་ཅན་འདིའི་གཟུངས་ཀྱི་རྟོག་པ་ཡིན་
ཏེ། རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ཆེན་པོས་ཡོངས་སུ་གཟུང་བའོ། །ཟླ་བའི་གཟུགས་བརྙན་ནམ། ཉི་མའི་སྟེང་དུ་འོད་ཟེར་ཅན་རྣམ་པར་བསམ་པར་བྱའོ། །དེའི་འོད་ཟེར་ལས་ཡོངས་སུ་གྲུབ་པའི་ཁབ་དང་སྐུད་པ་དང་བཅས་པས་གདུག་པ་ཅན་རྣམས་ཀྱི་མིག་དང་ཁ་དྲུབས་བཞིན་པར་
མདུན་དུ་རྣམ་པར་བསམ་པར་བྱའོ། །ཕྱི་རོལ་མཐོང་བའི་སྤྱོད་ཡུལ་དུ་མཚམས་བཅིང་བ་བྱས་ལ་ཟླ་བ་དང་ཉི་མ་གཉིས་དག་གི་འོད་ཟེར་ལས་ཡོངས་སུ་རྫོགས་བཞིན་པས་ལྷ་མོ་འོད་ཟེར་ཅན་མ་མཉན་ཡོད་ན་བཞུགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ནི་
རྒྱལ་བས་བཀའ་སྩལ་པའོ། །དེ་ཉི་མ་དང་ཟླ་བའི་མདུན་དང་མདུན་ནས་འགྲོ་ཡང་ལྷའི་ཚོགས་མང་པོས་ཀྱང་མཐོང་བར་མི་འགྱུར་རོ། །དེའི་ཚེ་བདག་ཀྱང་བལྟར་མེད་པའི་ཞེས་བྱ་བ་ལ་སོགས་པ་འདི་དང་། དེ་ཡང་དགུ་ཕྲག་གསུམ་ཡིན་ནོ། །སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། ཨོཾ་པ་ཏཱ་
ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི། པུ་ད་མ་སི། ནཻ་ར་མ་སི། ཨན་ཏརྔྷཱ་ན་མ་སི། མིང་ཉིད་རབ་ཏུ་སྦྱར་ཏེ་ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག །བདག་ལམ་ལོག་པ་ལས་སྐྱོབས་ཤིག །རྒྱལ་པོ་དང་། མེ་དང་། དགྲ་དང་སེང་གེའི་འཇིགས་པ་ལས་བདག་སྐྱོབས་
ཤིག །བདག་དུས་ཐམས་ཅད་དུ་ཕུན་སུམ་ཚོགས་པར་གྲུབ་པར་གྱིས་ཤིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨཱ་ལོ། ཀཱ་ལོ། ཏཱ་ལོ། སཙྪ་ལོ། སཾ་མཱུངྟི། ར་ཀྵ་རཀྵ་མཾ། རཀྵ་རཀྵ་མཱཾ། སརྦ་བྷ་ཡེ་ཥུ་སྭཱ་ཧཱ། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི། ཨོཾ་བ་རཱ་ལི། བ་ཏཱ་ལི། བཏྟྭ་ལི། བ་རཱ་ལི། བ་རཱ་ཧ་

མུ་ཁི། སརྦ་དུཥྚཱ་ནཱཾ་མུ་ཁཾ། བན་དྷ་བན་དྷ། དུས་ཐམས་ཅད་དུ་ལེགས་པར་བསྲུང་བར་འགྱུར་རོ། །བསྐུལ་ཚིག་བཞི་བཅུ་རྩ་བཞི་ནི། རྒྱ་མཚོ་གསུམ་ནི་མཚན་བརྗོད་པའི། ཨོཾ་དང་བཅས་པའི་སྙིང་པོ་དང་། ཉི་ཤུ་རྩ་གཉིས་པ་དང་། ཡི་གེ་དྲུག་པ་ནི་འཇིགས་པ་ཐམས་
ཅད་ལས་སྲུང་བར་བྱེད་དོ། །སྙིང་པོའི་སྔགས་འདི་འཛིན་ན་བློ་རྣོ་བར་འགྱུར་རོ། །གླེང་གཞི་དང་བཅས་པ་སྔགས་འདི་བཟླས་པ་བྱས་ན་ནོར་དང་འབྲུ་དང་། གཡོག་འཁོར་འཕེལ་བར་བྱེད་པའི་མཆོག་སྦྱིན་པར་བྱེད་དོ། །དོན་དེ་སྒྲུབ་པར་འདོད་པས་ཐང་ཀ་འམ། ཤིང་ལེབ་ལ་བྲིས་སྐུ་བྱ་བ་ནི་མྱ་
ངན་མེད་ཀྱི་ཤིང་གི་སྡོང་པོའི་རྩར་པདྨ་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྗང་གུ་དང་། ཨང་ག་རག་སྔོན་པོ་དང་སྟོད་གཡོགས་སྔོན་པོ་དང་། མགོ་བོ་ན་མཆོད་རྟེན་ཡོད་པ། གཞོན་ནུ་མ། གཡོན་པའི་ཕྱོགས་སུ་གཟིགས་པའི་སྤྱན་ཅན། མྱ་ངན་མེད་པའི་འོད་ཟེར་
ཅན་ཞེས་བྱ་བ་བྲི་བར་བྱའོ། །སྔོན་དུ་བསྟན་པའི་ཆོ་གས་ཐང་སྐུ་འདི་མདུན་དུ་བལྟ་ཞིང་མཆོག་ཏུ་སྒྲུབ་པའི་སྙིང་པོ་བཟླས་པ་སྟོང་བྱའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བའོ། །མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་འགྲུབ་པར་འགྱུར་རོ། །རིམས་ཐམས་ཅད་མེད་པར་བྱེད་དོ། །ནད་ཐམས་
ཅད་མེད་པར་བྱེད་དོ། །བཟླས་པ་དང་སྦྱིན་སྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བ་སྐྱེད་པར་བྱེད་དོ། །ཞོ་དང་དཱུར་བ་གཉིས་ཀྱི་སྦྱིན་སྲེག་གིས་ནི་ངེས་པར་ནད་མེད་པར་བྱེད་དོ། །སྦྲང་རྩི་དང་མར་གྱི་སྦྱིན་སྲེག་གིས་ནི་རྒྱལ་པོ་རྣམས་དབང་དུ་བྱེད་དོ། །ཞོ་དང་འབྲས་སཱ་ལུ་དང་། བུ་རམ་
གྱི་སྦྱིན་སྲེག་གིས་ནི་གནོད་སྦྱིན་མོ་འགྲུབ་པར་བྱེད་དོ། །ཚ་བའི་མར་དང་ནིམ་པའི་ཡལ་ག་སྟོང་གི་སྦྱིན་སྲེག་གིས་ནི་རིམས་ནད་མེད་པར་བྱེད་དོ། །རང་གི་ཁྲག་དང་། རུས་པ་དང་། དུག་དང་། སྐེ་ཚེ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་པས་དགྲ་བོ་འཆིའོ། །འོ་མའི་སྦྱིན་སྲེག་གིས་ནི་ཞི་བར་
འགྱུར་རོ། །རྟག་ཏུ་བཟླས་ན་དུག་འཇོམས་པར་བྱེད་ཅིང་འབད་པ་མེད་པར་མཁའ་འགྲོ་མ་རྣམས་འཇོམས་སོ། །ཉི་མ་རེ་རེ་བརྒྱ་རྩ་བརྒྱད་བཟླས་ན་འཛིན་བློ་རྣོ་བར་འགྱུར་རོ། །ཨོཾ་བ་རཱ་ལི། བ་དཱ་ལི། བཏྟྭ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ་བན་དྷ་བན་དྷ། མུ་ཁཾ་སྭཱ་ཧཱ། འོད་ཟེར་

ཅན་གྱི་སྙིང་པོའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་གསང་བའི་སྙིང་པོ་ཡི་གེ་དྲུག་པའོ། །སྙིང་པོའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་རྣམ་པར་སྦྱར་བར་བྱས་པ་འམ་ཁ་ཕྱེ་བ་ཡང་རུང་སྟེ་མཐེབ་ཆེན་ཅུང་ཟད་བཀུག་སྟེ་གུང་མོ་གཉིས་
ཕན་ཚུན་རེག་ལ་ཟླུམ་པོའི་རྣམ་པ་མཚན་མར་བྱས་ལ། སྐྱིལ་མོ་ཀྲུང་དུ་གནས་པའི་ལྟེ་བའི་ཕྱོགས་སུ་གཏུག་པར་བྱའོ། །ཕྱག་རྒྱ་འདི་མཆོག་གཙོ་བོ་སྟེ། །ལས་རྣམས་ཀུན་ལ་སྦྱར་བར་བྱའི། །ཐ་མ་དང་ནི་འབྲིང་ལ་ཡང་། །མཆོག་རྣམས་ལ་ཡང་འདི་བསྟན་ནོ། །མྱུར་དུ་འདི་ཡིས་
དོན་བྱེད་ཅིང་། །ཀུན་དུ་གྲུབ་ཅིང་མཆོད་པར་འགྱུར། །དག་བྱེད་བསོད་ནམས་ཆེན་པོ་སྟེ། །བཀྲ་ཤིས་སྡིག་པ་ཉམས་བྱེད་ཅིང་། །བསོད་ནམས་སྡིག་པ་ཀུན་ཟད་པ། །དངོས་གྲུབ་རྒྱུ་ནི་ཕྱག་རྒྱ་ཡིན། །བཅོམ་ལྡན་འདས་མ་འོད་ཟེར་ཅན་མའི་མཚན་བརྒྱད་བརྗོད་ན་བསྲུང་བ་
དང་། སྐྱོབ་པ་དང་། སྦེད་པར་འགྱུར་རོ། །ཏདྱ་ཐཱ། ཨརྐྐ་མ་སི། མརྐ་མ་སི། ཨུར་མ་མ་སི། བ་ར་མ་སི། ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨནྡརྡྷཱཾ་ན་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། མུ་ཁཾ་བན་དྷ་བན་དྷ་སྭཱ་ཧཱ།
རིག་པ་འཛིན་པའི་སྡེ་སྣོད་ལས་ཕྱུང་བའི་རྟོག་པ་ནི་འདི་ཡིན་ནོ། །དེ་ནས་སྦྱོར་བ་གཞན་ནི་འདི་ཡིན་ཏེ། གསེར་མདོག་ཅན་གྱི་ཕག་པ་བསྒོམས་ལ། དེའི་སྟེང་དུ་འོད་ཟེར་ཅན་གོས་དཀར་པོའི་ཤམ་ཐབས་ཅན་བསྒོམ་པར་བྱའོ། །དེའི་སྤྱི་བོར་མཆོད་རྟེན་དང་། གཡོན་པའི་ཕྱག་གིས་མྱ་
ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་ནོ། །འཇིགས་པ་ཆེན་པོའི་དུས་སུ་ཡང་བདག་ཉིད་ཕག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བསྒོམ་པར་བྱའོ། །སྙིང་གར་ཆོས་གོས་ཀྱི་སྣེའུ་བཟུང་སྟེ། ལན་བདུན་དུ་སྔགས་ལ་མདུད་པ་བདུན་བྱས་ན་ལམ་དུ་རྐུན་མ་ལ་སོགས་
པས་ཆོམས་པར་མི་འགྱུར་རོ། །དེ་ནས་མདུད་པ་ཡོངས་སུ་བཀྲོལ་བར་བྱའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་རྟོག་པ་རྫོགས་པའོ།། །།རང་གི་སྙིང་གར་ཟླ་བ་ལ་ལྃ་རྣམ་པར་བསམས་ལ་དེ་ཉིད་ཡིད་ཀྱིས་བརྗོད་པས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་

ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཡང་ནམ་མཁའི་ཕྱོགས་སུ་བསམ་པ་ནི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པདྨའི་ལྟེ་བར་སེང་ལྡེང་གི་ཁྲི་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གསེར་གྱི་མདོག་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཏིང་ངེ་འཛིན་
ལ་སྙོམས་པར་ཞུགས་པ། །རལ་པའི་དབུ་རྒྱན་འཆང་ཞིང་ཞི་བ། ཡི་གེ་མཱྃ་ཉིད་ཀྱིས་བརྗོད་པའི་རྣམ་པར་བསམ་པར་བྱའོ། །དེ་ནས་མདུན་དུ་ཟླ་བའི་གཟུགས་བརྙན་རྣམ་པར་སྣང་མཛད་ཀྱི་འོད་ཟེར་ལས་བྱུང་བའི་འོད་ཟེར་ཅན་མ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བས་གསེར་
གྱི་མདོག་ཅན་གྱི་སྐུད་པ་དང་བཅས་པའི་ཁབ་འཛིན་པའི་ཕྱག་གིས་གདུག་པ་ཅན་གྱི་ཁ་དང་མིག་ཡང་དག་པར་དྲུབས་པ་མདུན་དུ་རྣམ་པར་བསམ་པར་བྱའོ། །བུ་མོས་བཀལ་བའི་སྐུད་པ་ཉི་ཤུ་རྩ་གཅིག་ལ་རྩ་བའི་སྔགས་ཀྱི་རིག་པ་ལན་ཅིག་ཡོངས་སུ་བཟླས་པ་ན་དེ་ནས། ན་མོ་རཏྣ་ཏྲ་
ཡཱ་ཡ། མཱ་རཱི་ཙྱཻ་དེ་བ་དཏྟྭ་ཡཻ། ཧྲྀ་ད་ཡ་ཨཱ་བངྟ་ཡེ་ཥུ། ཏདྱ་ཐཱ། ཨོཾ་བ་ཏི། ཏི་ལི། པཏྟ་ལི་པཏྟི་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ། བན་དྷ་མི་སྭཱ་ཧཱ། ཞེས་བྱ་བ་དང་། ཡང་ལན་བརྒྱ་རྩ་བརྒྱད་འདི་བཟླས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། མཱ་རཱི་ཙྱཻ་དེ་བ་དཏྟྭ་ཡེ།
ཏདྱ་ཐཱ། ཨོཾ་བཏྟྭ་ལི། བ་ཏཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། གྲནྠི་བན་དྷཱ་མི་སྭཱ་ཧཱ། ཞེས་བྱ་བ་བརྗོད་དོ། །དེ་སྐུད་པ་ལ་རང་ཉིད་བསྲུང་བའི་ཆེད་དུ་མདུད་པ་བདུན་བྱའོ། །གཡོག་པོའི་ཆེད་དུ་བྱ་སྟེ། མིང་ཡོངས་སུ་བཟུང་བའི་སྦྱོར་བས་མདུད་པ་
གཅིག་བྱའོ། །འགྲོ་བ་དང་འོང་བས་སྐུད་པ་དེ་རྐེད་པ་ལ་བཅིངས་ཏེ་གླེང་གཞི་དང་བཅས་པའི་འོད་ཟེར་ཅན་གྱི་རིག་པ་བཀླགས་ཏེ་མདུན་དུ་འགྲོ་བར་བྱའོ། །དེ་ལྟར་བྱས་ན་རང་བཞིན་གྱིས་བསྲུང་བར་འགྱུར་རོ། །ནུབ་མོ་མདུན་དུ་ཟླ་བ་ལ། ཉིན་མོ་ནི་ཉི་མའི་དཀྱིལ་འཁོར་ལ་
སྔོན་དུ་གསུངས་པ་བཞིན་དུ་རང་གི་གནས་སུ་བྱའོ། །དེའི་རྗེས་སུ་ཇི་ལྟར་གསུངས་པའི་རིག་པ་ལན་བདུན་དུ་བརྗོད་པར་བྱ་སྟེ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ། ཏདྱ་ཐཱ། ཨོཾ་ཨཱ་ལོ། ཀཱ་ལོ། ཏཱ་ལོ། སཙྪ་ལོ། སཾ་པ་མུངྟི། རཀྵ་རཀྵ་མཾ་སརྦ་བྷ་ཡེ་ཥུ་སྭཱ་ཧཱ། དཀོན་མཆོག་གསུམ་

དང་ལྡན་པ་ཞེས་བྱ་བའི་རིག་པའོ། །ཏདྱ་ཐཱ། ཨོཾ་མཱ་རཱི་ཙྱཻ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་མུ་ཁཾ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་མུ་ཁཾ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ།
ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ངེས་པར་འདི་ཡིན་ནོ། །ཨོཾ་མཱ་རཱི་ཙྱཻ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུཏྟ་ཡ་མ་སི། ནཻ་ར་མ་སི། ཨརྐ་མ་སི། མརྐ་མ་སི། ཨུརྨ་མ་སི། བན་དྷ་མ་སི། གུལྨ་མ་སི། ཙཱི་བ་རཱ་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨནྟརྡྷཱ་ན་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ།
ཏདྱ་ཐཱ། ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་མུ་ཁཾ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ནི་ངེས་པར་འདི་ཡིན་ནོ། །ཨོཾ་མཱ་རཱི་ཙྱཻ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུཏྟ་ཡ་མ་སི། ནཻ་ར་མ་སི།
ཨརྐ་མ་སི། མརྐ་མ་སི། ཨུདྨ་མ་སི། བན་དྷ་མ་སི། གུལྨ་མ་སི། ཙཱི་བ་རཱ་མ་སི། མ་ཧཱ་ཙཱི་བ་རཱ་མ་སི། ཨནྟརྡྷཱ་ན་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་སྭཱ་ཧཱ། ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི།
སརྦ་དུཥྚ་པྲ་དུཥྚཱ་ནཱཾ། ཙཀྵུརྨུ་ཁཾ་བན་དྷ་མི་སྭཱ་ཧཱ། ཞེས་བྱའོ། །ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་མི་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །རང་ཉིད་བསྲུང་བའི་དོན་དུ་སྔགས་འདི་བྱ་སྟེ། ཨོཾ་ཨརྐ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་མརྐ་
མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཨནྟ་རྡྷཱན་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཏེ་ཛོ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཨུཏྟ་ཡ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་གུལྨ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་བ་ནཱ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཙཱི་བ་རཱ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་
བ་ཏཱ་ཀྲ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་བ་རཱ་ཀྲ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཨུརྨ་མ་སི་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་ལས་གཞན་ཡིན་ཏེ། མཆོག་ཏུ་གྱུར་པའི་སྔགས་ནི། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིའི་ལས་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་

དང་། དགུག་པའོ། །བདག་གི་དོན་དུ་སྙིང་གར་ཏྲི་དང་། སྤེལ་བའི་སྙིང་པོ། ཨོཾ་དང་སྤེལ་བ་བྱས་ལ། མགལ་མེའི་འཁོར་ལོ་ལ་གནས་པ་ལྕགས་ཀྱུ་དང་ཞགས་པས་དགུག་པར་བྱ་བ་ནི་དཔག་ཚད་བརྒྱ་ཡིན་དུ་ཟིན་ཀྱང་ལྷ་རྫས་ཀྱི་བུད་མེད་འགུགས་པར་བྱེད་
དོ། །དེ་ནས་སྦྱོར་བ་གཞན་ཡིན་ཏེ། ཉི་མ་འཆར་ཀའི་ཚེ་བྱ་སྟེ། གཞོན་ནུ་མ་ལ་སྔགས་བརྒྱ་བཟླས་ཏེ་བའི་ལྕི་བས་དཀྱིལ་འཁོར་བྱས་ལ་གཞག་པར་བྱ་སྟེ། ཙནྡན་དཀར་པོས་ཡན་ལག་བྱུགས་ལ། མེ་ཏོག་དང་ལེགས་པར་ཁྲུས་བྱས་ཤིང་གོས་དཀར་པོ་བསྐོན་ལ་གུ་གུལ་
གྱི་བདུག་པ་སྦྱིན་ཏེ་མཐེ་བོང་ལ་རྒྱ་སྐྱེགས་དང་མར་ནག་གིས་བསྐུས་ལ་སྔགས་བརྒྱད་བརྒྱ་བཟླས་ཏེ། དབང་བསྐུར་བ་བསྟན་པར་བྱའོ། །ལྷ་ལ་སོགས་པ་ཐམས་ཅད་སྔགས་ཀྱི་རྒྱལ་པོ་འདིས་བསྐུལ་ཏེ། ཨཱོཾ་ཙི་རི་ཙི་རི་མུ་སྭཱ་ཧཱ། ཞེས་བྱ་བ་ནི་སྔགས་སོ། །ཨོཾ་མཱཾཿསྔགས་འདིས་མར་
མེ་ལ་བརྒྱད་བརྒྱ་མངོན་པར་བསྔགས་ནས་གཞོན་ནུ་མ་ལ་བསྟན་པར་བྱས་ན་སྔོན་བཞིན་དུ་མཐོང་བར་འགྱུར་རོ། །མ་མོའི་ཚོགས་ཐམས་ཅད་ཀྱི་དགེ་བ་དང་། མི་དགེ་བ་ཡང་ཐོས་པ་ནི། ཨོཾ་བ་ཏཱ་ལི་ཡཾ་མུཿ། སྔགས་འདི་ཁྲི་ཚོ་གཅིག་བཟླས་ཏེ་བསྟན་པར་བྱའོ། །ཡང་ན་དགྲ་བོ་རིམས་
ཀྱིས་གཟུང་བར་འདོད་ན་མིའི་རུས་པའི་ཕྱེ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་བོའི་ངོགས་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་རྡུལ་དང་བཅས་པ་ལ་གཟུགས་བརྙན་བྱས་ཏེ། དུག་དང་། མེ་དང་། སྐེ་ཚེ་དང་། ཉིན་ཕྱེད་དང་། འོ་མ་དང་ལྡན་པ་དུར་ཁྲོད་ཀྱི་རས་ལ་སྔགས་དང་སྤེལ་བ་བྲིས་
བཞིན་པ་བྱས་ཏེ། ཨོཾ་མཱ་རཱི་ཙྱཻ་ཆེ་གེ་མོ་རིམས་ཀྱིས་ཟུང་ཤིག་ཟུང་ཤིག་ཧུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱད་བརྒྱ་བཟླས་པས་དགྲ་བོའི་ཁང་པར་སྦས་ན་རིམས་ཀྱིས་འཛིན་པར་འགྱུར་རོ། །ཡང་ན་ཐོད་པ་ལ་སྔོན་དུ་བསྟན་པའི་རྫས་ཉིད་ཀྱིས་མིང་བྲིས་ཏེ་ཡི་གེ་ཨ་བཞི་ནང་དུ་བཅུག་ནས་མེའི་ནང་དུ་ཡང་
མཱྃ་གིས་ཡོངས་སུ་བསྐོར་ལ། ཁྲོས་པས་སེང་ལྡེང་གི་མེ་ལ་བདུག་པར་བྱའོ། །སྟེང་ནས་མགུལ་པ་བཅིངས་པའི་ཐོད་པ་དགྲ་བོའི་ཁང་པར་སྦས་ན་འཕྲལ་དུ་རིམས་ཀྱིས་འཛིན་པར་འགྱུར་རོ། །ཡང་ན་དུར་ཁྲོད་དུ་བྱའོ། །དེ་ནས་དགྲ་བོ་གསད་པར་འདོད་ན་དུག་དང་། ཚྭ་དང་། སྐེ་

ཚེ་དང་། ཁྲག་གིས་མིའི་རུས་པའི་སྨྱུ་གུས་ཐོད་པ་ལ་མིང་མངོན་པར་བྲིས་ཏེ་ཧཱུྃ་དང་ཕཊ་གཉིས་ཀྱི་ནང་དུ་བཅུག་ན་གསོད་པར་འགྱུར་རོ། །སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་ཧཱུཾ་ཆེ་གེ་མོ་སོད་ཅིག་ཧཱུཾ་ཞེས་བྱ་བ་སྟོང་ཕྲག་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །དུར་ཁྲོད་
དུ་བྲིས་ན་ནི་ཞག་གསུམ་གྱིས་ཉམས་པར་འགྱུར་རོ། །ཡང་ན་སྐྲོད་པར་འདོད་ན། ཨོཾ་མཱ་རཱི་ཙྱཻ། ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཤཱི་གྷྲཾ་ག་མི་ནི་ཆེ་གེ་མོ་སྐྲོད་ཅིག་ཧཱུཾ་ཕཊ། སྔགས་འདི་བྱ་རོག་གི་གཤོག་པ་བླངས་ལ་སྟོང་ཕྲག་བརྒྱད་བཟླས་ཏེ། དགྲ་བོའི་ཁྱིམ་དུ་འབད་པས་སྦ་བར་བྱས་ལ། རྔ་མོའི་
སྟེང་དུ་ཞོན་པ་བསྒོམ་པར་བྱས་ན་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ། །ཡང་ན་དབྱེ་བར་འདོད་ན་དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་ཀླུང་གི་ངོགས་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་ས་དང་། ཡང་དག་པར་བསྟན་པས་སོ་སོར་གཟུགས་བརྙན་བྱས་ལ་རྒྱབ་སྤྲད་དེ། མ་ཧེའི་ཤ་དང་རྟའི་མགོ་
སྤུས་ལེགས་པར་བཅིངས་ལ་དུག་དང་། སྐེ་ཚེ་དང་། ཚ་བ་གསུམ་གྱིས་ལུས་བྱུགས་ལ། དེ་ཉིད་དང་མ་ཧེའི་ཤ་དང་། རྟའི་ཁྲག་དང་ལྡན་པས་དུར་ཁྲོད་ཀྱི་རས་ལ་ཕཊ་བཞིའི་དབུས་སུ་ཧཱུཾ་གིས་སྤེལ་བའི་མིང་བྲིས་ལ་མཱྃ་གིས་ཡོངས་སུ་བསྐོར་ལ་དེའི་སྙིང་གར་བཅུག་སྟེ་སྔགས་བཟླས་ཤིང་
མ་ཧེ་དང་། རྟ་གཉིས་ལ་ཞོན་པ་གཉི་ག་ཡང་འཐབ་བཞིན་རྣམ་པར་བསམས་ན་དབྱེ་བར་བྱེད་དོ། །འཕྲོག་བྱེད་དང་། དཀའ་ཟློག་མ་དང་བཅས་པས་དུར་ཁྲོད་དུ་ས་བརྐོས་ལ་སྦའོ། །ཨོཾ་མཱ་རཱི་ཙྱཻ་ཆེ་གེ་མོ་དང་ཆེ་གེ་མོ་ཕྱེ་ཤིག་ཧཱུཾ་སྭཱ་ཧཱ། ཞེས་པ་ནི་སྔགས་སོ། །དེ་ནས་སྦྱོར་བ་གཞན་ནི་མ་ཧེའི་རྭ་དང་
རྟའི་རུས་པ་ལ་གཟུགས་བརྙན་བྱས་ཏེ། དུག་དང་གཏུམ་པོའི་ས་བོན་དང་། མ་ཧེའི་ཤ་དང་རྟའི་ཁྲག་གིས་སྙིང་གར་མིང་མངོན་པར་བྲིས་ལ་སྔགས་བཟླ་ཞིང་སེང་ལྡེང་གི་མེ་ལ་གདུངས་ན་དེ་མ་ཐག་ཏུ་འབྱེད་པར་བྱེད་དོ། །ཡང་ན་དགྲ་བོའི་ཁྱིམ་དུ་སྦས་ན་ཡང་འབྱེད་པར་བྱེད་དོ། །དེ་ཡང་
དག་པར་བརྗོད་པར་བྱ་བ་ནི་འོད་ཟེར་ཅན་ཆེན་པོ་འབྱུང་བའི་རྒྱུད་ལས་བྱུང་བ་ནི་དགྲའི་དཔུང་རེངས་པར་བྱེད་པའི་ཚིག་སྟོ