Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 090_རྒྱུད་འབུམ།_ཕ
Văn bản gốc(Tây Tạng)
Trang 9 / 18 (50.000 ký tự/trang)
ན། བྲམ་ཟེ་ཆེན་པོ་སྔོན་བྱུང་བ་ཡུལ་མ་ག་དྷཱ་འདི་ཉིད་ན། གྱད་ཡུལ་ཞེས་བྱ་བའི་གྲོང་ཁྱེར་ཀུ་ཤའི་ཚོང་དུས་ ཆེན་པོའི་མཆོག་ན་བཅོམ་ལྡན་འདས་རིན་ཆེན་མང་གི་བསྟན་པ་ལ་ཞུགས་པ་ཚོང་དཔོན་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ཆོས་ལ་སེམས་པའི་སེམས་ཅན་ཆེན་པོ་ཞིག་གནས་པ་དེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་གཞག་ནས་རིག་པ་ཆེན་པོ་སོ་སོར་འབྲང་བ་འདི་ཉིད་ལས་ བརྩམས་ཏེ་ཆོས་སྟོན་ཏོ། །དེ་ནས་མི་དབུལ་པོ་ཞིག་གིས་ཆོས་དེ་ཐོས་ནས་ཚོང་དཔོན་ཆེན་པོ་དེ་ལ་ཚིག་འདི་སྐད་ཅེས་བདག་ཇོ་བོའི་ཁབ་ཏུ་གླ་བགྱིའོ། །ཆོས་ཀྱང་ཉན་ཏོ། །གང་གི་ཚེ་བདག་གིས་ཅུང་ཟད་རྙེད་པར་གྱུར་པ་དེའི་ཚེ་བདག་ཆོས་ལ་མཆོད་པ་བགྱིད་དོ། །ཞེས་སྨྲས་ནས། དེའི་ཁྱིམ་ན་ལས་བྱེད་ཅིང་ཆོས་ཀྱང་ཉན་ཏོ། །དུས་གཞན་ཞིག་ན་དེ་ལ་ཚོང་དཔོན་དེས་དི་ན་ར་ཅིག་བྱིན་པ་དང་། དེས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རིན་པོ་ཆེ་སྙིམ་པས་སོ་སོར་ འབྲང་བ་ཆེན་མོ་ལ་ཕུལ་ནས་སྦྱིན་པའི་འབྲས་བུ་ཆེན་པོ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་ཀུན་ཏུ་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་དེ་སྐད་ཀྱང་བཏབ་བོ། །རྒྱུ་དེས་ན་སྦྱིན་པ་དེ་ཡོངས་སུ་མི་ཟད་པར་གྱུར་ཏོ། །དེ་ལྟར་བསོད་ནམས་མངོན་པར་འདུ་བྱ་བ་རྣམ་པ་མང་པོ་ རྣམ་པ་དུ་མ་བྱས་ཏེ། ལྷ་རྣམས་ཀྱང་མཆོད་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་མཆོད་པ་དང་། དེའི་ཚེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་རྨི་ལྟས་སུ་བསྟན་ཏེ། འདི་སྐད་དུ། ཀྱེ་རྒྱལ་པོ་ཆེན་པོ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བ་ཀུན་ནས་མེ་ལྕེའི་ཕྲེང་བ་རྣམ་པར་དག་པས་ རྒྱས་པ་ཡིད་བཞིན་གྱི་ནོར་བུ་ཕྱག་རྒྱ་དང་། སྙིང་པོ་གཞན་གྱིས་མི་ཐུབ་པའི་གཟུངས་ཆེན་མོ་རིག་པའི་རྒྱལ་མོ་ཆོ་ག་ལས་ཇི་སྐད་འབྱུང་བ་བཞིན་དུ་ཆོ་ག་བཞིན་བྲིས་ལ་བཙུན་མོ་དམ་པ་སྨྱུང་བ་བྱས་ལ། ཆོ་ག་བཞིན་དུ་ལུས་ལ་བཏགས་ན་ཁྱོད་བུ་ཕོ་ཡོད་པར་འགྱུར་རོ་ཞེས་བསྒོའོ། ། དེ་ནས་རྒྱལ་པོ་དེ་སད་དེ་མཚན་མོ་ཟད་ནས་རྩིས་དང་། ཡི་གེའི་འབྲུ་དང་། རྒྱུ་སྐར་དང་། གཟའ་རྣམ་པར་འབྱེད་པའི་བྲམ་ཟེ་རྣམས་བསོགས་ནས་ཆོ་ག་ལས་འབྱུང་བ་བཞིན་དུ་རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉིན་པར་བཙུན་མོ་དམ་པ་ལུས་ཤིན་ཏུ་ལེགས་པར་བཀྲུས་ཏེ། སྨྱུང་བ་བྱས་ནས་ རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་འདི་ཡང་ཆོ་ག་བཞིན་དུ་བྲིས་ཏེ་བཙུན་མོ་དམ་པའི་མགུལ་དུ་བཏགས་སོ། །སངས་རྒྱས་ཀྱི་མཆོད་རྟེན་རྣམས་ལ་མཆོད་པ་ཆེན་པོ་བྱས་སོ། །རིན་པོ་ཆེ་ཁྱད་པར་ཅན་དུ་མ་ཡང་སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ནོ། །དེ་ནས་ཟླ་བ་དགུ་ལོན་པ་དང་ བུ་ཕོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་སོ། །བྲམ་ཟེ་ཆེན་པོ་དེ་ལྟར་ཤེས་ནས་རིག་པའི་རྒྱལ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ། འདོད་པ་ཐམས་ཅད་དུ་ འགྲོ་བ། གཞན་གྱིས་མི་ཐུབ་པ་སོ་སོར་འབྲང་བ་ཆེན་མོ་དཀོན་མཆོག་ཅེས་གྲགས་སོ། །འདི་ནི་རྟག་ཏུ་བརྒྱ་བྱིན་གྱི་གཙུག་གི་ནོར་བུ་ཡིན་ནོ། །གང་གི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་རྣམས་དང་། གཡུལ་ཆེན་པོ་འགྱེད་པར་འདོད་པ་དེའི་ཚེ་འདི་ཉིད་ཀྱིས་གོ་ཆ་བྱས་ནས་སྤྱི་ གཙུག་ཏུ་བཏགས་ཏེ། ལྷ་མ་ཡིན་ཐམས་ཅད་ཕམ་པར་བྱས། ཕ་རོལ་ཕམ་པར་བྱས་ནས་དགེ་བ་དང་། བདེ་བས་བདེ་བར་ལྷའི་གྲོང་ཁྱེར་དུ་འཇུག་སྟེ། ལྷ་མ་ཡིན་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན་ནོ། །བྲམ་ཟེ་ཆེན་པོ་དེ་ལྟར་ན་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འདི་འཆང་བའི་བྱང་ཆུབ་སེམས་དཔའ་ལ་བདུད་ཐམས་ཅད་ཀྱིས་མི་ཚུགས་སོ། །འདི་གང་གིས་ལུས་ལ་བཏགས་སམ། མགུལ་དུ་བཏགས་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ལ་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྲུང་བར་འགྱུར་རོ། །ལྷ་དང་། མི་དང་། རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་ཕྱག་བྱ་ཞིང་མཆོད་པ་དང་། རིམ་གྲོ་བྱེད་པར་འགྱུར་རོ། །ལྷ་དང་། ལྷ་མ་ཡིན་ དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོས་རྗེད་ཅིང་མཆོད་པར་འགྱུར་རོ། །བཅོམ་ལྡན་འདས་བདུད་ཀྱི་དཔུང་རབ་ཏུ་འཇོམས་པས་ཀྱང་དེ་ལ་སེམས་ཅན་ཆེན་པོ་ཞེས་གསུངས་སོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་ལ་ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །སེམས་ཅན་ཆེན་པོ་དེ་མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་ལ་ལྷ་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་སྦེད་པར་བྱེད་པར་འགྱུར་རོ། །དེས་གཞན་གྱིས་མི་ཐུབ་པའི་ གསང་སྔགས་ཆེན་པོའི་སྙིང་པོ་འདི་དག་བྲིས་ཏེ། རྟག་པར་རྒྱུན་དུ་ལུས་ལ་གདགས་ཤིང་བཅང་བར་བྱ། རྟག་པར་རྒྱུན་དུ་ཡིད་ལ་བྱའོ། །ཁ་ཏོན་དུ་བྱའོ། །བསམ་པ་ཐག་པ་ནས་བསྒོམ་པར་བྱའོ། །སྡུག་བསྔལ་བ་དང་། རྨི་ལམ་ངན་པ་དང་། ལྟས་ངན་ པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་རོ། །བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །འདི་ནི་གསང་སྔགས་ཀྱི་གཞི་ལས་ཐམས་ཅད་བྱེད་པ་དགེ་བ་རྣམས་གྲུབ་པའོ། །ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏེ། ཨ་མྲྀ་ཏ་ བ་རེ། བ་རེ་བ་རེ། པྲ་བ་རེ་བི་ཤུད་དྷེ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷེ་སཾ་རཀྵ་ཎི། ཨཱ་ཀརྵ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཞན་གྱིས་མི་ཐུབ་པའི་སྙིང་པོའོ། །ཨོཾ་བི་མ་ལེ་བི་པུ་ལེ། ཛ་ཡ་བ་རེ། ཛ་ཡ་བཱ་ཧི་ནི། ཨ་མྲྀ་ཏེ། བི་ར་ཛེ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་བ་ལ་བི་ཤོ་དྷ་ནི། རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ། །ཨོཾ་མ་ཎི་དྷ་རི། བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རབ་ཏུ་གསང་བའི་སྙིང་པོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ ཐམས་ཅད་ཐབས་ཅིག་ཏུ་འདུས་ནས་སྒྲ་དབྱངས་གཅིག་ཏུ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་གསུངས་སོ། །གསང་སྔགས་འདི་དག་ནི་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོའི་སྙིང་པོ་དང་གོ་ཆའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པའོ། ། འདི་ཐོས་པར་ཡང་རབ་ཏུ་དཀའ་ན་ཡི་གེར་བྲི་བ་དང་། ཚིག་ཏུ་འདོན་པ་དང་། ཀློག་པ་དང་། འཆང་བ་དང་། གཞན་ལ་ཡང་སྟོན་པ་ལྟ་ཅི་སྨོས་ཏེ། དེ་ནི་སངས་རྒྱས་ལ་བྱ་བ་བྱས་པར་རིག་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་སོ། །རྗེས་ སུ་ཡི་རང་ངོ་། །ལུང་བསྟན་ཏོ། །སོ་སོར་འབྲང་བ་ཆེན་མོ་གཞན་གྱིས་མི་ཐུབ་པའི་གཟུངས་འདི་མཆོག་ཏུ་དཀོན་པའོ། །སོ་སོར་འབྲང་བ་ཆེན་མོ་འདིའི་མིང་ཐོས་པར་ཡང་ཤིན་ཏུ་དཀའ་སྟེ། གཟུངས་ཆེན་མོ་འདི་ནི་སྡིག་པ་ཐམས་ཅད་བྱང་བར་བྱེད་པ། སྟོབས་ཆེ་བ། ཕ་རོལ་ གནོད་པ། གཟི་བརྗིད་ཆེ་བ། འོད་ཆེ་བ། ཡོན་ཏན་བརྗོད་པར་ཆེ་བ། མཐུ་ཆེ་བ། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ། བག་ཆགས་ཀྱི་མཚམས་སྦྱོར་བའི་བདུད་ཀྱི་ཞགས་པ་གཅོད་པ། ཕ་རོལ་གྱི་སྔགས་དང་། ཕྱག་རྒྱ་དང་། དུག་དང་། བྱད་དང་། གཡེངས་བྱེད་ཀྱི་སྦྱོར་བ་དང་། གནོད་པར་བྱ་བ་དང་། དྲག་ཤུལ་དུ་སྤྱོད་པ་གནོད་པའི་སེམས་དང་ལྡན་པ་རྣམས་རྣམ་པར་སྦྱོང་བར་བྱེད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པའི་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་བྱེད་པར་མངོན་ པར་དགའ་བ་རྣམས་ལ་ཡོངས་སུ་སྐྱོང་བར་བྱེད་པ། ཐེག་པ་ཆེན་པོ་འཛིན་པ་དང་། ཡི་གེར་འདྲི་བ་དང་། ཀློག་པ་དང་། ཚིག་ཏུ་འདོན་པ་དང་། ཁ་ཏོན་བྱེད་པ་དང་། ཉན་པ་དང་། འཆང་བར་མངོན་པར་བརྩོན་པ་རྣམས་ལ་ཡོངས་སུ་སྐྱོང་བའོ། །བྲམ་ཟེ་ཆེན་པོ་སོ་སོར་ འབྲང་བ་ཆེན་མོ་རིག་པའི་རྒྱལ་མོ་འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་དུ་ཡང་ཐོགས་པ་མེད་དོ། །སྟོན་པ་དགྲ་ལས་རྒྱལ་བ་ང་ཅི་ལྟ་བ་བཞིན་དུ་ཐམས་ཅད་དུ་ཡང་མཆོད་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཅིས་མངོན་ཞེ་ན། རིག་པ་ ཆེན་མོ་བགེགས་དང་ལོག་འདྲེན་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི་སྔོན་ཡོངས་སུ་ཤེས་ཏེ། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་ནོར་བུ་དང་། གསེར་དང་། རིན་པོ་ ཆེ་འབར་བའི་འོད་ཟེར་སྣང་བ་མངོན་པར་འཕགས་པའི་རྒྱལ་པོ་དང་པོ་མངོན་པར་སངས་རྒྱས་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་གཤེགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བཞེད་པ་དེའི་ཚེ། བཅོམ་ལྡན་འདས་དེ་ལ་བདུད་གཡོག་ དང་བཅས་པ་བདུད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་བ་གཟུགས་སྣ་ཚོགས་མི་སྡུག་པ། འཇིགས་འཇིགས་ལྟར་འདུག་པ། སྒྲ་མི་སྙན་པ། བདུད་ཀྱི་ཡུལ་རྣམ་པ་སྣ་ཚོགས་རྣམ་པར་འཕྲུལ་པར་བྱིན་གྱིས་རློབ་པ། མཚོན་ཆ་རྣམ་པ་སྣ་ཚོགས་ཀྱི་ཆར་འབེབ་པ། མངོན་ པར་སྤྲུལ་ནས་ལྷགས་ཏེ། ཕྱོགས་བཞི་ནས་བསྐོར་ནས་བར་ཆད་བྱ་བར་བརྩམས་པ་དང་། དེ་ནས་བཅོམ་ལྡན་འདས་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་ནོར་བུ་དང་། གསེར་དང་། རིན་པོ་ཆེ་འབར་བའི་འོད་ཟེར་སྣང་བ་མངོན་པར་འཕགས་པའི་རྒྱལ་པོ་ཡུད་ཙམ་ཞིག་ཅང་མི་གསུང་བར་ བཞུགས་ནས་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཡིད་ཀྱིས་ལན་བདུན་བརྗོད་དོ། །རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འདི་བརྗོད་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་སྐྱེས་བུ་གོ་ཆ་གྱོན་ པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རལ་གྲི་དང་། དགྲ་སྟ་དང་། ཞགས་པ་དང་། ཐོ་བ་དང་། རྩེ་གསུམ་པ་འབར་བ་ལག་ན་ཐོགས་པ་ཤ་སྟག་ཚིག་འདི་སྐད་དུ་གང་དག་བཅོམ་ལྡན་འདས་ལ་གནོད་པར་བྱེད་པ། བདུད་གནོད་སེམས་ཅན་རྣམས་ཟུང་ཤིག་ཟུང་ཤིག །ཆིངས་ ཤིག་ཆིངས་ཤིག །གནོད་པར་སེམས་པ་ཐམས་ཅད་རབ་ཏུ་ཆོམས་ཤིག །གནོད་སེམས་ཅན་དང་། གཟའ་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱི་སྲོག་ཕྱེ་མར་གྱིས་ཤིག །ཅེས་འཛེར་ཅིང་འཐོན་པ་མཐོང་ངོ་། །དེ་ནས་བདུད་དེ་དག་ཐམས་ཅད་བྱམས་པའི་ རལ་གྲིས་མངོན་པར་བཏུལ་ནས། ལ་ལས་ནི་བསླབ་པའི་གཞི་རྣམས་བཟུང་བ་ནས། ལ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བར་དུའོ། །དེ་ལ་མཐུ་ཆེ་བ་གཞན་དག་ནི་དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་ནས་འཐོན་པའི་སྐྱེས་བུ་ཆེན་པོ་དེ་དག་ མཐོང་ནས། གྲོང་ཁྱེར་དེ་ཉིད་དུ་སྤ་གོང་བར་གྱུར། རྫུ་འཕྲུལ་ཡོངས་སུ་ཉམས་ཤིང་སྤོབས་པ་དང་། སྟོབས་དང་རྩལ་མེད་པར་གྱུར་ཅིང་། མདའ་གཞུ་དག་ཀྱང་ཆག་ནས་བྱེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བགེགས་དང་། ལོག་འདྲེན་དང་། བདུད་སྡིག་ཅན་ ཐམས་ཅད་རབ་ཏུ་བཅོམ་ནས་སངས་རྒྱས་གཞན་དག་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏོ། །བརྒལ་ཏོ་ཕ་རོལ་ཏུ་རབ་ཏུ་གཤེགས་སོ། །བྲམ་ཟེ་ཆེན་པོ་དེ་ལྟར་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་སྟོབས་ཀྱི་དྲག་ཤུལ་ཆེ་བ། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ དྲན་པ་ཙམ་གྱིས་སེམས་ཅན་བསམ་པ་ཡོངས་སུ་དག་པ་རྣམས་དང་། གཞན་གནོད་སེམས་ཅན་རྣམས་ཀྱང་སྡུག་བསྔལ་བ་དང་། འཇིགས་སྐྲག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་དོ། །བྲམ་ཟེ་ཆེན་པོ་དེ་ལྟ་བས་ན་རྟག་པར་རྗེས་སུ་དྲན་པའི་ཡིད་ལ་བྱེད་པས་ ཡིད་ལ་བྱའོ། །ཡི་གེར་བྲིས་ཏེ་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །ཅིས་མངོན་ཞེ་ན། སྔ་མ་བཞིན་དུ་ཉོན་ཅིག་རྒྱལ་པོ་ཚངས་པས་བྱིན་གྱི་ཡུལ་ན་གྲོང་ཁྱེར་ཆེན་པོ་འཕགས་རྒྱལ་དུ་མི་ཞིག་ལ་ཉེས་པ་བྱུང་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་གཤེད་མའི་མི་རྣམས་ལ་ ཁྱེད་ཀྱིས་མི་འདི་སོད་ཅིག་ཅེས་བསྒོའོ། །དེ་ནས་གཤེད་མའི་མི་དེ་དག་གིས་རྒྱལ་པོས་བསྒོ་བ་བཞིན་དུ་མི་དེ་ཁྲིད་དེ་རི་སུལ་ཞིག་ཏུ་ཕྱིན་ནས། རལ་གྲི་ཤུབས་ནས་ཕྱུང་སྟེ་བསད་པར་བཤམས་པ་དང་། དེའི་ཚེ་མི་དེས་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཡིད་ལ་དྲན་ནོ། ། ཡི་གེར་བྲིས་ནས་ལག་པ་གཡས་པ་ལ་བཏགས་ཤིང་འདུག་གོ། །སེམས་ཅན་ཆེན་པོ་དེའི་རིག་པ་འདིའི་མཐུས། རལ་གྲི་མེ་ལྕེ་གཅིག་ཏུ་གྱུར་ནས་རྡུལ་གཏོར་བ་བཞིན་དུ་དུམ་བུ་དུམ་བུར་གྱུར་ཏོ། །དེ་ནས་གཤེད་མའི་མི་དེ་དག་གིས་ངེས་པ་འདི་རྒྱལ་པོ་ལ་ཞིབ་ཏུ་བསྙད་དོ། ། དེ་ནས་རྒྱལ་པོ་དེ་རབ་ཏུ་འཁྲུགས་ནས། ཀྱེ་མི་འདི་དག་ས་ཕྱོགས་ཞིག་ན་གནོད་སྦྱིན་གྱི་ཕུག་ཡོད་དེ། དེ་ན་གནོད་སྦྱིན་བརྒྱ་སྟོང་མང་པོ་ཤ་རྗེན་ཟ་བ་གནས་ཀྱིས། དེར་ཁྲིད་དེ་འོར་ཅིག་ཅེས་བསྒོའོ། །དེ་ནས་མི་དེ་གཤེད་མ་མི་དེ་དག་གིས་གནོད་སྦྱིན་གྱི་ཕུག་དེར་བོར་རོ། ། གནོད་སྦྱིན་གྱི་ཕུག་དེར་བོར་མ་ཐག་ཏུ་དེ་ནས་གནོད་སྦྱིན་དེ་དག་ཐམས་ཅད་ཡིད་དགའ་སྟེ། མི་ཤ་བཟའོ་སྙམ་དུ་བརྒྱུགས་པ་དང་། དེ་དག་གིས་སོ་སོར་འབྲང་བ་འདིའི་མཐུས་མི་དེ་ལ་མེ་ལྕེ་གཅིག་ཏུ་གྱུར་པའི་འོད་འཕྲོ་བར་རབ་ཏུ་འབར་བར་མཐོང་ངོ་། །མཐོང་ནས་ཀྱང་ཐམས་ ཅད་དངངས་ནས་རང་རང་གི་ལུས་ཚིག་པར་ཡང་མཐོང་ངོ་། །དེ་ནས་གནོད་སྦྱིན་དེ་དག་ངོ་མཚར་སྐྱེས་ནས་མི་དེ་ཁྲིད་དེ་སྒོའི་ཕྱི་རོལ་དུ་བཞག་ནས་བསྐོར་བ་བྱ་བར་བརྩམས་པ་ནས་གཤེད་མའི་མི་དེ་དག་གིས་རྒྱལ་པོ་ལ་ཞིབ་ཏུ་བསྙད་པའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་རྒྱལ་པོ་ཆེར་ འཁྲུགས་ཏེ་རྔམས་ནས་གལ་ཏེ་དེ་ལྟར་ན་ཁྱེད་ཅག་དེང་ལ་མི་འདི་ཆིངས་ཏེ། ཆུར་བོར་ཅིག་ཅེས་བསྒོ་བ་དང་། གཤེད་མའི་མི་དེ་དག་གིས་ཁྲིད་དེ་ཆུར་བོར་རོ། །མི་དེ་ཆུ་བོར་མ་ཐག་ཏུ་མི་དེ་ཇི་ལྟར་ཐང་ལ་འདུག་པ་བཞིན་དུ་ཆུ་མེད་པར་གྱུར་ཏོ། །ཆིངས་མ་དེ་དག་ཀྱང་དུམ་བུར་ཆད་དོ། ། རྒྱལ་པོས་དེ་སྐད་ཐོས་པ་དང་། དེ་ནས་རྒྱལ་པོ་ངོ་མཚར་དུ་གྱུར་ནས་མིག་ཚུགས་སུ་བལྟས་ཏེ། །ཨེ་མའོ་མི་འདི་ངོ་མཚར་ཏོ། །འདི་ལ་རྒྱུ་ཅི་ཞིག་ཡོད་སྙམ་དུ་རྣམ་པར་རྟོག་པར་གྱུར་ཏོ། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་མི་དེ་བཀུག་སྟེ། ཀྱེ་མི་ཁྱོད་ཅི་ཞིག་ཤེས་ཞེས་ དེ་སྐད་སྨྲས་སོ། །མི་དེས་སྨྲས་པ་རྒྱལ་པོ་ཆེན་པོ་རིག་པ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འཆང་བ་ལས་གཞན་ནི་ཅི་ཡང་མ་འཚལ་ཏེ། ལྷ་དེ་ནི་དེའི་མཐུ་ལགས་སོ། །རྒྱལ་པོས་སྨྲས་པ་ངོ་མཚར་ཆེའོ། །རིག་པ་ཆེན་མོ་དགེ་བར་གསུངས། །འཆི་བདག་ནན་ཏུར་རྨོངས་ བྱེད་པ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །སེམས་ཅན་ཐམས་ཅད་རབ་ཏུ་སྒྲོལ། །ནད་དང་སྡུག་བསྔལ་ཐར་བར་བྱེད། །རིག་པ་ཆེན་མོ་གཟི་བརྗིད་ཆེ། །དུས་མིན་འཆི་ལས་རབ་ཏུ་སྒྲོལ། །ནད་ཆེན་རྣམས་ནི་ཟློག་བྱེད་པ། །མགོན་པོ་ཐུགས་རྗེ་ཅན་གྱིས་ གསུངས། །དེ་ནས་རྒྱལ་པོ་རབ་ཏུ་དགའ་བའི་ཡིད་ཀྱིས་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་ལ་མཆོད་ནས་མངོན་པར་བསྟོད་དོ། །མི་དེ་ཡང་བློན་ཐབས་བྱིན་ཏེ། རང་གི་གཉེན་གྱི་མདུན་དུ་གྲོང་ཁྱེར་གྱི་གཙོ་བོར་དབང་བསྐུར་ཏོ། །བྲམ་ཟེ་ཆེན་པོ་དེ་ལྟར་ན་རིག་པའི་ རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདིས་ཐམས་ཅད་དུ་ཡང་མཆོད་པ་ཆེན་པོ་རྙེད་དོ། །སེམས་ཅན་གནོད་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འགལ་བར་མི་བྱའོ། །དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡོངས་སུ་ཤེས་ཏེ། གང་དུ་ཡང་ཐོགས་པ་མེད་དོ། །དེ་ལྟ་བས་ན་གདོན་མི་ཟ་ བར་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །བྲམ་ཟེ་ཆེན་པོ་སྐར་མ་བཟང་པོ་ལ་ཆོ་ག་ལེགས་པར་བྱས་ཏེ། རིག་པའི་རྒྱལ་མོ་འདི་བྲི་བར་བྱའོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཡིད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞུས་པ། བཙུན་པ་བཅོམ་ལྡན་ འདས་རིག་པའི་རྒྱལ་མོ་ཆེན་མོ་འདིའི་ཆོ་ག་ནི་ཇི་ལྟར་བགྱིས་ཏེ་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཉོན་ཅིག །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཁྱོད་ལ་བཤད་པར་བྱ། །གང་གིས་སེམས་ཅན་བདེ་བྱེད་ཅིང་། ། ཉམ་ང་བ་ཡི་ལས་ལས་འགྲོལ། །ནད་རྣམས་ལས་ཀྱང་ཐར་བྱ་དང་། །བུད་མེད་སྦྲུམ་མར་འགྱུར་བ་དང་། །སེམས་ཅན་རྣམས་ཀྱི་དབུལ་བ་ཡི། །རྨ་རྣམས་གསོ་བར་བྱ་ཕྱིར་རོ། །བསྙེན་གནས་དག་ལ་གནས་གྱུར་ནས། །རྒྱུ་སྐར་རྒྱལ་དུ་ཤེས་པ་ལ། །སངས་ རྒྱས་མཆོད་ལ་བརྩོན་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད། །སྙིང་རྗེས་ཀུན་ཏུ་བརླན་སེམས་དང་། །བྱམས་པ་དང་ཡང་ལྡན་གྱུར་ནས། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཕན་པ་བསྐྱེད་པ་བརྩོན་པར་བྱ། །ཙནྡན་དང་ནི་གུར་གུམ་དང་། །གླ་རྩིར་ བསྲེས་པའི་ཆུས་བཀྲུས་ཏེ། །བདུག་པ་རྣམས་ཀྱིས་བདུགས་པ་ཡི། །གོས་གཙང་རྣམས་ནི་བགོ་བར་བྱ། །ས་དང་ལྕི་བ་བསྲེས་པ་ཡིས། །དེ་ཡི་འོག་ཏུ་དཀྱིལ་འཁོར་བྱ། །བུམ་པ་གང་བ་བཞི་བཞག་སྟེ། །ལྔ་པ་དཀྱིལ་འཁོར་དབུས་སུ་གཞག །དེ་ལ་ རིན་ཐང་ཆེན་པོ་ཡི། །མེ་ཏོག་བདུག་པ་སྤོས་རྣམས་གསོལ། །ཙནྡན་སྤྲྀ་ཀ་དེ་བཞིན་དུ། །ཨ་ཀ་རུ་དང་དུ་རུསྐ། །ཤ་ཁ་ར་དང་ལྔ་སྦྱར་བའི། །བདུག་པ་ཆོ་ག་བཞིན་དུ་འབུལ། །ཆོ་ག་ཅི་བཞིན་དུས་བཞིན་བྱ། །ལོ་ཏོག་རྣམ་པ་སྣ་ཚོགས་རྣམས། །མེ་ ཏོག་འབྲས་བུ་ས་བོན་དང་། །སྤོས་རྣམས་ཀུན་གྱིས་ལེགས་པར་བརྒྱན། །མར་དང་སྦྲང་རྩི་འོ་མ་དང་། །ནས་ཐུག་འོ་ཐུག་ལ་སོགས་པས། །གཏོར་མའི་བུམ་པ་དགང་བར་བྱ། །མཚན་མ་ཤིན་ཏུ་བཀྲ་ཤིས་པ། །ཕྱོགས་བཞི་རྣམས་སུ་གཞག་པར་བྱ། །ལྔ་པ་ དཀྱིལ་འཁོར་དབུས་སུ་གཞག །སྤོས་ཀྱིས་བཀང་བའི་ཕོར་པ་རྣམས། །གྲྭ་བཞི་དག་ཏུ་གཞག་པར་བྱ། །དཀྱིལ་འཁོར་གྱི་ནི་འགྲམ་ལོགས་སུ། །སེང་ལྡེང་ཕུར་བུ་བཞི་བཙུགས་ལ། །ཚོན་སྐུད་ཁ་དོག་སྣ་ལྔ་ཡིས། །འཁོར་བར་དམ་དུ་དཀྲི་བར་བྱ། །གལ་ཏེ་བདག་ འགྲུབ་འདོད་ན་ནི། །བྲམ་ཟེ་དེ་ལྟར་བྱས་ནས་བྲི། །ཁ་ཟས་དཀར་པོ་ཟོས་ནས་སུ། །ཕན་པར་འདོད་པས་བྲི་བར་བྱ། །དར་རམ་རས་སམ་གྲོ་ག་འམ། །ཅི་ཡང་རུང་བ་གཞན་ལ་བྲི། །བུད་མེད་དག་ལ་བུ་འདོད་ན། །གིའུ་ཝང་གིས་ནི་ལེགས་པར་བྲི། །དབུས་ སུ་ཁྱེའུ་ཞིག་བྲིས་ནས་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་བཞིན་རིན་ཆེན་གང་བའི་སྣོད། །ལག་པ་གཡོན་ན་ཐོགས་པར་བྱ། །པདྨ་རབ་ཏུ་རྒྱས་གྱུར་ཅིང་། །བརྒྱན་པ་ལ་ནི་དེ་འདུག་བྱ། །ནོར་བུ་དོ་ཤལ་གསེར་དག་དང་། །རིན་ཆེན་སྣ་ཚོགས་ རྣམས་ཀྱིས་བརྒྱན། །གདུལ་བར་ཤིན་ཏུ་དཀའ་བ་བྲི། །གྲྭ་བཞི་དག་ཏུ་རི་བོ་བྲི། །གལ་ཏེ་བདེ་བར་འཚོ་འདོད་ན། །རབ་ཏུ་བསྒྲིམས་ཏེ་དེ་ལྟར་བྲི། །བྱེ་བྲག་ཏུ་ནི་སྐྱེས་པ་རྣམས། །གུར་གུམ་གྱིས་ནི་བྲི་བར་བྱ། །དེ་ཡི་དགོས་པ་འདོད་པ་རྣམས། །འགྲུབ་ འགྱུར་འདི་ལ་ཐེ་ཙོམ་མེད། །པདྨ་གཉིས་སམ་ཡང་ན་གསུམ། །བཞི་འམ་ཡང་ན་ལྔ་བྲིས་ཏེ། །པདྨ་ལ་ནི་ཕྱག་རྒྱའི་མཚན། །རྣམ་པ་སྣ་ཚོགས་གཟུགས་སུ་བྲི། །དེ་བཞིན་དུ་ནི་པདྨ་རྣམས། །ཟེ་བས་ཀུན་ཏུ་འཁོར་བར་བྲི། །པདྨ་འདབ་མ་རབ་རྒྱས་ལ། ། སྡོང་བུ་དར་གྱིས་བཅིངས་པར་བྲི། །པདྨ་ལ་ནི་རྩེ་གསུམ་པ། །ཟུར་བརྒྱད་ལ་ནི་དར་དཔྱངས་བྲི། །དེ་བཞིན་པདྨ་དགྲ་སྟར་བཅས། །འདབ་མ་བརྒྱད་དང་ལྡན་པར་བྲི། །པདྨ་བཅས་པའི་རལ་གྲི་བྲི། །པདྨ་དེ་ནི་དཀར་པོར་བྱ། །པདྨའི་སྟེང་དུ་དུང་ཡང་བྲི། །ཐམས་ ཅད་དུ་ཡང་རྒྱས་པར་བྱ། །ཀུན་ཏུ་ཆོ་གའི་མཚན་མ་རྣམས། །མཁས་པ་དག་གིས་བྲི་བར་བྱ། །གང་ལ་གནོད་པའི་སེམས་འབྱུང་བ། །བྱིས་པའི་གཟུགས་རྣམས་མི་བྲིའོ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ལྷ་ཡི་གཟུགས་ནི་བྲི་བར་བྱ། །དགེ་སློང་ཕྱིར་ནི་རྡོ་རྗེ་ འཆང་། །གནོད་སྦྱིན་བསྡིགས་པར་བརྩོན་པར་བྲི། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང་། །ངོས་བཞི་རྣམས་སུ་བྲི་བར་བྱ། །བྲམ་ཟེའི་ཕྱིར་ནི་དབང་ལྡན་ནོ། །རྒྱལ་རིགས་ལ་ནི་དབང་ཕྱུག་ཆེ། །དམངས་རིགས་ཕྱིར་ནི་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། ། རྗེའུ་རིགས་ཕྱིར་ནི་རྣམ་ཐོས་བུ། །ལྷ་ཡི་དབང་ཕྱུག་དབང་པོ་བྲི། །ཁྱེའུ་ཡི་ཕྱིར་ནི་སྐྱེ་དགུའི་བདག །བློ་གྲོས་ཆེན་པོ་བྲི་བར་བྱ། །སྔོ་བསངས་མདོག་ནི་གང་ཡིན་པ། །དེ་ཡི་ཆེད་དུ་ཁྲོས་པ་བྲི། །དཀར་མོའི་ཕྱིར་ནི་གྲགས་ལྡན་པ། །ཕུན་སུམ་ཚོགས་པའི་ གཟུགས་སུ་བྲི། །སྦོམ་མོའི་ཕྱིར་ནི་ནོར་བུ་བཟང་། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །སྐེམ་མོའི་ཕྱིར་ནི་གང་བ་བཟང་། །རང་འབྱུང་ང་ཡིས་བསྟན་པར་བྲི། །སྦྲུམ་མའི་ཕྱིར་ནི་ནག་མོ་ཆེ། །ཚངས་ལྷ་རྣམས་ཀྱང་བྲི་བར་བྱ། །གཞན་ཡང་ཅི་ལྟར་ཆོ་ག་ལས། །གོང་ དུ་བཤད་པ་བཞིན་དུ་བྲི། །ལས་ཀྱི་ཆོ་ག་མཐོང་ནས་ནི། །རབ་ཏུ་བསྒྲིམས་ཏེ་དེ་བཞིན་བྲི། །རྟག་ཏུ་མགུལ་དུ་བཏགས་ན་ནི། །དེ་ནི་བདེ་བར་འགྱུར་བ་ཡིན། །རྒྱལ་མཚན་རྩེ་མོའི་པདྨ་ལ། །ཡིད་བཞིན་ནོར་བུ་འབར་བ་བྲི། །པདྨའི་སྙིང་པོར་ཞགས་པ་དང་། །དེ་ བཞིན་འཁོར་ལོའང་བྲི་བར་བྱ། །པདྨའི་སྟེང་དུ་རྡོ་རྗེ་དང་། །པདྨའི་སྙིང་པོ་ཐོ་བ་བྲི། །ཆོ་ག་ལས་ནི་འབྱུང་བ་བཞིན། །པདྨའི་སྟེང་དུ་མདུང་ཐུང་བྲི། །ཆོ་ག་ལས་ནི་བརྗོད་པ་བཞིན། །ནོར་བུ་ཐམས་ཅད་རྩེ་མོ་འབར། །འོད་ཟེར་འཕྲོ་བས་རྒྱས་པ་དང་། །དར་གྱིས་ བཅིངས་པ་བྲི་བར་བྱ། །ཀླུ་མགོ་གདེངས་ཀ་དགུ་ཡོད་ལ། །ནོར་བུ་རབ་ཏུ་འབར་བ་དང་། །དེ་དག་ཀུན་གྱི་སྙིང་གར་ཡང་། །རྡོ་རྗེ་གནས་པར་བསྒྲིམས་ཏེ་བྲི། །རྒྱལ་པོ་རྣམས་ཕྱིར་སྟོབས་ཅན་དང་། །དེད་དཔོན་མཁས་པས་རྟག་ཏུ་བྲི། །རིག་པ་འཛིན་པ་ཐམས་ཅད་ཀྱི། ། རིག་པའི་ལྷ་མོ་རྣམས་ཀྱང་བྲི། །ཟླ་བ་ཉི་མ་རྒྱུ་སྐར་བཅས། །སྒྲ་གཅན་མཇུག་རིངས་གཟའ་བརྒྱད་བྲི། །ཆོ་ག་བཞིན་དུ་ངེས་བྲིས་ལ། །བློ་གྲོས་ལྡན་པའི་མིས་བསྲེལ་ན། །ཟ་མ་དང་ནི་མ་ནིང་ཡང་། །བུ་ཕོ་རྙེད་པར་འགྱུར་བ་ཡིན། །འདིས་ནི་ཐམས་ཅད་འགྲུབ་པར་བྱེད། ། ཤིས་ཤིང་སྡིག་པ་ཞི་བར་བྱེད། །རང་བྱུང་གི་ནི་བཀའ་བཞིན་དུ། །གནས་ཀྱི་དམ་པ་ཐོབ་པར་འགྱུར། །འཇིག་རྟེན་འདི་ནའང་མཆོག་ཏུ་བདེ། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །སུམ་ཅུ་རྩ་གསུམ་གནས་ལ་སོགས། །ལྷ་གནས་དེ་ཡི་གནས་སུ་འགྱུར། །འཛམ་ གླིང་བཟང་ཞིང་ཉམས་དགའ་བར། །ཁྱད་པར་ཅན་རིགས་གྲགས་པ་དང་། །རྒྱལ་རིགས་ཁྱད་པར་འཕགས་པ་དང་། །བྲམ་ཟེ་ཁྱད་པར་འཕགས་རྣམས་སུ། །བདག་ཉིད་ཆེན་པོ་དེ་སྐྱེས་ཏེ། །རྟག་ཏུ་རིག་དང་བདེ་བར་འགྱུར། །སོ་སོར་འབྲང་བ་འཆང་བའི་མིས། །བསོད་ ནམས་ཐོབ་པ་གང་ཡིན་པ། །སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །བསོད་ནམས་ཕུང་པོ་བརྗོད་མི་ནུས། །སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། །མཐོ་རིས་སྒོ་རྣམས་རབ་ཏུ་ཕྱེ། །བདེ་བ་ཕུན་སུམ་ཚོགས་པ་དང་། །བློ་གྲོས་ཆེན་པོར་འགྱུར་བ་ཡིན། །སངས་ རྒྱས་བྱང་ཆུབ་སེམས་དཔས་ཀྱང་། །རྟག་ཏུ་དབུགས་ནི་འབྱིན་པར་འགྱུར། །ལུས་ཀྱི་བདེ་བ་ཕུན་སུམ་ཚོགས། །སྟོབས་ཀྱང་ཆེ་བར་འགྱུར་བ་ཡིན། །རྒྱལ་བས་ཇི་སྐད་གསུངས་པ་ལྟར། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །མི་དང་ལྷ་རྣམས་དབུགས་འབྱིན་ ཏེ། །གནོད་པར་སེམས་པ་སྐྲག་པར་བྱེད། །གང་ཕྱིར་རིག་པ་ལེགས་བཤད་པ། །དེ་ནི་རིང་པོར་མི་ཐོགས་སོ། །དེ་ནི་མཚོན་གྱིས་མི་ཚུགས་ཏེ། །དུག་དང་མེས་ཀྱང་ཚུགས་མི་འགྱུར། །དུས་མིན་འཆི་བའི་སྡིག་པ་ཡང་། །དེ་ལས་ཐག་ནི་རིང་དུ་འགྲོ། །རྣམ་པ་ ཀུན་ཏུ་ཉན་པ་འམ། །མཐོང་བ་དང་ནི་རེག་པའང་རུང་། །འབྱུང་པོ་གདོན་དང་རྩོད་པ་དང་། །ཆུ་དང་མེ་ཡིས་འཇིགས་པ་དང་། །གཅན་གཟན་སྦྲུལ་དང་སེང་གེ་དང་། །ཀླུ་དང་ནད་ནི་མི་བཟད་རྣམས། །གང་ལ་རིག་པ་ལེགས་བཤད་པ། །དེ་ལ་དེ་དག་ཀུན་མི་འབྱུང་། ། དེ་དག་སེམས་ཅན་ཀུན་མཆོག་འགྱུར། །བདུད་རྣམས་ཀུན་གྱིས་ཐམས་ཅད་དུ། །མཆོད་པར་འགྱུར་བའི་འོས་ཡིན་ཏེ། །ཡང་དག་བཤད་ཀྱིས་མཉན་པར་བྱོས། །རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོའི་ཆོ་ག་རྫོགས་སོ།། །།དེ་ནས་སེམས་ཅན་ཐམས་ཅད་ལ་ སྙིང་བརྩེ་བའི་ཕྱིར་རིག་སྔགས་འཆང་བ་བསྲུང་བའི་ཚུལ་གྱི་ཆོ་ག་བཤད་པར་བྱའོ། །བསྲུང་བའི་ཆོ་ག་གང་ཞིག་གིས། །དངོས་གྲུབ་ཆེན་པོ་འགྲུབ་འགྱུར་བ། །གང་དང་གང་དུ་བསྲུང་བྱས་ན། །དོན་ཡོད་འགྱུར་ཏེ་ཐེ་ཚོམ་མེད། །འཇིགས་མེད་རིམས་ཀྱིས་མི་བཏབ་སྟེ། ། གཟའ་རྣམས་ཐམས་ཅད་ཟློག་པར་བྱེད། །རྒྱུ་སྐར་རྣམས་ཀྱང་མཐུན་པར་འགྱུར། །ལས་ཀྱི་ལུ་གུ་རྒྱུད་ཀྱང་གཅོད། །བཟའ་ཉེས་པ་དང་སྒོམ་ཉེས་དང་། །དགྲ་ཚོགས་ཀུན་གྱིས་བྱས་པ་དང་། །གནོད་པར་བལྟས་དང་བྲི་ཉེས་དང་། །བྱད་དང་གང་ ཡང་མི་བཟད་དང་། །ཕྱེ་མ་སྔགས་ཀྱིས་བཏབ་པ་དང་། །དུག་འཐུང་བ་དང་སྦྱར་བའི་དུག །གང་ཞིག་བསྲུང་བ་འཆང་དེ་ལ། །དེ་དག་ཐམས་ཅད་ཞི་བར་འགྱུར། །གང་ཞིག་རིག་ལས་འགལ་བྱེད་པ། །ཡན་ལག་རྣམས་ལ་རྣམ་པར་སྨིན། །སོ་སོར་འབྲང་བའི་ དམོད་བསྡིགས་ན། །ཕ་རོལ་འཁོར་ནི་མི་བཟད་དང་། །འཇིགས་པ་ཆེན་པོ་དགྲ་ཡི་རྣམས། །དེ་དག་ཐམས་ཅད་རབ་ཏུ་འབྲོས། །སངས་རྒྱས་ཐམས་ཅད་མཁྱེན་པ་དང་། །བྱང་ཆུབ་སེམས་དཔའ་དེས་པས་བསྲུང་། །ཉན་ཐོས་དཀའ་ཐུབ་ཆེན་པོ་དང་། །རང་ སངས་རྒྱས་ཀྱིས་བསྲུང་བར་འགྱུར། །གཞན་ཡང་རྣམ་པ་མང་པོ་ཡི། །ལྷ་ཀླུ་རྫུ་འཕྲུལ་ཆེན་པོ་རྣམས། །འདི་ལ་རྟག་ཏུ་བརྩོན་བྱེད་པ། །དེ་ལ་སྲུང་བ་བྱེད་པར་འགྱུར། །རིག་པ་ཡི་ནི་རྒྱལ་མོ་འདི། །ཐོས་པ་ཙམ་གྱིས་མི་མཆོག་རྣམས། །ཀུན་ཏུ་ འཇིགས་པ་མེད་འགྱུར་ཞེས། །ཐུབ་པ་ཡིས་ནི་དེ་སྐད་གསུངས། །རྨི་ལམ་ངན་དང་ངན་བྱས་དང་། །གང་ཡང་ནད་འགོ་མི་བཟད་དང་། །ནད་ཀྱིས་བཏབ་དང་ནད་ཆེན་གྱིས། །གང་དག་ཟིན་ཅིང་ཁྲག་སྐྱུགས་དང་། །གཞན་ཡང་རྣམ་པ་མང་པོའི་ནད། ། འབྲས་དང་ཤུ་བ་སྐེམ་པོ་དང་། །གང་ཡང་གནོད་པ་མི་བཟད་པས། །མི་ཡི་སྐྱེ་དགུ་ཟིན་པ་དང་། །མི་རྣམས་མ་རུངས་བྱ་བའི་ཕྱིར། །མཆོག་ཏུ་མི་བཟད་གནོད་བྱེད་རྣམས། །བསྲུང་བ་སྟོབས་ཆེན་ག་ལ་བར། །དེ་དག་ཐམས་ཅད་མི་འབྱུང་ངོ་། །འདི་ལས་བསྲུང་ བ་བྱས་ནས་ནི། །བཅིངས་པ་དག་ཀྱང་གྲོལ་བར་འགྱུར། །སོ་སོར་འབྲང་བ་བྲིས་པས་ཀྱང་། །གལ་ཏེ་དུས་ཀྱི་ཞགས་པ་ཡིས། །བཟུང་ནས་གཤིན་རྗེའི་གནས་ཁྲིད་པ། །དེ་ཡི་ཚེ་ནི་རྣམ་པར་འཕེལ། །གང་ཞིག་ཚེ་ནི་ཟད་གྱུར་ཏམ། །ཞག་བདུན་ནི་འཆི་འགྱུར་བ། ། ཡི་གེ་བྲིས་པའི་བར་ཙམ་གྱིས། །འཚོ་བར་འགྱུར་ཏེ་ཐེ་ཚོམ་མེད། །ཆོ་ག་བཞིན་དུ་བསྲུང་བྱས་པའམ། །ཡང་ན་ཐོས་པ་ཙམ་གྱིས་ཀྱང་། །ཀུན་ཏུ་དགེ་བ་ཐོབ་པར་འགྱུར། །འདོད་པ་བཞིན་དུ་བདེ་བར་འཚོ། །གང་དག་སུམ་ཅུ་རྩ་གསུམ་ལྷ། །སྟོང་ཕྲག་དྲུག་ཅུ་རྩ་ བརྒྱད་དང་། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་དང་། །བརྒྱ་བྱིན་མདུན་ནས་འགྲོ་བ་ཀུན། །སེམས་ཅན་དེ་ལ་བསྲུང་བའི་ཕྱིར། །ཕྱི་བཞིན་འབྲང་ཞིང་གནས་པར་བྱེད། །འཇིག་རྟེན་སྐྱོང་བ་བཞི་པོ་དང་། །ལག་ན་རྡོ་རྗེ་སྟོབས་ཆེན་ཡང་། །རིག་པའི་རིགས་ནི་བརྒྱ་དག་དང་། ། ལྷན་ཅིག་རྟག་ཏུ་སྲུང་བར་བྱེད། །ཟླ་བ་ཡིད་བཟང་ཉི་མ་དང་། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ནོར་བུ་བཟང་དང་གཤིན་རྗེ་དང་། །སྟོབས་ཀྱི་ལྷ་ནི་སྟོབས་ཆེན་དང་། །གང་བ་བཟང་པོ་དཔལ་ཆེན་དང་། །འཕྲོག་མ་བུ་དང་བཅས་པ་དང་། །ལྔ་འཛིན་པ་དང་ ལྔས་རྩེན་དང་། །སྨིན་དྲུག་བུ་དང་ཚོགས་དབང་དང་། །ལྷ་མོ་ཆེན་མོ་དཔལ་ཅན་དང་། །རྣམ་ཐོས་བུ་དང་དབྱངས་ཅན་དང་། །དུང་ཅན་དང་ནི་མེ་ཏོག་གོ། །དེ་བཞིན་རལ་པ་གཅིག་པ་དང་། །གནོད་སྦྱིན་ཆེན་པོ་དཔལ་ཡོན་ཅན། །རྟག་ཏུ་སྲུང་བ་བྱེད་པར་འགྱུར། །ཟ་ མ་རྣམས་ཀྱི་བུ་ཡང་སྐྱེད། །མངལ་ན་གནས་པ་བདེ་བར་བྱེད། །དེ་ནི་ཇི་སྲིད་འཚོ་བའི་བར། །འདི་ནི་བསྲུང་བ་ཆེན་པོར་འགྱུར། །འཇིགས་མེད་འཐབ་མོའི་གཡུལ་འགྱེད་པར། །དཔའ་བོ་རྣམས་ལ་རྟག་རྒྱལ་སྦྱིན། །ཆོས་ལ་ངེས་པའི་ལྷ་རྣམས་ལ། །འདིས་ནི་སྣང་ བ་སྦྱིན་པར་བྱེད། །སྡིག་པ་རྣམ་པར་གཞིག་པའི་ཕྱིར། །གུས་པར་བྱེད་དེ་བྲིས་ན་ནི། །དེ་བཞིན་གཤེགས་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའ་འང་བལྟ་བར་འགྱུར། །དེ་ཡི་གྲགས་པ་རྣམ་པར་འཕེལ། །བསོད་ནམས་དང་ནི་ཚེ་ཡང་འཕེལ། །ནོར་རྣམས་དང་ ནི་འབྲུ་དག་ཀྱང་། །འབྱོར་པར་འགྱུར་ཏེ་ཐེ་ཚོམ་མེད། །བདེ་བར་གཉིད་ཀྱིས་ལོག་པ་དང་། །བདེ་བར་རབ་ཏུ་སད་པར་འགྱུར། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་དང་། །དགྲ་ཀུན་གྱིས་ཀྱང་མི་རྫིའོ། །གཡུལ་འགྱེད་པ་ཡི་ཚེ་ན་ཡང་། །རིག་པ་སྒྲུབ་པ་བྱས་ན་ནི། ། བསྲུང་བ་བླ་ན་མེད་པ་འདིས། །རྟག་ཏུ་རྒྱལ་བར་འགྱུར་བར་བྱེད། །བདེ་བར་རིག་པ་སྒྲུབ་བྱེད་ཅིང་། །དེ་ལ་བགེགས་ནི་འབྱུང་མི་འགྱུར། །དེ་ཡིས་བསམ་པ་ཐམས་ཅད་འགྲུབ། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །སྐྱེ་བ་དག་ནི་ཐམས་ཅད་དུ། ། དེ་ནི་མྱུར་དུ་དམ་ཚིག་ཤེས། །རྒྱལ་བའི་ཡོན་ཏན་འཛིན་པའི་ཕྱིར། །དེ་ནི་ཡིད་བརྟན་འོས་ཡིན་ནོ། །བཀྲ་ཤིས་ཐམས་ཅད་རབ་ཏུ་རྫོགས། །བསམ་པ་ཐམས་ཅད་གྲུབ་པར་བྱེད། །འདི་ནི་བྲིས་པ་ཙམ་གྱིས་ཀྱང་། །བདེ་བ་ཐམས་ཅད་འབྱོར་པར་འགྱུར། །བདེ་ བར་འཆི་བའི་དུས་བྱས་ནས། །མཐོ་རིས་སུ་ནི་འགྲོ་བར་འགྱུར། །འཐབ་པ་དང་ནི་རྩོད་པ་དང་། །འགྱེད་པ་མཆོག་ཏུ་མི་བཟད་པར། །འཇིགས་པ་ཀུན་ལས་གྲོལ་འགྱུར་ཏེ། །རྒྱལ་བས་ཇི་སྐད་གསུངས་བཞིན་ནོ། །སྐྱེ་བ་རྣམས་སུ་སྐྱེ་བ་ན། །རྟག་ཏུ་སྐྱེ་དྲན་ཐེ་ ཚོམ་མེད། །རྒྱལ་པོ་བཙུན་མོ་འཁོར་བཅས་པ། །འདི་ཡི་དབང་དུ་འགྱུར་བ་ཡིན། །འཇིག་རྟེན་དགེ་བར་གྲགས་པ་ཡིན། །རྟག་ཏུ་ཐུན་མོང་འགྱུར་བ་ཡིན། །དེ་ནི་ཀུན་ལ་སྡུག་པར་འགྱུར། །ལྷ་དང་མི་ནི་གང་ཡང་རུང་། །ཉིན་དང་མཚན་རྣམས་རྟག་པར་ཡང་། ། དེ་ལ་སྲུང་བ་བྱེད་པར་འགྱུར། །ཡང་དག་རྫོགས་པའི་སངས་རྒྱས་གསུངས། །སྔགས་ཚིག་འདི་དག་འདིར་འགྲུབ་བོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་འཕེལ་བྱའི་ཕྱིར། །དེ་ལ་གུས་པས་ཕྱག་འཚལ་ནས། ། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ད་ནི་ང་ཡིས་བརྗོད་པར་བྱ། །རིག་པ་གཟི་བརྗིད་ཆེན་པོ་འདི། །སྟོབས་ཆེན་ཕ་རོལ་གནོན་པ་སྟེ། །རྡོ་རྗེ་གདན་ལ་ཐུག་པ་ཡིས། །འདི་ནི་གསུངས་མ་ཐག་ཏུ་ཡང་། །བདུད་དང་བདུད་ཀྱི་རིས་རྣམས་དང་། །གཟའ་དང་ལོག་ པར་འདྲེན་པ་དང་། །བགེགས་རྣམས་ཇི་སྙེད་གང་ཡོད་པ། །ཐམས་ཅད་དེ་ཡི་མོད་ལ་འབྱེར། །ཏདྱ་ཐཱ། ཨོཾ་གི་རི་གི་རི། གི་རི་ཎི་གི་རི་ཎི། གི་རི་བ་ཏི། གུཎ་བ་ཏི། ཨཱ་ཀཱ་ཤ་བ་ཏི། ཨཱ་ཀཱ་ཤ་བི་ཤུད་དྷེ། སརྦ་པཱ་པ་བི་ག་ཏེ། ཨཱ་ཀཱ་ཤ །ག་ག་ན་ཏ་ལེ། ཨཱ་ཀཱ་ཤ་ བི་ཙཱ་རི་ཎི། ཛྭཱ་ལི་ཏ་ཤི་ཁ་རེ། །མ་ཎི་མུཀྟི་ཀ །ཁ་ཙི་ཏ་མཽ་ལི་དྷ་རེ། སུ་ཀེ་ཤེ །མེ་ཀེ་ཤེ་སུ་ཥ་སུ་བཀྟྲེ །སུ་ནེ་ཏྲེ། སུ་བརྞྞེ། སུ་བརྞྞ་གཽ་རི། ཨ་ཏཱི་ཏེ། ཨ་ནུངྤནྣེ། ཨ་ནཱ་ག་ཏེ། པྲཏྱུཏྤནྣེ་ན་མ། ན་མཿསརྦེ་ཥཱན། བུདྡྷཱ་ནཱན་ཛྭ་ལི་ཏ། ཏེ་ཛ་སཱ་ན། བུདྡྷེ། སུ་བུདྡྷེ། བྷ་ག་བ་ཏི། སུ་ རཀྵ་ཎི། སུ་ཀྵ་མེ། སུ་པྲ་བྷེ། སུ་ད་མེ། སུ་དཱནྟེ། བ་རེ་བརྟེ། བྷ་ག་བ་ཏི། བྷ་དྲ་བ་ཏི། བྷ་དྲེ་སུ་བྷ་དྲེ། བི་མ་ལེ། ཛ་ཡ་བྷ་དྲེ། པྲ་ཙཎྜེ། ཙཎྜེ། པྲ་ཙཎྜེ། པྲ་ཙཎྜེ། བཛྲ་ཙཎྜེ། མ་ཧཱ་ཙཎྜེ། མ་ཧཱ་ཙཎྜེ། གཽ་རི། གནྡྷཱརི། གཽ་རི། ཙཽ་རི། ཙཎྜ་ལི། མཱ་ཏཱཾ་གི། བརྩ་ སི། པུཀྐ་སི། སུ་མ་ཏི། ཤ་བ་རི། ཤཱ་བ་རི། ཤཾ་ཀ་རི། དྲ་མི་ཌི། དྲཱ་མི་ཌི། རཽ་ཏྲི་ཎི། སརྦ་གྲ་ཧ་བི་དཱ་རི་ཎི། ཨརྠ་སཱ་དྷ་ནི། ཧ་ན་ཧ་ན། སརྦ་ཤ་ཏྲཱུ་ཎཱཾ། ད་ཧ་ད་ཧ། སརྦ་དུཥྚཱན། པྲེ་ཏ་བི་ཤཱ་ཙ་ཌཱ་ཀི་ནཱི་ནཱཾ། མ་ནུ་ཥྱཱ། ཨ་མ་ནུ་ཥྱཱ་ནཱཉྩ། པ་ཙ་པ་ཙ། ཧྲྀ་ད་ཡན། གདོན་མ་ རུངས་པ་རྣམས་ཀྱི་སྲོག་གཞོམ་དུ་གསོལ། བཅོམ་ལྡན་འདས་མ་བདག་གི་སྡིག་པ་ཐམས་ཅད་གཞིག་ཏུ་གསོལ། གཞིག་ཏུ་གསོལ། ཐམས་ཅད་དུ་འཇིགས་པ་དང་། གནོད་པ་ཐམས་ཅད་ལས་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། མ་རུངས་པ་ཐམས་ཅད་ བཅིང་དུ་གསོལ། སརྦ་ཀིལྤི་ཥ་ནཱ་ཤ་ནི། མཱརྟཎྜ། མྲྀ་ཏྱུ་དཎྜ་ནི་བཱ་ར་ཎི་མཱ་ན་ན། དཎྜ་མཱ་ན་ནི། མ་ཧཱ་མཱ་ནི་ནི། མ་ཧཱ་བི་ཎི་ཊི་ཙ་ལེ་ཙ་ལེ། ཙི་ཊི་ཙི་ཊི། བི་ཊི་བི་ཊི། ནི་ཊི་ནི་ཊི། ཏི་ཊི་ཏི་ཊི། ན་ཏུ་ཊི། གཽ་རི་ནི། བཱི་རི་ཎཱི། པྲ་བ་ར་ས་མ་རེ། ཙཎྜཱ་ལི། མཱ་ཏཾ་གི། རུནྡྷ་སི། ས་ར་སི། བརྩ་སི། སུ་མ་ཏི། པུཀྐ་སི། ཤ་བ་རི། ཤཱ་བ་རི། ཤཾ་ཀ་རི། དྲ་མི་ཌི། དྲཱ་མི་ཌི། ད་ཧ་ནི་པ་ཙ་ནི། མ་ཐ་ནི། མརྡ་ནི། ས་ར་ལི། ས་ར་ལེ། ས་ར་བཾ་བྷེ། ཧཱི་ན་མངྷྱོད་ཀྲིཥྚ། བི་དྷཱ་ར་ཎི། བི་དྷཱ་རི་ཎི། མ་ཧི་ལེ། མ་ཧི་ལེ། མ་ཧཱ་མ་ཧི་ལེ། ནི་ག་ཌེ། ནི་ག་ཌ། བྷཉྫེ། མཏྟི། མཏྟི་ནི། དཱནྟི། ཙཀྲེ། ཙཀྲ་བཱ་ཀི་ནི། ཛྭ་ལེ་ཛྭ་ལེ། ཛྭཱ་ལེ་ཛྭཱ་ལེ། ཛྭཱ་ལ་ནི། ཤ་བ་རི་ཤ་བ་རི། ཤཱ་བ་རི་ཤཱ་བ་རི། སརྦ་བྱཱ་དྷི་ཧ་ར་ནི། ཙཱུ་ཌི་ཙཱུ་ཌི། ཙཱུ་ཌ་ནི་ཙཱུ་ཌ་ནི། མ་ཧཱ་ཙཱུ་ཌི་ནི། ནི་མི་ནི་མི། ནི་མིནྡྷ་རི། ཏྲི་ལོ་ཀ །ད་ཧ་ནི། ཏྲི་ལོ་ཀ་ཨཱ་ལོ་ཀ་ཀཱ་རི། ཏྲཻ་དྷཱ་ཏུ་ཀ་བྱཱ་བ་ལོ་ ཀི་ནི། བཛྲེ། པ་ར་ཤུ། པཱ་ཤ །མུངྒ་ར། ཁཌྒ། ཤཾ་ཁ། ཙ་ཀྲ །ཏྲི་ཤཱུ་ལ། ཙིན་ཏཱ་མ་ཎི། མ་ཧཱ་བིདྱཱ་དྷ་རི་ཎི། བདག་ཐམས་ཅད་དུ་གནས་ཐམས་ཅད་ན་གནས་པ་ན་མ་རུངས་པ་ཐམས་ཅད་དང་། མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་དང་། ནད་ཐམས་ ཅད་དང་། འཇིགས་པ་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ། བཛྲེ་བཛྲེ་བཛྲ་པ་ཏི། བཛྲ་པཱ་ཎི་དྷ་རེ། ཧི་ལི་ཧི་ལི། མི་ལི་མི་ལི། ཀི་ལི་ཀི་ལི། ཙི་ལི་ཙི་ལི། བི་ལི་བི་ལི། སི་ལི་སི་ལི། བ་ར་བ་ར། བ་ར་དེ། སརྦ་ཏྲ། ཛ་ཡ་ལ་བ་དྷེ་སྭཱ་ཧཱ། སརྦ་པཱ་པ། བི་དཱ་རི་ཎི་སྭཱ་ཧཱ། སརྦ་ཏྲ། སརྦ་བྱཱ་དྷི་ཧ་ར་ཎི་སྭཱ་ཧཱ། སརྦ་ཏྲ། སརྦ་ཤ་ཏྲུཾ་བྷ་ཡ་ཧ་ར་ཎི་སྭཱ་ཧཱ། སརྦ་བྷ་ར་ཎི་སྭཱ་ཧཱ། སྭ་སྟིར་བྷ་བ་ཏུ་མཱཾ་སྭཱ་ཧཱ། ཤཱནྟིཾ་ཀ་རི་སྭཱ་ཧཱ། པུཥྚིཾ་ཀ་རི་སྭཱ་ཧཱ། བ་ལ་བར་དྷ་རི་ཎི་སྭཱ་ཧཱ། ཛ་ཡ་ཏུ། ཛ་ཡེ་ཛ་ཡེ། ཛ་ཡ་བྷ་ཏི། ཀ་མ་ལེ། བི་མ་ལེ། བི་ པུ་ལེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་སྭཱ་ཧཱ། ཨོཾ་བྷུ་རི་མ་ཧཱ་ཤཱནྟི་སྭཱ་ཧཱ། ཨོཾ་བྷུ་རི་བྷུ་རི། བཛྲ་བ་ཏི། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། པཱུ་ར་ཎི། ཨཱ་ཡུཿསན་དྷཱ་ར་ཎི། བ་ལ་བ་ལ། བ་ལ་བ་ཏི། ཛ་ཡ་བི་ཛྱེ། ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་དེ་བཞིན་ གཤེགས་པའི་སྐུ་རིག་པའི་གསང་སྔགས་ཀྱི་གཞིའི་གཟུངས་འདིས་ཡོངས་སུ་བསྲུང་བ་བྱས་ཤིང་ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། དབྱུག་པ་སྤང་བ་དང་། མཚོན་ཆ་སྤང་བ་བྱས་ན། དེ་ཚེ་ཡོངས་སུ་ཟད་པ་ལས་ཀྱང་རྣམ་པར་འཕེལ་ཏེ་རིང་དུ་བདེ་བར་འཚོ་བར་འགྱུར་རོ། །དྲན་པ་ཕུན་སུམ་ཚོགས་པར་འགྱུར་རོ། །བསྐྲད་པ་ཙམ་དང་། རྡོ་རྗེས་བྱབས་པ་ཙམ་གྱིས་དུས་མ་ཡིན་པར་འཆི་བ་དང་། ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ནད་ཐམས་ ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །རྒྱུན་རིང་དུ་ན་བ་ལ་ཡང་བྱབས་པ་ཙམ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་ཁ་ཏོན་དུ་བཏོན་ན་ཤེས་རབ་ཆེན་པོར་འགྱུར་རོ། །གཟི་བརྗིད་དང་། སྟོབས་དང་། བརྩོན་འགྲུས་དང་། སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་ རོ། །དེའི་སྡིག་པ་དང་ལས་ཀྱི་སྒྲིབ་པ་གདོན་མི་ཟ་བར་མྱོང་བར་འགྱུར་བ་ཐམས་ཅད་ཀྱང་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱང་དེའི་ལུས་ལ་གཟི་བརྗིད་དང་། སྟོབས་དང་། བརྩོན་འགྲུས་སྣོན་པར་འགྱུར་རོ། །དགའ་བ་ཆེན་པོ་མང་བར་འགྱུར་རོ། །བྲམ་ཟེ་ཆེན་པོ་ཐ་ན་རིག་པ་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དུད་འགྲོའི་སྐྱེ་གནས་སུ་སོང་བ་རི་དགས་དང་། བྱའི་རྣ་ལམ་དུ་ཐོས་ན་ཡང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ན། སོ་སོར་འབྲང་བ་ཆེན་མོའི་གཟུངས་འདི་ལ་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རྒྱལ་པོའམ། རྒྱལ་པོའི་བློན་པོ་འམ། བྲམ་ཟེའམ། རྒྱལ་རིགས་སམ། དེ་ལས་གཞན་པ་འགའ་ཞིག་གིས་ལན་ཅིག་ཐོས་ཏེ། ཐོས་ནས་ཀྱང་དད་པ་ཆེན་པོ་དང་། གུས་པ་དང་། ལྷག་པའི་བསམ་པས་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། འཆང་ངམ། ཀློག་གམ། ཡིད་དྲག་པོས་ སྒོམ་པ་འམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཏེ། བྲམ་ཟེ་ཆེན་པོ་དེ་ལ་དུས་མ་ཡིན་པར་འཆི་བ་བརྒྱད་རྣམ་པ་ཐམས་ཅད་དུ་འབྱུང་དུ་མ་དོགས་ཤིག །དེའི་ལུས་ལ་ནད་ཆེན་པོ་རྣམས་འབྱུང་བར་མི་འགྱུར་རོ། །དེའི་ལུས་ལ་མེས་མི་ཚུགས། དུག་གིས་མ་ཡིན། མཚོན་གྱིས་མ་ཡིན། དུག་སྦྱར་མས་མ་ཡིན། བྱད་ཀྱིས་མ་ཡིན། གཡེངས་བྱེད་ཀྱིས་མ་ཡིན། སྔགས་ཀྱི་ལས་ཀྱིས་མ་ཡིན། ཕྱེ་མའི་སྦྱོར་བས་མ་ཡིན། ཡན་ལག་ན་བར་མི་འགྱུར། རིམས་ཀྱིས་བཏབ་པར་མི་འགྱུར། ཀླད་པ་ན་བ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་བདུན་པའི་རིམས་རྣམས་དེའི་ལུས་ལ་འབྱུང་བར་མི་འགྱུར་རོ། །དྲན་བཞིན་དུ་བདེ་བར་གཉིད་ལོག་ཅིང་དྲན་བཞིན་དུ་བདེ་བར་སད་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་ འཐོབ་པར་འགྱུར་རོ། །ལན་ཅིག་གིས་ཆོས་དང་ལྡན་པའི་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར་རོ། །དེ་གང་དང་གང་དུ་སྐྱེ་བའི་སྐྱེ་བ་དེ་དང་དེར་སྐྱེ་བ་དྲན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་བྱམས་པར་འགྱུར་རོ། །ཕྱག་བྱ་བའི་གནས་སུ་འགྱུར་རོ། །སེམས་ཅན་ དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་བ་ཐིབས་པོ་ཀུན་དང་། ཡི་དགས་སུ་སྐྱེ་བ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་དེ་བཞིན་དུ་འོད་ཟེར་གྱིས་སྣང་བ་བྱེད་པར་འགྱུར་རོ། །ཇི་ལྟར་ཟླ་བའི་ དཀྱིལ་འཁོར་བདུད་རྩིའི་མཐུས་སེམས་ཅན་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ་དེ་བཞིན་དུ། ཆོས་ཀྱི་བདུད་རྩིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སིམ་པར་བྱེད་པར་འགྱུར་རོ། །རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོའི་མཐུས་དེ་ལ་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། མཁའ་འགྲོ་མ་དང་། གདོན་མ་རུངས་པ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ལ་སོགས་པ་ཐམས་ཅད་ཀྱིས་གཙེ་བར་མི་ནུས་སོ། །དེ་དག་འོངས་ན་ཡང་རིག་པའི་རྒྱལ་མོ་ ཆེན་མོ་འདི་དྲན་པར་བྱའོ། །འོན་ཀྱང་འདི་ལྟ་སྟེ། རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཉིད་ཀྱི་མཐུས་མ་རུངས་པ་དེ་དག་ཐམས་ཅད་རིག་པ་འཛིན་པའི་དབང་དུ་འགྱུར་ཏེ། བསྒོ་བ་བཞིན་དུ་ངག་ཉན་པར་འགྱུར་རོ། །དེ་ལ་དགྲའི་འཇིགས་པ་མི་འབྱུང་ངོ་། །དགྲའི་ ཚོགས་ཐམས་ཅད་དང་། རྒྱལ་པོ་དང་། རྒྱལ་པོའི་བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱང་འགལ་བར་བྱེད་པར་མི་འགྱུར་རོ། །ཐ་ན་གསད་པར་འོས་པ་ཞིག་ལ་གཤེད་མ་མི་རྣམས་ཀྱིས་མཚོན་གདབ་པར་གཟས་ན་ཡང་མཚོན་རྣམས་རྡུལ་བཞིན་དུམ་བུ་དུམ་ བུར་ཆག་པར་འགྱུར་རོ། །དེ་ཉིད་ཀྱི་དུས་ན་དེ་ལ་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །དེའི་དྲན་པའི་སྟོབས་ཀྱང་ཆེར་འགྱུར་རོ། །འདི་ནི་སྲིན་པོ་འཇོམས་པའི་མཆོག །གཙང་ཞིང་སྡིག་པ་འཇིག་པར་བྱེད། །དཔལ་དུ་བྱེད་ཅིང་བློ་ཡང་བྱེད། །ཡོན་ཏན་ཐམས་ཅད་ རྣམ་པར་འཕེལ། །འདི་ནི་བཀྲ་ཤིས་ཐམས་ཅད་བྱེད། །བཀྲ་ཤིས་མ་ཡིན་རྣམ་པར་འཇིག །རྨི་ལམ་བཟང་པོ་རྨི་བར་བྱེད། །རྨི་ལམ་ངན་པ་རྣམ་པར་འཇིག །རིག་པ་མཐུ་སྟོབས་ཆེན་མོ་འདི། །སྐྱེས་པ་བུད་མེད་བསྲུང་བའི་མཆོག །འབྲོག་དགོན་དང་ནི་མྱ་ ངན་ལས། །རྟག་ཏུ་དེ་ཡི་མོད་ལ་ཐར། །རྫོགས་པའི་སངས་རྒྱས་བཀའ་བཞིན་དུ། །འདོད་པ་དག་ནི་ཀུན་ཀྱང་རྙེད། །ལམ་ལས་ལམ་གོལ་ཞུགས་ན་ཡང་། །རིག་པ་འདི་ནི་རྗེས་དྲན་ན། །མྱུར་དུ་ལམ་དང་བཟའ་བ་དང་། །བཏུང་བ་མཆོག་ཀྱང་རྙེད་པར་ འགྱུར། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །མི་དགེ་མང་པོ་གང་ཡང་རུང་། །ཚེ་རབས་སྔ་མར་ཅི་བྱས་པ། །དེ་དག་ཐམས་ཅད་བྱང་བར་འགྱུར། །དྲན་པ་དང་ནི་འཆང་བ་དང་། །འཛིན་དང་ཡི་གེར་འདྲི་བ་དང་། །ཚིག་ཏུ་འདོན་ཏམ་ཀློག་པ་དང་། །བཟླས་ བརྗོད་བྱེད་དམ་གཞན་སྟོན་ན། །དེ་ནི་རིང་པོར་མི་ཐོགས་པར། །ཆོས་ཀུན་རྟོགས་པར་ཁོང་དུ་ཆུད། །དེ་ལྟར་ཆོས་ཀྱི་རོ་རྙེད་ན། །སྡིག་པ་རྣམས་ནི་ཟད་པར་འགྱུར། །ཡིད་ཀྱིས་ཅི་དང་ཅི་འདོད་པ། །དགོས་པ་ཐམས་ཅད་གྲུབ་པར་བྱེད། །འཆི་བའི་འཇིགས་པ་ ཐམས་ཅད་དང་། །རྒྱལ་པོ་དང་ནི་མེ་དང་ཆུ། །གློག་དང་དེ་བཞིན་ཀུན་འཇོམས་ལས། །འདི་ནི་དེ་ལས་སྐྱོབ་པར་འགྱུར། །རིག་པ་འབུམ་དུ་བཟླས་ན་ནི། །གཡུལ་འགྱེད་པ་དང་རྩོད་པ་དང་། །གང་ཡང་གཅན་གཟན་མ་རུངས་པ། །དེ་དག་ཐམས་ཅད་འབྲོས་པར་ འགྱུར། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །དངོས་གྲུབ་མཆོག་གི་རིག་པ་འདི། །བརྗོད་ན་སྒྱིད་ལུག་མི་འགྱུར་བར། །བྱང་ཆུབ་ཚོགས་རྣམས་རྫོགས་པར་བྱེད། །བདག་དང་གཞན་གྱི་དོན་བསྒྲུབས་ཕྱིར། །གནས་ཀྱི་རྣམ་པ་ཐམས་ཅད་དུ། །རིག་པ་འདི་ལ་ སྦྱོར་ན་ནི། །འདོད་པའི་ལས་རྣམས་གང་ཡིན་པ། །བསྒྲིམ་མི་དགོས་པར་རིག་འདི་ལས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ནད་པ་རྣམས་ནི་གསོ་བྱ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ས་དང་ལྕི་བ་བསྲེས་པ་ཡིས། །དཀྱིལ་འཁོར་གྲུ་བཞི་ལྷམ་ པར་བྱ། །ཚོན་གྱི་ཕྱེ་མ་སྣ་ལྔ་ཡིས། །དཀྱིལ་འཁོར་སྡུག་གུར་བྲི་བར་བྱ། །མཁས་པ་རྣམས་ཀྱིས་ཆོ་ག་བཞིན། །བུམ་པ་གང་བ་བཞི་ཡང་བཞག །དེ་ལ་མེ་ཏོག་སིལ་མས་གཏོར། །བདུག་པ་མཆོག་གིས་བདུག་པར་བྱ། །སེམས་ཅན་ཆེན་པོ་གདུལ་བའི་ཕྱིར། ། གཏོར་མ་ཡི་ནི་ལས་ཀྱང་བྱ། །སྔ་མ་བཞིན་དུ་མེ་ཏོག་སྤོས། །ཆོ་ག་བཞིན་དུ་འདི་ལ་མཆོད། །དར་གྱིས་བཅིངས་པའི་མདའ་བཞི་ཡང་། །དཀྱིལ་འཁོར་གྲྭ་བཞིར་གཟུགས་པར་བྱ། །དེ་ཡི་འོག་ཏུ་ནད་པ་ཡང་། །དྲི་ཞིམ་སྤོས་ཀྱིས་ལུས་བསྐུས་ཏེ། །གཙང་མའི་གོས་ རྣམས་བསྐོན་ནས་ནི། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བསྟན་ཏེ། །རིག་པ་འདི་ནི་བརྗོད་པར་བྱ། །ལན་བདུན་བཟླས་བརྗོད་བྱས་ནས་སུ། །མཁས་པས་དེ་ལ་བསྲུང་བར་བྱ། །དེ་ནས་ནད་པའི་དོན་གྱི་ཕྱིར། །ལན་གྲངས་ཉི་ཤུ་རྩ་གཅིག་ ཏུ། །རིག་པ་འདི་ནི་བརྗོད་བྱས་ན། །དེས་ནི་ནད་ཀུན་ཞི་བར་འགྱུར། །དེ་ནས་གཏོར་མའི་བུམ་པ་ལ། །ལན་བདུན་ལེགས་པར་སྔགས་ཀྱིས་གདབ། །དེ་ནས་བཤོས་ཀྱང་སྔགས་གདབ་སྟེ། །གཏོར་མ་མེ་ཏོག་ཆོ་ག་བཞིན། །དེ་ལྟར་ལྷོ་ཕྱོགས་ངོས་སུ་ནི། །ལན་བདུན་ ཁོ་ནར་གཏོར་བར་བྱ། །ནུབ་ཕྱོགས་སུ་ཡང་བདུན་ཉིད་དེ། །བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །འོག་དང་སྟེང་དུའང་ལན་བདུན་ཏེ། །བསྲུང་བ་བྱས་པར་འགྱུར་བ་ཡིན། །བྲམ་ཟེ་དམ་པ་དེ་ལྟ་བུར། །བྱས་ན་སྡུག་བསྔལ་ཀུན་ལས་གྲོལ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བསྲུང་ བ་འདི་ནི་ཡང་དག་བཤད། །འདི་མ་གཏོགས་པར་ཁམས་གསུམ་ན། །བསྲུང་བའི་རིག་པ་གཞན་མེད་དོ། །དེ་ནི་མི་འཆི་མི་རྒས་ཏེ། །ནད་ཀྱིས་མི་བཏབ་མི་སྡུག་མིན། །སྡུག་པ་དང་ནི་འབྲལ་མི་འགྱུར། །རིག་པ་འདི་ནི་བདག་གི་ལུས། །ཤིན་ཏུ་བསྒོམ་པ་བྱས་ན་ནི། ། དེ་ལ་འཆི་བདག་ཚོགས་ཀྱིས་མཆོད། །ཆོས་ཀྱི་རྒྱལ་པོ་དམ་པ་གཤིན་རྗེ་ཡང་། །གུས་དང་བཅས་པས་དེ་ལ་མཆོད་པར་འགྱུར། །སྐད་ཅིག་ང་ཡི་སེམས་དམྱལ་འདི་བྱོས་ལ། །ལྷ་ཡི་གྲོང་ཁྱེར་སོང་ཞེས་སྨྲ་བར་འགྱུར། །དེ་ནས་གཞལ་མེད་ཁང་པ་རྣམ་མང་པོས། ། རྫུ་འཕྲུལ་ཆེན་པོ་ལྷ་གནས་བཟང་པོར་འགྲོ། །དེ་ལྟར་དེར་ནི་ལྷ་མི་གནོད་སྦྱིན་དང་། །སྲིན་པོ་རྣམས་ཀྱིས་དེ་ལ་རྟག་མཆོད་འགྱུར། །ལག་ན་རྡོ་རྗེ་གནོད་སྦྱིན་དབང་། །བདེ་སོགས་བདག་པོ་དབང་པོ་དང་། །འཕྲོག་མ་དང་ནི་ལྔས་རྩེན་དང་། །འཇིག་རྟེན་སྐྱོང་བ་འཕྲུལ་ ཆེན་དང་། །ཟླ་བ་ཉི་མ་རྒྱུ་སྐར་བཅས། །མཆོག་ཏུ་མི་བཟད་གཟའ་རྣམས་དང་། །གང་ཡང་ཀླུ་ཆེན་ཐམས་ཅད་དང་། །ལྷ་དང་དེ་བཞིན་དྲང་སྲོང་དང་། །ལྷ་མིན་མཁའ་ལྡིང་དྲི་ཟ་དང་། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །བསྲུང་ཕྱིར་རྟག་ཏུ་འབྲང་བར་བྱེད། །གང་གིས་རིག་ པ་སྟོབས་ཆེན་མོ། །རྫུ་འཕྲུལ་ཆེན་མོ་བྲིས་ནས་ནི། །ཤེས་རབ་ཅན་གྱི་ལག་ལ་གདགས། །མཆོད་པ་ཆེན་པོ་འཐོབ་པར་འགྱུར། །རྟག་ཏུ་ཕུན་སུམ་ཚོགས་པར་འོང་། །འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཆོས་རྗེ་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུས་དག་པར་བགྱིས་སོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་བ་ནཱི་སཱུ་ཏྲ། བོད་སྐད་དུ། བསིལ་བའི་ཚལ་ཆེན་པོའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །གང་གིས་ཐོག་མར་རིག་སྔགས་རྣམས། །འཛམ་བུའི་གླིང་དུ་ གསུངས་པ་ཡི། །སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ད་ལྟར་བྱུང་དང་འདས་པ་དང་། །མ་བྱོན་སངས་རྒྱས་གང་ལགས་པ། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །དེ་དག་ཀུན་ལ་སྐྱབས་སུ་མཆི། །འཁོར་ལོ་བསྐོར་བ་བླ་མེད་པ། །མར་མེ་མཛད་ལ་ཕྱག་འཚལ་ ལོ། །ཆོས་ཀྱི་རྒྱལ་པོ་འོད་མཛད་པ། །ཐམས་ཅད་གནོན་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་གྲགས་ལྡན་པ། །པདྨའི་བླ་ལ་ཕྱག་འཚལ་ལོ། །སྤྱན་དང་ལྡན་པ་སྐྱོབ་མཛད་པ། །རབ་འཐོར་གཤེགས་ལ་ཕྱག་འཚལ་ལོ། །དེད་དཔོན་བླ་ན་ མེད་པ་པོ། །གྲགས་པའི་བླ་ལ་ཕྱག་འཚལ་ལོ། །ཉི་ཟླ་ལྟ་བུར་འོད་མཛད་པ། །བདེ་མཛད་དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་མེ་ལོང་སྟོན་པ་པོ། །དོན་གཟིགས་ལ་ཡང་ཕྱག་འཚལ་ལོ། །དུལ་བའི་ཚུལ་ཁྲིམས་འཇིགས་མེད་པ། །རྒྱལ་ཞེས་བྱ་ལ་ཕྱག་འཚལ་ ལོ། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །སྐར་རྒྱལ་ལ་ཡང་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་དཔལ་ལྡན་པ། །རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །འོད་ཅན་གཟི་བརྗིད་ལྡན་པ་པོ། །གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ལེགས་པར་ མཆོད་པ་གྲགས་ལྡན་པ། །ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །བདུད་དཔུང་རབ་ཏུ་འཇོམས་པ་པོ། །ལོག་དད་སེལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་དཔལ་དང་ལྡན་པ་པོ། །གསེར་ཐུབ་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །འོད་སྲུང་དེ་ ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་འོད་མཛད་པ། །གསེར་མདོག་ཅན་ལ་ཕྱག་འཚལ་ལོ། །སེར་སྣ་མེད་པ་ཐུགས་རྗེ་ཅན། །བྱམས་པ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལའང་ཕྱག་འཚལ་ཏེ། །དེ་དག་ལ་ནི་བདག་སྐྱབས་མཆི། །གང་དག་གིས་ནི་ཆོས་བསྟན་ པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པའི། །ཆོས་ལ་བདག་ནི་ཕྱག་འཚལ་ལོ། །གང་ལ་ཕུལ་ན་དོན་ཆེ་བའི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཉན་ཐོས་ཤེས་རབ་མཆོག་གྱུར་པ། །ཤཱ་རིའི་བུ་ལ་ཕྱག་འཚལ་ལོ། ། རྫུ་འཕྲུལ་ཅན་གྱི་མཆོག་གྱུར་པ། །མཽད་གལ་བུ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་གཏམ་ལ་འཇིགས་མེད་པ། །ཀཱ་ཏྱཱའི་བུ་ལ་ཕྱག་འཚལ་ལོ། །ཉན་ཐོས་སྦྱངས་པའི་མཆོག་གྱུར་པ། །འོད་སྲུང་ལ་ཡང་ཕྱག་འཚལ་ལོ། །སྐྱོབ་པ་ཡི་ནི་དབང་གྱུར་པ། །ཀཽཎྜི་ནྱ་ལ་ཕྱག་འཚལ་ ལོ། །མང་དུ་ཐོས་པ་རིག་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ལུས་ངན་དང་ནི་ཡུལ་འཁོར་སྲུང་། །མིག་མི་བཟང་དང་འཕགས་སྐྱེས་པོ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་གི །རྒྱལ་ཆེན་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་ མཆོག །ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕ་མ་མཁན་པོ་སློབ་དཔོན་དང་། །ལྷ་རྣམས་ལ་ནི་ཕྱག་འཚལ་ལོ། །དེ་དག་ལ་ནི་ཕྱག་འཚལ་ནས། །རིག་སྔགས་འདི་ནི་གྲུབ་གྱུར་ཅིག །གང་གི་དོན་དུ་བྱ་བ་ཡི། །དོན་དེ་བདག་ལ་གྲུབ་གྱུར་ཅིག །སྡང་བར་ སེམས་ཤིང་གནོད་བྱེད་པའི། །མི་མ་ཡིན་རྣམས་གུད་དུ་དེང་། །གནོད་པར་འདོད་པ་གླགས་ལྟ་རྣམས། །སྟོན་པའི་བསྟན་པ་མཉན་པར་གྱིས། །བྱམས་པར་སེམས་ཤིང་ཕན་འདོད་པའི། །མི་མ་ཡིན་པ་གང་ཡིན་རྣམས། །ཐམས་ཅད་འདུས་ཤིང་མཐུན་ གྱུར་ནས། །འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཚིག །སྟོན་པས་རྗེས་སུ་ཡི་རང་བ། །དགའ་བའི་སེམས་ཀྱིས་བདག་ལ་ཉོན། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་རྒྱལ་པོ་ཆེན་པོ་བཞིའི་བསྲུང་བ་ཆེན་པོ་སྟེ། འཁོར་བཞི་པོ་རྣམས་ལ་ཡོངས་སུ་ཁྱབ་པའོ། །གནོད་ སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་བྱེད་དང་། འཚེ་རྒྱུ་དང་། སྨྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ཡིན་པ། སྡང་བར་སེམས་པ་དང་། གླགས་ལྟ་བ་དང་། མི་ཕན་པར་འདོད་པ་དང་། གནོད་པར་བྱེད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མི་དགའ་བ་དང་། གནོད་པར་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་དང་། གྲུབ་པ་དང་། བདེ་བར་མི་འདོད་པ་དང་། འཁོར་བཞི་པོ་རྣམས་ལ་ མི་དགའ་བ་དང་། གནོད་པར་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་དང་། གྲུབ་པ་དང་། བདེ་བར་མི་འདོད་པ་དང་། མིང་འདི་ཞེས་བྱ་བ་ལ་མི་དགའ་བ་དང་། གནོད་པར་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་ དང་། གྲུབ་པ་དང་། བདེ་བར་མི་འདོད་པ་གང་ཡིན་པ་དེ་དག་ནི་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་དེངས་ཤིག །སྐྲག་པར་གྱུར་ཅིག །དངངས་པར་གྱུར་ཅིག །ཀུན་ཏུ་དངངས་པར་གྱུར་ཅིག །འདི་ན་མ་འཁོད་ཅིག །ངན་སེམས་དང་གནོད་སེམས་ཀྱི་མགོ་བོ་ཚལ་པ་ བདུན་དུ་འགས་ཏ་རེ། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་བྱེད་དང་། འཚེ་རྒྱུ་དང་། སྨྱོ་ བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ཡིན་པ་ སྡང་བར་སེམས་པ་མ་ཡིན་པ་རྣམས་དང་། གླགས་མི་ལྟ་བ་དང་། ཕན་པར་འདོད་པ་དང་། གནོད་པར་མི་འདོད་པ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བ་དང་། དོན་དུ་འགྱུར་བར་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། གྲུབ་པ་དང་། བདེ་བར་འདོད་པ་དང་། མིང་འདི་ཞེས་བྱ་བ་ལ་དགའ་བ་དང་། དོན་དུ་འགྱུར་བར་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། གྲུབ་པ་དང་། བདེ་བར་འདོད་པ་གང་ཡིན་པ་དེ་དག་ནི་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་འདིར་འཁོད་ཅིག །མ་སྐྲག་ཅིག ། མ་དངངས་པར་གྱུར་ཅིག །ཀུན་ཏུ་དངངས་པར་མ་གྱུར་ཅིག །མི་འཇིགས་པ་ཁོ་ནར་གྱུར་ཅིག །མིང་འདི་ཞེས་བྱ་བའི་དོན་དང་། ཕན་པ་དང་། བདེ་བ་དང་། བདེ་བར་གནས་པར་བྱ་བའི་ཕྱིར། བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བདག་གིས་བསྟན་ཅིང་བཤད་པར་བྱའོ། ། དེ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་བདག་ལ་བསྲུང་བ་ནི་འདི་ཡིན་ཏེ། སྱཱད་ཡ་ཐེ་དན། ཁ་ཊེ་ཁ་ཊེ། ཁཏྟྱ་སི། པ་ལ་ཀ་བ་ཊེ། རོ་ག་བྷ་དྲི་ག་ཎེ། ཧི་ལི་ཧི་ལི། དུ་མ་ཏེ། གྲྀཏྟ་ཏི། ཨ་ཛ་ཊི། ཀ་ཐ་རི། མ་སཱ་ར་ཀལྤེ། ས་མནྟེ་ན། ཙ་ཏུདྡི་ཤི །ཡོ་ཛ་ན་ཤ་ཏ། ཨཱཏྨ་རཀྵ། ཨ་ན་ཏི་ཀྲ་མ་ཎི། སརྦ་བི་ཧེ་ཋ་ཀེ་བྷྱཿན་མོ་བྷ་ག་བ་ཏེ། བུད་དྷ་སྱ། སིད་དྷྱནྟུ་མནྟྲ་པ་དཱ། ད་ར་དུ་བི་དྱཱ། བྲཧྨ་ཎོ། མ་ན་དུ་སྭཱ་ཧཱ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིགས་སུ་རུང་བ་སྐྱི་བུང་ ཞེས་བྱེད་པ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལུས་ངན་དང་། ཡུལ་འཁོར་སྲུང་དང་། མིག་མི་བཟང་དང་། འཕགས་སྐྱེས་པོ་བུ་དང་བཅས། བློན་པོ་དང་བཅས། འཁོར་དང་བཅས། མངག་གཞུག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་འཁོར་དང་བཅས་པ་ཁ་དོག་འཕགས་པ་དག་ནམ་ཕྱེད་ན་ལྷགས་ནས་གྲོས་མཐུན་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་དོང་སྟེ། རང་བཞིན་གྱི་ཁ་དོག་དང་མཐུས་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ག་ལ་ བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་རྒྱལ་པོ་ཆེན་པོ་བཞིས་ བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །གཽ་ཏམ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །ལན་གཉིས་ལན་གསུམ་དུ་ཡང་རྒྱལ་པོ་ཆེན་པོ་བཞིས་བཅོམ་ ལྡན་འདས་ལ་ཚིགས་སུ་བཅད་ནས་བསྟོད་པ། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །གཽ་ཏམ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཡུལ་དང་འཕྲོད་ལགས་སམ། འཚོ་བ་དང་ལྡན་ལགས་སམ། བཙུན་པ་བཅོམ་ལྡན་འདས་སྐུ་བདེ་ལགས་སམ། སྙུན་མི་མངའ་ལགས་སམ། ཉམ་ང་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱི་སྐུ་ལ་གནོད་པ་མི་མངའ་ ལགས་སམ། བཅོམ་ལྡན་འདས་ལ་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་ བྱེད་དང་། འཚེ་རྒྱུ་དང་། སྨྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བགྱིད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་ པ་དང་། ཞག་བཞི་པ་དང་། མི་དང་། མི་མ་ཡིན་པ་སྡང་བར་སེམས་པ་དང་། གླགས་ལྟ་བ་དང་། ཕན་པར་མི་འདོད་པ་དང་། གནོད་པར་བགྱིད་པ་དག་ལས་གནོད་པར་བགྱིད་པར་སེམས་པ་ལྟ་མ་མཆིས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ང་ལ་ནི་ཐམས་ཅད་ཡོད་དེ། ཡུལ་དང་ཡང་འཕྲོད། འཚོ་བ་དང་ཡང་ལྡན། ལུས་ཀྱང་བདེ། ནད་ཀྱང་མེད། ཉམ་ང་བ་ཡང་མེད་དོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ངའི་ལུས་ ལ་ནི་གནོད་པ་ཡང་མེད་དོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ངས་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ནང་ན་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ལ་གནོད་པ་བྱེད་པར་སེམས་པ་ཡང་དག་པར་མ་མཐོང་ངོ་། །ཀྱེ་རྒྱལ་པོ་ཆེན་པོ་དག་དེ་ལྟ་མོད་ཀྱི། ཁྱོད་ཀྱི་འཁོར་རྣམས་ངའི་འཁོར་ལ་གནོད་པ་བྱེད་པར་སེམས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་ བཞིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གསོལ་བ་མཆིས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བཅོམ་ལྡན་འདས་ཉིད་ལ་ཞུ་བའི་སླད་དུ་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་ སྔར་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་དགོན་པ་དང་། བས་མཐའི་གནས་མལ་འདི་དག་ན་ཤིན་ཏུ་སྡང་བའི་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་བྱེད་དང་། འཚེ་རྒྱུ་དང་། སྨྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་ བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ཡིན་པ་སྡང་བར་སེམས་པ་དང་། གླགས་ལྟ་བ་དང་། ཕན་པར་མི་སེམས་པ་དང་། གནོད་པར་བགྱིད་པ་དག་མཆིས་ སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ཀྱང་དེ་ན་གནས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནི་སྲོད་དང་ཐོ་རངས་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་ནམ་སྲིན་པོ་ནས་གནོད་པར་བགྱིད་པའི་བར་དག་ བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་དད་པའི་སེམས་དང་ལྡན་པ་ནི་ཉུང་ཟད་ཅིག་མཆིས་པར་བས་སོ། །གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་མ་དད་པའི་སེམས་དང་ལྡན་པ་ནི་ཆེས་མང་ལགས་ཏེ། དེ་དག་ནི་བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྲོད་དང་ཐོ་རངས་ལ་མི་ཉལ་ ཞིང་སྦྱོར་བ་ལ་བརྩོན་པར་གནས་པ་རྣམས་ལ་གནོད་པར་བགྱིད་པར་སེམས་ལགས་ཏེ། དེ་དག་དགག་པའི་སླད་དུ་གནོད་སྦྱིན་མ་རུངས་པ་མ་དད་པ་རྣམས་དད་པར་བགྱི་བ་དང་། དད་པ་རྣམས་སླར་ཞིང་དད་པར་བགྱི་བ་དང་། འཁོར་བཞི་པོ་རྣམས་བདེ་ལེགས་དང་། བདེ་བར་ གནས་པར་བགྱི་བ་དང་། མ་ལུས་པར་ཤིན་ཏུ་མཉམ་པར་གཞོག་པར་འགྱུར་བའི་སླད་དུ། བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བཤད་པར་འཚལ་ལོ། །མི་མ་ཡིན་པ་སྡང་སེམས་ཅན། །རྒྱལ་བའི་བསྟན་ལ་མ་དད་པ། །དེ་དག་བདག་གིས་བཟློག་པར་བྱ། ། རྒྱལ་ཆེན་རྣམས་ནི་བདག་ལ་ཉོན། །མདོ་ཆེན་འདི་ནི་ཐོས་ནས་ཀྱང་། །མི་རྣམས་ལ་ནི་གནོད་མ་བྱེད། །གནོད་སྦྱིན་སྲིན་པོ་ཀླུ་རྣམས་དང་། །ནམ་མཁའ་ལྡིང་དང་གསང་བ་པ། །ཕན་པར་མི་འདོད་གང་ཡང་རུང་། །དེ་དག་ཐམས་ཅད་བཟློག་པར་བྱ། །ལྷ་དང་ལྷ་ མིན་རླུང་ལྷ་དང་། །ལྷ་མོའི་ཚོགས་ཀྱིས་གང་བ་ཡི། །གཞལ་མེད་ཁང་མཛེས་དེ་དག་ནི། །མེ་དང་འདྲ་བར་འོད་གསལ་ཞིང་། །ཉི་མ་ཟླ་བའི་ཚུལ་འདྲ་བ། །རིན་ཆེན་ལས་བྱས་ཤིན་ཏུ་སྣང་། །བསོད་ནམས་བྱས་པ་དག་གིས་གང་། །རབ་སྣང་གདོན་རྣམས་རྣམ་ པར་སྤངས། །མི་ལ་གནོད་བྱེད་གང་ཡིན་པའི། །འབྱུང་པོ་གྲུལ་བུམ་སྲིན་པོ་དང་། །ཡི་དགས་སྲུལ་པོ་དེ་དག་གིས། །རྨད་བྱུང་དེ་དག་མི་མཐོང་སྟེ། །གཟི་བྱིན་ལྡན་པའི་ལྷ་རྣམས་ཀྱི། །གྲོང་ཁྱེར་དུ་ཡང་དེ་མི་འགྲོ། །འབྱུང་པོ་ཆེན་པོ་འདུ་བ་ན། །དེ་ཡང་དེ་དག་ འདུར་མི་དབང་། །སྟན་ནམ་ཡང་ན་ཆུ་ཡང་རུང་། །ཟས་དང་སྐོམ་ཡང་མི་དབང་ངོ་། །ལུས་ངན་གྱི་ནི་ཕོ་བྲང་དུ། །ནམ་ཡང་དེ་དག་འགྲོ་མི་འགྱུར། །རྒྱལ་པོ་ཆེན་པོ་རྣམས་ཀྱི་ཚིག །འབྱུང་པོ་གང་ཞིག་མི་ཉན་པ། །དེ་ཡི་ཁ་ནས་ཁྲག་དྲོན་དག །མྱུར་དུ་རབ་ཏུ་ འབབ་པར་འགྱུར། །དེ་ཡི་བརླ་ཡི་གཡས་རོལ་ནས། །ཕོལ་མིག་དག་ཀྱང་འབྱུང་འགྱུར་ཏེ། །དེ་ནི་ནད་ཀྱིས་འཆི་འགྱུར་ཞིང་། །གནོད་སྦྱིན་གཟུགས་ཀྱང་སྟོན་པར་འགྱུར། །འཇིག་རྟེན་སྐྱོང་གིས་བཤད་པ་ཡི། །མདོ་ལས་གང་ཞིག་འགལ་བྱེད་པ། །འཇིགས་པ་ ཐམས་ཅད་དེ་ལ་འོང་། །མགོ་བོ་ཚལ་པ་བདུན་དུ་འགས། །རྒྱལ་པོ་ཆེན་པོ་རྣམས་ཀྱི་ཚིག །གནོད་སྦྱིན་གང་དག་མི་ཉན་པ། །འབྱུང་པོ་སྲིན་པོ་གང་ཡོད་པ། །ངན་ཕྲེང་ལྷག་པའི་ངན་ཕྲེང་རྣམས། །ལྕགས་ལས་བྱས་པའི་འཁོར་ལོ་ཡི། །མཚོན་ཆ་སྤུ་གྲིའི་སོ་འདྲ་བས། ། གནོད་སྦྱིན་དེ་དག་བརླག་པར་བྱ། །རྒྱལ་པོ་ཆེན་པོ་དཔལ་དང་ལྡན། །གོ་ཆ་སྲ་ཞིང་མཚོན་རྣོ་ལ། །སྟན་རྣམས་ལ་ནི་འཁོད་པ་དག །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ལུས་ངན་ པོ། །དེ་དག་དེ་ན་འཁོད་པ་ཡི། །ཉེ་འཁོར་གནོད་སྦྱིན་འདི་རྣམས་གནས། །སེང་གེའི་གཟུགས་དང་སྟག་གི་གཟུགས། །མི་སྡུག་པ་དག་འགྲོ་ཞིང་རྒྱུ། །གླང་ཆེན་གཟུགས་དང་རྟ་ཡི་གཟུགས། །ཁ་ཅིག་མ་ཧེའི་གཟུགས་ཅན་ལ། །དྲེད་མོ་དང་ནི་ཝ་ཡི་གཟུགས། ། ལུག་དང་སྤྱང་ཀི་ཕག་རྒོད་རྣམས། །རྣ་བ་འཕྱང་དང་རྣ་བོ་ཆེ། །རྣ་བ་གཅིག་པ་ཐ་དད་པ། །སྒྲ་ཆེར་འབྱིན་ཅིང་འཇིགས་བྱེད་པ། །ས་གཞི་རབ་ཏུ་གཡོ་བར་བྱེད། །བོང་བུ་དང་ནི་རྔ་མོ་ཁྱི། །ཆ་ལུགས་གཞན་ཡང་ཉེ་འཁོར་འཁོད། །རྒྱལ་པོ་ཆེན་པོ་སྟོབས་པོ་ཆེ། ། དེ་དག་ཕན་ཚུན་འདུ་བ་ན། །ལྷ་ཡི་ཤིང་རྟ་བཅས་པ་ཡིས། །ནམ་མཁའ་ལས་ནི་འགྲོ་བར་བྱེད། །གནོད་སྦྱིན་དག་གི་བདག་པོ་ཡང་། །མི་རྣམས་ལ་ནི་བདེ་ལེགས་བྱེད། །སྱཱད་ཡ་ཐེ་དན། བ་ཀ་ཧུ་མུ་ལེ། ཧ་ཤི་ཎ་ཤ་ཤི་ཎ། བ་ན་མུ་ཧ་ལེ་ས་མུ་ཧཱ་ལེ། ཨུ་དུ་ཧཱ་ལེ། ས་མ་ཧཱ་ལེ། པྲ་ཤ་མ་མཱི། རཱཀྵ་ས། ཨ་མ་ནུ་ཥྱཱ། བཱ་རེ་མི། ཡཀྵ་ནི། བཱ་རཱ་མི་པྲེ་ཏ་མ་བྷི་ཐཻ། དུ་མ་ནུ་ཥྱཱ། མ་ས་པ་ཏ་ཧ་དྷ་མུར་ནན། སུ་ཏི་ཥྱ་ཏི། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །མི་ལ་ཞོན་པ་སྡེར་བཅས་པས། །འདི་སྨྲས་ནས་ནི་ཚུབ་མ་ལངས། །དེ་བཞིན་རི་ཡང་གཡོས་ པར་གྱུར། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི། །རིན་ཆེན་ཤིང་རྟ་བཅས་པ་ན། །ལྷ་དང་མི་ཡི་སྒྲ་སྐད་གྲག །རྒྱལ་པོ་ཆེན་པོ་འཆི་བ་ན། །དངོས་པོ་རྣམས་ཀྱང་འབར་བར་འགྱུར། །སྲིན་པོ་འདོད་དགུར་བསྒྱུར་བའི་གཟུགས། །དེ་ཡི་མདུན་ན་རྒྱུག་པར་བགྱིད། །མི་མ་ ཡིན་པའི་གཟུགས་རྣམས་ཀྱིས། །འཇིགས་ཤིང་སྐྲག་པ་བསྐྱེད་པར་བགྱིད། །ཆེ་ཞིང་གཏུམ་ལ་མི་བཟད་པ། །དྲག་ཅིང་མཐོང་ན་མི་སྡུག་ལ། །སྤུ་ཡང་རིང་ཞིང་སེན་མོ་རིང་། །ལག་ན་རལ་གྲི་ཐོ་བ་ཐོགས། །སོ་ནི་ཟངས་ཅན་འཇིགས་པར་བགྱིད། །སྣ་ཆེ་རྔ་མོ་སྟག་གི་འདྲ། ། དྲག་ཅིང་ལག་པ་ཁྲག་དམར་བ། །ཡན་ལག་མ་ཚང་ཕྱེད་ཚལ་ལུས། །མིག་སེར་ལུས་ཀྱང་ཤིན་ཏུ་སེར། །དྲི་མ་ཅན་ལ་ལུས་སྐེམ་པ། །སྐྲ་བརྫེས་ལྕགས་ཀྱི་མཆུ་ཅན་ལ། །མཚོན་ཆ་ཚབས་ཆེར་འདེབས་པར་བགྱིད། །རྣ་བ་གཞུ་རྣ་གསུས་པོ་ཆེ། །སྦྲུལ་གྱི་ གཟུགས་ཅན་བེའུ་གཟུགས། །ཕག་གི་གཟུགས་ཅན་ལྟོ་བོ་ཆེ། །མགོ་བོ་ཆེ་ལ་ལག་རིང་བ། །རྣ་འཕྱང་བ་ལ་ནུ་མ་འཕྱང་། །དེ་འདྲའི་གནོད་སྦྱིན་མང་པོ་ཡི། །གཡོག་འཁོར་དག་གིས་ཡོངས་སུ་བསྐོར། །གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས། །དེ་དག་མ་ནི་ ལིམ་ལོག་ཅན། །གཡོག་འཁོར་དེ་དག་ལྷན་ཅིག་ཏུ། །བདག་ནི་ཕྱག་འཚལ་སླད་དུ་མཆི། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །དྲག་ཅིང་རྒོད་ལ་གཏུམ་པ་དང་། །མགོ་བོ་ཆེ་ལ་སྐྲ་རིང་བ། །མི་རྣམས་དང་ནི་རི་དགས་དང་། ། བྱ་རྣམས་གཟི་བྱིན་འཕྲོག་པར་བགྱིད། །མེ་འབར་ཟ་དང་མང་དུ་ཟ། །མིག་གཅིག་པ་དང་མིག་སེར་དང་། །སྣ་དང་རྣ་བ་བཅད་པ་དང་། །ཆད་པ་མང་པོས་བཅད་པ་དང་། །མགོ་མ་མཆིས་དང་མགོ་བཅད་དང་། །ལུས་ཀྱང་སྒུར་ལ་གཉེར་མ་གདོང་། །མིག་ལ་ མེ་འབར་རྐང་མེད་པ། །མི་རྣམས་འཇིགས་པར་བགྱིད་པ་སྟེ། །འཕེལ་ཀ་ཆེ་ལ་རྒོད་བག་ཅན། །དེ་བཞིན་འགྲོ་ཞིང་རྒྱུ་བར་བགྱིད། །དེ་འདྲའི་གནོད་སྦྱིན་མང་པོ་ཡི། །གཡོག་འཁོར་དག་གིས་ཡོངས་སུ་བསྐོར། །གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས། །དེ་དག་མ་ནི་རྐུན་ མ་ལགས། །གཡོག་འཁོར་དེ་དག་ལྷན་ཅིག་ཏུ། །བདག་ནི་ཕྱག་འཚལ་སླད་དུ་མཆིས། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །བདག་ཅག་གི་ནི་གནས་རྣམས་ན། །ཤིང་རྟ་ཞེས་བགྱི་སྲིན་མོ་མཆིས། །དེ་ལ་བུ་ཕོ་སྟོབས་ལྡན་ པ། །སྟོང་ཕྲག་བཅུ་ཡི་གྲངས་སྙེད་མཆིས། །དེ་དག་བདག་གི་གཡོག་ལགས་ཏེ། །དེ་དག་ཕྱག་འཚལ་སླད་དུ་མཆིས། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །བདག་ཅག་གི་ནི་གནས་རྣམས་ན། །མགྲིན་རིངས་ཞེས་བགྱི་སྲིན་མོ་མཆིས། ། སྲིན་མོ་ཤིན་ཏུ་གནག་པ་དང་། །སྲིན་མོ་ནག་མོ་ཞེས་བགྱི་དང་། །སྲིན་མོ་རབ་གནག་རྣམས་མཆིས་ཏེ། །དེ་དག་གཽ་ཏམ་མཐུན་པར་བལྟ། །ས་ཡི་གནོད་སྦྱིན་བདག་ཉིད་ཆེ། །དེ་དག་ས་སྟེངས་གནས་པ་སྟེ། །གཡོག་འཁོར་དེ་དག་རྣམས་ཀྱིས་ནི། །ཡོངས་སུ་ བསྐོར་ཏེ་འདིར་མཆིས་ལགས། །དེ་དག་ཀུན་དང་ལྷན་ཅིག་ཏུ། །བདག་ནི་ཕྱག་འཚལ་སླད་དུ་མཆིས། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །བདག་གི་མདུན་ན་རྒྱུག་པ་ཡི། །ཡི་དགས་གནོད་སྦྱིན་སྲིན་པོ་རྣམས། ། ལུས་ཆེན་ཤུགས་ཀྱང་དྲག་པོ་སྟེ། །སོ་ཡང་ཆེ་ལ་ལྟོ་བོ་ཆེ། །རྣ་འཕྱང་འཇིགས་པ་ཆེན་པོ་སྟེ། །སློ་མ་རྣ་ལ་རབ་ཏུ་འཕྱང་། །ཡན་ལག་དྲུག་པ་སོ་བརྟན་པ། །གུར་གུམ་མདོག་ཅན་ཐོ་བ་འདྲ། །སོ་ཡང་རྩུབ་ཅིང་རྣོ་བ་དང་། །མདུང་ཐུང་གསལ་ཞིང་འཇིགས་པར་ བགྱིད། །གླང་ཆེན་མགོ་དང་བུམ་སྣ་ཅན། །མགོ་བོ་སྟག་དང་སེང་གེ་འདྲ། །ལྕགས་ཀྱི་སོ་ཅན་ལྕགས་ཀྱི་སྐྲ། །གདོན་རྣམས་རྣམ་པར་སྐྲག་བགྱིད་པ། །ལག་ན་ལྕགས་ཀྱི་གཏུན་བུ་ཐོགས། །ལག་ན་ལྕགས་ཀྱི་ཐོ་བ་ཐོགས། །སོ་རྣོན་ལག་པ་རིང་བ་སྟེ། །འཇིགས་ པའི་གཟུགས་ཅན་ལྕགས་ཀྱི་མཆུ། །མགོ་བོ་ཆེ་ལ་སྐྲ་གཡེངས་པ། །གནག་ཅིང་མིག་སེར་སྣ་ཞོམ་པ། །བུམ་པའི་མགྲིན་དང་མིག་དམར་དང་། །མིག་གཅིག་པ་དང་ལྟོ་བོ་ཆེ། །མཆུ་འཕྱངས་པ་དང་ལག་གཅིག་པ། །རྐང་གཅིག་པ་དང་རྐང་གཉིས་པ། །ཁ་མེད་ཁ་གཉིས་ དྲག་པོ་སྟེ། །མི་རྣམས་རབ་ཏུ་འཇིགས་པར་བགྱིད། །ལག་ན་ཁར་བ་དབྱུག་པ་ཐོགས། །མདུང་རྩེ་གསུམ་པ་སྐྲག་ཅིང་འཇིགས། །སྐྲག་ཅིང་འཇིགས་པར་བྱེད་པ་སྟེ། །གདོན་རྣམས་རྣམ་པར་སྐྲག་བགྱིད་པ། །སྐྲག་པར་བགྱིད་ཅིང་སྨྲ་བར་བགྱིད། །སེམས་ཀྱང་འཁྲུལ་ བར་བགྱིད་པ་སྟེ། །སྨྱོ་བར་བགྱིད་ཅིང་རྨོངས་པར་བགྱིད། །དེ་ནས་གཟི་བྱིན་འཕྲོག་པར་བགྱིད། །དེ་དག་འཇིག་རྟེན་འཇིགས་པ་སྟེ། །སྟོབས་པོ་ཆེ་ལ་བསྟེན་པར་དཀའ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ། །རྒྱལ་པོ་ཆེན་པོའི་མདུན་ན་རྒྱུག །དེ་འདྲའི་གནོད་སྦྱིན་མང་པོ་ཡི། ། གཡོག་འཁོར་དག་གིས་ཡོངས་སུ་བསྐོར། །གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས། །དེ་དག་ཕྱག་འཚལ་སླད་དུ་མཆིས། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །ས་ག་ལྔས་རྩེན་ཟླ་བ་དང་། །སེང་གེ་སྡེ་དང་རབ་གནོན་དང་། ། མ་ལ་སྦྱིན་བརྩོན་དྲག་པོ་དང་། །གང་པོ་དང་ནི་ནོར་འཛིན་དང་། །ཙནྡན་དང་ནི་འདོད་མཆོག་དང་། །སྣ་ཚོགས་སྡེ་དང་གཏོར་མ་ལེན། །ཡིད་བཞིན་རབ་འབྱོར་བཞིན་བཟང་དང་། །འདམ་བུ་ཅན་དང་ཤིན་ཏུ་རྒྱལ། །འདོད་པ་ཐམས་ཅད་འབྱོར་པ་དང་། །དབང་པོ་རྒྱལ་བ་ཁྱུ་མཆོག་ དང་། །ནོར་བུ་བཟང་སྲས་རྫོགས་བཟང་དང་། །འདམ་བུ་ས་མཆོག་འདམ་བུ་དགའ། །ཁབ་ཀྱི་སྤུ་ཅན་རིང་བཟང་དང་། །ལག་མཆོག་སྐྱེ་དགུའི་བདག་པོ་དང་། །འདམ་བུའི་རྒྱུད་དང་མདུང་རིང་དང་། །རིག་པ་སྟོབས་ཅན་ནོར་བུ་དང་། །འཇོག་པོ་ནག་པོ་ཆེན་པོ་དང་། །ལ་ བ་ཅན་དང་དྲེའུ་དང་གཉིས། །ཀླུ་ཡི་རྒྱལ་པོ་ས་སྲུང་བུ། །ཡན་ལག་ཆེན་པོ་རྫུ་འཕྲུལ་ཆེ། །ནམ་མཁའ་ལྡིང་ནི་ཤུགས་ཆེན་ལྡན། །འདབ་ཆགས་ཀུན་གྱི་མཆོག་གྱུར་པ། །བྱ་ཡི་གཟུགས་ཀྱིས་མཆི་བགྱིད་ཅིང་། །རྒྱ་མཚོ་ཀུན་ཏུ་འཁྲུག་པར་བགྱིད། །ལྷ་དང་ལྷ་མིན་ དྲི་ཟ་རྣམས། །འཇིགས་པར་བགྱིད་དང་དགེ་བའང་རུང་། །མ་དད་པ་དང་དད་པ་རྣམས། །དེ་དག་ཐམས་ཅད་འདིར་མཆིས་ཏེ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །འཕྲོག་མ་ཞེས་བགྱི་གནོད་སྦྱིན་མོ། །འཇིགས་པར་བགྱིད་པ་སྟོབས་ ཆེན་མོ། །དེ་ཡི་བུ་ནི་ལྔ་བརྒྱ་རྣམས། །འཇིགས་བགྱིད་གནོད་སྦྱིན་མཐུ་རྩལ་ཅན། །བདག་ཉིད་ཀྱི་ནི་གཡོག་ལགས་ཏེ། །དེ་དག་ཕྱག་འཚལ་སླད་དུ་མཆིས། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །མ་ག་དྷཱ་ན་ཐམས་ཅད་མཐོང་། ། ཀ་ཤི་ཀ་ནི་པདྨ་འཆང་། །ཡངས་པ་ཅན་ན་རྒྱལ་མཆོག་གནས། །གྱད་ཡུལ་ན་ནི་གྲགས་འཛིན་གནས། །རྒྱལ་པོའི་ཁབ་ན་ཀུ་བེ་ར། །སེར་སྐྱའི་གནས་ན་དྲག་པོ་སྟེ། །ཏ་མ་ལ་ན་འབྱོར་པ་གནས། །མི་ཏི་ལ་ན་ཀུན་ཏུ་རྒྱལ། །མ་མོ་ཆེན་མོ་འདི་བརྒྱད་ནི། །གནོད་སྦྱིན་ རྣམས་ཀྱི་སྡེ་དཔོན་མཆོག །རྫུ་འཕྲུལ་ཆེན་པོ་སྐལ་བ་ཆེ། །སྟོབས་ཆེན་དེ་དག་ཐམས་ཅད་ནི། །ཡིད་དགེ་དད་པའི་སེམས་དང་ལྡན། །རྫོགས་སངས་རྒྱས་ལ་སྐྱབས་མཆིས་པས། །དེ་དག་དང་ནི་འདུས་ནས་ཀྱང་། །རྒྱལ་པོ་ཆེན་པོ་སྟོབས་ཆེན་གྱིས། །ཡང་དག་ རྫོགས་སངས་རྒྱས་བསྟན་ལ། །མི་རྣམས་ལ་ནི་སྙིང་བརྩེའི་སླད། །གནོད་སྦྱིན་འབྱུང་པོ་ཡི་དགས་དང་། །སྡང་བའི་གདོན་རྣམས་བཟློག་པ་དང་། །མི་མ་ཡིན་རྣམས་བཟློག་པ་ཡི། །བསྲུང་བ་འདི་ནི་ལེགས་པར་བགྱིས། །དེ་ནས་རྒྱལ་པོ་རྣམ་ཐོས་བུ། །ཐལ་སྦྱར་འདུག་ སྟེ་སྨྲས་པ་ནི། །ཁོན་དང་འཇིགས་པ་ཀུན་འདས་པ། །རྣམ་གྲོལ་ཟག་པ་མི་མངའ་བ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་བལྟ་ཞིང་མཆིས། །ཁྱོད་ལ་ལྷ་དང་གྲུབ་པ་དང་། །བྲམ་ཟེ་ཐམས་ཅད་ཕྱག་འཚལ་ཏེ། །གནོད་སྦྱིན་བྱེ་བ་དྲུག་ཁྲི་དང་། ། བཞི་སྟོང་དག་ཀྱང་ལྷགས་ནས་ནི། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས། །བདག་ནི་རྒྱལ་པོ་རྣམ་ཐོས་བུ། །བྱང་ཕྱོགས་སྐྱོང་བར་བགྱིད་པ་སྟེ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །གནོད་སྦྱིན་རྒྱུ་སྐར་སྨྱོ་བྱེད་དང་། །བརྗེད་བྱེད་ དང་ནི་མི་འམ་ཅི། །སྐེམ་བྱེད་དང་ནི་རིམས་དྲག་དང་། །དེ་བཞིན་རིམས་ནད་ཞག་བཞི་པ། །དེ་དག་བདག་གིས་བཟློག་པར་བགྱི། །སྱཱད་ཡ་ཐེ་དན། ཨུ་ཧ་ཧཾ། ཨུ་ཧ་ཧཾ། མ་ཧཱ་ཧཾ། ཨུ་ཧ་མ་ཧཱ་ཧཾ། ས་ལ་མུ་ཛི། ཨི་ལཱི་མི་ལི། ཨི་ལཱི་མི་ལི། ཀི་ལཱི་མི་ལི། ཙི་རི་ཊི། ཨུ་བྷི་ ཨུ་ཏུ་བྷི། པི་ཏི་ལི་ཡེ། མ་ཊ་མ་ལི། མ་ནནྡ་ཡེ་སྭཱ་ཧཱ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལུས་ངན་ལྕང་ལོ་ཅན་གྱི་བདག་པོ་ཕྱོགས་སྐྱོང་བར་གྱུར་ཅིག །གནོད་སྦྱིན་དང་། རྒྱུ་སྐར་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་