Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 090_རྒྱུད་འབུམ།_ཕ

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
་པ་དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །རྒྱལ་པོའི་
ཕོ་བྲང་འཁོར་དེ་དག་དང་། གྲོང་ཁྱེར་དེ་དག་དང་། ཡུལ་འཁོར་དེ་དག་དང་། ཡུལ་དེ་དག་ཀྱང་ཀུན་ཏུ་སྲུངས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །ཡུལ་དེ་དག་
ཀྱང་འཇིགས་པ་དང་གནོད་པ་དང་འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱིས་ཤིག །ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་ཟློག་ཅིག །འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མིའི་རྒྱལ་པོ་དག་མི་འཐབ་པ་དང་། མཚང་མི་འདྲུ་བ་དང་། མི་རྩོད་པ་དང་། མི་འགྱེད་པར་བྱ་བ་ལ་
སྤྲོ་བར་གྱིས་ཤིག །རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞིའི་འཛམ་བུའི་གླིང་འདིར་ནམ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དེ་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་རང་རང་གི་ཡུལ་ལ་མངོན་པར་དགའ་བ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་དེས་མངོན་པར་དགའ་བ་དང་། རང་གི་

ནོར་གྱི་ཕུང་པོས་ཕན་ཚུན་རྣམ་པར་མི་འཚེ་བ་དང་། ཕན་ཚུན་རྣམ་པར་འཚེ་བ་མི་བསྐྱེད་པ་དང་། རང་གིས་ཇི་ལྟར་སྔོན་གྱི་ལས་བསགས་པས་རྒྱལ་པོ་ཐོབ་པའི་རང་གི་རྒྱལ་སྲིད་ཀྱི་དབང་ཕྱུག་གིས་དགའ་བ་དང་། ཕན་ཚུན་དུ་ཡུལ་འཇིག་པར་མི་བྱེད་པ་དང་། ཡུལ་གཞིག་པའི་ཕྱིར་ཕ་རོལ་
གྱི་གནོད་པ་དང་། ནམ་འཛམ་བུའི་གླིང་འདིར་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ན་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་ཕན་ཚུན་དུ་བྱམས་པའི་སེམས་སུ་འགྱུར། བྱམས་པའི་སེམས་དང་ཕན་པའི་སེམས་སུ་འགྱུར་ཏེ། ཕན་ཚུན་དུ་མི་འཐབ་མཚང་མི་འདྲུ་མི་རྩོད་མི་འགྱེད་པར་རང་རང་གི་ཡུལ་
དག་ན་དགའ་བར་འགྱུར་ན། དེའི་ཕྱིར་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞི་འཛམ་བུའི་གླིང་འདི་རྒྱས་པར་འགྱུར། ལོ་ལེགས་པར་འགྱུར། ཉམས་དགའ་བར་འགྱུར། སྐྱེ་བོ་མང་པོ་དང་མིས་གང་བར་འགྱུར། ས་ཡང་མདངས་ཅན་དུ་འགྱུར། དུས་དང་ཟླ་བ་དང་ཟླ་བ་
ཕྱེད་དང་ལོ་ཁྱུད་ཀོར་ཐམས་ཅད་ཀྱང་ཡང་དག་པའི་དུས་དང་ལྡན་པར་འགྱུར། གཟའ་དང་། རྒྱུ་སྐར་དང་། ཟླ་བ་དང་། ཉི་མ་ཡང་ཉིན་མཚན་དུ་ལེགས་པར་རྒྱུ་བར་འགྱུར། ཆར་པའི་རྒྱུན་ཡང་ས་ལ་དུས་དུས་སུ་འབབ་པར་འགྱུར། འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེམས་ཅན་
རྣམས་ཀྱང་ནོར་དང་འབྲུ་ཐམས་ཅད་འབྱོར་པར་འགྱུར། ལོངས་སྤྱོད་ཆེ་བ་དང་། སེར་སྣ་མེད་པར་འགྱུར། གཏོང་བ་དང་ལྡན་པར་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར། ཕལ་ཆེར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། ལྷའི་ཁང་ཁྱིམ་རྣམས་ཀྱང་ལྷ་དང་
ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་གྱུར་ཏེ། རིམ་གྲོ་བྱས། མཆོད་པ་བྱས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་
པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང་། རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པ་གནོད་སྦྱིན་སྟོང་ཕྲག་དུ་མ་ལ་སྙིང་བརྩེ་བའི་ཕྱིར་རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ན། ཆོས་ཉན་པའི་ཆུའི་

ཀླུང་ཆོས་བདུད་རྩིའི་ཁུ་བ་འདིས་ཁྱེད་ཅག་གི་ལུས་འདི་དག་ཚིམ་པར་འགྱུར་རོ། །ཁྱེད་ཀྱི་ལྷའི་ལུས་འདི་དག་གི་གཟི་བྱིན་ཆེན་པོ་ཡང་རྣམ་པར་འཕེལ་ལོ། །ཁྱེད་ཀྱི་བརྩོན་འགྲུས་དང་མཐུ་དང་སྟོབས་ཀྱང་བསྐྱེད་དོ། །ཁྱེད་ཀྱི་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་
པ་ཡང་རྣམ་པར་འཕེལ་ལོ། །མིའི་རྒྱལ་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ང་ལ་ཡང་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱ་ཆེན་པོ་ཡངས་པ་བྱས་པར་འགྱུར་རོ། །མིའི་རྒྱལ་པོ་དེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་
བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་ཡང་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྒྱ་ཆེ་བ་ཡངས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པར་འགྱུར་རོ། །དེས་ན་མིའི་རྒྱལ་པོ་དེ་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །དེས་ན་མིའི་རྒྱལ་པོ་དེ་ལ་ཀུན་ཏུ་བསྲུང་བ་དང་། ཡོངས་སུ་
བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ། །བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། བཙུན་མོའི་འཁོར་ཐམས་ཅད་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱང་བསྲུང་བ་ཆེན་
པོ་བྱས་པར་འགྱུར། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱང་ཆེས་གཟི་བརྗིད་དང་ལྡན་པ་དང་། ཆེས་སྟོབས་དང་
ལྡན་པ་དང་། བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། དགའ་བ་སྣ་ཚོགས་མྱོང་བར་འགྱུར། གྲོང་ཁྱེར་དེ་དག་དང་ཡུལ་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུང་བར་འགྱུར། ཡོངས་སུ་བསྐྱང་བར་འགྱུར། གནོད་པ་མེད་པར་འགྱུར། དགྲ་མེད་པར་འགྱུར། ཕ་རོལ་གྱི་དམག་
ཚོགས་ཐམས་ཅད་ཀྱིས་མི་རྫི་བ་དང་གནོད་པ་མེད་པ་དང་འཁྲུག་པ་མེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་དེ་དག་

གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་ཉན་པར་འཚལ་བར་འགྱུར། བདག་ཉིད་ལ་ཡང་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་
པོའི་བུ་མོ་རྣམས་དང་། བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་ཡང་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཐམས་ཅད་ལ་ཡང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་བགྱིད་འཚལ་བར་འགྱུར།
ཚེ་འདི་ལ་བདག་གི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བགྱིད་འཚལ་བར་འགྱུར། རྒྱལ་པོ་ཉིད་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་འཚལ་བར་འགྱུར། བདག་གི་ཡུལ་ཐམས་
ཅད་ཀྱང་ཀུན་ཏུ་བསྲུང་འཚལ་བར་འགྱུར། ཡོངས་སུ་བསྐྱང་འཚལ་བར་འགྱུར། རང་གི་ཡུལ་ན་གནོད་པ་མ་མཆིས་པ་དང་། དགྲ་མ་མཆིས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་རྫི་བ་དང་། ནད་འགོ་བ་མ་མཆིས་པ་དང་། འཁྲུག་པ་མ་མཆིས་པར་བགྱིད་འཚལ་བར་འགྱུར་ན།
བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གཡེང་བ་མ་མཆིས་པའི་སེམས་དང་གུས་པ་དང་བཅས་པ་དང་རི་མོ་དང་བཅས་པས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་བགྱིད་དེ་མཉན་པར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པའི་སླད་དུ། མིའི་
རྒྱལ་པོ་དེས་རྒྱལ་པོའི་ཕོ་བྲང་ཁྱད་པར་དུ་འཕགས་པར་མཆི་བར་བགྱིའོ། །དེར་མཆིས་ནས་ཀྱང་རྒྱལ་པོའི་ཕོ་བྲང་སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་གདབ་ཅིང་མེ་ཏོག་སིལ་མ་སྣ་ཚོགས་དགྲམ་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་བཏབ་པ་དེར་ཆོས་ཀྱི་ཁྲི་མཐོན་པོ་རྒྱན་སྣ་ཚོགས་ཀྱིས་
ལེགས་པར་བརྒྱན་པ་བཤམ་པར་བགྱིའོ། །ཕྱོགས་དེར་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བགྱིའོ། །མིའི་རྒྱལ་པོ་དེས་ལུས་བཀྲུ་བར་བགྱིའོ། །གོས་དྲི་རབ་ཏུ་བདའ་བ་གོས་སར་པ་མཛེས་པ་བགོས་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བགྱིའོ། །

བདག་གི་སྟན་རབ་ཏུ་དམའ་བ་གདིང་བར་བགྱི་སྟེ། སྟན་དེ་ལ་མཆིས་ནས་རྒྱལ་པོའི་རྒྱགས་པས་དྲེགས་པར་མི་བགྱིའོ། །དེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཆགས་པར་མི་བགྱིའོ། །རྒྱགས་པ་དང་ང་རྒྱལ་དང་དྲེགས་པ་ཐམས་ཅད་རྣམ་པར་སྤངས་པའི་སེམས་ཀྱིས་གསེར་
འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱིའོ། །དགེ་སློང་ཆོས་སྨྲ་བ་དེ་ལ་ཡང་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །མིའི་རྒྱལ་པོ་དེས་དེའི་ཚེ་དེའི་དུས་ན། བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་དང་། བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་
སྡུག་པ་དང་ཕན་པས་བལྟ་བར་བགྱིའོ། །བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་ལ་ཚིག་སྙན་པ་སྨྲ་བར་བགྱིའོ། །བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་ལ་ཡང་ཚིག་སྙན་པ་སྨྲ་བར་བགྱིའོ། །ཆོས་ཉན་པའི་མཆོད་པ་རྣམ་པ་སྣ་ཚོགས་སྦྱོར་དུ་སྩལ་བར་བགྱིའོ། །
དགའ་བ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མ་མཆིས་པས་བདག་ཚིམ་པར་བགྱིའོ། །དགའ་བ་དང་བདེ་བ་བསམ་གྱིས་མི་ཁྱབ་པས་བདེ་བར་བགྱིའོ། །དབང་པོ་བདེ་བར་བགྱིའོ། །བདག་ཉིད་དོན་ཆེན་པོ་ཐོབ་པར་བསམ་པར་བགྱིའོ། །བདག་དགའ་བ་ཆེན་པོས་དགའ་བར་བགྱིའོ། །
རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ཆོས་སྨྲ་བ་བསུ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་དེའི་ཚེ་དེའི་དུས་ན། མིའི་རྒྱལ་པོ་དེས་གོས་ཐམས་ཅད་དཀར་པོ་སར་པ་མཛེས་པ་བགོ་བར་
བྱའོ། །སྤུད་པ་དང་རྒྱན་སྣ་ཚོགས་ཀྱིས་བདག་ལེགས་པར་བརྒྱན་པར་བྱའོ། །གདུགས་དཀར་པོ་ཡང་གཟུང་བར་བྱའོ། །རྒྱལ་པོའི་མཐུ་ཆེན་པོ་དང་རྒྱལ་པོའི་བཀོད་པ་ཆེན་པོས་བཀྲ་ཤིས་ཐ་དད་པ་སྣ་ཚོགས་ཐོགས་ཏེ། རྒྱལ་པོའི་ཕོ་བྲང་དེ་ནས་བྱུང་ལ་ཆོས་སྨྲ་བ་བསུ་བའི་ཕྱིར་དེར་
འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིའི་རྒྱལ་པོས་དེར་གོམ་པ་ཇི་སྙེད་བོར་བ་དེ་སྙེད་ཀྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་བ་ཕྱིར་བསྙིལ་བར་འགྱུར། དེ་སྙེད་ཀྱི་འཁོར་ལོས་སྒྱུར་པའི་རྒྱལ་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་པར་འགྱུར། དེར་གོམ་པ་ཇི་སྙེད་བོར་བ་དེ་སྙེད་དུ་ཚེ་འདི་

ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཕེལ་བར་འགྱུར། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་གནས་ཡངས་ཤིང་རྒྱ་ཆེ་བ་ལྷའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དག་ཐོབ་པར་འགྱུར། མི་རྣམས་ཀྱི་རྒྱལ་རིགས་ལྷའི་རྒྱ་ཆེ་ཞིང་རྒྱ་ཆེ་བ་
བརྒྱ་སྟོང་ཕྲག་དུ་མ་ཐོབ་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར། ཚེ་རིང་བར་འགྱུར། ཡུན་རིང་དུ་འཚོ་བར་འགྱུར། སྤོབས་པ་དང་ལྡན་པར་འགྱུར། ཚིག་གཟུང་བར་འོས་པར་འགྱུར། གྲགས་པ་དང་ལྡན་པར་འགྱུར། བརྗོད་པ་ཤིན་ཏུ་རྒྱ་ཆེ་བར་འགྱུར།
བསྔགས་པར་འོས་པར་འགྱུར། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཕན་པར་འགྱུར། ལྷ་དང་མི་རྣམས་ཀྱི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་ཐོབ་པར་འགྱུར། སྟོབས་ཆེ་བར་འགྱུར། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་ཞིང་གཟུགས་བཟང་བར་འགྱུར། མཛེས་
པ་དང་བལྟ་ན་སྡུག་པ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། དགེ་བའི་བཤེས་གཉེན་རྣམས་རྙེད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་གཟུང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་དག་
ཡོན་ཏན་གྱི་ཕན་ཡོན་འདི་ལྟ་བུ་དག་མཐོང་ནས། མིའི་རྒྱལ་པོ་དེས་དཔག་ཚད་ཙམ་དུ་ཆོས་སྨྲ་བ་བསུ་བར་བྱ། དཔག་ཚད་བརྒྱ་དང་། དཔག་ཚད་སྟོང་དུ་ཡང་བསུ་བར་བྱ། ཆོས་སྨྲ་བ་དེ་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །འདི་སྙམ་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེང་བདག་གི་རྒྱལ་པོའི་ཕོ་བྲང་འདིར་འཇུག་པར་འགྱུར་རོ། །དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བདག་གི་རྒྱལ་པོའི་ཕོ་བྲང་འདིར་བཤོས་གསོལ་བར་འགྱུར་རོ། །དེང་བདག་གིས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་མཉན་པར་བྱའོ། །དེང་བདག་གིས་ཆོས་ཉན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱའོ། །དེང་བདག་གིས་དེ་བཞིན་གཤེགས་

པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་མཉེས་པར་བྱས་པར་འགྱུར་རོ། །དེང་བདག་གིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡངས་ཤིང་རྒྱ་ཆེ་བ་བྱས་པར་འགྱུར་རོ། །དེང་བདག་
གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་བཅད་པར་འགྱུར་རོ། །དེང་བདག་གིས་ཚངས་པའི་དབང་པོའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འཐོབ་པ་དེ་དག་གི་དགེ་བའི་རྩ་བའི་ས་བོན་
བསྐྱེད་པར་འགྱུར་རོ། །དེང་བདག་གིས་བརྒྱ་བྱིན་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཐོབ་པ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདག་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འཐོབ་པ་དག་གི་དགེ་བའི་རྩ་བའི་ས་
བོན་བསྐྱེད་པར་འགྱུར་རོ། །དེང་བདག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འཁོར་བ་ལས་ཡོངས་སུ་ཐར་བར་བྱས་པར་འགྱུར་རོ། །དེང་བདག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བླ་ན་མེད་པ་ཡངས་ཤིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གཟུང་བར་འགྱུར།
དེང་བདག་གིས་བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །དེང་བདག་གིས་རྒྱལ་པོའི་ཕོ་བྲང་འདིར་ཞི་བ་དང་བདེ་ལེགས་སུ་འགྱུར་བ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་བྱས་པར་འགྱུར་རོ། །དེང་བདག་གིས་ཡུལ་འདི་
ཐམས་ཅད་ཀུན་ཏུ་བསྲུངས་པར་འགྱུར་རོ། །ཡོངས་སུ་བསྐྱངས་པ་དང་། གནོད་པ་མེད་པ་དང་། དགྲ་མེད་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་རྫི་བ་དང་། ནད་འགོ་བ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རྒྱལ་པོ་ཆེན་པོ་
དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དག་ལ་མིའི་རྒྱལ་པོ་དེ་དམ་པའི་ཆོས་ལ་གུས་པ་འདི་ལྟ་བུས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པ་བྱེད་ཅིང་། རྒྱལ་པོ་ཆེན་པོ་ཁྱེད་བཞི་

དཔུང་དང་གཡོག་ཏུ་བཅས་པ་དང་། ལྷའི་ཚོགས་དེ་དག་དང་གནོད་སྦྱིན་བརྒྱ་སྟོང་དུ་མ་དག་ལ་ཤས་ཀྱི་དམ་པ་བྱིན་ན། མིའི་རྒྱལ་པོ་དེ་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་དང་། ཚེ་འདིའི་ལུས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་
དེས་རྣམ་པར་འཕེལ་བར་འགྱུར་རོ། །ཚེ་འདི་ལ་རྒྱལ་པོའི་གཟི་བརྗིད་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །དཔལ་དང་ཕུན་སུམ་ཚོགས་པ་དང་གཟི་བརྗིད་ཀྱིས་ཀྱང་བརྒྱན་པར་འགྱུར་རོ། །ཕྱིར་རྒོལ་བ་ཐམས་ཅད་དང་དགྲ་ཐམས་ཅད་ཆོས་དང་མཐུན་པས་ཤིན་ཏུ་ཚར་གཅོད་
པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་ཆོས་ལ་གུས་པ་དེ་ལྟ་བུས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་
ཉན་ལ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད། མཆོད་པ་བགྱིད་ཅིང་། རྒྱལ་པོ་ཆེན་པོ་བདག་ཅག་གི་སླད་དུ་རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་དག་པར་ཕྱག་
དར་བགྱིད། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་ལེགས་པར་འདེབས་ལ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་ལྷན་ཅིག་ཐུན་མོང་དུ་ཆོས་ཉན་པ་དེ་ཉན་ཅིང་བདག་དང་ལྷ་ཐམས་ཅད་ཀྱི་སླད་དུ་དགེ་བའི་རྩ་བར་ཤས་ཅུང་ཟད་ཅིག་སྦྱིན་པ་བགྱིད་ན། བཙུན་པ་བཅོམ་ལྡན་འདས་དགེ་སློང་
ཆོས་སྨྲ་བ་དེ་ཆོས་ཀྱི་སྟན་ལ་མཆིས་མ་ཐག་ཏུ་མིའི་རྒྱལ་པོ་དེས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་དོན་གྱི་སླད་དུ་སྤོས་སྣ་ཚོགས་ཀྱིས་བདུག་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་ལ་མཆོད་པའི་སླད་དུ་བདུག་པས་བདུགས་མ་ཐག་
ཏུ་སྤོས་སྣ་ཚོགས་རྣམས་ལས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདག་ཅག་རྒྱལ་པོ་ཆེན་པོ་བདག་ཅག་བཞིའི་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་

སུ་གནས་པར་འགྱུར། སྤོས་དྲི་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་སྣང་བ་དེས་བདག་ཅག་གི་ཁང་པ་རྣམས་ཀྱང་སྣང་བ་བགྱིས་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་
འཁྲི་ཤིང་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། ལྷ་མོ་ཆེན་མོ་བརྟན་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་
དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་། འཕྲོག་མའི་བུ་ལྔ་བརྒྱའི་འཁོར་དང་ལྡན་པ་དང་། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། དེ་དག་གི་
རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་བྱུང་སྟེ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་གི་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲི་སྣ་ཚོགས་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། ཁང་པ་རྣམས་ཀྱི་ནང་དུ་གསེར་དུ་སྣང་བ་འབྱུང་བར་འགྱུར་ཞིང་སྣང་བ་དེས་གནས་ཐམས་ཅད་སྣང་བ་
བགྱིས་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་རྒྱལ་པོ་ཆེན་པོ་ཁྱེད་བཞིའི་རང་རང་གི་ཁང་པ་རྣམས་ཀྱི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་
རྣམས་སུ་གནས་པར་མ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དག་མིའི་རྒྱལ་པོ་དེས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ་ལག་ན་སྤོས་སྣོད་གཅིག་ཐོགས་པ་དེ་ལས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་
ཤིང་རྣམས་འབྱུང་བར་འགྱུར་ཏེ། དེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ན་གང་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་

ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་བྱེ་བ་ཕྲག་བརྒྱ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་སོང་བའི་བར་གྱི་ལྷ་བྱེ་བ་
ཕྲག་བརྒྱ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་པོ་ཐམས་ཅད་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་
ཚོགས་རྣམས་ཀྱི་རང་རང་གི་ཁང་པ་དག་གི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲི་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། ལྷའི་ཁང་པ་རྣམས་སུ་གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཡང་འབྱུང་བར་འགྱུར་ཞིང་སྣང་བ་དེས་ཀྱང་
ལྷའི་ཁང་པ་རྣམས་སྣང་བ་བྱས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་ཁང་པ་ཐམས་ཅད་ཀྱི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པའི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པ་དེ་བཞིན་དུ། གསེར་འོད་དམ་པ་མདོ་སྡེའི་
དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར་མིའི་རྒྱལ་པོ་དེས་སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་
ཀུན་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་རྣམས་སུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་
ཤིང་གི་གདུགས་རྣམས་སུ་གནས་པར་འགྱུར། དེ་དག་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་སྤོས་དང་བདུག་པ་སྣ་ཚོགས་རྒྱ་ཆེ་ཞིང་རྒྱ་ཆེ་བ་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་སྣང་བ་དེས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་

དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་བྱས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་ཆོ་འཕྲུལ་དེ་ལྟ་བུ་དེ་དག་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཆོས་སྨྲ་བ་དེ་ལ་དགོངས་པར་འགྱུར། སྐྱེས་བུ་དམ་པ་
ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ཚུལ་འདི་ལྟ་བུ། ཟབ་མོར་སྣང་བ་འདི་ལྟ་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་འདི་ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འདོད་པ་ཁྱོད་ཡང་ལེགས་སོ་ལེགས་སོ་ཞེས་བྱ་བ་
སྦྱིན་པར་འགྱུར་རོ། །སུ་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ངན་ངོན་དང་ལྡན་པར་མི་འགྱུར་ན། གང་དག་འཛིན་པ་དང་། འཆང་བ་དང་། འཆད་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཁོར་ལ་རྒྱ་ཆེར་
ཡང་དག་པར་རབ་ཏུ་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་
འགྱུར་བའི་ཕྱིར་རོ།། །།འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ནས་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་
གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རང་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་དག་གིས་དེའི་ཚེ་དེའི་དུས་ན། ཚིག་གཅིག་དང་ངག་གཅིག་དང་སྒྲ་སྐད་གཅིག་གིས་དགེ་སློང་ཆོས་སྨྲ་བ་ཆོས་ཀྱི་སྟན་ལ་འདུག་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་མ་འོངས་
པའི་དུས་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། ཤིང་གི་རྒྱལ་པོའི་དྲུང་དུ་འདུག་ནས་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། སེམས་ཅན་ཐམས་ཅད་ལས་རབ་ཏུ་འདས་པའི་བརྟུལ་ཞུགས་དང་

དཀའ་ཐུབ་སྤྱོད་པའི་སྟོབས་བསྐྱེད་པའི་བྱིན་གྱིས་བརླབས་དཀའ་བ་སྤྱོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་སྟོན་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་ལེགས་པར་བརྒྱན་པར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཤིང་གི་རྒྱལ་པོའི་དྲུང་དུ་འདུག་སྟེ་བདུད་ཀྱི་སྡེ་བསམ་གྱིས་མི་ཁྱབ་པ། གཟུགས་རབ་ཏུ་འཇིགས་འཇིགས་ལྟར་འདུག་པ་མི་སྡུག་པ་སྟོན་པ། གཟུགས་མི་སྡུག་པ་སྣ་ཚོགས་དག་ལས་རྒྱལ་བར་འགྱུར། སྐྱེས་བུ་
དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔེ་མེད་པ་རབ་ཏུ་ཞི་བ་རྡུལ་དང་བྲལ་བ་ཟབ་མོ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་རྡོ་རྗེའི་གདན་སྙིང་པོ་བརྟན་པ་ལ་འདུག་སྟེ། ཆོས་ཀྱི་འཁོར་ལོས་
སྒྱུར་བ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། མཆོག་ཏུ་ཟབ་པ་བླ་ན་མེད་པ་རྣམ་པ་བཅུ་གཉིས་རབ་ཏུ་བསྐོར་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྔ་ཆེན་པོ་བླ་ན་མེད་པ་རྡུང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་དུང་བླ་ན་མེད་པ་འབུད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་
ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་སྒྲོན་མ་བླ་ན་མེད་པ་འབར་བར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་ཆར་བླ་ན་མེད་པ་འབེབས་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཉོན་མོངས་པའི་དགྲ་སྟོང་ཕྲག་དུ་མ་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་
ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཤིན་ཏུ་འཇིགས་སུ་རུང་བ་འཇིགས་པ་ཆེན་པོའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་འཁོར་བའི་འཁོར་ལོ་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་སངས་རྒྱས་
བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་མཉེས་པར་བྱེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་

པོའི་ཡོན་ཏན་ཚེ་འདི་དང་མ་འོངས་པ་ན་འབྱུང་བ་འདི་ལྟ་བུ་འདི་དག་མཐོང་བ་སངས་རྒྱས་སྟོང་ཕྲག་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་པར་མཐོང་ནས་སྙིང་བརྩེ་བའི་སླད་དུ། བཙུན་པ་བཅོམ་ལྡན་འདས་བདག་
ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་རང་རང་གི་ཁང་པ་ན་མཆིས་པ་དག་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་ཀྱིས་བསྐུལ་མ་ཐག་ཏུ་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེ་ཁང་པ་བརྩེགས་པ་ཕྱག་
དར་མ་མཆིས་པ་ལེགས་པར་ཕྱག་དར་བགྱིས་པ། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་ལེགས་པར་བཏབ་པ། རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་ཆོས་མཉན་པའི་སླད་དུ་མཆི་བར་བགྱིའོ། །མི་མཇེད་ཀྱི་བདག་པོ་ཚངས་པ་དང་ལྷ་རྣམས་ཀྱི་དབང་
པོ་བརྒྱ་བྱིན་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། ལྷ་མོ་ཆེན་མོ་དཔལ་དང་། སའི་ལྷ་མོ་བརྟན་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་
ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་། འཕྲོག་མའི་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེའི་ཕོ་བྲང་རྒྱན་སྣ་ཚོགས་
ཀྱིས་བརྒྱན་པ་ག་ལ་བ་དང་། ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་མཐོན་པོ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ། མེ་ཏོག་བཀྲམ་པའི་ས་ལ་བཤམས་པར་འགྱུར་བ་ག་ལ་བ་དེར་ཆོས་མཉན་པའི་སླད་དུ་མཆི་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་
གཡོག་ཏུ་བཅས་པ། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་མཐུན་པར་བགྱིས་ཏེ་མིའི་རྒྱལ་པོ་དགེ་བའི་གྲོགས་བགྱིད་པ། དགེ་བ་འཐོབ་པར་བགྱིད་པ། བླ་ན་མེད་པ་ཆོས་ཀྱི་སྦྱིན་པ་ཆེན་པོ་སྦྱིན་པ་དེ་ལ། ཆོས་ཀྱི་བདུད་རྩིའི་ཁུ་བ་འདིས་ཚིམ་པར་གྱུར་མ་ཐག་ཏུ། མིའི་རྒྱལ་པོ་དེ་

ལ་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །རྒྱལ་པོའི་ཕོ་བྲང་དེ་དང་གྲོང་ཁྱེར་དེ་དང་ཡུལ་དེ་ཡང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་
དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཆད་པ་སྤང་བར་ཡང་བགྱིའོ། །ཡུལ་དེ་ཡང་འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིའོ། །བཙུན་པ་
བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ཏེ། མིའི་རྒྱལ་པོ་དེའི་ཡུལ་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བྱུང་ལ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེ་དགེ་སློང་དང་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་གསེར་འོད་དམ་པ་མདོ་སྡེའི་
དབང་པོའི་རྒྱལ་པོ་འདི་འཛིན་པ་དག་ལ་བསྟི་སྟང་མི་བགྱིད། བླ་མར་མི་བགྱིད། རིམ་གྲོ་མི་བགྱིད། མཆོད་པ་མི་བགྱིད་ན། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཆོས་ཉན་པ་འདི་དང་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་མི་
བགྱིད། རིམ་གྲོ་མི་བགྱིད། ལྷའི་ལུས་འདི་དག་གི་གཟི་ཡང་རྣམ་པར་འཕེལ་བར་མི་བགྱིད། བདག་ཅག་གི་བརྩོན་འགྲུས་དང་མཐུ་དང་སྟོབས་ཀྱང་མི་བསྐྱེད། བདག་ཅག་གི་ལུས་ལ་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་ཡང་རྣམ་པར་འཕེལ་བར་མི་བགྱིད་དོ། །བཙུན་
པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཡུལ་དེ་ཡལ་བར་དོར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ཡུལ་དེ་ཡལ་བར་བོར་ན་ཡུལ་ན་གནས་པའི་ལྷའི་
ཚོགས་ཐམས་ཅད་ཀྱིས་ཀྱང་ཡུལ་དེ་ཡལ་བར་འདོར་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ལྷ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན་ཡུལ་དེར་ཡུལ་རྣམ་པར་འཁྲུག་པ་སྣ་ཚོགས་འབྱུང་བར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པ་དག་འབྱུང་བར་འགྱུར། ཡུལ་ན་གནས་པའི་

སེམས་ཅན་ཐམས་ཅད་ཀྱང་འཐབ་པ་སྐྱེ་བ་དང་མཚང་འདྲུ་བ་སྐྱེ་བ་དང་རྩོད་པ་སྐྱེ་བར་འགྱུར། རྫོགས་པ་དང་འགྱེད་པར་འགྱུར་བ་དང་གཟའ་དང་ནད་རྣམ་པ་སྣ་ཚོགས་ཡུལ་དུ་འབྱུང་བར་འགྱུར། ཕྱོགས་ཐ་དད་པ་ནས་སྐར་མདའ་ལྟུང་བར་འགྱུར། གཟའ་དང་རྒྱུ་སྐར་རྣམས་
ཀྱང་ཕན་ཚུན་མི་མཐུན་པར་གདའ་བར་འགྱུར། དགུང་ཟླ་འཆར་བ་དེའང་ཉི་མ་ལྟ་བུར་གདའ་བར་འགྱུར། ཟླ་བའི་གཟའ་དང་ཉི་མའི་གཟའ་འབྱུང་བར་འགྱུར། ཉི་མ་དང་ཟླ་བ་ནམ་མཁའ་ལ་གནས་པ་ཡང་རྟག་པར་རྒྱུན་དུ་སྒྲ་གཅན་གྱི་གནོད་པ་དང་ལྡན་པར་འགྱུར། དུས་དུས་སུ་ནམ་
མཁའ་ལ་འཇའི་ཁ་དོག་ལྟ་བུ་འཁྱིལ་བར་འགྱུར། ས་ཡང་གཡོ་བར་འགྱུར། ས་ལ་གནས་པའི་ཁྲོན་པ་ཡང་སྒྲ་འབྱིན་པར་གྲག་པར་འགྱུར། ཡུལ་དུ་རླུང་དྲག་པོ་ལྡང་བར་འགྱུར། ཆར་དྲག་པོ་འབབ་པར་འགྱུར། ཡུལ་དུ་མུ་གེའི་དགོན་པ་འབྱུང་བར་འགྱུར། ཕ་རོལ་གྱི་དམག་
ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར། ཡུལ་དེ་ཕུང་བར་འགྱུར། སེམས་ཅན་དེ་དག་ཀྱང་ཉོན་མོངས་པ་མང་བར་འགྱུར། ཡུལ་དེ་ཉམས་མི་དགའ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་
བརྒྱ་སྟོང་ཕྲག་དུ་མ་དང་ཡུལ་ན་གནས་པའི་ལྷ་དང་ཀླུ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན། ཡུལ་དེར་འདི་ལྟ་བུའི་གནོད་པ་རྣམ་པ་སྣ་ཚོགས་བརྒྱ་དང་གནོད་པ་སྣ་ཚོགས་སྟོང་འབྱུང་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་བདག་ཉིད་
ལ་ཀུན་ཏུ་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་བདེ་བ་སྣ་ཚོགས་ཡུན་རིང་པོར་མྱོང་བར་འཚལ་བར་འགྱུར། བདེ་བ་ཐམས་ཅད་བསྟབས་པའི་སེམས་ཀྱིས་རྒྱལ་པོ་ཉིད་བགྱིད་འཚལ་བར་འགྱུར། ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་བདེ་བར་བགྱིད་འཚལ་
བར་འགྱུར། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཕམ་པར་བགྱིད་འཚལ་བར་འགྱུར། ཡུལ་ཐམས་ཅད་ཡུན་རིང་དུ་ཡོངས་སུ་སྐྱོང་འཚལ་བར་འགྱུར། ཆོས་ཀྱི་རྒྱལ་པོ་ཉིད་བགྱིད་འཚལ་བར་འགྱུར། རང་གི་ཡུལ་ཡང་འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་

ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིད་འཚལ་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་
སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བགྱི། བླ་མར་བགྱི། རིམ་གྲོ་བགྱི། མཆོད་པ་བགྱི། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་རྣམས་ཀྱང་ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་
པར་བགྱི། བདག་ཅག་གི་ལྷའི་ལུས་འདི་དག་གི་གཟི་ཆེན་པོ་ཡང་རྣམ་པར་འཕེལ་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི་སྟེ། བཙུན་པ་བཅོམ་
ལྡན་འདས་ཚངས་པའི་དབང་པོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་
ཚོགས་དག་གིས་སེམས་ཅན་དག་གི་དོན་གྱི་སླད་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་ལས་ཆེས་མཆོག་ཆེས་ཁྱད་པར་དུ་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ནི། བཙུན་པ་བཅོམ་ལྡན་འདས་
ཚངས་པའི་དབང་པོ་བརྒྱ་ཕྲག་སྟོང་དེ་དག་དང་བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ཐམས་ཅད་པས་ཆེས་མཆོག་ཆེས་ཁྱད་པར་དུ་འཕགས་པའི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རྒྱ་ཆེར་ཡང་དག་པར་
བཤད་པ་ལགས་སོ། །ཇི་ལྟར་ན་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མི་རྣམས་ཀྱི་རྒྱལ་པོས་རྒྱལ་པོ་ཉིད་བགྱི་བ་དང་། ཇི་ལྟར་སེམས་ཅན་ཐམས་ཅད་བདེ་བར་འགྱུར་བ་དང་། ཇི་ལྟར་རང་གི་ཡུལ་ཀུན་ཏུ་བསྲུངས་པར་འགྱུར་བ་དང་། ཡོངས་སུ་བསྐྱངས་པར་འགྱུར་བ་དང་།

ཇི་ལྟར་ཡུལ་ཐམས་ཅད་ན་གནོད་པ་དང་དགྲ་མ་མཆིས་པར་འགྱུར་བ་དང་། ཇི་ལྟར་ཕ་རོལ་གྱི་དམག་ཚོགས་རྣམས་ཕམ་སྟེ་ཕྱིར་ཕྱོགས་པར་འགྱུར་བ་དང་། ཇི་ལྟར་ཡུལ་དེ་དག་ན་ནད་འགོ་བ་མ་མཆིས་ཤིང་འཁྲུག་པ་མ་མཆིས་པར་འགྱུར་བ་དང་། ཇི་ལྟར་ཡུལ་ཐམས་ཅད་
ཆོས་ཀྱིས་འཁྲུག་པ་མ་མཆིས་ཤིང་མི་རྫི་བར་འགྱུར་བ་དང་། ཇི་ལྟར་མིའི་རྒྱལ་པོ་དེ་དག་གིས་རང་རང་གི་ཡུལ་རྣམས་སུ་ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བར་བགྱིས་ཤིང་སྣང་བར་བགྱིས་པར་འགྱུར་བ་དང་། ཇི་ལྟར་ལྷའི་ཁང་ཁྱིམ་ཐམས་ཅད་ལྷ་དག་དང་ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་བ་དང་།
ཇི་ལྟར་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་། འཛམ་བུའི་གླིང་ན་གནས་པའི་ལྷའི་ཚོགས་ཐམས་ཅད་ཚིམ་པ་དང་རིམ་གྲོ་བགྱིད་པར་འགྱུར་བ་དང་། ཇི་ལྟར་བདག་ཅག་གི་ལྷའི་ལུས་འདི་དག་གཟི་བརྗིད་ཆེན་པོ་
རྣམ་པར་འཕེལ་བར་འགྱུར་བ་དང་། ཇི་ལྟར་བདག་ཅག་གི་ལུས་ལ་བརྩོན་འགྲུས་དང་སྟོབས་དང་མཐུ་ཆེན་པོ་བསྐྱེད་པར་འགྱུར་བ་དང་། ཇི་ལྟར་བདག་ཅག་གི་ལུས་ལ་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་རབ་ཏུ་འཇུག་པར་འགྱུར་བ་དང་། ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་
ལོ་ལེགས་ཤིང་ཉམས་དགའ་བ་དང་སྐྱེ་བོ་དང་མིས་གང་བར་འགྱུར་བ་དང་། ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་བདེ་བར་འགྱུར་བ་དང་། དགའ་བ་སྣ་ཚོགས་མྱོང་བར་འགྱུར་བ་དང་། ཇི་ལྟར་སེམས་ཅན་ཐམས་ཅད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
ཕྲག་དུ་མར་ལྷ་དང་མིའི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་མྱོང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་གནས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་
ཅད་དེ་ལྟ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཚངས་པའི་དབང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་པས་ཆེས་འཕགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་དང་ལྡན་པའི་བྱིན་གྱི་རླབས་དང་བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་

གི་ལྷའི་ཤེས་པ་བས་ཆེས་འཕགས་པ། དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པ་དང་དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཐམས་ཅད་པས་ཆེས་འཕགས་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་འདིར་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་དོ། །མིའི་རྒྱལ་པོའི་དགོངས་པ་དང་རྒྱལ་པོའི་བསྟན་བཅོས་དང་རྒྱལ་པོའི་
བགྱི་བ་གང་དག་འཛམ་བུའི་གླིང་ཐམས་ཅད་ན་མཆིས་པ་དང་། གང་དག་གིས་སེམས་ཅན་འདི་དག་ཐམས་ཅད་བདེ་བར་འགྱུར་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསེར་འོད་དམ་པ་མདོ་སྡེའི་དབང་
པོ་འདི་ཉེ་བར་བསྟན། ཡོངས་སུ་བརྗོད། ཡང་དག་པར་རབ་ཏུ་བཤད་དོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེ་དང་རྐྱེན་དེས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གུས་པར་མཉན་པར་བགྱི། གུས་པར་རིམ་གྲོར་བགྱི། གུས་
པར་མཆོད་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པས་གདོན་མི་ཟ་བར་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་
ཉན་པ་དང་རིམ་གྲོ་བྱེད་པ་དང་མཆོད་པ་བྱེད་པ་དེ་དག་ཀུན་ཏུ་བསྲུང་བའི་ཕྱིར་སྤྲོ་བ་ཆེར་གྱིས་ཤིག །རྒྱལ་པོ་ཆེན་པོ་དག །དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་རྒྱལ་པོ་འཛིན་པ་དེ་དག་ཀྱང་། སངས་རྒྱས་ཀྱི་མཛད་པ་འཛིན་དུ་ཆུ་གཅིག་
དང་། དེ་དག་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདི་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས་ཅི་ནས་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་

དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་བསྲུང་བ་དང་། གནོད་པ་མེད་པ་དང་། ནད་མེད་པ་དང་། འཁྲུག་པ་མེད་པ་དང་། སེམས་བདེ་བར་འགྱུར་ཞིང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བར་དགེ་སློང་ངམ་དགེ་
སློང་མ་འམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ཀུན་ཏུ་བསྲུང་བར་བྱ། ཡོངས་སུ་བསྐྱབ་པར་བྱ། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་
པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེའི་ཚེ་
མངོན་སུམ་དུ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་
བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོར་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབ་མ་སྟོང་། །ཕྱག་དང་ཞབས་ནི་
དྲ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་རབ་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཉ་བ་འདྲ། །
ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུ་ཆགས་མེད་པ། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྟོབས་བཅུ་དག་གི་གསེར་འོད་དམ་པ་ཡི། །མདོ་སྡེའི་

དབང་པོའི་རྒྱལ་པོ་རབ་མཆོག་འདི། །འཇིག་རྟེན་སྐྱོང་བ་ཁྱེད་ཅག་རྣམས་ཀྱིས་ནི། །བརྩོན་འགྲུས་རབ་ཏུ་བརྟན་པས་བསྐྱང་བར་བྱ། །འདི་ལྟར་མདོ་སྡེ་དཀོན་མཆོག་ཟབ་མོ་འདི། །སེམས་ཅན་ཀུན་ལ་བདེ་བ་སྦྱིན་བྱེད་པ། །སེམས་ཅན་རྣམས་ལ་ཕན་དང་བདེ་བའི་ཕྱིར། །
འཛམ་བུའི་གླིང་འདིར་ཡུན་རིང་གནས་པར་འགྱུར། །འདི་ལྟར་སྟོང་གསུམ་གྱི་ནི་སྟོང་ཆེན་གྱི། །འཇིག་རྟེན་དག་ན་ངན་སོང་སྡུག་བསྔལ་དང་། །སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ནི། །སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའོ། །གང་དག་འཛམ་བུའི་གླིང་ནི་
འདི་ན་ཡང་། །འཛམ་བུའི་གླིང་གནས་རྒྱལ་པོ་ཐམས་ཅད་ཀྱིས། །རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ནི། །ཆོས་རྣམས་ཀྱིས་ནི་ཡུལ་དག་བསྐྱང་བར་གྱིས། །གང་གིས་འཛམ་བུའི་གླིང་འདི་བདེ་བ་དང་། །ཤིན་ཏུ་ལོ་ལེགས་ཉམས་ཀྱང་དགར་འགྱུར་ཞིང་། །འཛམ་བུའི་
གླིང་ནི་ཐམས་ཅད་དག་ན་ཡང་། །སེམས་ཅན་ཐམས་ཅད་བདེ་བར་འགྱུར་བར་གྱིས། །འདི་ནི་མི་ཡི་དབང་པོ་གང་རྣམས་ནི། །ཡུལ་ན་དགའ་དང་བདག་བདེ་དགའ་བ་དང་། །རྒྱལ་སྲིད་རྣམ་པར་འབྱོར་པ་དགའ་བ་དེས། །མདོ་སྡེའི་དབང་པོ་འདི་ནི་མཉན་པར་བྱ། །ཕ་
རོལ་དགྲ་ནི་ཡང་དག་ཟད་བྱེད་པ། །ཕ་རོལ་དགྲ་ཚོགས་ཟློག་པ་དགེ་བྱེད་པ། །མཆོག་ཏུ་འཇིགས་པས་ཕོངས་པ་སེལ་བྱེད་པ། །མཆོག་ཏུ་དགེ་བྱེད་མདོ་སྡེའི་དབང་པོ་འདིའོ། །ཇི་ལྟར་རིན་ཆེན་ཤིང་ལྗོན་རབ་མཛེས་པ། །ཡོན་ཏན་ཀུན་འབྱུང་ཁྱིམ་ན་ཡོད་པ་ལྟར། །
རྒྱལ་པོ་ཡོན་ཏན་འདོད་པ་རྣམས་ཀྱིས་ཀྱང་། །མདོ་སྡེའི་དབང་པོའི་མཆོག་འདི་དེ་ལྟར་བལྟ། །ཇི་ལྟར་ཆུ་གྲང་སྐོམ་པ་སེལ་བྱེད་པ། །ཚ་བས་ཉམ་ཐག་ཆེ་ན་རྙེད་པ་ལྟར། །ཡོན་ཏན་དག་གིས་སྐོམ་པའི་རྒྱལ་པོ་ལ། །མདོ་སྡེའི་རྒྱལ་པོའི་མཆོག་འདི་དེ་བཞིན་ནོ། །ཇི་
ལྟར་རིན་ཆེན་ཐམས་ཅད་འབྱུང་བའི་གནས། །རིན་ཆེན་སྣོད་ནི་ལག་མཐིལ་ཡོད་པ་ལྟར། །མི་ཡི་དབང་པོའི་ཚོགས་ལ་གསེར་འོད་མཆོག །མདོ་སྡེའི་དབང་པོའི་མཆོག་འདི་དེ་བཞིན་ནོ། །འདི་ནི་ལྷ་ཡི་ཚོགས་ཀྱིས་མངོན་མཆོད་པ། །མདོ་སྡེའི་དབང་པོ་ལྷ་དབང་ཕྱག་བྱས་པ། །

འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཆེན་པོ་ལ། །བཞི་པོ་དག་གིས་ཀུན་ཏུ་བསྲུངས་པ་ཡིན། །ཕྱོགས་བཅུ་དག་ན་སངས་རྒྱས་རྣམས་ཀྱིས་ཀྱང་། །མདོ་སྡེའི་དབང་པོ་འདི་ནི་རྟག་ཏུ་དགོངས། །མདོ་སྡེའི་དབང་པོ་འདི་ནི་བཤད་པ་ན། །སངས་རྒྱས་རྣམས་ཀྱིས་ལེགས་ཞེས་
བརྗོད་པ་བྱིན། །གནོད་སྦྱིན་བྱེ་བ་སྟོང་ཕྲག་བརྒྱ་རྣམས་ཀྱིས། །ཕྱོགས་བཅུ་དག་ཏུ་ཡུལ་ཡང་སྲུང་བར་བྱེད། །རབ་ཏུ་དགའ་ཞིང་རབ་ཏུ་མགུ་སེམས་ཀྱིས། །མདོ་སྡེའི་དབང་པོ་འདི་ནི་ཉན་པར་བྱེད། །འཛམ་བུའི་གླིང་ན་གནས་པར་གྱུར་པ་ཡི། །ལྷ་ཡི་ཚོགས་རྣམས་
བསམ་གྱིས་མི་ཁྱབ་པ། །ལྷ་ཚོགས་དེ་དག་ཀུན་ཀྱང་རབ་དགའ་བས། །མདོ་སྡེའི་དབང་པོ་འདི་ནི་ཉན་པར་བྱེད། །ཆོས་རྣམས་མཉན་པར་བྱ་བ་འདི་ཡིས་ནི། །གཟི་བརྗིད་དང་ནི་སྟོབས་དང་བརྩོན་འགྲུས་ཐོབ། །གཟི་བརྗིད་ཆེན་པོ་ཡི་ནི་ལྷ་ཡི་ལུས། །ཤིན་ཏུ་རྒྱས་ཤིང་
རྣམ་པར་འཕེལ་བར་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་ལྟ་བུ་འདི་དག་ཐོས་པ་དང་ངོ་མཚར་དུ་གྱུར་རྨད་དུ་བྱུང་བར་གྱུར་དགའ་བར་གྱུར་ཏེ། དེ་དག་ཆོས་ཀྱི་ཤུགས་ཀྱིས་ཡུད་ཙམ་ཞིག་ངུས་ནས་མཆི་མ་ཕྱིས་ཏེ། དེ་དག་ལུས་
འཕར་ཡན་ལག་འདར་ཞིང་དགའ་བ་དང་བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ནས་ཀྱང་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་ར་བ་དག་གིས་གཏོར་མངོན་པར་གཏོར་ཏོ། །གཏོར་མངོན་པར་གཏོར་ནས་ཀྱང་སྟན་ལས་ལངས་ཏེ་གོས་ཕྲག་པ་གཅིག་ཏུ་
བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་རྒྱལ་པོ་ཆེན་པོ་རེ་རེ་ཡང་གནོད་སྦྱིན་ལྔ་
བརྒྱ་ལྔ་བརྒྱ་དང་ཆོས་སྨྲ་བ་དེ་བསྲུང་བ་དང་ཡོངས་སུ་བསྐྱང་བའི་སླད་དུ་རྟག་ཏུ་དགེ་སློང་ཆོས་སྨྲ་བའི་སླད་བཞིན་འབྲང་བར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྒྱལ་པོ་ཆེན་པོ་བཞིའི་ལེའུ་ཞེས་བྱ་བ་སྟེ་བདུན་པའོ།། །།དེ་ནས་ལྷ་མོ་ཆེན་མོ་

དབྱངས་ཅན་གྱིས་གོས་ཕྲག་པ་གཅིག་ཏུ་བགོས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དབྱངས་ཅན་བདག་
གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱི། གཟུངས་ཀྱང་སྩལ་བར་བགྱི། ངེས་པའི་ཚིག་གི་བརྗོད་པ་ཀུན་ཏུ་གཞག་པར་བགྱི། དགེ་སློང་ཆོས་སྨྲ་བ་དེ་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་
པོའི་རྒྱལ་པོ་འདི་ལས་ཚིག་གམ་ཡི་གེ་གང་ཡང་རུང་བ་དག་ཅིག་ཡོངས་སུ་ཉམས་པར་གྱུར་ཏམ། བསྐྱུད་ན་བདག་གིས་དགེ་སློང་ཆོས་སྨྲ་བ་དེའི་ངེས་པའི་སྒྲ་དང་ཚིག་དང་ཡི་གེ་དེ་དག་ཐམས་ཅད་བསྒྲུབ་པར་བགྱིའོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་དག་ལ་དགེ་
བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་ན་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་དུ་མ་དག་གིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་ནས་ཤེས་རབ་
རྣོ་བ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང་། ཚེ་འདི་ལ་ཚེ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། སྲོག་ལ་ཕན་གདགས་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་རབ་ཏུ་འཛིན་པར་
འགྱུར་བ་དང་། ཐབས་སྣ་ཚོགས་རབ་ཏུ་འཚལ་བར་འགྱུར་བ་དང་། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་བ་དང་། བཟོའི་བགྱི་བ་སྣ་ཚོགས་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། བསྐྱུད་པ་མ་མཆིས་པར་བགྱི་བའི་སླད་དུ་དེ་ལ་གཟུངས་ཀྱང་སྩལ་བར་བགྱིའོ། །
དགེ་སློང་ཆོས་སྨྲ་བ་དེ་དང་སེམས་ཅན་ཆོས་ཉན་པ་དེ་དག་གི་དོན་གྱི་སླད་དུ་སྔགས་དང་སྨན་དང་ལྡན་པའི་ཁྲུས་ཀྱི་ལས་བརྗོད་པར་བགྱི་སྟེ། གཟའ་དང་། རྒྱུ་སྐར་དང་། སྐྱེ་བ་དང་། འཆི་བའི་གནོད་པ་དང་། འཐབ་པ་དང་། རྙོག་པ་དང་། འཁྲུག་ལོང་དང་། ཁྲག་ཁྲུག་དང་།

རྨི་ལམ་ངན་པ་དང་། ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་། བྱད་དང་རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར། གང་གིས་མཁས་པ་དག་ཁྲུས་བགྱིད་དུ་སྩལ་བའི་སྨན་དང་སྔགས་ནི་འདི་དག་སྟེ། ཤུ་དག་གིའུ་ཝང་འུ་སུ་དང་། །ཤ་མྱང་ཤ་མི་ཤི་རི་ཤ །དབང་
པོའི་ལག་དང་སྐལ་བ་ཆེ། །ཛྙ་མ་ཤིང་ཚ་ཨ་ག་རུ། །ཤི་རི་བེ་སྟ་སྲ་རྩི་དང་། །གུ་གུལ་ར་ས་ཤླ་ལ་ཀི། །རྡོ་དྲེག་ལོ་མ་རྒྱ་སྤོས་དང་། །ཙནྡན་དང་ནི་ལྡོང་རོས་དང་། །གི་ཝང་བཅས་དང་རུ་རྟ་དང་། །གུར་གུམ་གླ་སྒང་ཡུངས་ཀར་དང་། །སྦྱི་མོ་སུག་སྨེལ་ན་ལ་ད། །ནཱ་ག་གེ་
སར་ཨུ་ཤི་ར། །འདི་དག་ཆ་ནི་མཉམ་བགྱིས་ནས། །སྐར་མ་རྒྱལ་ལ་བཏགས་པར་བགྱི། །ཕྱེ་མ་ལ་ནི་སྔགས་ཚིག་འདི། །ལན་བརྒྱ་མངོན་པར་གདབ་པར་བགྱི། །ཏད་ཡ་ཐཱ། སུ་ཀྲྀ་ཏེ་ཀྲྀ་ཏ་ཀ་མ་ལ་ནཱི་ལ་ཛི་ན་ཀ་ར་ཏེ། ཧཾ་ཀ་རཱ་ཏེ། ཨིནྡྲ་ཛ་ལི། ཤ་ཀད་དྲེ་བ་ཤད་དྲེ། ཨ་བརྟ་ཀ་
སི་ཀེ། ན་ཀུ་ཏྲ་ཀུ། ཀ་བི་ལ་ཀ་བི་ལ་མ་ཏི། ཤཱི་ལ་མ་ཏི། སན་དྷི་དྷུ་དྷུ་མ་མ་བ་ཏི། ཤི་རི་ཤི་རི། ས་ཏྱ་སྠི་ཏེ་སྭཱ་ཧཱ། ལྕི་བས་དཀྱིལ་འཁོར་བགྱིས་ནས་ནི། །མེ་ཏོག་སིལ་མ་དགྲམ་པར་བགྱི། །གསེར་གྱི་སྣོད་དང་དངུལ་སྣོད་དུ། །མངར་བའི་ཁུ་བ་གཞག་པར་བགྱི། །སྐྱེས་བུ་གོ་ཆ་བགོས་པ་ནི། །བཞི་ཞིག་དེར་
ཡང་གཞག་པར་བགྱི། །རབ་ཏུ་བརྒྱན་པའི་བུ་མོ་བཞི། །བུམ་པ་ཐོགས་པ་གཞག་པར་བགྱི། །རྟག་ཏུ་གུ་གུལ་བདུག་པར་བགྱི། །སིལ་སྙན་སྣ་ལྔ་བགྱིད་དུ་སྩལ། །གདུགས་དང་རྒྱལ་མཚན་བ་དན་གྱིས། །ལྷ་མོ་དེ་ནི་ལེགས་པར་བརྒྱན། །བར་བར་དག་ཏུ་མེ་ལོང་གཞག །མདའ་དང་
མདུང་རྩེ་རྣ་བྲང་གཞག །དེ་ནས་མཚམས་ཀྱང་གཅད་པར་བགྱི། །དེ་ཡི་འོག་ཏུ་དགོས་པ་བརྩམ། །སྔགས་ཀྱི་ལས་ནི་འདི་དག་གིས། །མཚམས་བཅད་པ་ཡང་བརྩམ་པར་བགྱི། །སྱད་ཡ་ཐེ་དན། ཨ་ར་ཀེ །ན་ཡ་ནེ། ཧི་ལེ། མི་ལེ། གི་ལེ། ཁི་ཁི་ལེ་སྭཱ་ཧཱ། བཅོམ་
ལྡན་འདས་ཀྱི་སྣམ་ལོགས་སུ་ཁྲུས་བགྱིས་ནས་སྔགས་འདི་བཟླས་བརྗོད་བགྱིས་ན་ཁྲུས་ཀྱི་ཞི་བར་སྦྱོར་རོ། །ཏད་ཡ་ཐཱ། ས་ག་ཊེ། བི་ག་ཌེ། བི་ག་ཏ་བ་ཏི་སྭཱ་ཧཱ། ཕྱོགས་བཞི་དག་ན་གང་གནས་པའི། །རྒྱུ་སྐར་དག་གིས་ཚེ་སྲུངས་ཤིག །བཙས་པའི་སྐར་མའི་གནོད་པ་དང་། །

ཕུང་པོའི་ལས་ཀྱི་འཇིགས་འབྱུང་དང་། །འབྱུང་པོའི་ཁམས་རྣམས་འཁྲུག་བགྱིད་པ། །འཇིགས་པ་མི་བཟད་ཞི་གྱུར་ཅིག །ཏདྱ་ཐཱ། ཤ་མེ། བི་ཤ་མེ་སྭཱ་ཧཱ། ས་ག་ཊེ། བི་ག་ཊེ་སྭཱ་ཧཱ། སུ་ཁ་ཏི་ན་ཏེ་སྭཱ་ཧཱ། སཱ་ག་ར་སཾ་བྷཱུ་ཏཱ་ཡ་སྭཱ་ཧཱ། སྐན་དྷ་མ་ཏཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛཱ་ཡ་སྭཱ་ཧཱ། ཨ་པ་
ར་ཛི་ཏ་བཱིརྱཱ་ཡ་སྭཱ་ཧཱ། ཧི་མ་བ་ཏ་སཾ་བྷཱུ་ཏཱ་ཡ་སྭཱ་ཧཱ། ཨ་ནི་མི་ལ་བཀ་ཏྲཱ་ཡ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ། བྲཧྨ་ཎེ། ན་མཿས་ར་སྭ་ཏྱཻ་དེ་བྱཻ་སིདྷྱཾ་ཏུ་མནྟྲ་པ་ད། དཾ་བྲཧྨ་ཨ་ནུ་མ་ནྱ་ཏུ་སྭཱ་ཧཱ། དགེ་སློང་ཆོས་སྨྲ་བ་དེ་བསྲུང་བ་དང་ཆོས་མཉན་པ་དེ་དག་དང་། ཡི་གེར་འདྲི་བ་དེ་དག་གི་དོན་གྱི་
སླད་དུ་ཁྲུས་ཀྱི་ལས་འདིས་བདག་ཉིད་དེར་མཆི་བར་བགྱིའོ། །ལྷའི་ཚོགས་ཐམས་ཅད་དང་ལྷན་ཅིག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ། གཙུག་ལག་ཁང་དེར་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཇི་ལྟར་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་
མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་སྲོག་ལ་ཕན་གདགས་པར་འགྱུར་བ་དང་། འཁོར་བ་ལས་འབྱུང་བ་ཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་རྒྱ་བར་འགྱུར་བར་གཟའ་དང་། འཐབ་པ་དང་། རྙོག་པ་དང་། བཙས་པའི་སྐར་མའི་གནོད་པ་དང་། རྨི་ལམ་ངན་པ་དང་། ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་། བྱད་དང་། རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་
མོ་དབྱངས་ཅན་ལ། ལྷ་མོ་ཆེན་མོ་དབྱངས་ཅན་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་ཀྱིས་སྔགས་དང་སྨན་དང་ལྡན་པའི་ཚིག་འདི་འདྲ་བ་བཤད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ལྷ་མོ་དབྱངས་ཅན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་
ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱས་ལྷ་མོ་དབྱངས་ཅན་དེ་བཀུག་གོ། །ལྷ་མོ་ཆེན་མོ་དབྱངས་ཅན་མཆོད་འོས་དཀའ་ཐུབ་ཆེ། །འཇིག་རྟེན་ཀུན་ཏུ་རྣམ་གྲངས་མཆོག་སྦྱིན་ཡོན་ཏན་ཆེ། །རྩེར་གནས་མཛེས་མ་དར་བ་རྩྭ་

ཡི་གོས་བསྐུས་པ། དར་བ་རྩྭ་ཡི་གོས་གྱོན་རྐང་པ་གཅིག་གིས་གནས། །ལྷ་རྣམས་ཐམས་ཅད་ལྷགས་ནས་འདི་སྐད་ཅེས་སྨྲས་ཏེ། །སེམས་ཅན་རྣམས་ལ་དགེ་བའི་ཚིག་ཤོད་ལྕེ་ཁྲོལ་ཅིག །སྱཱད་ཡ་ཐེ་དན། མུ་རེ། ཙི་རེ། ཨ་བ་ཛེ། ཨ་བ་ཛ་བ་ཏེ། ཧི་གུ་ལེ།
མི་གུ་ལེ། པི་ག་ལ་བ་ཏི། མ་གུ་ཤེ། མ་རི་ཙི། ས་མ་ཏི། ད་ཤ་མ་ཏི། ཨ་གྲི་མ་གྲི། ཏ་ར། ཙི་ཏ་ར། ཙ་པ་ཏི། ཙི་ཙི་རི། ཤི་རི་མི་རི། མ་རི་ཙི། པྲ་ཎ་ཡེ། ལོ་ཀ་ཛྱེཥྛེ། ལོ་ཀ་ཤྲིཥྛེ། ལོ་ཀ་པྲི་ཡེ། སིད་དྷི་པྲི་ཏེ། བི་མ་མུ་ཁི་ཤུ་ཙི་ཁ་རི། ཨ་པྲ་ཏི་ཧ་ཏེ། ཨ་པྲ་ཏེ་ཧ་ཏ། བུད་དྷེ། ན་མུ་ཙི།
ན་མུ་ཙི། མ་ཧཱ་དེ་བཱི་པྲ་ཏི་གྲྀཧྣ་ན་མ་སྐ་རཾ། བདག་གི་བློ་ཐོགས་པ་མེད་པར་གྱུར་ཅིག །བསྟན་བཅོས་དང་ཚིགས་སུ་བཅད་པའི་རྒྱུད་དང་། སྡེ་སྣོད་དང་སྙན་དངགས་ལ་སོགས་པ་བདག་གི་རིག་སྔགས་དངོས་གྲུབ་ཏུ་གྱུར་ཅིག །ཏདྱ་ཐཱ། མ་ཧཱ་པྲ་བྷ་བཱ། ཧི་ལི་ཧི་ལི། མི་ལི་མི་ལི།
བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་གྱི་མཐུས་བདག་རྣམ་པར་རྒྱལ་བར་གྱུར་ཅིག །ཀ་ར་ཊེ་ཀེ་ཡཱུ་རེ། ཀེ་ཡཱུ་ར་བ་ཏི། ཧི་ལི་མི་ལི། ཧི་ལི་མི་ལི། ཧི་ལི་ཧི་ལི། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དབང་པོའི་བདེན་པ་
དང་། ཆུ་ལྷའི་བདེན་པས་ལྷ་མོ་ཆེན་མོ་དགུག་པར་བྱའོ། །གང་དག་འཇིག་རྟེན་ན་བདེན་པ་སྨྲ་བ་དེ་དག་གི་བདེན་པ་དང་བདེན་པའི་ཚིག་གིས་ལྷ་མོ་ཆེན་མོ་དགུག་པར་བྱའོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཧི་ལི་མི་ལི། ཧི་ལི་མི་ལི། བདག་རྣམ་པར་རྒྱལ་བར་གྱུར་ཅིག །བཅོམ་
ལྡན་འདས་མ་ལྷ་མོ་ཆེན་མོ་དབྱངས་ཅན་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱས་ལྷ་མོ་ཆེན་མོ་དབྱངས་ཅན་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འབྱུང་པོའི་
ཚོགས་རྣམས་ཐམས་ཅད་ང་ལ་ཉན་པར་གྱིས། །ལྷ་དང་དྲི་ཟ་ལྷ་དབང་བཅས་པའི་འཇིག་རྟེན་ན། །བུད་མེད་དམ་པ་ལྷ་མོ་མཆོག་གི་རབ་གང་ཡིན། །ལྷ་མོ་དམ་པ་མཆོག་ཏུ་མཛེས་པའི་ཞལ་ལ་བསྟོད། །ཡོན་ཏན་རྣམ་པ་སྣ་ཚོགས་བསགས་པས་ཡན་ལག་བརྒྱན། །དབྱངས་

ཅན་ཞེས་བྱ་སྤྱན་ནི་ཡངས་ཤིང་བསོད་ནམས་འབར། །དྲི་མེད་ཡེ་ཤེས་ཡོན་ཏན་རྣམས་ཀྱིས་རྣམ་པར་རྒྱས། །རིན་ཆེན་སྣ་ཚོགས་ཐ་དད་ལྟ་བུ་བལྟ་བའི་ཕྱིར། །མཆོག་རབ་ངག་གི་ཡོན་ཏན་ཁྱད་པར་དེ་བསྟོད་དོ། །དམ་པ་མཆོག་གི་དངོས་གྲུབ་བྱེད་པ་དང་། །ཡང་དག་
བསྔགས་དང་ཡོན་ཏན་བྱེད་པ་དང་། །དྲི་མེད་མཆོག་དང་པདྨ་འབར་བ་དང་། །མིག་མཆོག་དང་ནི་མིག་གི་དམ་པ་དང་། །དགེ་བའི་གནས་དང་དགེ་བ་མཐོང་བ་དང་། །ཡོན་ཏན་བསམ་དུ་མེད་པས་བརྒྱན་པ་དང་། །ཟླ་བ་འདྲ་དང་དྲི་མ་མེད་འོད་དང་། །ཡེ་ཤེས་འབྱུང་
གནས་དྲན་པ་དམ་པ་དང་། །སེང་གེ་མཆོག་དང་མི་ལ་ཞོན་པ་དང་། །ལག་པ་བརྒྱད་རྣམས་ཀྱིས་ནི་བརྒྱན་པ་དང་། །ཟླ་བ་ཉ་བ་ལྟ་བུར་སྣང་བ་དང་། །ཡིད་དུ་འོང་བའི་ངག་དང་དབྱངས་སྙན་དང་། །ཤེས་རབ་ཟབ་མོ་དང་ནི་ལྡན་པ་དང་། །དགོས་མཆོག་སྒྲུབ་བྱེད་སེམས་
ཅན་དམ་པ་དང་། །ལྷ་དང་ལྷ་མིན་དབང་པོས་མཆོད་པ་དང་། །ལྷ་དང་ལྷ་མིན་ཚོགས་ཀུན་གནས་བརྗོད་དང་། །འབྱུང་པོའི་ཚོགས་ཀྱི་གནས་རྟག་མཆོད་པའི་ཕྱིར་སྭཱ་ཧཱ། །བདག་ཅག་ལྷ་མོ་འདི་ལ་ཕྱག་བྱའོ། །བདག་ལ་ཡོན་ཏན་ཁྱད་པར་ཀུན་སྩོལ་ཅིག །དགོས་
པ་ཀུན་ཏུ་བདག་ལ་དངོས་གྲུབ་སྩོལ། །དགྲ་རྣམས་ཁྲོད་ན་བདག་ལ་རྟག་ཏུ་སྲུངས། །ཡི་གེ་རྫོགས་ཤིང་ཚིག་རྒྱས་འདི་དག་ནི། །ནང་པར་ལངས་ནས་གཙང་མར་བརྗོད་པར་བྱ། །བསམ་པ་དང་ནི་ནོར་འབྲུ་ཐམས་ཅད་རྙེད། །དངོས་གྲུབ་དགེ་བ་རྒྱ་ཆེན་ཐོབ་པར་འགྱུར། །
གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དབྱངས་ཅན་གྱི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་ཆེན་མོ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དཔལ་བདག་གིས་ཀྱང་། ཅི་ནས་ཆོས་སྨྲ་
བའི་དགེ་སློང་དེ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དང་། བྲེལ་ཕོངས་མ་མཆིས་པ་ཐོབ་པར་འགྱུར་བ་དང་། སེམས་བརྟས་པར་འགྱུར་བ་དང་། སེམས་བདེ་བར་གདུགས་མཚན་བས་པར་འགྱུར་བ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཚིག་དང་ཡི་གེ་

རྣམ་པ་ཐ་དད་པ་དག་ཆུབ་པར་འགྱུར་བ་དང་། རྣམ་པར་རྟོགས་པར་འགྱུར་བ་དང་། ཡང་དག་པར་བརྗོད་པར་འགྱུར་བ་དང་། སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་
འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་པར་འགྱུར་ཞིང་། མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་མྱོང་བར་འགྱུར་བ་དང་།
མུ་གེ་མ་མཆིས་པར་འགྱུར་བ་དང་། ལོ་ལེགས་པར་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཆད་པར་འགྱུར་བ་གང་འདི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དང་། འཚོག་
ཆས་གཞན་དག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེ་སྤྲོ་བར་བགྱིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུརྱ་དང་། གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་དེ་ལ་ལྷ་མོ་ཆེན་མོ་དཔལ་
གྱིས་དགེ་བའི་རྩ་བ་བསྐྱེད་དེ། དེས་ད་ལྟར་ཕྱོགས་གང་དང་གང་དུ་སེམས་པ་དང་། ཕྱོགས་གང་དང་གང་དུ་ལྟ་བ་དང་། ཕྱོགས་གང་དང་གང་དུ་འགྲོ་བའི་ཕྱོགས་དེ་དང་དེར་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར།
ཟས་དང་། སྐོམ་དང་། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། ཡོ་བྱད་གཞན་དག་གིས་ཀྱང་མི་ཕོངས་པར་འགྱུར། སེམས་ཅན་དེ་དག་ཡོ་

བྱད་ཐམས་ཅད་ཀྱང་འབྱོར་པར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་གྱི་མཐུས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བྱ། སྤོས་དང་མེ་ཏོག་དང་བདུག་པ་ཡང་དབུལ་བར་བྱ། ལྷ་མོ་ཆེན་མོ་དཔལ་གྱི་མིང་ནས་ལན་གསུམ་བརྗོད་ཅིང་དེ་ལ་སྤོས་དང་། བདུག་པ་དང་མེ་ཏོག་ཀྱང་བྱིན་ལ་རོ་བྲོ་བ་
སྣ་ཚོགས་ཀྱང་བྱིན་ན་དེའི་འབྲུའི་ཕུང་པོ་ཆེན་པོ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ལ་ས་ཡི་བཅུད་དག་རྣམ་པར་འཕེལ། །ལྷ་རྣམས་རྟག་པར་རབ་ཏུ་དགའ་བར་འགྱུར། །འབྲས་བུ་ལོ་ཏོག་ལྡུམ་སྡོང་ལྗོན་ལྷ་རྣམས། །ལོ་ཏོག་ཤིན་ཏུ་སྣ་ཚོགས་
རྣམས་ཀྱང་བསྐྱེད། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་བརྗོད་པའི་སེམས་ཅན་དེ་དག་ལ་ལྷ་མོ་ཆེན་མོ་དཔལ་སེམས་པར་འགྱུར། དེ་དག་ལ་དཔལ་ཆེན་པོར་བྱེད་པར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་སྐྱེད་མོས་ཚལ་དམ་པ་
བསོད་ནམས་ཀྱི་མེ་ཏོག་འོད་ཅེས་བྱ་བ་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་དམ་པ་གསེར་གྱི་རྒྱལ་མཚན་ཞེས་བྱ་བ་ན་གནས་ཏེ། མི་གང་ལ་ལ་འབྲུའི་ཕུང་པོ་སྤེལ་བར་འདོད་པ་དེས་རང་གི་ཁྱིམ་ཕྱག་དར་ལེགས་པར་བྱ། ཁྲུས་ལེགས་པར་བྱ། གོས་དཀར་པོ་གཙང་
མ་བགོ་བར་བྱ། གོས་དྲི་རབ་ཏུ་ཞིམ་པ་བགོ་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུརྱ་དང་། གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ཞིང་མཚན་ནས་ཀྱང་ལན་
གསུམ་བརྗོད། ལྷ་མོ་ཆེན་མོ་དཔལ་གྱི་ལག་ནས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱེད། མེ་ཏོག་དང་བདུག་པ་དང་སྤོས་ཀྱང་དབུལ། རོ་བྲོ་བ་སྣ་ཚོགས་ཀྱང་དབུལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་ཡང་ལན་གསུམ་བརྗོད། བདེན་པའི་ཚིག་ཀྱང་
བརྗོད། ལྷ་མོ་ཆེན་མོ་དཔལ་ལ་ཡང་མཆོད་ཅིང་མེ་ཏོག་དང་བདུག་པ་ཡང་འབུལ། རོ་བྲོ་བ་སྣ་ཚོགས་ཀྱང་འབུལ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མཐུས། དེའི་ཚེ་ལྷ་མོ་ཆེན་མོ་དཔལ་ཁྱིམ་དེ་ལ་སེམས་པར་འགྱུར། དེའི་འབྲུའི་ཕུང་པོ་ཆེན་པོ་ཡང་འཕེལ་

བར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་དགུག་པར་འདོད་པ་དེས་རིག་པའི་གསང་སྔགས་འདི་དག་དྲན་པར་བྱའོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་
ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས། རིག་པ་འདི་དག་ལ་སྦྱོར་བར་བྱ་སྟེ། རིག་སྔགས་འདི་རྣམས་བདག་ལ་འབྱོར་བར་གྱུར་ཅིག །སྱཱད་ཡ་ཐེ་དན། པྲ་ཏི་པཱུ་ར་ཎ་བཱ་རེ། ས་
མནྟ་དར་ཤ་ནེ། མ་ཧཱ་བི་ཧ་ར་ག་ཏེ། ས་མནྟ། བེ་ད་ན་ག་ཏེ། མ་ཧཱ་ཀཱརྱཾ་པྲ་ཏི་པྲ་བ་ཎེ། སཏྭ་ཨརྠ་ས་མཾ་ཏཱ་ནུ་པྲ་པཱུ་རེ། ཨཱ་ཡཱ་ན་དྷརྨ་ཏཱ་མ་ཧཱ་བྷོ་གི་ནེ། མ་ཧཱ་མཻ་ཏྲེ་ཨུ་པ་སཾ་ཧི་ཧེ། ཧེ་ཏཻ་ཥི། སཾ་གྲ་ཧི་ཏེ་ཏེ་ས་མར་ཐཱ་ནུ་པཱ་ལཱ་ནི། འདི་དག་ནི་སྤྱི་བོ་ནས་དབང་བསྐུར་བའི་ཆོས་ཉིད་ཀྱི་གསང་
སྔགས་ཀྱི་ཚིག་གཅིག་ཏུ་དེ་ཁོ་ན་ཡང་དག་པར་སྒྲུབ་པར་སྦྱིན་པ་མི་སླུ་བའི་དོན་གྱི་ཚིག་སྟེ། སེམས་ཅན་བར་མ་ལ་སྦྱོར་བ་རྣམས་དགེ་བའི་རྩ་བ་ཁ་ན་མ་ཐོ་བ་མེད་པ་དག་གིས་ལོ་བདུན་དུ་འདོན་ཅིང་འཛིན་པ་དག་ཡན་ལག་བརྒྱད་པའི་བསྙེན་པར་གནས་པ་ལ་བསྙེན་ཏེ། བདག་དང་
སེམས་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྔ་དྲོ་དང་ཕྱི་དྲོ་སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་སྤོས་རྣམས་ཀྱིས་མཆོད་ནས། དེས་བདག་གི་བསམ་པ་འདི་འབྱོར་པར་གྱུར་ཅིག །མྱུར་དུ་འབྱོར་པར་གྱུར་ཅིག །གཙུག་ལག་ཁང་ངམ་དགོན་པའི་
གནས་ཀྱང་རུང་སྟེ། ཁྱིམ་དེ་ཤིན་ཏུ་གཙང་མར་བྱས་ལ་ལྕི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང་བདུག་པ་ཡང་དབུལ་བར་བྱ། སྟན་གཙང་མ་ཡང་གདིང་བར་བྱའོ། །ས་ལ་མེ་ཏོག་སིལ་མ་བཀྲམ་ནས་བསྡད་པར་བྱའོ། །དེ་ནས་སྐད་ཅིག་དེ་ཉིད་ལ་དཔལ་འོངས་ནས་དེར་གནས་པར་འགྱུར་
རོ། །དེ་ཕྱིན་ཅད་ཁྱིམ་མམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་ངམ། དགོན་པའི་གནས་སུ་ནམ་ཡང་བྲེལ་ཅིང་ཕོངས་པ་མེད་པར་བྱེད་དོ། །འགྲོན་བུ་དང་། གསེར་དང་། རིན་པོ་ཆེ་དང་། ནོར་དང་། འབྲུ་དང་། ཡོ་བྱད་ཐམས་ཅད་འབྱོར་པ་དང་། བདེ་

བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་རོ། །དགེ་བའི་རྩ་བ་གང་དག་བྱེད་པ་དེ་དག་ཐམས་ཅད་ལས་ལྷ་མོ་ཆེན་མོ་དཔལ་ལ་ཤས་ཀྱི་མཆོག་སྦྱིན་པར་བྱ་སྟེ། དེས་ན་དེ་ཇི་སྲིད་འཚོའི་བར་དུ་དེ་ན་གནས་པར་འགྱུར། ཕོངས་པར་མི་འགྱུར། དེ་དག་གི་བསམ་པ་ཐམས་ཅད་ཡོངས་
སུ་རྫོགས་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷ་མོ་ཆེན་མོ་དཔལ་གྱི་ལེའུ་ཞེས་བྱ་བ་སྟེ་དགུ་པའོ།། །།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དྲི་མ་མེད་པར་འབར་བ་རིན་ཆེན་གསེར་གྱི་འོད་ཟེར་སྣང་བའི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཛམ་བུ་གསེར་གྱི་རྒྱལ་མཚན་གསེར་དུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་དུ་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་
ཉི་མ་བརྒྱའི་འོད་ཟེར་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་རིན་ཆེན་འབྱུང་གནས་གདུགས་བརྩེགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འབར་བའི་འོད་ཟེར་གྱི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྲོན་
མ་ཆེན་མོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གསེར་འོད་དམ་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་ཞེས་བྱ་བ་དང་། བྱང་ཆུབ་
སེམས་དཔའ་རྟག་ཏུ་ངུ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བ་དང་། ཤར་ཕྱོགས་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་དང་། ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཅེས་བྱ་བ་དང་། ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་
ཚེ་དཔག་མེད་ཅེས་བྱ་བ་དང་། བྱང་ཕྱོགས་ན་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་སྟེ། སུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་དེ་བཞིན་གཤེགས་པའི་མཚན་དང་། བྱང་ཆུབ་སེམས་དཔའི་མིང་འདི་དག་འཛིན་ཏམ། ཀློག་གམ། ཁོང་དུ་ཆུད་པར་བྱེད་ན་དེ་རྟག་

ཏུ་ཚེ་རབས་དྲན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ད་ལྟར་དང་མ་འོངས་པའི་དུས་ན་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་
ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་གང་དུ་གནས་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་དེར་བཙུན་པ་བཅོམ་ལྡན་
འདས་སའི་ལྷ་མོ་བརྟན་མ་བདག་མཆི་བར་བགྱིའོ། །བཅོམ་ལྡན་འདས་གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འགྱུར་བ་དང་། ས་ཕྱོགས་གང་དང་གང་ན་དགེ་སློང་ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་ཤོམ་པར་འགྱུར་བ་དང་། གང་དང་
གང་དུ་ཆོས་སྨྲ་བ་དེ་སྟན་ལ་མཆིས་ནས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེར། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་ས་ཕྱོགས་དེ་དང་དེ་ཉིད་དུ་མཆི་བར་བགྱིའོ། །ལུས་འདི་མི་གདའ་བར་ཆོས་ཀྱི་ཁྲིའི་
འོག་ལོགས་སུ་མཆིས་ཏེ། ཡན་ལག་གི་དམ་པ་མགོས་དགེ་སློང་ཆོས་སྨྲ་བ་དེའི་རྐང་མཐིལ་ནས་བརྟེན་པར་བགྱིའོ། །བདག་ཀྱང་ཆོས་མཉན་པ་དང་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་བགྱི། ཡང་དག་པར་རིམ་གྲོ་བགྱི། ཡང་དག་པར་མཆོད་པར་བགྱིའོ། །བདག་
ཚིམ་པར་གྱུར། རིམ་གྲོ་བགྱི་བ་བགྱིས་པར་གྱུར། རབ་ཏུ་དགའ་བར་གྱུར་ནས། སའི་ཕུང་པོ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་པོ་འདི་ནས་སའི་གཞི་རྡོ་རྗེ་ལ་ཐུག་པའི་བར་དུ་སའི་བཅུད་ཀྱིས་རྣམ་པར་འཕེལ་བར་བགྱི། ཡང་དག་པར་རིམ་གྲོ་བགྱི་ཡོངས་སུ་རྫོགས་པར་བགྱིའོ། །
སྟེང་དུ་ཡང་རྒྱ་མཚོའི་མཐའ་ལ་ཐུག་པའི་སའི་དཀྱིལ་འཁོར་འདི་སའི་བཅུད་ཀྱི་སྣུམ་གྱིས་བརླན་པར་བགྱིའོ། །ས་ཆེན་པོ་འདི་རབ་ཏུ་མདངས་དང་ལྡན་པར་བགྱིའོ། །དེས་ན་འཛམ་བུའི་གླིང་འདིར་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་སྣ་ཚོགས་རྣམས་མདངས་དང་རབ་

ཏུ་ལྡན་པར་འཁྲུངས་པར་འགྱུར། ཀུན་དགའི་ར་བ་དང་། ནགས་ཚལ་དང་། ཤིན་ལྗོན་པ་ཐམས་ཅད་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་རབ་ཏུ་མདངས་དང་ལྡན་པར་འགྱུར། དྲི་དང་རབ་ཏུ་ལྡན་པ་དང་། སྣུམ་
དང་རབ་ཏུ་ལྡན་པ་དང་། རོ་ཞིམ་པོར་འགྱུར་བ་བལྟ་ན་རབ་ཏུ་སྡུག་པ་དང་རབ་ཏུ་ཆེ་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་བཏུང་བ་དང་བཟའ་བ་རྣམ་པ་སྣ་ཚོགས་དེ་དག་འཚལ་ནས། ཚེ་དང་སྟོབས་དང་ཁ་དོག་དང་དབང་པོ་རྣམ་པར་འཕེལ་བར་འགྱུར་རོ། །གཟི་བརྗིད་དང་སྟོབས་
དང་ཁ་དོག་དང་གཟུགས་དང་ལྡན་པར་གྱུར་ནས་ཀྱང་ས་ལ་མཆིས་པའི་དགོས་པ་རྣམ་པ་སྣ་ཚོགས་ཐ་དད་པ་བརྒྱ་སྟོང་དུ་མ་དག་བགྱིད་པར་འགྱུར། བརྩོན་པར་འགྱུར། འབད་པར་འགྱུར། སྟོབས་སུ་བགྱིད་པའི་ལས་རྣམས་བགྱིད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་
དེས་འཛམ་བུའི་གླིང་ཐམས་ཅད་ཞི་བ་དང་ལོ་ལེགས་པ་དང་རྒྱས་པ་དང་ཉམས་དགའ་བར་འགྱུར། མིའི་སྐྱེ་བོ་མང་པོས་གང་བར་འགྱུར། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བདེ་བར་འགྱུར། དགའ་བ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར། སེམས་ཅན་དེ་དག་གཟི་བརྗིད་
དང་སྟོབས་དང་ཁ་དོག་དང་གཟུགས་དང་ལྡན་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་སླད་དུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་དེ་དག་ཆོས་ཀྱི་སྟན་ལ་མཆིས་པའི་གན་དུ་མཆི་བར་འགྱུར།
མཆིས་ནས་ཀྱང་སེམས་རབ་ཏ