Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 090_རྒྱུད་འབུམ།_ཕ

Văn bản gốc(Tây Tạng)

Trang 3 / 18 (50.000 ký tự/trang)
ུ་དང་བས་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བ་དང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱི་བའི་སླད་དུ་ཆོས་སྨྲ་བ་དེ་དག་ལ་གསོལ་བ་འདེབས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན།
བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རབ་ཏུ་བཤད་ན། སའི་ལྷ་མོ་བརྟན་མ་བདག་གཡོག་དང་བཅས་ཏེ། རབ་ཏུ་མདངས་དང་ལྡན་པ་དང་། རབ་ཏུ་སྟོབས་དང་ལྡན་པར་འགྱུར་རོ། །བདག་ཅག་གི་ལུས་ལ་སྟོབས་དང་། བརྩོན་འགྲུས་དང་།

མཐུ་ཆེན་པོ་བསྐྱེད་པར་འགྱུར། བདག་ཅག་གི་ལུས་ལ་གཟི་བརྗིད་དང་དཔལ་དང་། ཕུན་སུམ་ཚོགས་པ་ཡང་འཇུག་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་གྱུར། གཟི་བརྗིད་དང་སྟོབས་དང་།
བརྩོན་འགྲུས་དང་མཐུ་དང་ཤུགས་ཆེན་པོ་ཐོབ་པར་གྱུར་ན། ས་ཆེན་པོའི་དཔག་ཚད་སྟོང་ཕྲག་བདུན་པའི་འཛམ་བུའི་གླིང་འདིའི་སའི་བཅུད་ཆེན་པོ་རྣམ་པར་འཕེལ་བར་འགྱུར། ས་ཆེན་པོ་མདངས་དང་རབ་ཏུ་ལྡན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ས་ལ་བརྟེན་པའི་སེམས་ཅན་དེ་དག་
ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར། ཆེན་པོར་ཡང་འགྱུར་རོ། །ས་ལ་གནས་པའི་སེམས་ཅན་དེ་དག་ཆེན་པོར་གྱུར་ནས་ཀྱང་། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་སྣ་ཚོགས་ལ་སྤྱོད་པར་འགྱུར། བདེ་བ་ཡང་མྱོང་བར་འགྱུར་རོ། །དེ་དག་ཐམས་ཅད་བཟའ་བ་དང་།
བཏུང་བ་དང་བཅའ་བ་རྣམ་པ་སྣ་ཚོགས་དང་། གོས་དང་མལ་ཆ་དང་། གནས་དང་། ཁང་པ་དང་། གཞལ་མེད་ཁང་དང་། སྐྱེད་མོས་ཚལ་དང་། ཆུ་བོ་དང་། རྫིང་དང་། ཆུ་མིག་དང་། མཚེའུ་དང་། མཚོ་དང་། ལྟེང་ཀ་དང་། འདི་ལྟ་བུའི་ཡོ་བྱད་བདེ་བ་རྣམ་པ་སྣ་ཚོགས་ས་ལ་
གནས་པ་ས་ལས་བྱུང་བ་ས་ལ་བརྟེན་པ་འདི་དག་ལ་སྤྱོད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བདག་ལ་བྱས་པ་གཟོ་བར་བགྱིའོ། །གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་བགྱིས་ཏེ། མཉན་
པར་བགྱི། བཀུར་སྟིར་བགྱི། བླ་མར་བགྱི། རིམ་གྲོར་བགྱི། མཆོད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་སེམས་ཅན་དེ་དག་ཆོས་སྨྲ་བ་དེའི་གན་དུ་མཆི་བའི་སླད་དུ། རིགས་ཐ་དད་པ་དང་ཁྱིམ་ཐ་དད་པ་དག་ནས་འབྱུང་སྟེ། མཆིས་ནས་གསེར་འོད་དམ་པ་མདོ་
སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་གྱུར་ལ། ཐོས་ནས་ཀྱང་རང་རང་གི་རིགས་དང་། ཁྱིམ་དང་གྲོང་དང་གྲོང་རྡལ་ཐ་དད་པ་དག་ཏུ་ཞུགས་ནས། རང་རང་གི་ཁྱིམ་ན་གནས་པ་དག་ཕན་ཚུན་དུ་འདི་སྐད་ཅེས་བདག་ཅག་གིས་དེ་རིང་ཆོས་མཉན་པ་ཟབ་མོ་ཐོས་སོ། །དེ་རིང་བདག་ཅག་གིས་

བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་ངོ་། །བདག་ཅག་གིས་ཆོས་མཉན་པ་དེས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་མཉེས་པར་བྱས་སོ། །དེང་བདག་ཅག་གིས་ཆོས་ཉན་པ་འདིས་སེམས་ཅན་དམྱལ་བ་ལས་ཡོངས་སུ་
ཐར་ཏོ། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ལས་ཡོངས་སུ་ཐར་ཏོ། །དེང་བདག་ཅག་ཆོས་ཉན་པ་འདིས་མ་འོངས་པའི་དུས་ན། ཚེ་རབས་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིར་སྐྱེ་བ་ཡོངས་སུ་བཟུང་བར་འགྱུར་རོ། །ཞེས་གཏམ་ཟེར་
བར་འགྱུར་རོ། །ཁྱིམ་ཐ་དད་པ་ན་གནས་པར་འགྱུར་བ་དེ་དག་སེམས་ཅན་གཞན་དག་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་དཔེ་གཅིག་བརྗོད་དམ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ལེའུ་གཅིག་གམ། སྔོན་བྱུང་བ་གཅིག་
གམ། ཐ་ན་བྱང་ཆུབ་སེམས་དཔའི་མིང་གཅིག་གམ། དེ་བཞིན་གཤེགས་པའི་མཚན་གཅིག་གམ། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གམ། ཚིག་གཅིག་གིས་སེམས་ཅན་གཞན་དག་ལ་ཐོས་པར་བགྱིད་དམ། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་
པོ་འདིའི་མཚན་གཞན་དག་ལ་རབ་ཏུ་སྟོན་ཏམ། བཙུན་པ་བཅོམ་ལྡན་འདས་གང་དང་གང་ན་སེམས་ཅན་རྣམ་པ་ཐ་དད་པ་དེ་དག་ས་ཕྱོགས་རྣམ་པ་ཐ་དད་པ་དག་ཏུ་མདོ་སྡེའི་གཏན་ཚིགས་རྣམ་པ་སྣ་ཚོགས་འདི་ལྟ་བུ་འདི་དག་གཅིག་ལ་གཅིག་བརྗོད་དམ། ཐོས་པར་བགྱིད་དམ།
གཏམ་བརྒྱུད་བརྗོད་ན། བཙུན་པ་བཅོམ་ལྡན་འདས་ས་ཕྱོགས་དེ་དག་ཐམས་ཅད་ཤིན་ཏུ་མདངས་དང་ལྡན་པ་དང་ཤིན་ཏུ་སྣུམ་པར་འགྱུར་རོ། །ས་ཕྱོགས་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཕྱིར། སའི་བཅུད་རྣམ་པ་སྣ་ཚོགས་དང་ཡོ་བྱད་ཐམས་ཅད་རྒྱས་པར་སྐྱེ་བར་འགྱུར།
རྣམ་པར་འཕེལ་བར་འགྱུར། ཤིན་ཏུ་རྒྱས་པར་འགྱུར། སེམས་ཅན་དེ་དག་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། སྦྱིན་པ་ལ་མོས་པར་འགྱུར། དཀོན་མཆོག་གསུམ་ལ་མངོན་པར་དད་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་སའི་ལྷ་མོ་བརྟན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སའི་ལྷ་མོ་སེམས་ཅན་གང་ལ་ལ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་གཅིག་ཉན་ན་དེ་དག་མིའི་འཇིག་རྟེན་འདི་ནས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་
ཀྱི་ནང་དུ་ལྷའི་རིས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །སའི་ལྷ་མོ་སེམས་ཅན་གང་ལ་ལ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། གནས་དེ་དག་ལེགས་པར་བརྒྱན་པར་བྱེད་དམ། ཐ་ན་གདུགས་གཅིག་གམ། བ་དན་གཅིག་གམ།
རས་བཅོས་བུ་གཅིག་གིས་གཡོགས་ན་སའི་ལྷ་མོ་རྟག་ཏུ་བརྒྱན་པའི་གནས་དེ་དག་འདོད་པ་ན་སྤྱོད་པའི་ལྷའི་རིས་བདུན་པོ་དེ་དག་ཏུ་ལྷའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་དག་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་སེམས་ཅན་དེ་དག་
མིའི་འཇིག་རྟེན་འདི་ནས་ཤི་འཕོས་ཏེ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དེ་དག་ཏུ་སྐྱེ་བ་དེའི་ཚེ། སའི་ལྷ་མོ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རེ་རེར་ཡང་ལན་བདུན་བདུན་དུ་སྐྱེ་བར་འགྱུར་རོ། །ལྷའི་བདེ་བ་བསམ་གྱིས་མི་ཁྱབ་པ་ཡང་མྱོང་བར་འགྱུར་རོ། །དེ་སྐད་
ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེས་ན་སའི་ལྷ་མོ་བརྟན་མ་བདག་དགེ་སློང་ཆོས་སྨྲ་བ་ཆོས་ཀྱིསྟན་ལ་མཆིས་པ་དེའི་ཆོས་ཀྱི་སྟན་གྱི་འོག་ལོགས་ཀྱི་ས་ཕྱོགས་དེ་དང་དེ་དག་ཏུ་གནས་པར་
བགྱིའོ། །ཅི་ནས་ཀྱང་སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསེར་འོད་དམ་
པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་མ་འོངས་པའི་དུས་ན་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཆད་པར་འགྱུར་བར་ལུས་མི་གདའ་བར་བགྱིས་ཏེ། དགེ་སློང་ཆོས་སྨྲ་བ་
དེའི་རྐང་པ་ལ་ཡན་ལག་གི་དམ་པ་མགོས་བརྟེན་པར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སའི་ལྷ་མོ་བརྟན་མའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །།དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་
དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་
མ་འོངས་པའི་དུས་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་གང་དུ་འབྱུང་བར་འགྱུར་བ་དེར་བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་གྱི་སྡེ་
དཔོན་ཆེན་པོ་ཡང་དག་ཤེས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་དང་ལྷན་ཅིག་ཏུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་དེར་མཆི་བར་བགྱིའོ། །ལུས་མི་གདའ་བར་བགྱི་སྟེ་
དགེ་སློང་ཆོས་སྨྲ་བ་དེ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །སྐྱེས་པའམ་བུད་མེད་དམ་ཁྱེའུ་འམ་བུ་མོ་ཆོས་ཉན་པ་དེ་དག་ཐམས་ཅད་དང་།
གང་སུ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཉན་པ་དང་ཐ་ན་ཚིག་གཅིག་དང་། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་བྱང་ཆུབ་སེམས་དཔའི་མིང་གཅིག་གམ། དེ་བཞིན་གཤེགས་པའི་མཚན་

གཅིག་ཐོས་པར་གྱུར་ཏེ། གཟུང་བ་དང་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མིང་ཐོས་པར་གྱུར་ཏེ། གཟུང་བ་དེ་དག་ཐམས་ཅད་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་།
ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །རིགས་དེ་དག་དང་། ཁྱིམ་དེ་དག་དང་། གྲོང་དེ་དག་དང་། གྲོང་ཁྱེར་དེ་དག་དང་། གྲོང་རྡལ་དེ་དག་དང་། དགོན་པ་དེ་དག་དང་། ཕོ་བྲང་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་།
ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་གང་དག་གིས། བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་མིང་དུ་ཆགས་པར་གྱུར་ཅེ་ན། འདི་ནི་བཙུན་པ་བཅོམ་
ལྡན་འདས་ཉིད་ཀྱི་མངོན་སུམ་མོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་འཚལ་ཏོ། །ཆོས་ཐམས་ཅད་ཡོངས་སུ་འཚལ་ཏོ། །ཆོས་ཐམས་ཅད་ཁོང་དུ་ཆུད་དོ། །ཆོས་ཐམས་ཅད་ཇི་སྙེད་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་དང་གནས་པ་གང་ལགས་
པ་དང་། ཆོས་ཐམས་ཅད་ཀྱི་རིགས་གང་ལགས་པ་དང་། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་བདག་ལ་མངོན་སུམ་མོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གི་ཡེ་ཤེས་སྣང་བ་བསམ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་གསལ་བ་བསམ་གྱིས་མི་
ཁྱབ་བོ། །ཡེ་ཤེས་ཀྱི་རྒྱུ་བ་བསམ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་བོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གི་ཡེ་ཤེས་ཀྱི་ཡུལ་འཇུག་པ་བསམ་གྱིས་མི་ཁྱབ་བོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བདག་ཆོས་ཐམས་ཅད་
ཡང་དག་པར་འཚལ་བ་དང་། ཡང་དག་པར་ཡོངས་སུ་བརྟགས་པ་དང་། ཡང་དག་པར་ཡོངས་སུ་འཚལ་བ་དང་། ཡང་དག་པར་རྣམ་པར་བལྟས་པ་དང་། ཡང་དག་པར་ཁོང་དུ་ཆུད་པའི་རྒྱུ་དེས་ན། བཙུན་པ་བཅོམ་ལྡན་འདས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་

དག་ཤེས་ཞེས་མིང་དུ་ཆགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པར་བགྱི་བའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱིའོ། །ཇི་ལྟར་ཆོས་སྨྲ་བ་དེའི་ལུས་མི་ངལ་བར་འགྱུར་བ་དང་། ལུས་ཀྱི་དབང་པོ་བདེ་བར་འགྱུར་བ་དང་།
རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་དང་། གང་གི་སླད་དུ་སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་
ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་འཛིན་པར་འགྱུར་བ་དང་། མ་འོངས་པའི་དུས་ན་
བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་
བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་ཆད་པར་འགྱུར་བར་དེའི་སྤུའི་བུ་ག་རྣམས་སུ་མདངས་སྩལ་བར་བགྱིའོ། །དེའི་ལུས་ལ་མཐུ་དང་སྟོབས་དང་བརྩོན་འགྲུས་ཆེན་པོ་བསྐྱེད་
པར་བགྱིའོ། །དེའི་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པར་བགྱིའོ། །དེའི་དྲན་པ་ཁོང་དུ་ཆུད་པར་བགྱིའོ། །དེ་ཆེར་སྤྲོ་བར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཡང་དག་ཤེས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །།
འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུརྱ་དང་གསེར་གྱི་རི་ཁ་དོག་བཟང་

པོ་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་སྐུ་ལེགས་པར་བརྒྱན་པ། གང་ཆོས་ཀྱི་སྒྲོན་མ་འདི་འབར་བར་མཛད་པ་
ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་དཔལ་ཡོན་ཏན་གྱི་འབྲུ་དང་བཀྲ་ཤིས་པ་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་དབྱངས་ཅན་ཤེས་རབ་ཀྱི་ཡོན་ཏན་དཔག་ཏུ་མེད་པ་འདུས་པ་དེ་ལ་ཕྱག་འཚལ་ལོ། །ཡང་དེའི་ཚེ་དེའི་དུས་
ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གི་བུ་རྒྱལ་པོ་མཛེས་པའི་ཏོག་དབང་བསྐུར་ནས་རིང་པོར་མ་ལོན་པ་རྒྱལ་སྲིད་ལ་གསར་དུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་གང་ངས་སྔོན་དབང་བསྐུར་ནས་རིང་པོར་མ་ལོན་པ་ཞིག་ན། ཡབ་མཆོག་གི་དབང་པོའི་ཏོག་ལས་བླངས་པ་
རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་ཞིག་ཡོད་དེ། ངས་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་དེས་ལོ་ཉི་ཁྲིའི་བར་དུ་རྒྱལ་པོ་ཉིད་བྱས་པར་གྱུར་ཏེ། ཐ་ན་སེམས་ཀྱི་སྐད་ཅིག་གཅིག་ཙམ་གྱི་ཚོད་ཀྱང་སྔོན་ཆོས་མ་ཡིན་པས་ཕྱོགས་འགའ་ཞིག་
ལ་གནས་པར་མ་ཤེས་སོ། །བུ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་དེ་གང་ཞེ་ན། དེས་ན་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གི་བུ་རྒྱལ་པོ་མཛེས་པའི་ཏོག་ལ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་
བའི་ཚིགས་སུ་བཅད་པ་འདི་དག་གིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་པོ། །ཉེས་བྱས་ཐམས་ཅད་འཇིག་བྱེད་པ། །རྒྱལ་པོའི་བསྟན་བཅོས་བཤད་པར་བྱ། །རྒྱལ་པོ་ཐམས་ཅད་སོ་སོ་ནས། །
དགའ་བའི་སེམས་སུ་འགྱུར་བྱོས་ལ། །ལྷ་ཡི་དབང་པོའི་དམ་ཚིག་ཀུན། །ཐལ་མོ་སྦྱར་ཏེ་མཉན་པར་བྱོས། །རྡོ་རྗེའི་འབྱུང་གནས་རི་དབང་འདིར། །ལྷ་ཡི་དབང་པོ་འདུས་པ་ན། །ཚངས་དབང་ལ་ནི་དྲི་བའི་ཕྱིར། །འཇིག་རྟེན་སྐྱོང་བ་རྣམས་ཀྱང་ལངས། །ཁྱོད་ནི་ལྷ་གཙོ་ཚངས་

པ་སྟེ། །ཁྱོད་ནི་ལྷ་རྣམས་དབང་ཕྱུག་ལགས། །ཁྱོད་ནི་བདག་ཅག་ཐེ་ཚོམ་གཅོད། །བདག་ཅག་དོགས་པ་གཅད་དུ་གསོལ། །མིར་སྐྱེས་པ་ཡི་རྒྱལ་པོ་ལ། །ཇི་ལྟ་བུར་ན་ལྷ་ཞེས་བགྱི། །གང་གི་རྒྱུས་ན་རྒྱལ་པོ་ལ། །ལྷ་སྲས་ཞེས་ནི་བགྱི་བར་འགྱུར། །གལ་ཏེ་ལྷ་ནི་ཇི་ལྟ་
བུར། །མི་ཡི་འཇིག་རྟེན་འདིར་སྐྱེ་ཞིང་། །མི་བདག་གྱུར་ཏེ་མི་རྣམས་ལ། །རྒྱལ་པོ་ཉིད་ནི་བགྱིད་པར་འགྱུར། །འཇིག་རྟེན་སྐྱོང་བས་ཚངས་དབང་ལ། །དེ་སྐད་ཡོངས་སུ་དྲིས་པ་དང་། །ལྷ་ཡི་གཙོ་བོ་ཚངས་པ་དེས། །འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། །དེ་ལྟར་འཇིག་
རྟེན་སྐྱོང་རྣམས་ཀྱིས། །ད་ལྟར་བདག་ལ་དྲིས་པས་ན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བསྟན་བཅོས་དམ་པ་ཁོ་བོས་བསྟན། །མི་ཡི་གནས་སུ་སྐྱེས་པ་ཡི། །རྒྱལ་པོ་རྣམས་ཀྱི་སྐྱེ་བ་དང་། །རྒྱུ་གང་གིས་ན་ཡུལ་རྣམས་སུ། །རྒྱལ་པོར་འགྱུར་བ་བཤད་པར་བྱ། །
ལྷ་དབང་རྣམས་ཀྱིས་བྱིན་རླབས་ཀྱིས། །མ་ཡི་རུམ་དུ་འཇུག་འགྱུར་ཏེ། །ལྷ་ཡིས་སྔར་ནི་བྱིན་བརླབས་ནས། །ཕྱི་ནས་མངལ་དུ་འཇུག་པར་འགྱུར། །མི་ཡི་འཇིག་རྟེན་སྐྱེས་ཀྱང་ནི། །མི་ཡི་དབང་པོར་གྱུར་པ་ཡིན། །ལྷ་ལས་སྐྱེས་པར་གྱུར་པས་ན། །དེ་ནི་ལྷ་ཡི་སྲས་
ཞེས་བྱ། །ཁྱོད་ནི་ལྷ་ཀུན་བུ་ཡིན་ཞེས། །སུམ་ཅུ་རྩ་གསུམ་ལྷ་དབང་གིས། །རྒྱལ་པོའི་སྐལ་བ་བྱིན་ནས་ནི། །མི་རྣམས་ཀྱི་ནི་དབང་པོར་སྤྲུལ། །ཉེས་པ་བྱས་པ་རྣམ་འགོག་པ། །ཆོས་མ་ཡིན་པ་གཞིག་པ་དང་། །སེམས་ཅན་ལེགས་བྱེད་དགོད་པ་དང་། །
ལྷ་ཡི་གནས་སུ་དགྱེ་བའི་ཕྱིར། །མི་ཡི་དབང་པོ་མི་ཤས་དང་། །ལྷ་ཡི་ཤས་དང་དྲི་ཟའི་ཤས། །གདོལ་པའི་ཤས་དང་སྲིན་ཤས་ཀྱིས། །ཉེས་པར་བྱེད་པ་ཟློག་པར་བྱེད། །ལེགས་པར་བྱ་བ་བྱེད་རྣམས་ལ། །མི་ཡི་དབང་པོ་ཕ་མའི་ཤས། །རྣམ་སྨིན་འབྲས་བུ་
བསྟན་པའི་ཕྱིར། །ལྷ་ཡི་རྒྱལ་པོ་བྱིན་གྱིས་བརླབས། །ཚེ་འདིའི་ལེགས་པར་བྱས་པ་དང་། །ཉེས་པར་བྱས་པའི་ལས་རྣམས་ཀྱི། །རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར། །ལྷ་ཡི་རྒྱལ་པོ་བྱིན་གྱིས་བརླབས། །ཡུལ་ན་ཉེས་བྱེད་གནས་པ་དག །གང་ཚེ་རྒྱལ་པོས་ཡལ་བོར་ཞིང་། །

སྡིག་པ་ཅན་གྱི་སྐྱེ་བོ་ལ། །མཐུན་པའི་ཆད་པས་མི་གཅོད་ཅིང་། །ཉེས་པར་བྱས་པ་ཡལ་བོར་བ། །དེ་ཚེ་ཆོས་མིན་ཤིན་ཏུ་འཕེལ། །འཐབ་མོ་དང་ནི་གཡོ་རྣམས་ཀྱང་། །ཡུལ་འཁོར་དེ་ནི་ཕྱིར་ཕྱིར་འབྱུང་། །སུམ་ཅུ་རྩ་གསུམ་ཁང་པ་ན། །ལྷ་ཡི་དབང་པོ་
འཁྲུག་པར་འགྱུར། །ཡུལ་ན་ཉེས་བྱེད་གནས་པ་དག །གང་ཚེ་རྒྱལ་པོས་ཡལ་བོར་བ། །དེ་ཚེ་གཡོ་ནི་མི་བཟད་པ། །དྲག་པོ་རྣམས་ཀྱིས་ཡུལ་འཇོམས་འགྱུར། །ཕ་རོལ་དམག་ཚོགས་ལྷགས་ནས་སུ། །ཡུལ་འཁོར་དེ་ནི་རྣམ་པར་འཇིག །ལོངས་སྤྱོད་རྣམས་དང་
རིགས་ཀྱང་འཇིག །གང་གིས་ནོར་བསགས་ཡོད་པ་ཡང་། །གཡོ་བྱེད་རྣམ་པ་མང་པོ་ཡིས། །ཕན་ཚུན་དུ་ནི་འཕྲོག་པར་འགྱུར། །བྱ་བ་གང་གིས་རྒྱལ་པོ་ཉིད། །བྱ་བ་དེ་ནི་མི་བྱེད་ན། །གླང་ཆེན་དབང་པོས་རྫིང་བུ་བཞིན། །རང་གི་ཡུལ་འཁོར་རྣམ་པར་འཇིག །མ་
རུངས་པ་ཡི་རླུང་ལྡང་ཞིང་། །མ་རུངས་པ་ཡི་ཆར་པ་འབབ། །ཉི་མ་དང་ནི་ཟླ་བ་དང་། །གཟའ་དང་རྒྱུ་སྐར་མ་རུངས་འགྱུར། །རྒྱལ་པོས་ཡལ་བར་བོར་ན་དེར། །ས་བོན་ལོ་ཏོག་མེ་ཏོག་འབྲས། །ལེགས་པར་སྨིན་པར་མི་འགྱུར་ཞིང་། །མུ་གེ་དག་ཀྱང་འབྱུང་བར་འགྱུར། །
ཡུལ་ན་ཉེས་བྱེད་གནས་པ་དག །གང་ཚེ་རྒྱལ་པོས་ཡལ་བོར་བ། །དེ་ཚེ་ལྷ་རྣམས་ཁང་པ་ན། །ཡིད་ནི་དགའ་བར་མི་འགྱུར་རོ། །ལྷ་རྒྱལ་དབང་པོས་དེ་དག་ཀུན། །རྒྱལ་འདི་ཆོས་དང་མི་ལྡན་ཏེ། །ཆོས་མིན་ཕྱོགས་ལ་གནས་པ་ཞེས། །ཕན་ཚུན་དུ་ནི་སྨྲ་བར་
འགྱུར། །རྒྱལ་འདིས་རིང་པོར་མི་ཐོགས་པར། །ལྷ་རྣམས་འཁྲུག་པར་བྱེད་པར་འགྱུར། །ལྷ་རྣམས་རབ་ཏུ་འཁྲུགས་པས་ན། །དེ་ཡི་ཡུལ་ནི་རྣམ་པར་འཇིག །ཡུལ་དུ་ཆོས་མིན་འབྱུང་འགྱུར་ཞིང་། །མཚོན་ཆས་ཀྱང་ནི་འཇིག་པར་འགྱུར། །གཡོ་རྣམས་དང་ནི་
འཐབ་མོ་དང་། །ནད་ཀྱང་ཀུན་ཏུ་འབྱུང་བར་འགྱུར། །ལྷ་ཡི་དབང་པོ་རབ་ཁྲོས་ཤིང་། །ལྷ་རྣམས་ཀྱིས་ཀྱང་ཡལ་བར་འདོར། །ཡུལ་འཁོར་དེ་ནི་འཇིག་པར་འགྱུར། །རྒྱལ་པོ་དེ་ནི་མྱ་ངན་རྙེད། །སྤུན་ནམ་ཡང་ན་བུ་ཡང་རུང་། །སྡུག་པ་རྣམས་དང་བྲལ་བར་འགྱུར། །

སྡུག་པའི་ཆུང་མ་དང་ཡང་བྲལ། །ཡང་ན་བུ་མོ་འཆི་བར་འགྱུར། །སྐར་མདའ་དག་ཀྱང་ལྟུང་བར་འགྱུར། །དེ་བཞིན་ཉི་མ་འདྲ་བ་འབྱུང་། །ཕ་རོལ་གྱི་ནི་དམག་ཚོགས་དང་། །མུ་གེ་ཤིན་ཏུ་འབྱུང་བར་འགྱུར། །དེ་ཡི་བློན་པོ་ཕངས་པ་དང་། །གླང་པོ་ཕངས་པ་འཆི་བར་འགྱུར། །
དེ་ཡི་འོག་ཏུ་རྔ་མོ་ནི། །ཕངས་པ་དག་ཀྱང་འཆི་བར་འགྱུར། །ཁྱིམ་དང་ལོངས་སྤྱོད་ནོར་རྣམས་ཀྱང་། །ཕན་ཚུན་དུ་ནི་འཕྲོག་པར་འགྱུར། །ཡུལ་ཡུལ་དུ་ནི་མཚོན་ཆ་ཡིས། །ཕན་ཚུན་དག་ཏུ་འདེབས་པར་འགྱུར། །འཐབ་མོ་དག་དང་རྩོད་དང་གཡོ། །ཡུལ་རྣམས་སུ་ནི་
འབྱུང་བར་འགྱུར། །ཡུལ་འཁོར་དུ་ནི་གདོན་འཇུག་ཅིང་། །མི་བཟད་པ་ཡི་ནད་ཀྱང་འབྱུང་། །དེ་ཡི་འོག་ཏུ་སྦྱིན་གནས་ཀྱང་། །ཆོས་དང་ལྡན་པ་མ་ཡིན་འགྱུར། །དེ་ཡི་འཁོར་དང་བློན་པོ་ཡང་། །ཆོས་དང་ལྡན་པ་མ་ཡིན་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་ལ། །དེ་
ཡི་འོག་ཏུ་མཆོད་བྱེད་འགྱུར། །ཆོས་དང་ལྡན་པའི་སེམས་ཅན་ལ། །རྟག་ཏུ་ཆད་པས་གཅོད་པར་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་བཀུར། །ཆོས་ལྡན་ཆད་པས་བཅད་པ་ན། །དེར་ནི་ཆུ་དང་རྒྱུ་སྐར་རླུང་། །རྣམ་གསུམ་རྣམ་པར་འཁྲུག་པར་འགྱུར། །ཆོས་མིན་སྐྱེ་བོ་བཟུང་
བས་ན། །དམ་ཆོས་རོ་ཡི་སྙིང་པོ་མདངས། །སེམས་ཅན་མདངས་དང་ས་ཡི་བཅུད། །དངོས་པོ་རྣམ་གསུམ་རྣམ་པར་འཇིག །སྐྱེ་བོ་ངན་པ་རབ་བཀུར་ཅིང་། །སྐྱེ་བོ་དམ་པ་སྨད་པས་ན། །འཆི་དང་ལྕེ་འབབ་མུ་གེ་དང་། །རྣམ་པ་གསུམ་ནི་དེར་འབྱུང་འགྱུར། །འབྲས་
བུ་ལོ་ཏོག་རོ་དང་མདངས། །དེ་ཡི་འོག་ཏུ་མེད་པར་འགྱུར། །སེམས་ཅན་ནད་པ་མང་པོ་དག །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །མངར་ཞིང་ཆེ་བའི་འབྲས་བུ་དག །ཡུལ་རྣམས་ན་ནི་ཡོད་པ་ཡང་། །ཁ་བ་དང་ནི་ཚ་བ་དང་། །ཆུང་བ་དག་ནི་ཉིད་དུ་འགྱུར། །རྩེ་དང་
རྒོད་དང་དགའ་བ་དང་། །སྔན་ཆད་དགའ་བའི་དངོས་པོ་དག །དགའ་བའི་ཉམས་ནི་མི་དགར་འགྱུར། །ཉོན་མོངས་བརྒྱ་ཡིས་རྣམ་པར་འཁྲུགས། །ལོ་ཏོག་རྣམས་དང་འབྲས་བུ་ཡི། །སྣུམ་དངོས་ཁུ་བ་ཟད་པས་ན། །ལུས་དང་ཁམས་དང་དབང་པོ་ལ། །དེ་ལྟར་ཚིམ་པར་མི་འགྱུར་

རོ། །སེམས་ཅན་རྣམས་ནི་མདོག་ངན་ཞིང་། །མཐུ་ཆུང་ཤིན་ཏུ་རིད་པར་འགྱུར། །ཁ་ཟས་མང་པོ་ཟོས་ཀྱང་ནི། །ཚིམ་པར་འགྱུར་བ་མ་ཡིན་ནོ། །སྟོབས་དང་མཐུ་དང་བརྩོན་འགྲུས་དང་། །དེ་ཡི་འོག་ཏུ་མེད་པར་འགྱུར། །སེམས་ཅན་བརྩོན་འགྲུས་ཉམས་པ་
དག །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །སྣ་ཚོགས་ནད་ཀྱིས་གཟིར་བ་ཡི། །སེམས་ཅན་ནད་མང་འབྱུང་བར་འགྱུར། །སྲིན་པོ་སྣ་ཚོགས་ལས་གྱུར་པའི། །གཟའ་དང་རྒྱུ་སྐར་འབྱུང་བར་འགྱུར། །ཆོས་མིན་ཕྱོགས་ལ་རབ་གནས་ཏེ། །རྒྱལ་པོ་ཆོས་དང་མི་ལྡན་པས། །
འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ན། །ཁམས་གསུམ་རྣམ་པར་འཇིག་པར་འགྱུར། །གང་ཚེ་རྒྱལ་པོའི་ཕྱོགས་གནས་ཏེ། །ཉེས་བྱེད་ཡལ་བར་འདོར་བའི་ཚེ། །འདི་འདྲའི་ཉེས་པ་དུ་མ་དག །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །དགོས་པ་གང་ཕྱིར་ལྷ་དབང་གིས། །
རྒྱལ་པོ་བྱིན་གྱིས་བརླབས་པ་ཡི། །རྒྱལ་པོ་ཉིད་ནི་མི་བྱེད་ཅིང་། །ཉེས་བྱེད་ཡལ་བར་འདོར་ན་ནི། །ལེགས་པར་བྱས་པས་སེམས་ཅན་རྣམས། །ལྷ་ཡི་གནས་སུ་ལྷར་ཡང་སྐྱེ། །ཉེས་པར་བྱས་པས་ཡི་དགས་དང་། །སེམས་ཅན་དམྱལ་དང་དུད་འགྲོར་སྐྱེ། །གང་ཚེ་
རྒྱལ་པོ་ཡུལ་རྣམས་ན། །ཉེས་བྱེད་ཡལ་བར་འདོར་བའི་ཚེ། །སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ཉེས་པར་བྱས་པས་ལྟུང་བར་འགྱུར། །རྒྱལ་པོ་ཉིད་ནི་མི་བྱེད་ན། །དེ་ནི་བུ་ཡང་མ་ཡིན་ལ། །ལྷ་ཡི་རྒྱལ་པོ་ཕ་རྣམས་ཀྱིས། །གནས་ལ་ཉེས་དང་བཅས་པར་འགྱུར། །
གཡོ་ནི་ཤིན་ཏུ་མི་བཟད་པས། །གང་ཚེ་ཡུལ་འཁོར་འཇིག་འགྱུར་བ། །དེ་ཕྱིར་ལྷ་ཡི་དབང་པོ་ཡི། །མི་གནས་རྒྱལ་པོ་བྱིན་གྱིས་བརླབས། །ཉེས་པ་བྱས་ཞི་བྱ་བའི་ཕྱིར། །ལེགས་པར་བྱེད་ལ་འཛུད་པ་སྟེ། །ཚེ་འདི་ལ་ནི་སེམས་ཅན་ལ། །རྣམ་སྨིན་བསྐྱེད་པ་རྒྱལ་པོ་
ཡིན། །ལེགས་བྱས་དང་ནི་ཉེས་བྱས་ཀྱི། །ལས་ཀྱི་རྣམ་པར་སྨིན་པའི་འབྲས། །རྣམ་པ་ཐ་དད་བསྟན་པའི་ཕྱིར། །བྱེད་པ་གང་ཡིན་རྒྱལ་པོར་བརྗོད། །བདག་གི་དོན་དང་གཞན་དོན་དང་། །ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། །ལྷ་ཚོགས་རྣམས་ཀྱི་བྱིན་གྱིས་བརླབས། །ལྷ་རྣམས་

དག་ཀྱང་རྗེས་ཡི་རང་། །ཡུལ་འཁོར་རྣམས་ན་སྐྱེ་བོ་ནི། །སྡིག་ཅན་གཡོན་ཅན་འདུལ་བ་དང་། །ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། །སྲོག་དང་རྒྱལ་སྲིད་རྣམས་ཀྱང་བཏང་། །ཆོས་མ་ཡིན་པས་བཟོད་བྱེད་ཅིང་། །ཤེས་བཞིན་ཡལ་བར་འདོར་བ་ནི། །ཡུལ་ན་འཇིགས་པ་
མི་བཟད་པ། །དེ་འདྲ་གཞན་ནི་ཡོད་མ་ཡིན། །ཇི་ལྟར་གཡོ་རྣམས་བྱུང་བ་ལ། །གཡོ་བྱེད་ཆད་པས་མ་བཅད་ན། །ཡུལ་དུ་ཤིན་ཏུ་མི་བཟད་པའི། །གཡོ་རྣམས་ཕྱིར་ཞིང་འབྱུང་བར་འགྱུར། །གླང་ཆེན་རྣམས་ཀྱི་རྫིང་ཆེན་བཞིན། །ཡུལ་འཁོར་དེ་ནི་རྣམ་པར་འཇིག །
ལྷ་དབང་རྣམས་ཀྱང་ཁྲོ་བར་འགྱུར། །ལྷ་ཡི་གནས་ནི་རྣམ་པར་འཇིག །ཡུལ་དུ་དངོས་པོ་ཐམས་ཅད་ནི། །མ་རུངས་པར་ཡང་འགྱུར་བས་ན། །དེ་ཕྱིར་སྡིག་པ་བྱེད་པ་རྣམས། །ཉེས་པའི་རིམ་བཞིན་གདུལ་བར་བྱ། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། །ཆོས་མ་
ཡིན་པ་སྤྱད་མི་བྱ། །སྲོག་ཀྱང་ཡོངས་སུ་གཏང་བྱ་ཞིང་། །ཉེ་འཁོན་བྱ་བར་མི་བྱའོ། །སྐྱེ་བོ་གཉེན་དང་སྐྱེ་བོ་གཞན། །ཡུལ་འཁོར་སྐྱེ་བོ་ཐམས་ཅད་ལ། །རྒྱལ་པོས་ཕྱོགས་ཀྱང་གཅིག་བྱ་ཡི། །ཕྱོགས་སུ་ལྷུང་བར་གྱུར་ཏ་རེ། །རྒྱལ་པོ་ཆོས་དང་ལྡན་པ་ཡི། །
གྲགས་པ་འཇིག་རྟེན་གསུམ་གང་སྟེ། །སུམ་ཅུ་གསུམ་གྱི་གནས་རྣམས་ན། །ལྷ་ཡི་དབང་པོ་དགར་འགྱུར་ཏེ། །འཛམ་བུའི་གླིང་ན་ངེད་ཀྱི་བུ། །འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིན། །ཆོས་ཀྱི་ཡུལ་འཁོར་དེར་བསྟན་ནས། །ལེགས་པར་བྱེད་ལ་སྐྱེ་བོ་བཀོད། །རྒྱལ་པོ་དེ་
ནི་ལེགས་བྱེད་པས། །སྐྱེ་བོ་དག་ནི་འདིར་འགྱེད་དེ། །ལྷ་དང་ལྷ་ཡི་བུ་རྣམས་ཀྱིས། །ལྷ་གནས་གང་བར་བྱེད་སྙམ་མོ། །ཆོས་ཀྱི་ཡུལ་འཁོར་དེར་བསྟན་པས། །རྒྱལ་པོ་རྣམས་ནི་རབ་ཏུ་དགའ། །ལྷ་དབང་རབ་ཏུ་དང་གྱུར་པས། །མི་ཡི་རྒྱལ་པོ་དེ་ལ་བསྲུང་། །ཉི་ཟླ་
དང་ནི་དེ་བཞིན་དུ། །རྒྱུ་སྐར་ལེགས་པར་རྒྱུ་བར་འགྱུར། །རླུང་ཡང་དུས་སུ་ལྡང་འགྱུར་ཞིང་། །ཆར་པའང་དུས་སུ་འབབ་པར་འགྱུར། །ལྷ་གནས་རྣམས་དང་དེ་བཞིན་དུ། །ཡུལ་འཁོར་རྣམས་སུ་ལོ་ལེགས་བྱེད། །ལྷ་དང་ལྷ་ཡི་བུ་རྣམས་ཀྱིས། །ལྷ་ཡི་གནས་རྣམས་གང་

བར་བྱེད། །དེ་ལྟ་བས་ན་རྒྱལ་པོ་ཡི། །བདག་གིས་ཕངས་པའི་སྲོག་བཏང་གིས། །བདག་གིས་འཇིག་རྟེན་བདེར་འགྱུར་བ། །དཀོན་མཆོག་ཆོས་ནི་མི་བཏང་སྟེ། །ཡོན་ཏན་རྣམས་ཀྱིས་གང་བརྒྱན་པ། །ཆོས་དང་ལྡན་པས་བསྟེན་པར་བྱ། །རང་གིས་སྐྱེ་བོ་
རྟག་དགའ་བ། །རྟག་ཏུ་སྡིག་པ་རྣམ་པར་སྤངས། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། །ཆོས་ཀྱང་ཡང་དག་བསྟན་པར་བྱ། །ལེགས་པར་བྱེད་ལ་སེམས་ཅན་དགོད། །ཉེས་བྱེད་ལས་ནི་བཟློག་པར་བྱ། །གང་ཚེ་སྡིག་པ་བྱེད་པ་རྣམས། །ཚུལ་བཞིན་འདུལ་བར་
བྱེད་པའི་ཚེ། །ཡུལ་འཁོར་དུ་ནི་ལོ་ལེགས་ཤིང་། །རྒྱལ་པོ་གཟི་བརྗིད་ལྡན་པར་འགྱུར། །རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང་། །སྐྱེ་དགུ་རྣམས་ཀྱང་བདེ་བར་སྐྱོང་། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་
ཅེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།གང་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། །དེ་ཚེ་རྒྱ་མཚོར་བཅས་པའི་ས་རྣམས་བཏང་། །གླིང་བཞི་རིན་ཆེན་གང་བར་བཅས་པ་ཡང་། །སྔོན་གྱི་རྒྱལ་བ་དག་ལ་ངས་ཕུལ་ལོ། །ཆོས་ཀྱི་སྐུ་དེ་ཡོངས་སུ་བཙལ་བའི་ཕྱིར། །
གང་སྔོན་ཡིད་དུ་འོང་ཞིང་ཕངས་པ་ཡི། །དངོས་པོ་དེ་དག་ངས་ནི་མ་བཏང་མེད། །བསྐལ་པ་དུ་མར་ཕངས་པའི་སྲོག་ཀྱང་བཏང་། །ཇི་ལྟར་སྔོན་གྱི་བསྐལ་པ་བསམ་ཡས་ན། །རིན་ཆེན་གཙུག་ཏོར་ཅན་གྱི་བདེ་བར་གཤེགས། །མྱ་ངན་འདས་པའི་བདེ་བར་གཤེགས་པ་དེའི། །
བསྟན་ལ་ལེགས་བྱུང་ཞེས་པའི་རྒྱལ་པོ་བྱུང་། །དེ་ནི་གླིང་བཞིའི་དབང་བའི་འཁོར་ལོས་སྒྱུར། །རྒྱ་མཚོར་ཐུག་པའི་ས་ལ་རབ་ཏུ་སྟོན། །རྒྱལ་དབང་གསུང་ཕྱིར་རྒྱལ་པོའི་ཕོ་བྲང་ན། །དེ་ཚེ་རྒྱལ་པོ་དམ་པ་གཉིད་ཀྱིས་ལོག །རྨི་ལམ་དུ་ནི་སངས་རྒྱས་ཡོན་ཏན་ཐོས། །ཆོས་སྨྲ་རིན་
ཆེན་སོག་པ་གཉིད་དཀྱིལ་ན། །རྣམ་པར་ལྷང་ངེར་མདོ་སྡེའི་དབང་པོ་འདི། །རབ་ཏུ་འཆད་ཅིང་འདུག་པ་མཐོང་བར་གྱུར། །རྒྱལ་པོ་དེ་ནི་གཉིད་ཀྱིས་ལོག་ལས་སད། །དེ་ཡི་ལུས་ཀུན་དགའ་བས་ཁྱབ་པར་གྱུར། །མགུ་ནས་རྒྱལ་པོའི་ཁབ་ནས་མངོན་བྱུང་སྟེ། །ཉན་ཐོས་དགེ་འདུན་

མཆོག་གི་གནས་སུ་སོང་། །རྒྱལ་བའི་ཉན་ཐོས་རྣམས་ལ་མཆོད་བྱེད་ཅིང་། །འཕགས་པའི་དགེ་འདུན་འདི་ནི་རིན་ཆེན་སོག །ཡོན་ཏན་ལྡན་པའི་དགེ་སློང་གང་ཡོད་ཅེས། །ཆོས་སྨྲ་རིན་ཆེན་སོག་པ་ཀུན་ཏུ་དྲིས། །དེ་ཡི་ཚེ་ན་རིན་ཆེན་སོག་པ་ནི། །ཕུག་གཞན་ཞིག་གི་ནང་ན་
འདུག་གྱུར་ཏེ། །མདོ་སྡེའི་རྒྱལ་པོ་འདི་ནི་རྣམ་སེམས་ལ། །ཁ་ཏོན་བྱེད་ཅིང་བདེ་བར་རབ་ཏུ་འདུག །དགེ་སློང་ཆོས་སྨྲ་རིན་ཆེན་སོག་པ་དེ། །ཕུན་སུམ་གཟི་བརྗིད་དཔལ་གྱིས་རབ་འབར་ཞིང་། །ཕུག་གཞན་ཞིག་གི་ནང་ན་འདུག་གྱུར་པ། །དེ་ཡི་ཚེ་ན་རྒྱལ་པོ་དེ་ལ་བསྟན། །འདི་ན་
ཆོས་སྨྲ་རིན་ཆེན་སོག་པ་འདི། །རྒྱལ་པོའི་སྤྱོད་ཡུལ་ཟབ་མོ་འཛིན་པ་སྟེ། །གསེར་འོད་དམ་པ་ཞེས་ནི་བྱ་བ་ཡི། །མདོ་སྡེའི་དབང་པོའི་རྒྱལ་པོ་རྟག་ཏུ་སྟོན། །རིན་ཆེན་སོག་པའི་རྐང་ལ་ཕྱག་འཚལ་ཏེ། །རྒྱལ་པོ་ལེགས་པར་བྱུང་བས་འདི་སྐད་སྨྲས། །གསེར་འོད་དམ་པ་མདོ་
སྡེའི་དབང་པོའི་རྒྱལ། །ཟླ་བ་ཉ་བའི་ཞལ་འདྲ་བཤད་དུ་གསོལ། །རྒྱལ་པོ་ལེགས་པར་བྱུང་བ་དེ་ཉིད་ལ། །རིན་ཆེན་སོག་པས་ཁས་ནི་བླངས་པས་ན། །སྟོང་གསུམ་པ་ཡི་འཇིག་རྟེན་ཐམས་ཅད་དུ། །ལྷ་རྣམས་ཐམས་ཅད་རབ་ཏུ་དགའ་བར་འགྱུར། །དེ་ཚེ་མི་ཡི་དབང་
པོས་ས་ཕྱོགས་ནི། །གཙང་ཞིང་མཆོག་ཏུ་ཁྱད་པར་འཕགས་པ་དེར། །རིན་ཆེན་ཆུ་དང་སྤོས་ཆུས་ཆག་ཆག་བཏབ། །མེ་ཏོག་སིལ་མ་བཀྲམ་སྟེ་ཁྲི་བཤམས་ནས། །རྒྱལ་པོས་ཁྲི་དེ་གདུགས་དང་རྒྱལ་མཚན་དང་། །དར་ཡུག་སྟོང་ཕྲག་དུ་མས་ལེགས་པར་བརྒྱན། །རྒྱལ་
པོས་ཁྲི་དེར་ཙན་དན་དམ་པ་དག །རྣམ་པ་སྣ་ཚོགས་དག་ཀྱང་མངོན་པར་གཏོར། །ལྷ་དང་ཀླུ་དང་ལྷ་མིན་མི་འམ་ཅི། །གནོད་སྦྱིན་དབང་དང་མཁའ་ལྡིང་ལྟོ་འཕྱེ་ཆེས། །ལྷ་ཡི་མེ་ཏོག་མན་དཱ་ར་བའི་ཆར། །ཁྲི་དེ་ལ་ནི་མངོན་པར་རབ་ཏུ་ཕབ། །ཆོས་འདོད་ལྷ་ནི་བྱེ་བ་ཁྲག་ཁྲིག་
སྟོང་། །བསམ་གྱིས་མི་ཁྱབ་གང་དག་ལྷགས་གྱུར་པ། །རིན་ཆེན་སོག་པ་མངོན་པར་བྱུང་བ་ན། །སཱ་ལའི་མེ་ཏོག་དག་གིས་མངོན་པར་འཐོར། །ཆོས་སྨྲ་རིན་ཆེན་སོག་པ་དེ་ཉིད་ཀྱང་། །ཤིན་ཏུ་ལུས་བཀྲུས་གཙང་མའི་གོས་བགོས་ཏེ། །ཁྲི་དེར་ཉེ་བར་སོང་བར་བྱས་ནས་ནི། །ཐལ་

མོ་སྦྱར་བ་བྱས་ཏེ་ཕྱག་ཀྱང་འཚལ། །ལྷ་དབང་དང་ནི་ལྷ་དང་ལྷ་མོ་རྣམས། །བར་སྣང་འདུག་ནས་མེ་ཏོག་མན་དཱ་རའི། །ཆར་པ་འབེབས་ཤིང་སིལ་སྙན་བརྒྱ་སྟོང་ཕྲག །བསམ་གྱིས་མི་ཁྱབ་པ་དག་རབ་ཏུ་སྒྲོགས། །རིན་ཆེན་སོག་པ་དགེ་སློང་ཆོས་སྨྲ་དེས། །
ཕྱོགས་བཅུ་དག་གི་སངས་རྒྱས་བྱེ་བ་སྟོང་། །བསམ་གྱིས་མི་ཁྱབ་པ་དག་དྲན་བྱས་ནས། །དེ་ནི་མངོན་པར་འཛེགས་ཏེ་འདུག་པར་གྱུར། །སེམས་ཅན་ཀུན་ལ་སྙིང་བརྩེ་བསྐྱེད་ནས་ནི། །སྙིང་རྗེའི་སེམས་ཀྱང་ཡང་དག་བསྐྱེད་བྱས་ཏེ། །རྒྱལ་པོ་ལེགས་པར་བྱུང་བ་དེ་ལ་ནི། །དེ་ཡི་
ཚེ་ན་མདོ་སྡེ་འདི་བསྟན་ཏེ། །རྒྱལ་པོས་ཐལ་མོ་སྦྱར་བྱས་བཏུད་ནས་སུ། །ཚིག་གཅིག་གིས་ནི་རྗེས་སུ་ཡི་རང་སྟེ། །ཆོས་ཀྱི་ཤུགས་ཀྱིས་མིག་ནས་མཆི་མ་ཕྱུང་། །དེ་ཡི་ལུས་ནི་དགའ་བས་ཁྱབ་པར་གྱུར། །མདོ་སྡེ་འདི་ལ་མཆོད་པ་བྱ་བའི་ཕྱིར། །དེ་ཚེ་རྒྱལ་པོ་ལེགས་པར་
བྱུང་བ་ཡིས། །ཡིད་བཞིན་ནོར་བུ་རིན་ཆེན་རྒྱལ་པོ་བླངས། །སེམས་ཅན་རྣམས་ཕྱིར་སྨོན་ལམ་བཏབ་པ་ནི། །རིན་ཆེན་བདུན་དང་ལྡན་པའི་རྒྱན་རྣམས་དང་། །གང་ཡང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས། །བདེ་བར་འགྱུར་བའི་ནོར་ནི་ཆེན་པོ་ཡི། །ཆར་པ་དེ་
རིང་འཛམ་བུའི་གླིང་དུ་ཕོབ། །དེ་ཡི་ཚེ་ན་རིན་ཆེན་སྣ་བདུན་དང་། །དཔུང་རྒྱན་དང་ནི་དོ་ཤལ་རྣ་ཆ་མཆོག །དེ་བཞིན་ཟས་དང་སྐོམ་དང་གོས་རྣམས་ཀྱང་། །གླིང་བཞི་དག་ཏུ་རབ་ཏུ་འབབ་པར་གྱུར། །རྒྱལ་པོ་ལེགས་པར་བྱུང་བས་འཛམ་གླིང་དུ། །རིན་ཆེན་ཆར་པ་འབབ་པ་
དེ་མཐོང་ནས། །གླིང་བཞི་རིན་ཆེན་གང་བར་བཅས་པ་ནི། །རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་ལ་ཕུལ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ང་། །རྒྱལ་པོ་ལེགས་པར་བྱུང་ཞེས་བྱ་བར་གྱུར། །གླིང་བཞི་དག་ནི་རིན་ཆེན་གང་བཅས་ཀྱི། །ས་འདི་དེ་ཚེ་ང་ཡིས་ཡོངས་སུ་
བཏང་། །གང་གིས་རྒྱལ་པོ་ལེགས་པར་བྱུང་དེ་ལ། །དེ་ཚེ་མདོ་སྡེ་འདི་ནི་རབ་བསྟན་པ། །རིན་ཆེན་སོག་པ་ཆོས་སྨྲའི་དགེ་སློང་དེ། །དེ་བཞིན་གཤེགས་པ་མི་འཁྲུགས་དེར་གྱུར་ཏོ། །ངས་གང་དེ་ཚེ་མདོ་སྡེ་འདི་ཐོས་ཤིང་། །ཚིག་གཅིག་གིས་ནི་རྗེས་སུ་ཡི་རང་སྟེ། །ང་ནི་

དགེ་བའི་ལས་ནི་དེ་ཉིད་དང་། །ཆོས་ཉན་པ་དང་རྗེས་སུ་ཡི་རང་བས། །གསེར་གྱི་མདོག་དང་བསོད་ནམས་བརྒྱ་ཡི་མཚན། །བལྟ་ན་སྡུག་ཅིང་མིག་ཏུ་མངོན་མཛེས་ལ། །ལྷ་སྟོང་བྱེ་བ་རབ་ཏུ་དགའ་བྱེད་པ། །སྐྱེ་བོས་མཐོང་ན་དགའ་ལུས་རྟག་ཏུ་ཐོབ། །བསྐལ་པ་དག་ནི་བྱེ་བ་
བརྒྱ་སྟོང་ཕྲག །དགུ་བཅུ་རྩ་དགུར་འཁོར་ལོས་སྒྱུར་རྒྱལ་གྱུར། །བསྐལ་པ་བརྒྱ་སྟོང་དུ་མ་མང་པོར་ཡང་། །ངས་ནི་ཁམས་ཀྱི་རྒྱལ་པོ་མྱོང་བར་གྱུར། །བསྐལ་པ་བསམ་གྱིས་མི་ཁྱབ་བརྒྱ་བྱིན་གྱུར། །ཚངས་པའི་དབང་པོ་ཡིད་བཞིན་དེ་བཞིན་ནོ། །གང་དག་ཚད་ནི་ནམ་
ཡང་ཡོད་མིན་པའི། །སྟོབས་བཅུ་དཔག་མེད་ངས་ནི་བརྙེས་པར་བྱས། །ངས་གང་མདོ་ཐོས་རྗེས་སུ་ཡི་རང་བ། །བསོད་ནམས་ཕུང་པོ་དེ་ལྟར་ཚད་མེད་མང་། །བསམ་པ་ཇི་བཞིན་ངས་ནི་བྱང་ཆུབ་ཐོབ། །ཆོས་སྐུ་དམ་པ་ཡང་ནི་ངས་ཐོབ་བོ། །གསེར་འོད་དམ་པ་མདོ་སྡེའི་
དབང་པོའི་རྒྱལ་པོ་ལས་ལེགས་པར་བྱུང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།དཔལ་ལྡན་ལྷ་མོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོ་བྱད་ཐམས་ཅད་
ཀྱིས་མཆོད་པ་ཆེན་པོ་ཤིན་ཏུ་རྒྱས་ཤིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་བྱེད་པར་འདོད་ཅིང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་ཡོངས་སུ་ཤེས་པར་འདོད་པ་དེས་གཙུག་ལག་ཁང་ངམ་དགོན་པའི་ཕྱོགས་
ཀྱང་རུང་སྟེ། གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱོགས་དེར། དེས་གདོན་མི་ཟ་བར་གཡེང་བ་མེད་པའི་སེམས་ཀྱིས་རྣ་བ་བླགས་ཏེ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དོན་འདི་ཉིད་འཁོར་ལ་རྒྱ་ཆེར་བརྗོད་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་ཞིག་སངས་རྒྱས་ཐམས་ཅད་ལ། །བསམ་ཡས་མཆོད་པ་བྱེད་འདོད་ཅིང་། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་བ། །ཟབ་མོ་རབ་ཏུ་ཤེས་འདོད་པས། །གཙུག་ལག་ཁང་

ངམ་གནས་ཁང་ངམ། །གང་ན་གསེར་འོད་དམ་པ་ཡི། །མདོ་སྡེ་དམ་པ་འདི་སྟོན་པ། །ས་ཕྱོགས་དེར་ནི་འགྲོ་བར་བྱ། །མདོ་སྡེ་བསམ་གྱིས་མི་ཁྱབ་སྟེ། །ཡོན་ཏན་རྒྱ་མཚོ་མཐའ་ཡང་ཡས། །སྡུག་བསྔལ་རྒྱ་མཚོ་དུ་མ་ལས། །སེམས་ཅན་ཐམས་ཅད་ཐར་བར་
བྱེད། །མདོ་སྡེ་ཡི་ནི་ཐོག་མ་དང་། །དབུས་དང་དེ་བཞིན་ཐ་མ་མཐོང་། །མདོ་སྡེའི་དབང་པོ་རབ་ཟབ་སྟེ། །འདི་ལ་དཔེ་ནི་ཡོད་མ་ཡིན། །གང་གཱ་དང་ནི་ས་རྣམས་དང་། །རྒྱ་མཚོ་དང་ནི་ནམ་མཁའ་ལ། །གནས་པའི་རྡུལ་ནི་གང་ཡང་རུང་། །དཔེར་བྱ་བ་ནི་མི་ནུས་སོ། །ཆོས་
ཀྱི་དབྱིངས་ལ་འཇུག་པ་ཡི། །དེ་ཡི་ཚེ་ན་འཇུག་པར་བྱ། །ཆོས་ཀྱི་བདག་ཉིད་མཆོད་རྟེན་ནི། །ཟབ་མོ་རབ་བརྟན་གང་ཡིན་པ། །མཆོད་རྟེན་དེ་ཡི་དབུས་ན་ནི། །རྒྱལ་བ་ཤཱཀྱ་ཐུབ་པ་མཐོང་། །ཡིད་དུ་འོང་བའི་དབྱངས་ཀྱིས་སུ། །མདོ་སྡེ་འདི་ནི་རབ་ཏུ་སྟོན། །གྲངས་མེད་བསམ་གྱིས་
མི་ཁྱབ་པའི། །བསྐལ་པ་བྱེ་བ་ཇི་སྙེད་པར། །ལྷ་ཡི་དང་ནི་མི་རྣམས་ཀྱིས། །བདེ་བ་དག་ནི་རྗེས་སུ་མྱོང་། །གང་ཞིག་མདོ་སྡེ་འདི་ཉན་པ། །དེ་ལྟར་བདག་གི་བསོད་ནམས་ཀྱི། །ཕུང་པོ་བསམ་ཡས་བསྒྲུབ་སྙམ་དུ། །དེ་ཚེ་དེས་ནི་དེ་ལྟར་ཤེས། །མེས་གང་འོབས་ཀྱིས་བསྐོར་བ་ཡི། །
དཔག་ཚད་བརྒྱ་དག་འདའ་བྱེད་ཅིང་། །ཚོར་བ་དྲག་པོ་བཟོད་བྱས་ནས། །མདོ་སྡེ་མཉན་པར་གང་ནུས་པ། །གཙུག་ལག་ཁང་ངམ་གནས་ཁང་དུ། །ཞུགས་ནས་དེ་མ་ཐག་ཏུ་ནི། །སྡིག་པ་རྣམས་ནི་མེད་པར་འགྱུར། །རྨི་ངན་མཚན་ཉིད་ཐམས་ཅད་དང་། །གཟའ་དང་རྒྱུ་སྐར་གནོད་པ་
དང་། །བྱད་དང་གདོན་ནི་མི་བཟད་ཀྱང་། །ཞུགས་ནས་དེ་མ་ཐག་ཏུ་ནི། །ཐམས་ཅད་གཞན་དུ་ཕྱོགས་པར་འགྱུར། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ནི། །རྨི་ལམ་བསྟན་པ་ཅི་འདྲ་བར། །དེར་ནི་པདྨ་འདྲ་བའི་ཁྲི། །དེ་ལྟ་བུར་ཡང་བཤམ་པར་བྱ། །ཁྲི་དེ་ལ་ནི་འདུག་ནས་སུ། །མདོ་སྡེ་འདི་
ནི་རབ་ཏུ་བསྟན། །ཡི་གེར་བྲིས་པ་བཀླག་པར་བྱ། །དེ་བཞིན་ཡོངས་སུ་ཆུབ་པར་བྱ། །ཁྲི་དེ་ལས་ནི་བབས་ནས་སུ། །ཡུལ་གཞན་སོང་བར་གྱུར་ན་ཡང་། །ཁྲི་དེ་ལ་ནི་ཡོད་པ་ཡི། །ཆོ་འཕྲུལ་རྣམས་ཀྱང་སྣང་བར་འགྱུར། །ཆོས་སྨྲ་བ་ཡི་གཟུགས་སུ་ཡང་། །དེ་ནི་རེས་འགའ་

སྣང་བར་འགྱུར། །རེས་འགའ་སངས་རྒྱས་གཟུགས་སུ་སྟེ། །རེས་འགའ་བྱང་ཆུབ་སེམས་དཔར་ཡང་། །རེས་འགའ་ཀུན་ཏུ་བཟང་པོ་དང་། །དེ་བཞིན་འཇམ་དཔལ་གཟུགས་སུ་སྟེ། །རེས་འགའ་བྱམས་པའི་གཟུགས་སུ་ཡང་། །ཁྲི་དེ་ལ་ནི་སྣང་བར་འགྱུར། །རེས་འགའ་འོད་ནི་
འབའ་ཞིག་སྣང་། །རེས་འགའ་ལྷ་རྣམས་སྣང་བར་འགྱུར། །ཡུད་ཙམ་ཞིག་ནི་དེར་སྣང་ནས། །དེ་ནས་མི་སྣང་བར་ཡང་འགྱུར། །སངས་རྒྱས་མཐོང་ན་བསྔགས་པར་འགྱུར། །ཐམས་ཅད་དུ་ཡང་གྲུབ་པར་བྱེད། །འབྲུ་དང་བཀྲ་ཤིས་ཕུན་སུམ་ཚོགས། །མཚན་མ་སངས་རྒྱས་
སྤྲུལ་པ་ཡིན། །རྒྱལ་དང་དཔལ་དང་གྲགས་པར་བྱེད། །ཕྱིར་རྒོལ་བ་ཡང་ལྡོག་པར་བྱེད། །ཕ་རོལ་དགྲ་ཚོགས་རབ་ཏུ་འཇོམས། །གཡུལ་དུ་དགྲ་རྣམས་ཕུང་བར་བྱེད། །རྨི་ངན་ཐམས་ཅད་ཞི་བར་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག །སྡིག་པ་ཐམས་ཅད་རབ་ཞི་
བྱེད། །གཡུལ་འགྱེད་པ་ན་རྒྱལ་བར་བྱེད། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །གྲགས་པས་རབ་ཏུ་གང་བར་འགྱུར། །དེ་ཡི་དགྲ་རྣམས་ཐམས་ཅད་ནི། །ཤིན་ཏུ་ཕམ་པ་ཉིད་དུ་འགྱུར། །རྟག་ཏུ་དགྲ་ནི་ཆོམས་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །
གཡུལ་ངོའི་རྩེ་ལས་རྣམ་པར་རྒྱལ། །དགྲ་དང་བྲལ་ཞིང་མཆོག་ཏུ་དགའ། །ཚངས་དབང་སུམ་ཅུ་རྩ་གསུམ་དབང་། །དེ་བཞིན་འཇིག་རྟེན་སྐྱོང་རྣམས་དང་། །ལག་ན་རྡོ་རྗེ་གནོད་སྦྱིན་དབང་། །རྒྱལ་བ་ཁྱུ་མཆོག་ཡང་དག་ཤེས། །ཀླུ་ཡི་དབང་པོ་མ་དྲོས་དང་། །དེ་བཞིན་དུ་ནི་
རྒྱ་མཚོ་དང་། །མི་འམ་ཅི་དབང་ལྷ་མིན་དབང་། །དེ་བཞིན་ནམ་མཁའ་ལྡིང་དབང་པོ། །དེ་དག་ལ་ནི་སོགས་པ་དང་། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང་། །ཆོས་ཀྱི་མཆོད་རྟེན་བསམ་ཡས་ལ། །རྟག་ཏུ་མཆོད་པ་བྱེད་པར་འགྱུར། །ཞེ་སར་བཅས་པའི་སེམས་ཅན་རྣམས། །
མཐོང་ནས་ཤིན་ཏུ་དགའ་བར་འགྱུར། །ལྷ་ཡི་དབང་པོ་མཆོག་དེ་དག །ཐམས་ཅད་འདི་སྙམ་སེམས་པར་འགྱུར། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང་། །ཕན་ཚུན་དུ་ནི་སྨྲ་བྱེད་པ། །བསོད་ནམས་དཔལ་དང་གཟི་བརྗིད་དག །བསགས་པ་དེ་དག་ཀུན་ལ་ལྟོས། །དགེ་བའི་རྩ་བ་

སྦྱངས་པ་ཡི། །མི་རྣམས་དེ་དག་འདིར་ལྷགས་ཏེ། །གང་དག་མདོ་སྡེ་ཟབ་མོ་འདི། །ཉན་པའི་ཕྱིར་ནི་འདིར་ལྷགས་པ། །དད་པ་བསམ་གྱིས་མི་ཁྱབ་པས། །ཆོས་ཀྱི་མཆོད་རྟེན་གུས་དང་བཅས། །དེ་དག་འཇིག་རྟེན་སྙིང་རྗེ་ལྡན། །དེ་དག་སེམས་ཅན་ཕན་བྱེད་པ། །
དེ་དག་ཟབ་མོའི་ཆོས་རྣམས་ཀྱིས། །དམ་པའི་ཆོས་ཀྱི་རོ་ཡི་སྣོད། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས། །དེ་དག་རབ་ཏུ་འཇུག་པ་ཡིན། །གང་དག་གསེར་འོད་དམ་པའི་མདོ། །དགེ་བ་དམ་པ་འདི་ཉན་པ། །དེ་དག་སྔོན་ཆད་སངས་རྒྱས་ནི། །བརྒྱ་སྟོང་རྣམས་ལ་མཆོད་པ་
ཡིན། །དགེ་བའི་རྩ་བ་དེ་ཡིས་ནི། །མདོ་སྡེ་ཉན་པ་དེ་དག་ལ། །ལྷ་དབང་རྒྱལ་པོ་དེ་ཀུན་དང་། །དབྱངས་ཅན་དང་ནི་དེ་བཞིན་དུ། །དཔལ་དང་རྣམ་ཐོས་བུ་དང་ནི། །དེ་བཞིན་རྒྱལ་པོ་བཞི་རྣམས་དང་། །གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས། །
ཕྱོགས་བཞི་དག་ནི་ཀུན་ནས་ཀྱང་། །བསྲུང་བ་ཤིན་ཏུ་བྱེད་པར་འགྱུར། །དབང་པོ་ཟླ་བ་གཤིན་རྗེ་དང་། །རླུང་དང་ཆུ་ལྷ་ཉིད་དང་ནི། །སྐེམ་བྱེད་འཇུག་སེལ་དབྱངས་ཅན་དང་། །སྦྱིན་སྲེག་ཟ་དང་སྐྱེ་དགུ་དང་། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །འཇིག་རྟེན་སྐྱོང་བ་དེ་ཀུན་ཀྱང་། །
ཉིན་མཚན་གཡེལ་བ་མེད་པར་ནི། །དེ་དག་རྣམས་ལ་སྲུང་བར་བྱེད། །སྟོབས་ཆེན་གནོད་སྦྱིན་དབང་གཉིས་དང་། །སྲེད་མེད་བུ་དང་དབང་ཕྱུག་ཆེ། །ཡང་དག་ཤེས་ལ་སོགས་པ་དག །གཞན་ཡང་ཉི་ཤུ་རྩ་བརྒྱད་དང་། །གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་
ལྡན་རྣམས་ཀྱིས། །འཇིགས་ཤིང་སྐྲག་པ་ཐམས་ཅད་ནི། །དེ་དག་ལ་ནི་སྲུང་བར་བྱེད། །ལག་ན་རྡོ་རྗེ་གནོད་སྦྱིན་དབང་། །གནོད་སྦྱིན་དག་ནི་ལྔ་བརྒྱ་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །དེ་དག་ལ་ནི་སྲུང་བར་བྱེད། །གནོད་སྦྱིན་དབང་པོ་ནོར་བུ་བཟང་། །དེ་
བཞིན་གང་བ་བཟང་པོ་དང་། །ཇི་འཇིགས་དང་ནི་འབྲོག་གནས་དང་། །དམར་སེར་དང་ནི་སེར་སྐྱ་དང་། །གནོད་སྦྱིན་དབང་པོ་རེ་རེ་ཡང་། །གནོད་སྦྱིན་ལྔ་བརྒྱ་དག་གིས་ནི། །གང་དག་མདོ་སྡེ་འདི་ཐོས་པ། །དེ་དག་རྣམས་ལ་སྲུང་བྱེད་འགྱུར། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །རྒྱལ་བ་ཁྱུ་

མཆོག་རྒྱལ་བའི་རྒྱལ། །ནོར་བུའི་མགུལ་དང་ངེས་མགྲིན་དང་། །དེ་བཞིན་ཆར་པའི་བདག་པོ་དང་། །ཀམ་པོ་ཇི་དང་ནག་པོ་དང་། །དེ་བཞིན་གསེར་འདྲའི་སྐྲ་དང་ནི། །ལྔས་རྩེན་དང་ནི་ར་རྐང་དང་། །དེ་བཞིན་སྐལ་བ་ཆེན་པོ་དང་། །ཡུར་བ་ཅན་དང་ཆོས་སྐྱོང་དང་། །སྤྲེའུ་
དང་དེ་བཞིན་འཁྲི་བྱེད་དང་། །ཁབ་ཀྱི་སྤུ་དང་གཉིས་བཤེས་དང་། །དེ་བཞིན་རིན་ཆེན་སྐྲ་དང་ནི། །ཡུལ་ཆེན་ཅན་དང་ཁྱིམ་མེད་དང་། །འདོད་པའི་མཆོག་དང་ཙནྡན་དང་། །མཐུ་བོ་ཆེ་དང་གངས་ཅན་དང་། །བདེ་བའི་རི་ཉིད་དེ་བཞིན་ཏེ། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །རྫུ་
འཕྲུལ་ལྡན་པ་དེ་ཀུན་ཀྱང་། །གང་དག་མདོ་སྡེ་འདི་དགའ་བ། །དེ་དག་ལ་ནི་སྲུང་བར་བྱེད། །ཀླུ་ཡི་དབང་པོ་མ་དྲོས་དང་། །དེ་བཞིན་དུ་ཡང་རྒྱ་མཚོ་དང་། །ཨེ་ལའི་འདབ་དང་བཏང་བཟུང་དང་། །དགའ་བོ་ཉེ་དགའ་གཉི་ག་དང་། །ཀླུ་ནི་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་
འཕྲུལ་ལྡན་རྣམས་ཀྱང་། །འཇིགས་ཤིང་སྐྲག་པ་ཐམས་ཅད་ལས། །དེ་དག་ལ་ནི་སྲུང་བར་བྱེད། །སྟོབས་ཅན་སྒྲ་གཅན་མི་གཏོང་དང་། །ཐགས་བཟངས་རིས་དང་བདེ་མཆོག་དང་། །རབ་སིམ་བྱེད་དང་ཕྲག་རྩུབ་དང་། །དེ་བཞིན་ལྷ་མིན་དབང་གཞན་དང་། །ལྷ་མིན་བརྒྱ་ཕྲག་
སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས། །འཇིགས་སྐྲག་བྱུང་བར་གྱུར་པ་ལས། །དེ་དག་ལ་ནི་བསྲུང་བར་འགྱུར། །འབྱུང་པོའི་མ་མོ་འཕྲོག་མ་ནི། །ལྔ་བརྒྱའི་བུ་དང་བཅས་པ་ཡང་། །འདུག་དང་ཉལ་དང་ར་རོའི་ཚེ། །དེ་དག་ལ་ནི་སྲུང་བར་བྱེད། །གདོལ་པ་མོ་དང་
གཏུམ་མོ་དང་། །དེ་བཞིན་གནོད་སྦྱིན་གཏུམ་མོ་དང་། །མདུང་ཅན་དང་ནི་སོ་བརྩེགས་དང་། །སེམས་ཅན་ཀུན་གྱི་མདངས་འཕྲོག་མ། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང་། །ཕྱོགས་བཞི་དག་ནི་ཀུན་ནས་སུ། །དེ་དག་རྣམས་ལ་སྲུང་བར་བྱེད། །
དབྱངས་ཅན་དག་ལ་སོགས་པ་རྣམས། །ལྷ་མོ་བསམ་གྱིས་མི་ཁྱབ་དང་། །དཔལ་ལ་སོགས་པ་དེ་བཞིན་དུ། །ལྷ་མོ་དག་ནི་ཐམས་ཅད་དང་། །ས་ཡི་ལྷ་མོ་ཉིད་དང་ནི། །ལོ་ཏོག་འབྲས་བུ་ནགས་ལྷ་དང་། །ཀུན་དགའ་ཤིང་ལྗོན་མཆོད་རྟེན་ལ། །གནས་པ་དག་དང་རླུང་ལྷ་དང་། །ལྷ་རྣམས་དེ་

དག་ཐམས་ཅད་འདིར། །རབ་ཏུ་དགའ་བའི་སེམས་ཀྱིས་ནི། །གང་དག་མདོ་སྡེ་འདི་དགའ་བ། །དེ་དག་རྣམས་ལ་སྲུང་བར་བྱེད། །ཚེ་དང་མདོག་དང་སྟོབས་རྣམས་ལ། །སེམས་ཅན་དག་ནི་སྦྱོར་བར་བྱེད། །དཔལ་དང་བསོད་ནམས་གཟི་བརྗིད་ཀྱིས། །ཕུན་
སུམ་ཚོགས་པས་རྟག་ཏུ་བརྒྱན། །གཟའ་དང་རྒྱུ་སྐར་གནོད་པ་དག །དེ་དག་ཐམས་ཅད་ཞི་བར་བྱེད། །རྒུད་དང་སྡིག་དང་རྨི་ངན་པ། །དེ་དག་ཐམས་ཅད་ཞི་བར་བྱེད། །ཟབ་ཅིང་སྟོབས་ཆེན་ལྡན་པ་ཡི། །ས་ཡི་ལྷ་མོ་ཉིད་ཀྱང་ནི། །གསེར་གྱི་འོད་ཀྱི་དམ་པ་ཡི། །མདོ་སྡེའི་དབང་
པོའི་རོ་ཡིས་ཚིམ། །དཔག་ཚད་དག་ནི་བརྒྱ་ཡི་ཕྲག །སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ནས། །རྡོ་རྗེ་གནས་ལ་ཐུག་བར་དུ། །ས་ཡི་བཅུད་ནི་རབ་ཏུ་འཕེལ། །དཔག་ཚད་བརྒྱར་ནི་ཚང་བ་ཡི། །འོག་ཏུ་ས་ཡི་བཅུད་སོང་སྟེ། །དེ་ནི་ཕྱིར་ཡང་ལོག་ནས་ནི། །ས་ཡི་སྟེང་དག་སྣུམ་པར་བྱེད། །
མདོ་སྡེ་མཉན་པའི་སྟོབས་ཀྱིས་ནི། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང་། །གསེར་གྱི་འོད་ནི་དམ་པ་ཡི། །མདོ་སྡེའི་དབང་པོའི་རོས་ཚིམ་འགྱུར། །མདངས་དང་ལྡན་པར་རབ་འགྱུར་ཞིང་། །དེ་བཞིན་རབ་ཏུ་སྟོབས་ལྡན་འགྱུར། །བདེ་བར་འགྱུར་ཞིང་ཚིམ་པར་འགྱུར། །འཛམ་
བུའི་གླིང་འདི་ཐམས་ཅད་ན། །འབྲས་བུ་ལོ་ཏོག་ནགས་ལྷ་རྣམས། །སྣ་ཚོགས་རོ་ཡིས་ཚིམ་འགྱུར་ཞིང་། །ཤིན་ཏུ་རབ་ཏུ་དགའ་བར་འགྱུར། །མདོ་སྡེའི་རོ་ཡིས་ཚིམ་འགྱུར་ནས། །འབྲས་བུ་རྣམས་དང་ལོ་ཏོག་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །འབྲས་བུའི་ཤིང་ལྗོན་སྣ་
ཚོགས་ཀྱང་། །ཀུན་ནས་རབ་ཏུ་སྐྱེ་བར་བྱེད། །འབྲས་བུའི་ཤིང་ལྗོན་ཐམས་ཅད་དང་། །ཀུན་དགའ་དག་དང་ནགས་ཚལ་རྣམས། །མེ་ཏོག་རབ་ཏུ་ཆགས་བྱེད་ཅིང་། །སྣ་ཚོགས་དྲི་ནི་རབ་ཏུ་འབྱིན། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །འབྲས་བུ་སྣ་ཚོགས་ལྡན་པ་ཡི། །རྩྭ་དང་
ནགས་ཚལ་ཐམས་ཅད་དག །ས་ཡི་སྟེང་ན་སྐྱེ་བར་བྱེད། །འཛམ་བུའི་གླིང་འདི་ཐམས་ཅད་ན། །ཀླུ་ཡི་བུ་མོ་བསམ་མི་ཁྱབ། །རབ་ཏུ་དགའ་བའི་སེམས་གྱུར་ནས། །རྫིང་བུའི་དྲུང་དུ་ཉེར་སོང་སྟེ། །རྫིང་བུ་རྣམས་ནི་ཐམས་ཅད་དུ། །ཀུ་མུ་ད་དང་པདྨ་དང་། །ཨུཏྤ་ལ་དང་དེ་བཞིན་དུ། །

པདྨ་དཀར་པོ་སྣ་ཚོགས་སྐྱེ། །ནམ་མཁའ་ལ་ནི་དུ་བ་དང་། །སྤྲིན་གྱི་དྲ་བ་མེད་ཅིང་དག །མུན་པ་དང་ནི་རྡུལ་མེད་ཅིང་། །ཕྱོགས་རྣམས་རབ་ཏུ་འོད་གསལ་ལོ། །ཉི་མའི་འོད་ཟེར་སྟོང་ལྡན་ཡང་། །འོད་ཟེར་དྲ་བས་འོད་ཀྱང་མཛེས། །སྣང་བ་དག་ནི་ཟབ་མོ་ཡིས། །རབ་ཏུ་
དགའ་བར་འཆར་བར་འགྱུར། །དབང་པོ་ཉི་མ་ལྷ་ཡི་བུ། །འཛམ་བུ་གླིང་གི་གསེར་གྱི་ནི། །གཞལ་མེད་ཁང་ན་འདུག་པ་ཡང་། །མདོ་སྡེ་འདིས་ནི་རབ་ཏུ་ཚིམ། །དབང་པོ་ཉི་མ་རབ་དགའ་ནས། །འཛམ་བུའི་གླིང་དུ་འཆར་བྱེད་ཅིང་། །འོད་ཟེར་མཐའ་ཡས་དྲ་བ་ཡི། །
ཀུན་ནས་རབ་ཏུ་སྣང་བར་བྱེད། །དེ་ནི་ཤར་བ་ཙམ་གྱིས་ཀྱང་། །འོད་ཟེར་དྲ་བ་རབ་གཏོང་ཞིང་། །རྫིང་བུ་སྣ་ཚོགས་ཁེངས་པ་ཡི། །པདྨ་དག་ནི་ཁ་ཡང་འབྱེད། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །མེ་ཏོག་འབྲས་བུ་སྨན་སྣ་ཚོགས། །ཡང་དག་ཡོངས་སུ་སྨིན་བྱེད་ཅིང་། །ས་
རྣམས་ཐམས་ཅད་ཚིམ་པར་བྱེད། །ཟླ་བ་དང་ནི་ཉི་མ་ཡང་། །དེ་ཚེ་ཁྱད་འཕགས་སྣང་བར་འགྱུར། །རྒྱུ་སྐར་ཡང་དག་འབྱུང་འགྱུར་ཞིང་། །རླུང་ཡང་དེ་བཞིན་ལྡང་བར་འགྱུར། །འཛམ་བུའི་གླིང་ནི་ཐམས་ཅད་དུ། །ཀུན་ཏུ་ལོ་ཡང་ལེགས་འགྱུར་ཏེ། །གང་ན་མདོ་སྡེ་འདི་ཡོད་
པ། །ཡུལ་འཁོར་དེ་ནི་ཁྱད་པར་འཕགས། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གནོད་སྦྱིན་གྱི་གནས་ཞེས་བྱ་བ་ཀུན་ཏུ་བསྲུངས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་
བསྡུས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་དག་རྒྱུ་གང་དང་རྐྱེན་གང་དང་། དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་དང་གང་བགྱིས་ཤིང་བསགས་པས། སྐྱེས་བུ་དམ་པ་གསུམ་པོ་
འདི་དག་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས། ད་ལྟར་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷགས་ཏེ། བཅོམ་ལྡན་འདས་ལ་ཆོས་མཉན་པའི་སླད་དུ་མཆིས་ན། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྐྱེས་བུ་དམ་པ་འདི་མ་འོངས་པའི་དུས་ན། བསྐལ་པ་བགྲང་བ་ལས་འདས་

པ་གྲངས་མ་མཆིས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་དུ་སྣང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ཞེས་བྱ་བ་འཇིག་རྟེན་
དུ་འབྱུང་ངོ་། །ཇི་ཙམ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནུབ་སྟེ། དེའི་བསྟན་པ་ཡོང་ཡེ་ཐམས་ཅད་ནུབ་པར་གྱུར་
པ་ན། ཁྱེའུ་དངུལ་གྱི་ཏོག་འདི་དེ་བཞིན་གཤེགས་པ་དེའི་མཚམས་སྦྱོར་ཞིང་འཇིག་རྟེན་གྱི་ཁམས་རྡུལ་མེད་པའི་རྒྱལ་མཚན་དེ་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསེར་གྱི་རྒྱལ་མཚན་གྱི་འོད་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །
ཇི་ཙམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསེར་གྱི་རྒྱལ་མཚན་གྱི་འོད་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་ཡི་བསྟན་པ་ཡོང་ཡེ་ཐམས་ཅད་དུ་ནུབ་པའི་བར་དུ་གྱུར་པ་ན་ཁྱེའུ་དངུལ་གྱི་འོད་འདི། དེ་བཞིན་གཤེགས་པ་དེའི་
མཚམས་སྦྱོར་ཞིང་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་རྒྱལ་མཚན་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་
གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་བརྒྱའི་འོད་ཟེར་གསེར་དུ་སྣང་བ་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །ཞེས་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་དེ་

ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་ནི་དེ་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡང་མ་གྱུར། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་
པོ་དག་ལ་སྤྱད་སྐད་ཀྱང་མི་གདའ། ལག་པ་དང་རྐང་པ་དང་མིག་དང་ཡན་ལག་གི་དམ་པ་མགོ་དང་། བུ་དང་ཆུང་མ་དང་བུ་མོ་ཕངས་པ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། ནོར་དང་འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་།
དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རིན་པོ་ཆེ་རྣམས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། ཁང་ཁྱིམ་དང་། གཞལ་མེད་ཁང་དང་། ཀུན་དགའ་
ར་བ་དང་། རྫིང་བུ་དང་། ལྟེང་ཀ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། གླང་པོ་ཆེ་དང་། བ་ལང་དང་། རྟ་ཕོ་རྒོད་དང་། བྲན་ཕོ་དང་། བྲན་མོ་སྣ་ཚོགས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་
མཆིས་པ་ཕྲག་དུ་མ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། དེ་བཞིན་གཤེགས་པའི་མིང་དུ་ལུང་མ་ཐོབ་ཀྱི་བར་དུ་སྔོན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པ་དུ་མ་ནས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པ་
དུ་མ་དག་ལ་མཆོད་པ་སྣ་ཚོགས་ཐ་དད་པ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་ཕྲག་དུ་མ་དང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བགྱིད། ཡོངས་སུ་བཏང་བར་བགྱི་བའི་དངོས་པོ་ཐམས་ཅད་ཀྱང་ཡོངས་སུ་གཏོང་ལ། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་དམ་པ་མགོ་
དང་བུ་དང་། ཆུང་མ་དང་། བུ་མོ་ཕངས་པ་ཡོངས་སུ་བཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་གཏོང་། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་ཡོངས་སུ་བཏང་

བར་བགྱི་བ་རྣམས་ཡོངས་སུ་གཏོང་། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། ཁང་ཁྱིམ་དང་། གཞལ་མེད་ཁང་དང་། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། རྫིང་བུ་དང་། ལྟེང་ཀ་དང་། གླང་པོ་ཆེ་དང་།
བ་ལང་དང་། རྟ་ཕོ་རྒོད་དང་། བྲན་ཕོ་དང་། བྲན་མོ་ཡོངས་སུ་བཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་གཏོང་ཞིང་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བགྱིས་ནས་བདེ་བ་བརྒྱ་
སྟོང་ཕྲག་མང་པོ་ཡང་མྱོང་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་དང་དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་ཞིག་གིས་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག །བཅོམ་ལྡན་འདས་ལ་ཆོས་ཉན་པའི་སླད་དུ་མཆིས་
པ་འདི་དག་བཅོམ་ལྡན་འདས། འདི་ལྟར་མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དུ་མ་ན། འཇིག་རྟེན་གྱི་ཁམས་སཱ་ལའི་དབང་པོ་མཐོན་པོའི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བ་དེ་ཉིད་དུ་རིགས་དང་། རུས་གཅིག་པ་དང་། མིང་གཅིག་ཏུ་རིམ་གྱིས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རབ་ཏུ་དང་བའི་ཞལ་ཨུཏྤ་ལའི་དྲི་བརྩེགས་པ་ཞེས་བྱ་བར་སངས་རྒྱས་སྟོང་ཕྲག་བཅུ་འཇིག་རྟེན་དུ་འབྱུང་སྟེ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་
པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་
ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་གང་བྱས་ཤིང་བསགས་པས་ཆོས་མཉན་པའི་ཕྱིར་ད་ལྟར་སུམ་ཅུ་རྩ་གསུམ་གྱི་གནས་ནས་འདིར་ལྷགས་པ་

དེའི་དགེ་བའི་རྩ་བ་སྦྱངས་པ་ཡོད། དེའི་རྒྱུ་ཡོད། དེའི་བྱེད་པ་ཡོད་དེ། རིགས་ཀྱི་ལྷ་མོ་སྐྱེས་བུ་དམ་པ་འདི་གསུམ་གྱི་བྱང་ཆུབ་ཏུ་ལུང་བསྟན་པ་འདི་ཐོས་ནས་ཐོས་མ་ཐག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་ཤིན་ཏུ་རི་མོ་བྱེད་ཅིང་དགའ་བ་དང་དང་བ་ཐོབ་པར་གྱུར་ཏེ་དེ་
ཙམ་དུ་བཻ་ཌཱུརྱ་དྲི་མ་མེད་པ་ལྟར་ཡོངས་སུ་དག་པའི་སེམས་དང་ལྡན་པར་གྱུར་ཏོ། །དྲི་མ་མེད་ལ་ཤིན་ཏུ་རྒྱ་ཆེ་ཞིང་རྒྱས་པའི་ནམ་མཁའ་ལྟར་ཟབ་པའི་སེམས་རབ་ཏུ་དང་བ་དང་ལྡན་པར་གྱུར་ཏོ། །བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་
ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་དེ་ཙམ་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་མ་ཐག་ཏུ་ལྷག་པར་རི་མོ་བྱེད་པ་དང་རབ་ཏུ་དང་བ་ཐོབ་པར་གྱུར་ཏོ། །དེ་ཙམ་དུ་བཻ་ཌཱུརྱ་དྲི་མ་མེད་པ་ལྟར་ཡོངས་སུ་དག་པའི་
སེམས་དང་ལྡན་པར་གྱུར་ཏེ། དེའི་ཕྱིར་ལུང་བསྟན་པའི་ས་རྗེས་སུ་ཐོབ་བོ། །རིགས་ཀྱི་ལྷ་མོ་ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་ད་ལྟར་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ས་རྗེས་སུ་ཐོབ་བོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷའི་བུ་སྟོང་ཕྲག་བཅུ་ལུང་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅྭ་ལྔ་པའོ།། །།རིགས་ཀྱི་ལྷ་མོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་
ཡང་ཆེས་གྲངས་མེད་པ་རྒྱས་པ་བསམ་གྱིས་མི་ཁྱབ་པ་ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།
བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེ་ཡོངས་སུ་

མྱ་ངན་ལས་འདས་ནས་དམ་པའི་ཆོས་ནུབ་པར་གྱུར་ཏེ་དམ་པའི་ཆོས་ལྟར་བཅོས་པར་གྱུར་པ་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྒྱལ་སྲིད་སྐྱོང་གིས་ཆོས་མ་ཡིན་པས་ནི་མ་ཡིན་ཏེ་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀྱི་ཕ་མ་
ལྟ་བུར་གྱུར་པ་ཞིག་བྱུང་ངོ་། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དུ་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ་སྨན་པ་གསོ་བར་བྱེད་པ། ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །ཀྱེ་
རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ་དེའི་བུ་ཆུ་འབེབས་ཞེས་བྱ་བ། གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། བསྟན་བཅོས་སྣ་ཚོགས་ལ་མཁས་པ། བསྟན་བཅོས་ཐམས་ཅད་རྟོགས་པར་ཁོང་དུ་
ཆུད་པ། ཡི་གེ་དང་གྲངས་དང་ལག་རྩིས་དང་། རྩིས་རྣམས་ཤིན་ཏུ་བསླབས་པར་གྱུར་པ་ཞིག་བྱུང་ངོ་། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་དེའི་ཡུལ་དེ་ན་སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་ཅིང་། ནད་སྣ་ཚོགས་ཀྱིས་
ཡོངས་སུ་གཟིར་ཏེ། སྡུག་བསྔལ་མི་བཟད་པ་རྩུབ་པ་དྲག་པ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་བར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས་དེ། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། བརྒྱ་སྟོང་ཕྲག་དུ་
མ་དེ་དག་གི་དོན་གྱི་ཕྱིར། སྙིང་རྗེ་ཆེན་པོའི་སེམས་སྐྱེས་པར་གྱུར་ཏོ། །སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནི་ནད་སྣ་ཚོགས་ཀྱིས་བཏབ་ཅིང་ནད་སྣ་ཚོགས་ཀྱིས་གཟིར་བ། དེ་ལྟར་སྡུག་བསྔལ་མི་བཟད་པ་རྩུབ་པ་དྲུག་པོ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་ལ། བདག་གི་ཕ་ཚོང་དཔོན་
རལ་པ་འཛིན་སྨན་པ་གསོ་བར་བྱེད་པ། ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་འདི་ནི་རྒས་འཁོགས་གཏུགས་ལམ་དུ་ཞུགས། ན་ཚོད་རྗེས་སུ་ཐོབ་པ། འཁར་བ་ལ་བརྟེན་ཅིང་འདར་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་།

ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོ་མི་ནུས་ན། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར། བདག་ཉིད་བདག་གི་ཕ་རལ་པ་འཛིན་གྱི་གན་དུ་སོང་ལ་ནད་
ཀྱི་ཕྱིར་ཁམས་ལ་མཁས་པར་བྱ་བ་ཡོངས་སུ་དྲིས་ཏེ། ཁམས་ལ་མཁས་པར་བྱ་བ་དྲིས་པ་དེས་བདག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོ་བར་བྱའོ། །སོང་ནས་ཀྱང་སེམས་ཅན་ནད་སྣ་ཚོགས་
ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། བརྒྱ་སྟོང་ཕྲག་དུ་མ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱའོ་སྙམ་ནས། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་བུ་ཆུ་འབེབས་རང་གི་ཕ་རལ་པ་འཛིན་ག་ལ་བ་དེར་སོང་སྟེ། ཕྱིན་ནས།
རང་གི་ཕ་རལ་པ་འཛིན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་རང་གི་ཕ་རལ་པ་འཛིན་ལ་ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་དྲིས་པ། ཇི་
ལྟར་དབང་པོ་འཛིན་འགྱུར་ཞིང་། །ཁམས་ཀྱི་རྣམས་ཀྱང་ཡོངས་སུ་འགྱུར། །གང་གི་དུས་ན་ལུས་ཅན་ལ། །ནད་ཀྱི་རྣམས་ནི་འབྱུང་བར་འགྱུར། །དུས་དང་དུས་མིན་ཟས་ཟོས་པ། །ཇི་ལྟ་བུར་ན་བདེ་བར་འགྱུར། །གང་གི་ལུས་ཀྱི་ནང་དུ་ནི། །ལུས་ཀྱི་མི་ལ་གནོད་མི་འགྱུར། །
རླུང་ལས་གྱུར་དང་མཁྲིས་གྱུར་དང་། །འདུས་ལས་གྱུར་དང་བད་ཀན་གྱུར། །ནད་རྣམས་ཞི་བར་བགྱི་སླད་དུ། །ཇི་ལྟ་བུར་ནི་གསོ་བར་བགྱི། །གང་གིས་མི་ལ་གནོད་འགྱུར་བའི། །རླུང་ནི་གང་གི་དུས་ན་གཡོ། །གང་གི་དུས་ན་མཁྲིས་པ་གཡོ། །བད་ཀན་གང་གི་དུས་ན་གཡོ། །
དེ་ནས་ཚོང་དཔོན་རལ་པ་འཛིན་གྱིས་བུ་ཆུ་འབེབས་ལ་ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་རྣམ་པར་བསྟན་ཏོ། །ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམས་དུས་ནི་དྲུག །ལོ་གཅིག་

ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུམ་དུ་ནི་ཚིགས་རྣམས་བསྡུས་པར་ཤེས། །ཟླ་བ་གཉིས་གཉིས་ཤིང་ནི་དུས་སུ་བསྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར། །སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟན། །དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང་། །
ལོ་གཅིག་ནང་གི་ཚིགས་ཚིགས་ཡོངས་སུ་འགྱུར། །དབང་པོ་དག་ནི་ཡོངས་སུ་འགྱུར་བ་ན། །ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང་། །དེ་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི། །ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི། །ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ། །
ཟས་སྐོམ་སྨན་རྣམས་གོ་རིམས་ཇི་བཞིན་ཏེ། །རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང་། །སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་ན་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ན་ལྡང་། །དབྱར་ནི་སྣུམ་དྲོ་ལན་ཚྭ་སྐྱུར་བའི་རོ། །སྟོན་ནི་མངར་དང་སྣུམ་དང་
བསིལ་བག་གོ། །དགུན་ནི་མངར་དང་སྣུམ་དང་སྐྱུར་བ་སྟེ། །དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་བའོ། །བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་། །མཁྲིས་པ་ཆེ་བ་འཇུ་བའི་དུས་ན་ལྡང་། །རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང་། །ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །རླུང་གི་བདག་ཉིད་ལ་ནི་
བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་བསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་མཐུན་ལྡན་པ། །བད་ཀན་ཚིགས་སུ་བབས་ན་སྐྱུགས་སྨན་གཏང་། །རླུང་ཤས་ཆེ་དང་མཁྲིས་དང་འདུས་པ་དང་། །བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱ། །དུས་གང་ཁམས་གང་
ལུས་ནི་གང་ཡིན་པ། །དེ་ཡི་སྨན་དང་བཟའ་བཏུང་བསྟེན་པར་བྱ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཁམས་ལ་མཁས་པར་བྱ་བ་འདི་ལྟ་བུ་དེ་ཙམ་ཞིག་ཡོངས་སུ་དྲིས་པ་དེས། ཚེའི་རིག་བྱེད་ཀྱི་ཡན་ལག་བརྒྱད་པོ་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་
དུས་ན། ཚོང་དཔོན་གྱི་བུ་ཆུ་འབེབས་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་ཐམས་ཅད་དུ་སོང་ནས། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། བརྒྱ་

སྟོང་ཕྲག་དུ་མ་དེ་དག་ལ་ཁོ་བོ་ནི་སྨན་པའོ། །ཁོ་བོ་ནི་སྨན་པའོ་ཞེས་བདག་ཉིད་ཀྱིས་ཁས་འཆེས་ཏེ། ཁོ་བོས་ཁྱེད་རྣམས་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱའོ་ཞེས་དབུགས་ཕྱུང་ངོ་། །རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས། འདི་ལྟ་བུའི་ཚིག་བརྗོད་པ་དེ་ཐོས་མ་ཐག་ཏུ་
སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་རབ་ཏུ་དགའ་བ་ཆེན་པོ་སྐྱེས་པར་གྱུར་ཏོ། །དབུགས་ཕྱིན་པ་རྙེད་ནས་ཀྱང་དགའ་བ་དང་བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ་ནད་སྣ་ཚོགས་ཀྱིས་གཟིར་
བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་ཏེ་ནད་མེད་པར་གྱུར་ཏོ། །ནད་མེད་པར་གྱུར་ནས་ཀྱང་སྔ་མཁོ་བཞིན་དུ་མཐུ་དང་སྟོབས་དང་བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ་ནད་སྣ་ཚོགས་ཀྱིས་གཟིར་
བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གི་ནང་ནས་གང་སུ་དག་ནད་དྲག་པོས་བཏབ་པ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ལ་ཚོང་དཔོན་གྱི་བུ་
ཆུ་འབེབས་ཀྱིས་སྨན་དཔྱད་གང་ཅི་བསྟན་པ་དེས། སེམས་ཅན་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་སོ། །ནད་མེད་པ་དང་ནད་ཉུང་བར་གྱུར་ནས་ཀྱང་སྔ་མཁོ་བཞིན་དུ་མཐུ་དང་སྟོབས་དང་བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་
རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་ཚོང་དཔོན་
གྱི་བུ་ཆུ་འབེབས་ཀྱིས་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱས་པར་གྱུར་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ནད་རབ་ཏུ་ཞི་བར་བྱ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་

ཐེག་པ་ཆེན་པོའི་མདོ། བམ་པོ་ལྔ་པ་སྟེ་ཐ་མ། རིགས་ཀྱི་ལྷ་མོ་གཞན་ཡང་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དུ། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་མེད་པར་བྱས་པས། ན་བ་ཉུང་ཞིང་སྔ་མཁོ་བཞིན་དུ་སྤྲོ་བ་དང་སྟོབས་དང་ལྡན་པའི་
ལུས་སུ་གྱུར་ཏོ། །རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་སེམས་ཅན་ཐམས་ཅད་དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་དེ་སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་དག་ཀྱང་བྱེད་དེ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ལའང་། ཚོང་དཔོན་གྱི་བུ་ཆུ་འབེབས་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་
ཅིག །སྨན་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བ་མངོན་སུམ་དུ་བྱང་ཆུབ་སེམས་དཔར་ངེས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་པ་ཐམས་ཅད་རྟོགས་པ་ཞེས་མངོན་པར་འདུ་བྱེད་དོ། །རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་བུ་ཆུ་འབེབས་དེ་ལ་ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་བྱ་བ་ཞིག་
ཡོད་དེ། རིགས་ཀྱི་ལྷ་མོ་ཆུང་མ་ཆུའི་པདྨའི་སྙིང་པོ་དེ་ལ་ཁྱེའུ་གཉིས་ཡོད་དེ། གཅིག་གི་མིང་ནི་ཆུའི་གོས་ཞེས་བྱ། གཅིག་གི་མིང་ནི་ཆུའི་སྙིང་པོ་ཞེས་བྱའོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཁྱེའུ་དེ་གཉིས་དང་ལྷན་ཅིག་ཏུ་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་།
གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོའོ། །རིགས་ཀྱི་ལྷ་མོ་དེ་ནས་དུས་གཞན་ཞིག་ན། ཚོང་དཔོན་གྱི་བུ་ཆུ་འབེབས་འབྲོག་དགོན་པ་ཞིག་ཏུ་ཕྱིན་ཏེ། དེ་ནས་འབྲོག་དགོན་པ་དེར་ཤ་ཟ་བའི་ཁྱི་དང་། སྤྱང་ཀི་དང་། ཝ་དང་། ཁྭ་
དང་། བྱ་དག་གང་ན་དགོན་པ་ན་རྫིང་ཞིག་ཡོད་པ་དེར་རྒྱུག་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཤ་ཟ་བའི་ཁྱི་དང་། སྤྱང་ཀི་ནས་བྱའི་བར་འདི་དག་ཕྱོགས་འདིར་རྒྱུག་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་ཁྱི་དང་། སྤྱང་ཀི་དང་། ཝ་དང་། ཁྭ་དང་། བྱ་
རྣམས་ཕྱོགས་གང་དང་གང་དུ་རྒྱུག་པའི་ཕྱོགས་དེར་འགྲོ་བར་བྱའོ་སྙམ་མོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་མཐར་གྱིས་རྒྱུ་ཞིང་སོང་སྟེ། དགོན་པ་ན་རྫིང་ཞིག་ཡོད་པ་དེ་དག་ག་ལ་བ་དེར་ཕྱིན་ཏོ། །རྫིང་ཆེན་པོ་དེ་ན་ཉ་ཁྲི་ཞིག་གནས་ཏེ་དེས་དེར་ཉ་ཁྲི་ཕྲག་མང་པོ་ཞིག་

ཆུ་དང་བྲལ་བ་མཐོང་ནས། དེས་དེ་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེས་པ་དང་། དེ་ན་ལྷ་མོ་ཞིག་ཤིང་ལས་ལུས་ཕྱེད་ཙམ་ཕྱུང་བ་ཞིག་མཐོང་སྟེ། ལྷ་མོ་དེས་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །གང་གི་ཕྱིར་ཆུ་འབེབས་
ཞེས་བྱ་བ་ཁྱོད་ཀྱིས་ཉ་འདི་རྣམས་ལ་ཆུ་བྱིན་ཅིག །རྣམ་པ་གཉིས་ཀྱི་ཕྱིར་ཆུ་འབེབས་ཞེས་བྱ་སྟེ། གང་ཆུ་འབེབས་པ་དང་གང་ན་ཆུ་སྦྱིན་པའོ། །དེ་བས་ན་རང་གི་མིང་དང་མཐུན་པར་བྱ་བ་བྱོས་ཤིག །ཆུ་འབེབས་ཀྱིས་སླར་སྨྲས་པ། ལྷ་མོ་ཉ་འདི་དག་ལ་ཇི་སྙེད་ཅིག་མཆིས།
ལྷ་མོས་སྨྲས་པ་ཉ་ཁྲི་ཐམ་པའོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཆེས་མཆོག་ཏུ་སྙིང་རྗེ་བའི་སེམས་སྐྱེས་སོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ན་ཆུའི་ལྷག་མ་ཅུང་ཟད་ཙམ་ཞིག་ལུས་ཏེ། དེ་ནས་ཉ་ཁྲི་འཆི་བའི་སྒོར་ཞུགས་ཤིང་ཆུ་དང་
བྲལ་བ་དེ་དག་རྒྱུག་ཅིང་རྣམ་པར་རྒྱུག་གོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཕྱོགས་བཞིར་བརྒྱུགས་པ་དང་། ཉ་ཁྲི་པོ་དེ་དག་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཕྱོགས་གང་དུ་འགྲོ་བའི་ཕྱོགས་དེ་ལོགས་སུ་ཆུ་འབེབས་ལ་སྙིང་རྗེ་རྗེ་ལྟར་བལྟའོ། །རིགས་ཀྱི་ལྷ་མོ་དེ་
ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་ཕྱོགས་བཞིར་བརྒྱུགས་ཏེ་ཆུ་བཙལ་ཀྱང་དེར་ཆུ་མ་རྙེད་ནས་ཕྱོགས་བཞིར་བལྟས་པ་དང་། དེས་ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་ཤིང་ལྗོན་པ་ཆེན་པོ་མང་པོ་ཞིག་མཐོང་ནས། ཤིང་ལྗོན་པ་དེ་དག་ལ་འཛེགས་ཏེ། ཤིང་གི་ཡལ་ག་རྣམས