Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 090_རྒྱུད་འབུམ།_ཕ

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
ན་ཏེ། ཁ་ཅིག་ཏུ་རྒྱལ་པོའི་དཔུང་གི་ཚོགས་གཡོས་པར་འགྱུར་ཞིང་གཞན་གྱི་ཡུལ་ཁམས་ཕུང་བར་བྱེད་པར་བརྩོན་ན་གང་གི་ཚེ་དེ་ལ་རྒྱལ་པོ་འོངས་ནས་སླར་བྱེད་ཅིང་མཆོད་

དེ་སྔགས་པ་ལ་གསོལ་བ་འདེབས་ན་དེའི་ཚེ་སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བས་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་བྱའོ། །དེ་ལ་འཚོག་ཆས་དགོས་པ་ཐམས་ཅད་དང་ལྡན་ཞིང་ལེགས་པའི་གྲོགས་པོས་དེ་ཆེད་དུ་བྱས་ཏེ། བཅོམ་ལྡན་འདས་
ཀྱི་ཐང་སྐུ་བཀྲམ་ལ། ཙནྡན་དཀར་པོས་དཀྱིལ་འཁོར་ཉེ་བར་བྱུགས་ནས་མེ་ཏོག་དཀར་པོ་བཀྲམ་པ། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། གཏོར་མ་ཡང་བྱིན་ལ། ཞོ་དང་། སྦྲང་རྩི་དང་། བུ་རམ་དང་ལྡན་པས་ལན་བདུན་དུ་སྔགས་ལ་འབུལ་བར་བྱའོ། །སྔགས་ནི་ཨོཾ་མཱ་
རཱི་ཙྱཻ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་གན་དྷ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་མ་ལ་མཆོད་ཅིང་ཡོངས་སུ་བསྔོ་སྟེ་དགྱེས་པར་བྱས་ལ་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་
དམིགས་ཤིང་རང་ཉིད་ང་རྒྱལ་དང་ལྡན་པས་ཁྲི་ཕྲག་གསུམ་བཟླས་པ་བྱའོ། །དེའི་སྔོན་དུ་སོང་བའི་བསྙེན་པ་ཡིན་ཏེ་མི་དགེ་བའི་མཚན་མ་མཐོང་བར་འགྱུར་རོ། །དེ་ནས་ཕྱིས་ནི་སྦྱིན་སྲེག་བྱ་སྟེ་སྔོན་དུ་བསྟན་པའི་ཆོ་གས་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱ་སྐྱེགས་ཀྱི་ཤིང་དང་། བྱང་ཆུབ་ཀྱི་
ཤིང་དང་། ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་སྦར་ལ། ཞོ་དང་། འོ་མ་དང་། མར་དུ་སྨྱུགས་པའི་དཱུར་བ་ཉག་མ་རེ་རེ་རྣམས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ། །ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་རི་པུ་སྱཻ་སྟཾ་བྷཱ་ཡ་སྭཱ་ཧཱ། འདི་
ནི་རེངས་པར་བྱེད་པའི་སྔགས་ཏེ་རེངས་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །སྔགས་འདིས་བཟླས་པ་དང་། སྦྱིན་སྲེག་ཀྱང་བྱའོ། །ཕྱིས་ནི་རྒྱལ་པོ་དང་མདུན་ན་འདོན་ནི་གྲོ་གའམ། རས་ལ་གུར་གུམ་མམ། གིའུ་ཝང་དག་གིས། བསྒྲུབ་བྱའི་མིང་དང་སྔགས་སྤེལ་ཏེ་རྨྃ་གིས་དཀྲིས་
པ་ཡང་ཡི་གེ་བཞིས་ཡོངས་སུ་བསྐོར་ཏེ། ཨོཾ་རྨཱྃ་བཱྃ་རྨཱྃ། ཕྱི་རོལ་དུ་བའི་ཡི་གེས་ཡོངས་སུ་བསྐོར་བའི་འཁོར་ལོ་འདི་བྲིས་ལ་གང་གི་སྤྱི་གཙུག་གམ། མགུལ་པའམ། དཔུང་པ་ལ་བཏགས་ན་ལས་ཐམས་ཅད་ཉིད་ལ་སྲུང་བར་བྱེད་པ་ཡིན་ནོ། །གཡུལ་ངོར་ཞུགས་ན་མཚོན་ཆས་ལུས་ལ་མི་

ཆོད་པར་འགྱུར་རོ། །གཡུལ་ངོ་ལས་དེ་ནི་རྒྱལ་བར་འགྱུར་རོ། །དེ་ནས་ཡང་ཕྱིས་ནས་མཆོག་ཏུ་གྱུར་པའི་གླང་པོ་ཆེ་འམ། མཆོག་ཏུ་གྱུར་པའི་ཤིང་རྟ་ལ་རྡོ་རྗེ་སློབ་དཔོན་ཞོན་ཏེ་གཡུལ་ལ་མངོན་པར་ཕྱོགས་པས་བཅོམ་ལྡན་འདས་མའི་ཐང་སྐུ་བཀྲམ་ལ་རྒྱལ་མཚན་སེར་པོ་བཙུགས་ཏེ་རས་
སེར་པོའི་ཤམ་ཐབས་དང་སེར་པོའི་ཐོད་བཅིངས་ཏེ་འཚོག་ཆས་རྡོ་རྗེ་དྲིལ་བུ་བཟུང་ཞིང་བསྙེན་པ་དང་བཅས་པས་སྔོན་བཞིན་ཕག་པའི་ཤིང་རྟ་ལ་བསྒོམས་ལ་སྔགས་བརྗོད་པར་བྱའོ། །ཨོཾ་མཱ་རཱི་ཙྱི་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚ་རི་པུ་སྱཻ་བྷྱཾ་སྟཾ་བྷཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཕག་པས་
བསྐོར་བའི་ནང་དུ་བསྒོམས་ནས་དེ་མ་ཐག་ཏུ་དགྲའི་དཔུང་ཚོགས་ལས་རྒྱལ་བར་འགྱུར་རོ། །མཚོན་གྱིས་བཅད་པའི་མི་ཤི་བའི་རོ་གོས་སམ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་འདི་བ་བླ་འམ། ཡུང་བའི་ཁུ་བས་བྲིས་ཏེ་ཆུ་བོའི་ངོགས་གཉིས་ཀྱི་ས་འམ། རིའི་རྩེ་མོའི་ས་འམ་དུར་ཁྲོད་ཀྱི་ཐལ་བ་དང་
ལྡན་པས་དགྲའི་དཔོན་གྱི་གཟུགས་བརྙན་བྱས་ལ་འཁོར་ལོ་དེའི་སྙིང་གར་བཅུག་ལ་ཡང་ས་དེ་དང་ལྷན་ཅིག་ཏུ་འབྲས་སཱ་ལུའི་ཁུ་བ་ལ་ཡུང་བའི་ཁུ་བ་དང་ལྡན་པས་ཕག་པའི་གཟུགས་བྱས་ལ་དེའི་ཁ་རུ་དགྲ་བོའི་གཟུགས་བརྙན་ཁ་ཐུར་དུ་བསྟན་ལ་བཅུག་སྟེ། ཕག་པ་དེ་ཁམ་སྐྱོང་ཁ་སྦྱར་གྱི་ནང་
དུ་བཅུག་ལ་སོང་སྟེ་དགྲའི་དཔུང་ལ་མངོན་དུ་ཁ་བལྟས་པས་གཞག་པར་བྱའོ། །ཟན་དང་ཉ་དང་། ཤ་རློན་པ་དང་ལྡན་པས་གཏོར་མ་བྱིན་ལ་སོར་བརྒྱད་པའི་སེང་ལྡེང་གི་ཕུར་བུས་བཏབ་ལ་ས་བརྐོས་ཏེ་བཟླས་ལ། སྔགས་སྟོང་ཕྲག་བརྒྱད་རྡོ་རྗེ་ཁྲོ་བོའི་སྟོབས་དང་ལྡན་པས་བཟླས་པ་བྱས་
ན་དགྲ་བོའི་དཔུང་རེངས་པར་འགྱུར་རོ། །དེ་ནས་གཞན་ཡང་འཁོར་ལོའི་མཚན་ཉིད་ནི་བསྒྲུབ་བྱའི་མིང་ཡི་གེས་ཡོངས་སུ་དཀྲིས་པར་བྱས་ལ་ཡང་ཙའི་ཡི་གེས་ཡོངས་སུ་བསྐོར་བར་བྱའོ། །ཡི་གེ་དེ་གཉིས་ཀྱི་བར་དུ་བཏྟྭ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བར་བྱའོ། །ཡང་དེ་
ལ་མཱྃ་གིས་བསྐོར་བར་བྱས་ལ་ཡང་ཡི་གེ་བཞིས་ཡོངས་སུ་བསྐོར་ཞིང་གྲུ་བཞིའི་ཕྱོགས་དེ་མཚམས་སུ་རྡོ་རྗེས་མཚན་པར་བྱས་ནས་དེ་ཉིད་ཀྱིས་དེ་མ་ཐག་ཏུ་དགྲ་བོའི་དཔུང་རེངས་པར་བྱེད་ཅིང་ཉམས་པར་བྱེད་པ་ལ་ཐེ་ཚོམ་མེད་དོ། །དགྲ་བོའི་དཔུང་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་འཁོར་ལོ་འདི་

སློབ་དཔོན་གྱི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་གཞན་ཡང་རེངས་པར་བྱེད་པ་དང་འབྱེད་པར་བྱེད་པ་དང་། གསོད་པར་བྱེད་པའི་སྦྱོར་བའི་དབང་དུ་བྱས་པའི་འཁོར་ལོ་ཡིན་ཏེ། གྲོགས་བཟང་པོ་དང་ལེགས་པར་བསྲུངས་ཏེ། མིའི་བགེགས་
ཡོངས་སུ་སྤངས་ཏེ་དུར་ཁྲོད་དུ་གནས་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་ཐང་སྐུ་བཀྲམ་ལ། དེའི་མདུན་དུ་ལྕི་བའི་དཀྱིལ་འཁོར་བྱས་ཏེ། ཇི་ལྟར་འབྱོར་པའི་མཆོད་པ་རྣམ་པ་ལྔ་དང་ལྡན་པས་མཆོད་ལ་གོས་ནག་པོ་བགོ་ཞིང་ཐོད་ནག་པོ་བཅིངས་ལ་འཚོག་ཆས་དང་། རྡོ་
རྗེ་དྲིལ་བུའི་མཆོག་བརྟེན་པས་ཁྲོས་པས་སྔོན་བཞིན་དུ་ལྷ་མོ་འོད་ཟེར་ཅན་བསྒོམ་པར་བྱ་སྟེ། ཕག་པའི་ཞལ་གསུམ་པ་སྤྱན་གསུམ་པ། ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། གློག་བཞིན་ལྗགས་འཇིགས་པར་བྱེད་པ། ཉི་མ་བཅུ་གཉིས་དང་འདྲ་བའི་འོད་འབར་ཞིང་
འཕྲོ་བ། མུ་མེན་ལྟ་བུའི་གོས་སྔོན་པོའི་སྨད་དཀྲིས་བྱས་ཤིང་ཤང་འགག་དང་སྟོད་གཡོགས་སྣ་ཚོགས་པའི་གོས་ཀྱིས་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་པ། གཡས་ན་མདའ་དང་། རྡོ་རྗེ་དང་། ཁབ་དང་། ལྕགས་ཀྱུ་བསྣམས་པའི་ཕྱག་གོ །གཡོན་དུ་
གཞུ་དང་ཞགས་པ་དང་། ཤིང་མྱ་ངན་མེད་པའི་ཡལ་ག་དང་། སྐུད་པ་བསྣམས་པའི་ཕྱག་གོ། །མཆོད་རྟེན་མགོ་ལ་ཡོད་པའི་སྐྲ་དང་ལྡན་པ། ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཁྲོས་པས་རྐང་པས་བསྒྲུབ་བྱ་མནན་པ་ཉིད་དུ་བསམ་
པར་བྱའོ། །ཆུ་བོའི་ངོགས་ཀྱི་ས་དང་། མིའི་རུས་པའི་ཕྱེ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་ལྡན་པས་གཟུགས་བརྙན་བྱས་ལ། ཚ་བ་གསུམ་དང་། དུག་དང་། ཁྲག་དང་། ཚྭ་དང་། སྐེ་ཚེ་དང་། ད་དུ་ར་ཡིས་རོའི་གོས་ལ་བསྒྲུབ་བྱའི་མིང་སྔགས་ངེས་པར་བྱས་ལ་སྙིང་གར་
གཞུག་པར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་ཧཱུྃ། ཆེ་གེ་མོ་སོད་ཅིག་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་འདི་དང་མིང་སྤེལ་ཏེ་མི་ཤ་སྐམ་པོ་དང་། གུ་གུལ་དང་། ཡང་དག་པར་ལྡན་པས་རིལ་བུ་བྱས་ལ་མིའི་ཚིལ་དང་བསྲེས་ཏེ་རོ་བསྲེགས་པའི་ཤིང་གིས་མེ་ལ་སྟོང་

ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཚ་བའི་མར་ནག་གིས་གཞན་གྱི་དཔུང་གི་རྒྱལ་པོའི་མིང་བཟུང་སྟེ་གལ་ཏེ་གསོད་པར་འདོད་ན་དེ་ཉིད་ཀྱིས་བདུགས་ན་འཆི་བར་འགྱུར་རོ། །གལ་ཏེ་རེངས་པར་འདོད་ན་ཡང་རེངས་པར་འགྱུར་རོ། །ཡང་ན་གཡུལ་ངོ་ལ་མངོན་དུ་བལྟས་ཏེ་མིའི་རུས་
པའི་ཕྱེ་མ་འམ། མི་ཚིལ་དང་བསྲེས་པས་སྔགས་བཟླ་ཞིང་སྦྱིན་སྲེག་བྱས་ན་དགྲའི་དཔུང་གི་ཚོགས་དེ་མ་ཐག་ཏུ་རེངས་པར་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བ་ནི། ཅེ་སྤྱང་གིས་ཉེ་བར་འཚེ་བ་ཞི་བར་བྱ་བར་འདོད་ན་གནག་གི་གནས་སུ་སོང་སྟེ་གནག་འཇུག་པའི་སྒོའི་རྟ་བབས་ལ་
སྔགས་མངོན་པར་བྲིས་ཏེ། རྒྱལ་མཚན་དཀར་པོའི་རྩེ་མོ་ལ་བཙུགས་ཏེ་ཙནྡན་དཀར་པོ་དང་། གུར་གུམ་དང་། གིའུ་ཝང་གིས་ཁྱུ་མཆོག་གི་གཙོ་མོ་རྒན་པ་དང་ཕྱུགས་རྫིའི་མིང་དང་སྤེལ་ཞིང་བྱང་བུ་ལ་བྲིས་ཏེ་ཁྱུ་མཆོག་གི་རྭ་དང་། ཕྱུགས་རྫི་རྣམས་ཀྱི་མགུལ་པར་འཁོར་ལོ་བཅིང་
ངོ་། འཁོར་ལོ་ནི་ཨོཾ་མཱྃ་བཱྃ་མཱྃ། ཡང་བ་ཡིག་གིས་བསྐོར་ཅིང་ཡང་ཙྱཻ་ཡིས་བསྐོར་ཏེ། དེའི་ཕྱི་རོལ་དུ་མྭྃ་གིས་བསྐོར་ལ་འཁོར་ལོ་དེ་ཉིད་བྱའོ། །སྒོར་ཡང་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཚད་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ། སྔགས་ལན་བདུན་དུ་བཟླས་ནས་ཕུར་བུས་
གདབ་བོ། །ཨོཾ་མཱ་རཱི་ཙྱཻ་སརྦ་བིགྷྣཱཾ་ཨུཏ་སཱ་དྷ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བགེགས་བསྐྲད་པའི་ཕུར་བུའི་སྔགས་སོ། །དེ་ནས་ཕྱིས་ནི་གནག་ལྷས་ཀྱི་དབུས་སུ་བཅོམ་ལྡན་འདས་མའི་ཐང་སྐུ་ཁ་ཤར་དུ་བལྟས་པ་བཀྲམ་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་བྱའོ། །དེའི་མདུན་དུ་སྦྱིན་
སྲེག་གི་ཐབ་ཁུང་གྲུ་བཞི་པ་ལ་ཁྲུ་གང་ཙམ་བརྐོ་བར་བྱ་སྟེ་མཚམས་བཞི་རུ་དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་འབྲུ་སྣ་ལྔ་དང་། དྲི་ཞིམ་པོའི་ཆུས་ཡོངས་སུ་བཀང་ལ་ཙནྡན་དཀར་པོས་བྱུགས་ལ་གོས་དཀར་པོ་ཟུང་གིས་སྦྲེལ་བ་ཡལ་ག་རྣམ་པ་ལྔ་སྟེ། ནྱ་གྲོ་དྷ་དང་། བྱང་ཆུབ་ཀྱི་ཤིང་
དང་། ཨུ་དུམ་བཱ་ར་དང་། ཨ་འབྲས་དང་། ཤིང་ཨརྒའི་ཡལ་གས་བརྒྱན་པ། བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ལ་བཞག་གོ། །ཐབ་ཁུང་དེ་ཉིད་ཀྱི་མཚམས་བཞི་རུ་སེང་ལྡེང་གི་ཕུར་བུ་སྔོན་དུ་བསྟན་པའི་སྔགས་བཟླས་ལ་གདབ་པར་བྱའོ། །ཡང་ཕྱིས་ནི་ལྕི་བས་

མལ་ཉེ་བར་བྱུགས་ལ་ཁྲག་གི་གཏོར་མ་དང་། ཀུ་མུ་ད་དང་། ཨུཏྤ་ལ་དང་། པདྨའི་ཕྲེང་བ་དང་། དྲི་ཞིམ་པའི་མེ་ཏོག་གི་རྣམ་པར་བཀྲམ་ལ། དྲི་ཞིམ་པོ་དང་ཙནྡན་གྱི་ཆུས་ཆག་ཆག་བཏབ་ལ་ཞོ་དང་སྦྲང་རྩི་དང་བུ་རམ་དང་ལྡན་པས་ཟས་ཁམ་གཅིག་གིས་ལྷ་བཤོས་
དབུལ་བར་བྱའོ། །བའི་མར་གྱི་མར་མེའི་ཕྲེང་བས་ལེགས་པར་བརྒྱན་ཅིང་བླ་རེ་བརྒྱན་ལ་མེ་ཏོག་གི་ཕྲེང་བ་དཔྱངས་ཤིང་གོས་དཀར་པོའི་རྒྱལ་མཚན་གྱི་རྩེ་མོར་སྔགས་བྲིས་ལ་བཙུགས་ལ་གུ་གུལ་གྱི་བདུག་སྤོས་སྦྱིན་ནོ། །དེ་ལྟར་བཅོམ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་མ་ཡང་དག་པར་
མཆོད་ལ་མཉེས་པར་བྱས་ཏེ་སྔོན་དུ་བསྟན་པའི་སྔགས་ཀྱིས་མངོན་པར་བསྔགས་ལ་ཉེ་བར་མཁོ་བ་ཐམས་ཅད་དབུལ་བར་བྱའོ། །ཡང་ཐང་སྐུའི་མདུན་དུ་སྦྱིན་སྲེག་གི་ཐབ་ཁུང་ཁྲུ་གང་ཙམ་བརྐོས་པའི་གྲུ་བཞི་པ་ཁ་ཁྱེར་སོར་བཞི་པ། རྡོ་རྗེའི་ཕྲེང་བས་བསྐོར་བ་རྩ་བ་དང་བཅས་པའི་
པདྨའི་རྣམ་པར་བྱའོ། །དེའི་དབུས་སུ་པདྨ་ལ་རྡོ་རྗེས་མཚན་པར་བྱས་ཏེ་བ་གླང་གི་ལྕི་བས་དཀྱིལ་འཁོར་ལེགས་པར་བྱུགས་ལ་མེ་ཏོག་གི་རྣམ་པ་དགྲམ་པར་བྱའོ། །དེ་ནས་སྔགས་པས་ཁྲུས་བྱས་ཤིང་གཙང་མས་གོས་དཀར་པོ་གོན་ལ་ཉེ་བར་མཁོ་བའི་ཐོད་དཀར་པོ་བཅིངས་ཏེ་རྡོ་རྗེ་
དང་དྲིལ་བུ་བཟུང་ཞིང་བསྙེན་པ་དང་བཅས་པས་འཇུག་པར་བྱའོ། །ཐབ་ཁུང་གི་མདུན་དུ་སྔགས་ཀྱིས་བགེགས་བསྐྲད་ལ་སེང་ལྡེང་གི་ཕུར་བུས་ཐབ་ཁུང་སྤྱི་ཕྱི་རོལ་གྲྭ་བཞིར་གདབ་པར་བྱའོ། །དེ་ནས་སྔོན་བཞིན་དུ་ཐབ་ཁུང་གི་ཤར་ནས་ནུབ་ཏུ་མངོན་པར་ཕྱོགས་པར་གནས་ལ་སྔགས་
དང་ཕྱག་རྒྱས་བྱིན་གྱིས་བརླབས་པའི་སྔགས་པས་ཀུ་ཤ་ཆང་བུའི་སྟེང་དུ་གནས་ལ་ཐབ་ཁུང་གི་ཕྱོགས་བཞིར་ཀུ་ཤ་དགྲམ་པར་བྱའོ། །དེ་ནས་དགོས་པ་ཐམས་ཅད་ལ་སྔགས་བརྒྱ་བཟླས་ཏེ་གཡས་ཕྱོགས་སུ་གཞག་པར་བྱའོ། །གཡོན་ཕྱོགས་སུ་ཆུའི་སྣོད་བཞག་ཅིང་མདུན་དུ་མཆོད་
ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་དང་མེ་ཏོག་གིས་བཀང་བ་བཞག་ལ་ཞོ་དང་བུ་རམ་དང་། སྦྲང་རྩི་དང་ལྡན་པ་ཡང་བཞག་སྟེ། གཙུབ་ཤིང་གིས་བཏོན་པའི་མེ་ཐབ་ཁུང་གི་ནང་དུ་གཞུག་སྟེ་ནྱ་གྲོ་དྷ་དང་། ཨུ་དུམ་བཱ་ར་དང་། པ་ལ་ཤའི་ཡམ་ཤིང་གིས་མེ་སྦར་ལ་དེ་ནས་ཡང་ཨོཾ་ཡོངས་སུ་

གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རྃ་ཡོངས་སུ་གྱུར་པ་ལས་མེ་ལྷ་བསྒོམས་ལ་གཞན་པ་མེ་ལྷ་སྔགས་ཀྱིས་སྤྱན་དྲངས་ཏེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་དྭི་ཛ་རྀ་ཥི་སཏྟ་མ། པ་རི་གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏི་མ་ཧཱ་རསྨིནྶནྣི་ཧི་ཏོ་བྷ་བ། མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཨགྣ་ཡེ་དཱི་
བྱ་དཱི་པྱ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧཱ་བྱ་ཀཱ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། མེ་ལྷའི་སྔགས་སོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཞལ་དཀར་ཟླུམ་པ། ཕྱག་བཞི་པ་འབར་བའི་སྤྱན་གསུམ་པ། མེ་ལྷ་བཟང་པོ་སྟོན་ཀའི་ཟླ་བའི་འོད་འདྲ་བ། དྲི་མ་མེད་པ་བདུད་རྩིའི་རྒྱུན་འབབ་ཅིང་ཞི་བ།
དབྱུ་གུ་དང་། རིལ་བ་སྤྱི་བླུགས་དང་། ཕྲེང་བ་དང་། མཆོག་སྦྱིན་པ་འཆང་བར་བསམ་ལ་མཆོད་ཡོན་སྦྱིན་ལ་སྔོན་དུ་བསྟན་པའི་སྣོད་དུ་མཆོད་པ་རྣམ་པ་ལྔ་དང་བཅས་པས་དེའི་ཞལ་དུ་དགང་བླུགས་གསུམ་དབུལ་བར་བྱའོ། །ཡང་ཆུ་བསངས་ལ། ཞི་བ་ལ་ནི་འབར་བའི་ངོ་བོ་
ཉིད་དུ་ཡོངས་སུ་གྱུར་ནས་གཞན་ཡང་དེ་ཉིད་དུ་ལྷ་མོ་འོད་ཟེར་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ། སྟོན་ཀའི་ཟླ་བ་ལྟ་བུ་དཀར་ཞིང་གཞོན་ནུ་མ་ལ་ཨུཏྤ་ལ་སྔོན་པོའི་སྤྱན་ཅན་ན་བཟའ་དཀར་པོ་འཆང་བ། ཞི་བ་ལ་ནི་སྣ་ཚོགས་པའི་ངོ་བོ་བདུད་རྩིའི་བུམ་པ་འཆང་ཞིང་འབབ་ལ། འབར་
བའི་མེ་ཏོག་ལྷ་བཞེངས་པ་ལྟ་བུ་གཞོན་ནུ་མ་འགྲོ་བ་ལ་བདུད་རྩིའི་རྒྱུན་གྱིས་འབབ་བཞིན་པའི་ལྷ་མོ་བསམ་ལ་དེའི་ཞལ་དུ་དགང་བླུགས་དབུལ་བར་བྱའོ། །ཕྱུགས་ཀྱི་མགོ་སྤུ་དང་རུས་པ་དང་། དཱུར་བ་དང་ལྡན་པས་ཞོ་དང་། སྦྲང་རྩི་དང་། མར་དང་། འོ་མ་དང་བསྲེས་ལ་ལན་སྟོང་
ཕྲག་བརྒྱ་སྦྱིན་སྲེག་བྱའོ། །གཞན་ཡང་གནག་ལྷས་ནས་ཕྱིར་སོང་ལ་འབྱུང་པོ་ཐམས་ཅད་པའི་གཏོར་མ་མཆོད་པ་ལྔ་དང་བཅས་པ་ཞོ་དང་། ཞོ་ཐུག་དང་། འོ་མ་དང་། འབྲས་ཀྱི་ཕྱེ་མ་བུ་རམ་དང་བསྲེས་པའི་གོང་བུ་བྱས་ལ་སྙིང་པོ་གསུམ་གྱི་མར་དང་། འབྲས་དང་། སྲན་མ་མ་
ཥ་དང་། ཆང་དང་། ཤ་དང་། ཉ་དང་། ནང་དུ་སྲན་མ་བླུགས་པའི་ཁུ་བ་དང་། སྲན་མ་མ་ཥ་དང་བུ་རམ་དང་བསྲེས་པའི་ཁུར་བ་དང་། བཅས་པ་ལ་ལན་བདུན་དུ་མངོན་པར་བསྔགས་ཏེ་སྦྱིན་པར་བྱའོ། །འོ་ཐུག་ནི་ཀླུ་རྣམས་ལའོ། །ཞོ་དང་འོ་མ་ནི་ལྷ་མ་ཡིན་རྣམས་ལའོ། །ཞོ་དང་

འོ་མ་ནི་ལྷ་རྣམས་ལའོ། །སྙིང་པོ་གསུམ་གྱི་མར་ནི་གནོད་སྦྱིན་རྣམས་ལའོ། །འབྲས་ཀྱི་ཕྱེ་མ་བུ་རམ་དང་བསྲེས་ཏེ་གོང་བུ་བྱས་པ་ནི་ཚོགས་ཀྱི་བདག་པོ་ལའོ། །ཁུར་བ་ནི་ཤ་ཟ་རྣམས་ལའོ། །འབྲས་དང་མ་ཤམ་བསྲེས་པ་ནི་འབྱུང་པོ་རྣམས་ལའོ། །ཤ་ནི་
སྲིན་པོ་རྣམས་ལའོ། །ཉ་ནི་ཡི་དགས་རྣམས་ལའོ། །ཨོཾ་བྷཱ་བ་ཁཱ་ཧི་ཁཱ་ཧི་གྲྀཧྞ་གྲྀཧྞ་ཧཱུཾ་སརྦ་བྷཱུ་ཏ་བ་ལིཾ་སྭཱ་ཧཱ། ཡང་ལྷའི་ཁང་པར་བཞུགས་ཏེ། སྔགས་བརྒྱད་བརྒྱ་བཟླས་ཏེ་བུམ་པ་ཆུས་བཀང་བ་ཁྱུ་མཆོག་ལ་གཏོར་བར་བྱའོ། །དེས་ནི་ཅེ་སྤྱང་གི་ཉེ་བར་འཚེ་བ་ཞི་བར་འགྱུར་རོ། །
དེ་ལྟར་བྱས་ཏེ་དུས་གསུམ་དུ་ཞི་བའི་བཟླས་པས་སྦྱིན་སྲེག་ཞག་བདུན་དུ་བྱས་ན་ཞི་བར་འགྱུར་རོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་གཉིས་སྦྱར་བ་འམ། རྩེ་མོ་ཁ་ཕྱེ་ཡང་རུང་སྟེ་མཐེ་བོང་གཉིས་བཀུག་ལ། གུང་མོ་ལ་སྡིགས་མཛུབ་གཉིས་
འཁྲིལ་བའི་ཚུལ་དུ་སྦྱར་བའི་རྣམ་པས་མཚན་པའོ། །སྐྱིལ་ཀྲུང་དུ་འདུག་སྟེ་ལྟེ་བའི་ཕྱོགས་སུ་བདུག་པར་བྱའོ། །ཕྱག་རྒྱ་འདི་ནི་མཆོག་ཡིན་ཏེ། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །གླང་པོ་ཆེ་དང་རྟ་དང་ཕྱུགས་དང་། མ་ཧེ་དང་མི་དང་མི་མོ་དང་། རྒྱལ་པོ་དང་བྱིས་
པ་རྣམས་ནི་འདིས་ཐེ་ཚོམ་མེད་པར་ཞི་བར་འགྱུར་རོ། །དེ་ནས་སྦྱིན་སྲེག་གི་ཐབ་ཁུང་གི་མཚན་ཉིད་ཡིན་ཏེ་ཞི་བ་ལ་ནི་པདྨ་དཀར་པོའི་རྣམ་པ་སྡོང་བུ་བཅས་པ་ཟླུམ་པོ་ཡིན་ནོ། །དབུས་ཀྱི་པདྨ་ལ་རྡོ་རྗེས་མཚན་པ་ཁ་ཁྱེར་ཟླུམ་པོ་ལ་རྡོ་རྗེའི་ཕྲེང་བས་བརྒྱན་ཅིང་བསྐོར་བའོ། །ཁྲུ་གང་ཙམ་
བརྐོས་པའི་ཐབ་ཁུང་དུ་པ་ལ་ཤ་དང་། ནྱ་གྲོ་དྷའི་ཡམ་ཤིང་བྱས་ལ་དཱུར་བ་ཉག་མ་རེ་རེའི་སྦྱིན་སྲེག་བྱའོ། །ཚེ་འདོད་པ་དང་ཞི་བར་འདོད་པས་མང་ས་བེ་དའོ་ཞེས་བྱ་བའི་མེ་ལྷ་ཐམས་ཅད་དཀར་བའི་རང་བཞིན་ནི་ཞི་བ་ལ་བསྲེག་པར་བྱའོ། །རྒྱས་པ་ལ་ནི་གྲུ་བཞི་པ་ཁ་ཁྱེར་སོར་
བཞི་པ་ལ་རྡོ་རྗེའི་ཕྲེང་བས་བརྒྱན་ཅིང་པདྨ་དང་འཁོར་ལོ་དང་། རིན་པོ་ཆེས་ཡང་དག་པར་བརྒྱན་པ་ཐབ་ཁུང་གི་མཚམས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་ལ་ཨརྒ་དང་། ཨུ་དུམ་བཱ་རའི་ཡམ་ཤིང་གིས་ཀུ་མུ་ད་དང་ཨུཏྤ་ལ་དང་པདྨ་དཀར་པོ་དང་ཞོ་དང་མར་དང་། སྦྲང་རྩི་དང་བསྲེས་

པའི་རྫས་ཀྱིས་གསེར་ལྟ་བུ་བྱུགས་ཤིང་སེར་བའི་མེའི་ལྷ་ལེགས་པར་བརྒྱན་པའི་གནས་པར་བསམས་ལ་ཉེ་བར་མཁོ་བ་ཐམས་ཅད་སེར་པོ་ནི་རྒྱས་པ་ལ་དྲན་པར་བྱའོ། །ཡང་དབང་ལ་ནི་གྲུ་གསུམ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་ལྟ་བུའི་ཐབ་ཁུང་དེའི་དབུས་སུ་ཡང་པདྨ་བྱང་ཆུབ་ཀྱི་ཤིང་
གི་ལོ་མ་ལྟ་བུ་དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ། ཁ་ཁྱེར་ལ་རྡོ་རྗེ་ལྕགས་ཀྱུའི་ཕྲེང་བས་རྣམ་པར་བརྒྱན་པ། བྱང་ཆུབ་ཀྱི་ཤིང་གིས་ཡམ་ཤིང་བྱས་ལ་ཏིལ་དང་། ཚྭ་དང་། སྐེ་ཚེའི་རྫས་དང་གོས་དམར་པོ་དང་ཕྲེང་བ་དམར་པོ་དང་། ཙནྡན་དམར་པོ་དང་། ཀ་མ་ཏོ་ཞེས་བྱ་བའི་
མེ་ལྟ་བནྡུ་ཀ་དང་། ཛཱ་མའི་མེ་ཏོག་ལྟ་བུ་ལ་དམར་པོ་བསམ་མོ། །མངོན་སྤྱོད་ལ་ནི་ཟླ་ཕྱེད་ཀྱི་རྣམ་པ་ལྟ་བུའི་ཐབ་ཁུང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བརྒྱན་པ། དབུས་སུ་རྡོ་རྗེ་ཁ་ཕྱེ་བའོ། །རོ་བསྲེགས་པའི་ཤིང་དང་གཏུམ་མོའི་མེ་ལ་མི་ཤ་དང་། མིའི་རུས་པའི་ཕྱེ་མ་དང་།
མིའི་ཚིལ་དང་བསྲེས་པའི་རྫས་ནི་མངོན་སྤྱོད་ལ་ལྟ་སྟེ། ཀྲོ་དྷ་ན་ཞེས་བྱ་བའི་མེ་ལྷ་ནག་པོ་གོས་ནག་པོ་འཆང་བ་མཆེ་བ་གཙིགས་པའི་ཞལ་འཇིགས་པར་བྱེད་པ། འཇིག་པར་བྱེད་པའི་བསྐལ་པའི་མེ་ལྟ་བུ་ལངས་པའི་རང་བཞིན་ནོ། །སྒྱུ་མ་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་
ཕྱུང་བ་རྟོག་པའི་རྒྱལ་པོ་ཡང་དག་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་དུ་ཇི་སྙེད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་མཱ་རཱི་ཙྱཻ་མཎྜ་ལ་བི་དྷི་མཱ་རཱི་ཙྱཻ་ཛཱ་ཏ་དྭཱ་ད་ཤསྟ་སྲཱ་དུཏྟྷྲྀ་ཏཾ་ཀལྤ་ཧྲྀ་ད་ཡ་ས་པྟ་ཤ་ཏ་ནཱ་
མ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་འོད་ཟེར་ཅན་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བའི་རྟོག་པའི་སྙིང་པོ་བདུན་བརྒྱ་པ་ཞེས་བྱ་བ། ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །སྒྱུ་མའི་མིང་ལྷ་མོ་འོད་ཟེར་ཅན་འབྱུང་བ་ཞེས་བྱ་བའི་རྒྱུད་
ལས་འོད་ཟེར་ཅན་འབྱུང་བའི་དཀྱིལ་འཁོར་ཡང་དག་པར་རྒྱལ་བས་གསུངས་པ་བརྗོད་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །ལྷ་རྫས་དཀྱིལ་འཁོར་འདི་ཉིད་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་བརྒྱན་ཅིང་། །དྲ་བ་དྲ་བ་ཕྱེད་ཀྱིས་སྤྲས། །

ཀ་བ་བརྒྱད་ཀྱིས་མཛེས་པ་སྟེ། །རྡོ་རྗེ་རིན་ཆེན་ཟླ་ཕྱེད་ནི། །འོད་ཟེར་ཕྲེང་བས་མཚམས་ཆར་བྲི། །དབུས་སུ་འཁོར་ལོ་ཡང་ནི་བྲི། །རྡོ་རྗེ་བརྒྱད་ཀྱི་འོད་ཕྲེང་ཅན། །འཁོར་ལོའི་སྟེང་དུ་རྡོ་རྗེ་སྟེ། །རྡོ་རྗེ་ཕྲེང་བས་བསྐོར་བའོ། །ལྷ་རྫས་འབར་བ་ཡི་ནི་མེ། །
སྟོན་ཀའི་ཟླ་བ་དྲི་མེད་འོད། །བུམ་པ་བརྒྱད་ནི་གཞག་པ་སྟེ། །སྨན་ཆེན་པོ་ལྔ་དང་། འབྲུ་སྣ་ལྔ་དང་། རིན་པོ་ཆེ་སྣ་ལྔ་དང་། དྲི་ཞིམ་པོའི་ཆུས་བཀང་ལ་གོས་གཉིས་ཀྱིས་ཡོངས་སུ་དཀྲིས་ཏེ། ཙནྡན་དཀར་པོས་ཡན་ལག་བྱུགས་ལ་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། སྣ་ཚོགས་
པའི་བཟའ་བའི་ལྷ་བཤོས་དང་མར་མེའི་ཕྲེང་བས་ལེགས་པར་བརྒྱན་ནོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་བརྒྱད་བརྒྱ་སྔགས་ཏེ། སྨན་ཆེན་པོ་ལྔ་དང་རིན་པོ་ཆེ་སྣ་ལྔ་དང་། གོས་ལ་སྟེ་དཀར་པོ་དང་། སེར་པོ་དང་དམར་པོ་དང་ལྗང་གུ་དང་སྔོན་པོས་བརྒྱན་ཅིང་བཞག་
གོ། །མེད་ན་ཡང་རས་ཡུག་ཟུང་གཅིག་གིས་བྱ་ཞིང་བླ་རེ་བརྐྱང་བ་ཉིད་དང་། སྣ་ཚོགས་པའི་རྒྱལ་མཚན་ལ་མེ་ཏོག་གི་ཕྲེང་བས་དཔྱངས་ཏེ་དྲི་ཞིམ་པོའི་བདུག་སྤོས་ཀྱིས་བདུགས་ལ་སློབ་མ་དེ་རུ་གཞག་པར་བྱའོ། །གོས་ཟུང་གིས་གདོང་དཀྲིས་ལ་དེ་ནས་མགོ་ལ་ཐོད་ཀྱི་རྣམ་པ་
ཡོངས་སུ་བཅིང་ལ་ཙནྡན་གྱིས་ཡན་ལག་བྱུག་ཅིང་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ་དབང་བསྐུར་བར་བྱའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཉེ་བར་མཁོ་བ་རྣམས་ལ་མངོན་དུ་བསྔགས་པ་བྱས་ལ་དེ་ནས་དབུས་སུ་མིང་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་འཛམ་བུའི་ཆུ་བོའི་གསེར་ལྟ་བུའི་འོད་བྱེ་བ་ལྟ་བུའི་
སེར་མོ། སྐུ་ལ་གོས་སྔོན་པོ་འཆང་ཞིང་ཤང་འགག་དང་སྟོད་གཡོགས་སྔོན་པོ། སྣ་ཚོགས་པའི་གདུ་བུ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ་དབུས་སུ་དགོད་དེ། ཕྱག་དྲུག་པ་ཞལ་གསུམ་པ། སྤྱན་གསུམ་གསུམ་པ་ཕག་པ་ལ་ཞོན་པ་མཆོད་རྟེན་སྤྱི་བོར་སྐྱེས་
པའི་མགོ་སྐྱེས་ཅན་ཕྱག་གཡོན་པ་ན་གཞུ་དང་། སྐུད་པ་དང་མྱ་ངན་མེད་པའི་ཡལ་ག་བསྣམས་པ། ཕྱག་གཡས་པ་ན་མདའ་དང་། རྡོ་རྗེ་དང་། ཁབ་བསྣམས་པའི་ཕྱག་རྒྱ་ཅན་མཆོད་རྟེན་གྱི་ཁོངས་སུ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པའོ། །ཨོཾ་ཨརྐྐ་མ་སི་སྭཱ་ཧཱ་ཞེས་

བྱ་བ་ནི་ཤར་ཕྱོགས་སུ་དགོད་དོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཆར་ཀའི་ཉི་མ་ལྟ་བུ་གཞོན་ནུ་མ་ལང་ཚོ་ལ་བབ་པ། སྔོན་པོའི་ཤང་འགག་ཡོད་པ། ཁབ་དང་སྐུད་པའི་ཕྱག་གིས་ཁ་དང་མིག་འདྲུབ་པའི་ཕྱག་གཉིས་པའོ། །ལྷོ་ཕྱོགས་སུ་གནས་པའི་ལྷ་མོ་ནི་ཨོཾ་མརྐྐ་མ་
སི་སྭཱ་ཧཱ་ཞེས་བྱ་བ་ནི་གེའུ་རི་གསེར་གྱི་མདོག་ཅན་གཞོན་ནུ་མའི་རྣམ་པ་འཆང་བ་གོས་སྔོན་པོ་དང་། ཤང་འགག་སྔོན་པོ་དང་སྟོད་གཡོགས་སྔོན་པོ་ཅན། མྱ་ངན་མེད་པའི་ཡལ་ག་དང་། ཁབ་དང་སྐུད་པ་བསྣམས་པའི་ཕྱག་གཉིས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་
བར་བྱ་བ་ནི་ལྷོ་ཕྱོགས་ཀྱི་ལྷ་མོའོ། །ཨོཾ་ཨནྟརྡྷཱ་ན་མ་སི་སྭཱ་ཧཱ་ཞེས་བྱ་བ་ནི་ནུབ་ཕྱོགས་སུ་གནས་པའི་ལྷ་མོའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཞོན་ནུ་མ་ཞགས་པ་དང་། མྱ་ངན་མེད་པའི་ཡལ་ག་བཟུང་བ་མདོག་སེར་བ། སྔོན་པོའི་གོས་དང་ཤང་འགག་དང་སྟོད་གཡོགས་ཅན་
ཕག་པ་ལ་བཅིབས་པ་ཕྱག་གཉིས་པ་མེ་ལྟ་བུ་འབར་བ་ནུབ་ཕྱོགས་སུ་ཡང་དག་པར་གནས་སོ། །ཨོཾ་ཏེ་ཛོ་མ་སི་སྭཱ་ཧཱ། བྱང་ཕྱོགས་སུ་གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མདོག་དམར་བ་སྔོན་པོའི་ཤང་འགག་དང་སྟོད་གཡོགས་དང་གོས་འཆང་བ་ཕྱག་གཉིས་པ་
མདའ་དང་གཞུ་བསྣམས་པའི་ཕྱག་ཅན། གོ་རིམས་བཞིན་དུ་བྱང་གི་ཕྱོགས་སུ་གནས་བརྒྱད་དུ་ལྷ་མོ་དགོད་པར་བྱའོ། །ཨོཾ་ཨུཏྟ་ཡ་མ་སི་སྭཱ་ཧཱ་མེའི་ཕྱོགས་སུའོ། །ཨོཾ་གུལྨ་མ་སི་སྭཱ་ཧཱ། བདེན་བྲལ་གྱི་ཕྱོགས་སུའོ། །ཨོཾ་བ་ནཱ་མ་སི་སྭཱ་ཧཱ། རླུང་དུའོ། །ཨོཾ་ཙི་བ་ར་མ་སི་སྭཱ་ཧཱ། དབང་
ལྡན་དུ་ཇི་ལྟ་བའི་རིམ་པས་དེ་ལྟར་གོ་རིམས་བཞིན་དུ་ལྷ་མོ་དགོད་པར་བྱའོ། །དེ་བཞིན་དུ་དེ་ཐམས་ཅད་ཉིད་དེ་ནི་ཕག་པའི་ཞལ་གཟུགས་གཅིག་པ་སྟོབས་ཆེ་བའོ། །ཕག་པ་ཡོངས་སུ་མྱུར་བ་སྔོན་དུ་སོང་བས་ཇི་ལྟ་བའི་ལས་ཀྱི་རྗེས་སུ་འབྲང་སྟེ་བསམ་པར་བྱའོ། །དེ་ལྟར་ཤར་གྱི་སྒོ་
རུ་ཨོཾ་ཨཱ་ལོ་སྭཱ་ཧཱ་ཞེས་བྱའོ། །ལྷོའི་སྒོར་ཨོཾ་ཏཱ་ལོ་སྭཱ་ཧཱ་ཞེས་བྱའོ། །ནུབ་ཀྱི་སྒོར་ཨོཾ་ཀཱ་ལོ་སྭཱ་ཧཱ་ཞེས་བྱའོ། །བྱང་གི་སྒོར་ཨོཾ་སཙྪ་ལོ་ས་མ་ས་མཱུར་ཏཱི་སྭཱ་ཧཱ། མེ་ལྷའི་མཚམས་སུ་ཨོཾ་བཏྟྭ་ལི་སྭཱ་ཧཱ་ཞེས་བྱའོ། །བདེན་བྲལ་དུ་ནི་ཨོཾ་བ་དཱ་ལི་སྭཱ་ཧཱ་ཞེས་བྱའོ། །རླུང་དུ་ནི་ཨོཾ་བ་རཱ་

ལི་སྭཱ་ཧཱ་ཞེས་བྱའོ། །དབང་ལྡན་དུ་ནི་ཨོཾ་བ་རཱ་ཧ་མུ་ཁི་སྭཱ་ཧཱ་ཞེས་བྱའོ། །ལྷོའི་སྣམ་བུ་ལ་གཉིས་ཏེ། ཨོཾ་བ་དཱ་ཀྲ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་བ་རཱ་ལི་སྭ་ཧ་ཞེས་བྱའོ། །ནུབ་ཀྱི་སྣམ་བུ་ལ་ཡང་གཉིས་ཏེ། ཨོཾ་པ་རྭ་ཀྲ་མ་སི་སྭཱ་ཧཱ་
ཞེས་བྱ་བ་དང་། ཨོཾ་བ་རཱ་ལི་སྭཱ་ཧཱ་ཞེས་བྱའོ། །བྱང་གི་སྣམ་བུ་ལ་ཡང་གཉིས་ཏེ། ཨོཾ་གུལྨ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་བ་རཱ་ལི་སྭཱ་ཧཱ་ཞེས་བྱའོ། །ཤར་གྱི་སྣམ་བུ་ལ་ཡང་གཉིས་ཏེ། ཨོཾ་མ་ཧཱ་ཙི་བ་ར་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་བ་རཱ་ཧ་མུ་
ཁི་སྭཱ་ཧཱ་ཞེས་བྱ་བའོ། །འདིར་ཤར་ལ་སོགས་པའི་སྒོ་སྐྱོང་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མདོག་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་མཚན་མ་བསྣམས་པ་བཏྟྭ་ལི་ལ་སོགས་པ་ནི་ཨརྐྐ་མ་སི་ལ་སོགས་པ་དང་མདོག་ཀྱང་འདྲ་ཞིང་མཚན་མ་ཡང་
འདྲ་བར་འཆང་བའོ། །ལྷོ་ཕྱོགས་ལ་སོགས་པའི་སྣམ་བུ་ལ་ལྷ་མོ་གཉིས་ནི་དེ་བཞིན་གཤེགས་པའི་མདོག་སྟེ་རིམ་པ་ཅི་ལྟ་བ་བཞིན་དུ་རྡོ་རྗེ་དང་། མྱ་ངན་མེད་པའི་ཡལ་ག་དང་། མདའ་དང་། གཞུ་དང་། ཁབ་དང་། སྐུད་པ་དང་། ལྕགས་ཀྱུ་དང་ཞགས་པ་འཆང་བ་ཐམས་ཅད་ཀྱང་
ཕག་གི་ཞལ་ཅན། སྤྱན་གསུམ་པ་ཕག་པ་ལ་ཞོན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ལྟར་བསྒོམས་པའི་དཀྱིལ་འཁོར་ནི་སྡིག་པ་ཐམས་ཅད་སེལ་ཞིང་དཔལ་དང་གཡང་འཆང་ཞིང་ནོར་དང་འབྲུ་སྐྱེད་པར་བྱེད་པ། དགེ་བ་ཡིད་ལ་འདོད་པའི་འབྲས་བུ་ནི་
རྟག་ཏུ་བཟླས་པ་ཙམ་གྱིས་འགྲུབ་པར་བྱེད་དོ། །དེ་ནས་གཞན་ཡང་ལས་འདི་ཡིན་ཏེ། ཨོཾ་མཱྃ་གི་ས་བོན་མཆོག་ཏུ་གྱུར་པའི་ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། སྔགས་འདི་ཡིས་ལས་ཐམས་ཅད་བྱའོ། །ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགུག་པའི་སྔགས་ནི་
དྲི་དང་སྤེལ་བར་བྱ་སྟེ། སྙིང་གར་ཧཱུཾ་གིས་གསལ་བར་བྱ་ཞིང་མགལ་མེའི་འཁོར་ལོ་ལ་བཞོན་པ། ལྕགས་ཀྱུ་དང་ཞགས་པས་འགུགས་བཞིན་པ་བསམས་ན་དཔག་ཚད་བརྒྱ་ན་ཡོད་པའི་ལྷ་རྫས་ཀྱི་བུད་མེད་ཀྱང་འགུགས་པར་བྱེད་དོ། །དེ་ནས་རྒྱལ་པོ་དབང་དུ་བྱེད་པར་འདོད་ན་

ཚ་བའི་རང་བཞིན་གྱིས་གཟུགས་བརྙན་བྱས་ལ། དེས་དུས་གསུམ་དུ་མེ་ལ་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་མཐོང་ཞིང་ཡིད་ཆེས་པར་དབང་དུ་བྱེད་དོ། །ཞི་བར་བྱེད་པར་འདོད་པ་ནི་དཱུར་བ་ལ་སྨྱུགས་པས་བྱའོ། །ཚེ་རིང་བར་འདོད་པ་ནི། ཨུ་དུམ་བཱ་ར་དང་བྱང་ཆུབ་ཀྱི་ཤིང་དང་། ནྱ་གྲོ་
དྷ་དང་། པ་ལ་ཤའི་ཡམ་ཤིང་གིས་མེ་སྦར་ལ་མྱ་ངན་མེད་ཀྱི་མེ་ཏོག་མངར་གསུམ་གྱི་ནང་དུ་བླུགས་ཏེ། འབུམ་ཕྲག་གཅིག་ཏུ་སྦྱིན་སྲེག་བྱའོ། །རྒྱལ་པོ་དབང་དུ་འགྱུར་ཏེ་ཞག་བདུན་གྱིས་མཐོང་ཞིང་ཡིད་ཆེས་པར་འགྱུར་རོ། །གོས་ཐོད་དུ་བཅིངས་པ་ཡང་རྙེད་དོ། །དེ་ནས་
གཞན་ཡང་ལས་ནི་བ་གླང་སེར་སྐྱའི་རྭ་གཡས་པའི་ཕྱི་ཤུན་ནི་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་དག་ཕག་པའི་རྣ་བ་གཡོན་པའི་ཁྲག་དང་མིག་སྨན་ཆ་མཉམ་པར་བྱས་ཏེ། ཨོཾ་མཱ་རཱི་ཙྱཻ་ཨཱནྡྷཀྫཱ་ན་མ་སི་སྭཱ་ཧཱ་ཞེས་བྱའོ། །ཟླ་བ་གཟས་བཟུང་བའི་དུས་སུ་ཇི་སྲིད་མ་བཏང་གི་བར་དུ་
བཟླས་ན་འགྲུབ་པར་འགྱུར་རོ། །དེའི་མིག་ལ་བསྐུས་པ་ཙམ་གྱིས་མི་མཐོང་བར་འགྱུར་རོ། །བྱི་ལ་ནག་མོའི་དྲི་མ་དང་། བྱི་མ་ལ་དང་མིག་སྨན་ལ་ལྕགས་གསུམ་གྱིས་དཀྲིས་ལ་ཟླ་བ་གཟས་བཟུང་བའི་དུས་སུ་ཁར་བཅུག་སྟེ་བཟླས་པ་བྱའོ། །ཅི་སྲིད་དུ་མ་བཏང་གི་བར་དུ་
བྱས་ན་དེ་ནས་འགྲུབ་པར་འགྱུར་རོ། །མི་མཐོང་བ་ལ་འདི་ནི་མཆོག་སྟེ། དེ་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་
དབང་དུ་འགྲོ་བར་མི་འགྱུར་རོ། །ཨོཾ་མཱ་རཱི་ཙྱཻ་ཨནྟརྔྷཱན་སྭཱ་ཧཱ། མི་མཐོང་བར་བྱེད་པ་རྣམས་ཀྱིས་ལས་ལ་སྦྱར་བར་བྱའོ། །དེ་ནས་ཐབ་ཁུང་གི་མཚན་ཉིད་སྟོན་པ་ཡིན་ཏེ། ཁྲུ་གང་ཙམ་གྱི་ཐབ་ཁུང་ལ། །སོར་བཞི་པ་ཡི་ཁ་ཁྱེར་བྱ། །རྡོ་རྗེ་ཕྲེང་བས་བསྐོར་བ་ཡིས། །ཐབ་ཀྱི་
དབུས་སུ་པདྨ་བྲི། །པདྨའི་དབུས་སུ་རྡོ་རྗེ་བྲི། །དེ་ནས་པདྨའི་རྣམ་འགྱུར་བའི། །བློ་ལྡན་སྟོང་བཅས་ཐབ་ཁུང་བྱ། །དེ་ནས་ཀུ་ཤ་ཕྱོགས་བཞིར་བཀྲམ་ལ་གཡོན་དུ་ཆུའི་སྣོད་གཞག་ཅིང་། གཡས་སུ་ཉེ་བར་མཁོ་བ་ཐམས་ཅད་གཞག་གོ། །ཨོཾ་མཱ་རཱི་ཙྱཻ་ཧཱུཾ་ཕཊ་

སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་ནི་ཆུ་ལ་མངོན་པར་བསྔགས་ལ་བསང་བར་བྱའོ། །བགེགས་ཐམས་ཅད་བསྐྲད་ལ་དེ་ནས་མེ་ལྷ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་ག་ན་རྀ་ཥི་དྭི་ཛ་སཏྟ་མ་གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏི་ཨཱ་ཧཱ་ར་ཨ་སྨིནྶནྣི་ཧི་ཏོ་བྷ་བ་ཨོཾ་ཨགྣ་ཡེ་ཏྲི་ཕ་ཏྲི་
སྭཱ་ཧཱ། ཨཱ་བི་ཤ་ཨཱ་བི་ཤ། མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ་པཱ་ཧ་ནཱ་ཡ་སྭཱ་ཧཱ། སྔགས་འདི་ཡིས་བཀུག་ནས་ཐབ་ཁུང་གི་དབུས་སུ་མེ་ལྷ་དགོད་པར་བྱ་བ་ནི་ཉི་མ་ལ་གནས་པ་སྤྱན་གསུམ་པ་ཕྱག་བཞི་པ་མཆོག་སྦྱིན་དང་རིལ་བ་སྤྱི་བླུགས་དང་། པདྨའི་ཕྲེང་བ་དང་། དབྱུག་པ་དང་། བགྲང་
ཕྲེང་བསྣམས་པའོ། །སྐྲ་ཁམ་པ་གྱེན་དུ་འབར་ཞིང་། མེ་ལྷ་བཟང་པོ་སྡིག་པ་ཐམས་ཅད་འཇོམས་པའི་མཆོག་སྟེ། དེ་ནས་དེའི་ཞལ་དུ་དགང་བླུགས་གསུམ་དབུལ་བར་བྱའོ། །དེ་ནས་ཕྱིས་བཀོད་པ་རྃ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པའོ། །དེ་ཉིད་ལ་ཨ་ཡོངས་
སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་མེ་འབར་བ་ལྟ་བུ་དང་། སྟེང་དུ་དགོད་པ་ནི་ལྷ་མོ་འོད་ཟེར་ཅན་སྔོན་བཞིན་བསམས་ལ། དེའི་ཞལ་དུ་དགང་བླུགས་དབུལ་བར་བྱའོ། །བདག་ཉིད་གལ་ཏེ་དངོས་གྲུབ་འདོད་ན་རྡོ་རྗེ་སློབ་དཔོན་གཙང་སྦྲ་དང་ལུས་ཁྲུས་བྱས་ཏེ་གོས་དཀར་པོ་གོན་པ་
ལ་ནི་ཞི་བའོ། །རྒྱས་པ་ལ་ནི་གོས་སེར་པོ་འཆང་བའོ། །དབང་ལ་ནི་གོས་དམར་པོ་འཆང་བའོ། །མངོན་སྤྱོད་ལ་ནི་གོས་ནག་པོ་འཆང་བའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་གདམས་ངག་གིས་རྟོགས་པར་བྱའོ། །དེ་ནས་ཞོ་དང་སྦྲང་རྩི་དང་། མར་ལ་སྨྱུགས་ལ་པདྨ་
འབུམ་ཕྲག་གཅིག་སྦྱིན་སྲེག་བྱའོ། །གལ་ཏེ་ས་གཞི་བདག་པོར་འདོད་པ་མ་ཡིན་ནའོ། །ཡང་ན་ཐང་སྐུའི་མདུན་དུ་པདྨ་འབུམ་ཕྲག་གཅིག་དབུལ་བར་བྱའོ། །དེ་ནས་འོད་ཟེར་ཅན་རང་གི་གཟུགས་ཀྱིས་མཐོང་བའམ། ཡང་ན་ཕུན་སུམ་ཚོགས་པ་ཆེན་པོ་ཐོབ་པར་འགྱུར་རོ། །
སྐྱེ་བ་འདི་ལ་བདེ་བ་ཐམས་ཅད་སྐྱེད་པར་བྱེད་པའི་མཆོག་གོ། །ཡང་ཀུ་མུ་ད་དང་ཨུཏྤ་ལ་འབུམ་ཕྲག་གཅིག་གིས་སྦྱིན་སྲེག་བྱས་ན་ཡིད་ལ་འདོད་པའི་ལོངས་སྤྱོད་ཐོབ་ཅིང་བཅོམ་ལྡན་འདས་མ་འདི་མཐོང་བར་འགྱུར་རོ། །གཞན་ཡང་ལས་ནི་ཨོཾ་མཱ་རཱི་ཙྱཻ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་

ཁི། སརྦ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ། བནྡྷ་བནྡྷ་སྭཱ་ཧཱ། ཞེས་བྱའོ། །འདི་ནི་གོས་ལ་ལན་བདུན་སྔགས་ལ་མདུད་པ་བྱས་ཏེ་སེང་ལྡེང་སོར་བཞི་པའི་ཕུར་བུ་རྣམ་པར་བཅུག་ནས་སོང་ན་རྐུན་མ་ལ་སོགས་པས་གླང་པོ་ཆེའི་རྒྱལ་པོ་མཆེ་བ་གཙིགས་པ་ལྟ་བུར་མཐོང་ཞིང་རྐུན་མ་ཐམས་ཅད་
བཅིངས་པར་འགྱུར་རོ། །སྐྱེ་འགྲོའི་ཚོགས་ཐམས་ཅད་རྗེས་སུ་ཆགས་ཤིང་རྨོངས་པར་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ནི་ཟངས་མའི་སྣོད་དུ་གཟུགས་བརྙན་ཉེ་བར་བྲིས་ལ་བ་བླ་དང་། ཡུང་བ་དང་མུ་ཟི་དང་སྔགས་སྤེལ་བས་སྣ་ཚོགས་རྡོ་རྗེས་བཀང་བས་མནན་པ་བྲི་བར་
བྱས་ན་འགྲོ་བ་དང་འོང་བར་ངེས་པར་བྱེད་དོ། །འདི་ནི་ཆུའི་སྟེང་དུ་བཞག་ན་མཐོང་བ་ལ་ཡིད་ཆེས་སོ། །དེ་ནས་གཞན་ཡང་སྦྱོར་བ་ནི་གིའུ་ཝང་དང་རྟའི་ཁྲག་གིས་ཟངས་མའི་སྣོད་ལ་གཟུགས་བརྙན་བྲིས་ལ་མིང་དང་སྔགས་སྤེལ་བར་སྙིང་གར་བྱས་ལ་ཆུའི་སྟེང་དུ་གཞག་
པར་བྱ་ཞིང་བཟླས་པ་བྱས་ན་དཔག་ཚད་སྟོང་ན་ཡོད་པ་ཡང་འགུགས་པར་འགྱུར་རོ། །རླུང་གི་དཀྱིལ་འཁོར་ལ་གནས་པ། ཞགས་པ་དང་ལྕགས་ཀྱུས་བཀུག་བཞིན་པར་སྐྱེས་པ་འམ་བུད་མེད་རྣམ་པར་བསམས་ན་འགུགས་པ་ལ་ཐེ་ཚོམ་མེད་དོ། །འོད་ཟེར་ཅན་འབྱུང་བའི་
དཀྱིལ་འཁོར་དུ་དབང་བསྐུར་བ་བླ་མ་དང་ལྷ་གཉིས་ལ་མཆོད་པར་བྱེད་ན་དེ་ལ་ལྷའི་གསང་སྔགས་ཡང་དག་པའི་རྒྱལ་བས་གསུངས་པ་འགྲུབ་པར་འགྱུར་རོ། །ཡི་གེ་བཞི་ཕྱོགས་བཞིར་རི་དང་འདྲ་བ་ཨིནྡྲ་ནཱི་ལའི་འོད་ཅན་དཔག་ཚད་སྟོང་དུ་ཁྱབ་པ་ལ་བཀོད་དེ་དེའི་དབུས་སུ་
ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་མཱྃ་ལས་ཡོངས་སུ་སྤྲུལ་པའི་བདག་ཉིད་ཤིན་ཏུ་སེར་ཞིང་ཐུ་བ་བརྫེས་པའི་གཟུགས་ཡིད་དུ་འོང་བ་གོས་ནག་པོ་འཆང་ཞིང་གོས་སྔོན་པོའི་ཤང་འགག་དང་སྟོད་གཡོགས་ཅན་ཕྱག་དྲུག་པ། ཕག་གི་ཞལ་གསུམ་པ། སྤྱན་གསུམ་གསུམ་
པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་ལ་མཆོད་རྟེན་བཀོད་པ། ཕྱག་གཡས་པ་ན་འབར་བའི་རྡོ་རྗེ་འོད་ཀྱི་ཕྲེང་བ་ཅན། མདའ་དང་། ཁབ་བསྣམས་པའོ། །གཡོན་པར་གཞུ་དང་། སྐུད་པ་དང་། མྱ་ངན་མེད་པའི་ཡལ་ག་བསྣམས་པའོ། །ཟླ་བ་ལ་ཕག་

པའི་ཤིང་རྟ་ལ་གསེར་གྱི་མདོག་ཤིན་ཏུ་མང་ཞིང་ལེགས་པའོ། །ནུབ་མོའི་དུས་སུ་ཟླ་བ་ལ་ཉིན་མོའི་དུས་སུ་ཉི་མ་ལ་གནས་པ་འགྲུབ་བཞིན་བལྟ་བ་བསམ་པར་བྱའོ། །ཨོཾ་པྃ་ཡྃ་རྃ་བྃ་མྃ། མ་མེ་པཱ་ཤཱྃཏུ་སྟ་སྭཱ་ཧཱ། ཨནྟརྡྷཱ་ན་མ་སི་སྭཱ་ཧཱ། སྔགས་བཟླས་
ཞིང་འགྲོ་ན་དེ་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །ལྡོང་རོས་དང་། གིའུ་ཝང་དང་།
མིག་སྨན་དང་བཅས་པས་ཏ་ཀ་རའི་བྱང་ཕྱོགས་ཀྱི་རྩ་བ་གཅེར་བུ་སྐྲ་གྲོལ་བར་གྱུར་པས་ཟླ་བ་འམ་ཉི་མ་གཟས་བཟུང་བའི་དུས་སུ་ཕྱུང་སྟེ། གོང་མ་དེ་དང་གཅིག་ཏུ་བྱས་ཏེ་རིལ་བུ་བྱས་ལ་ཉི་མ་དང་ཟླ་བ་དང་། མེའི་དབུས་སུ་བཅུག་སྟེ་ཁ་རུ་བཅུག་ནས་སྦས་ཏེ་ཉིན་མོ་དང་མཚན་མོ་མི་མཐོང་
བར་བྱེད་པའི་གཙོ་བོའི་རིལ་བུའོ། །ཨོཾ་ཡང་ནི་སྙིང་པོ་མཆོག་གོ། །སྙིང་པོའི་ལས་སྙིང་པོ་གསང་བ་ལས་ཤིན་ཏུ་གསང་བ། འདོད་པ་བཞི་སྦྱིན་པ་བསྐྱེད་པ་འདི་ལས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་བྱའོ། །དེ་ནས་གཞན་ཡང་སྦྱོར་བ་ནི་ཟླ་བའི་དབུས་སུ་བཅོམ་ལྡན་
འདས་མ་འོད་ཟེར་ཅན་ཟླ་བའི་གདན་ལ་བཞུགས་ཤིང་འཛམ་བུ་ནཱ་དའི་ཆུ་བོའི་གསེར་ལྟ་བུའི་འོད་དང་། འོད་ཟེར་ཅན་ཡིད་དུ་འོང་མ། ཞལ་རྔམ་སྤྱན་གསུམ་ཕྱག་དྲུག་མ། གོས་སྔོན་པོ་འཆང་ཞིང་སྔོན་པོའི་ཤང་འགག་དང་། སྟོད་གཡོགས་ཅན་དང་། སྣ་ཚོགས་རྒྱན་
ཐམས་ཅད་ཀྱིས་བརྒྱན་པ་དབུ་ལ་མཆོད་རྟེན་བཀོད་པ། ཞལ་དང་པོ་སེར་པོ་བཞད་པའི་ཞལ། གཡོན་པ་ཕག་ཞལ་ནག་པོ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། ལྕེ་འདྲིལ་ཞིང་དགྲ་བོ་ལ་ཁྲོ་གཉེར་བྱེད་ཅིང་འཇིགས་པར་བྱེད་ཅིང་གཡས་པའི་ཞལ་ནི་དཀར་པོ། སྟོན་ཀའི་
ཟླ་བའི་འོད་དྲི་མ་མེད་པ་ཅན་ནོ། །གཡོན་པའི་ཕྱག་ཏུ་གཞུ་དང་སྐུད་པ་དང་། ཤིང་མྱ་ངན་མེད་པའི་ཡལ་ག་དང་ལྡན་པའོ། །གཡས་པ་ན་མདའ་དང་། ཁབ་དང་རྡོ་རྗེ་གསོར་བ་ལ་དགྱེས་པ་དེ་ལྟ་བུའི་རྣམ་པར་བསྒོམ་མོ། །འདོད་པ་ཐམས་ཅད་སྟེར་བ་དོན་ཡོད་པ། དངོས་

གྲུབ་ཐམས་ཅད་སྟེར་བའོ། །དཀྱིལ་འཁོར་འདི་ནི་རྒྱལ་བས་བཀའ་སྩལ་པ་ཡིན་ནོ། །འོད་ཟེར་ཅན་འབྱུང་བ་ཞེས་བྱ་བའི་འོད་ཟེར་ཅན་འབྱུང་བའི་རྒྱུད་འདི་གསུངས་པ་ནི། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །གོས་ཟུང་གིས་ནི་དཀྲིས་པ་
ཡི། །བུམ་པ་བརྒྱད་དང་ཡང་དག་ལྡན། །ཙནྡན་དཀར་པོ་དག་དང་ནི། །མེ་ཏོག་ཕྲེང་བས་མཛེས་པ་སྟེ། །དཀྱིལ་འཁོར་མཆོག་ཏུ་གྱུར་པ་ནི། །ཚོན་སྣ་ལྔ་ཡིས་བྲི་བར་བྱ། །དེ་ཡི་དབུས་སུ་པདྨ་ནི། །འདབ་བརྒྱད་གེ་སར་དང་བཅས་པའོ། །མེ་ཏོག་ཕྲེང་བ་དྲ་ཕྱེད་དང་། །
དྲ་བ་རྟ་བབས་དག་དང་བཅས། །མར་མེ་བརྒྱད་དང་ཡང་དག་ལྡན། །སྣ་ཚོགས་བླ་རེ་བརྒྱན་བྱས་ཏེ། །པདྨའི་དབུས་སུ་ཡི་གེ་བྃ། །ཨོྃ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཨརྐ་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི་ཤར་ཕྱོགས་སུའོ། །ཨོཾ་མརྐ་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི་ལྷོ་
ཕྱོགས་སུའོ། །ཨོཾ་ཨནྟརྡྷཱ་ན་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི་ནུབ་ཕྱོགས་སུའོ། །ཨོཾ་ཏེ་ཛོ་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི་བྱང་ཕྱོགས་སུ་འདོད་པའོ། །ཤར་ལྷོ་མཚམས་སུ་ནི་ཨོཾ་པ་ཏཱ་ཀྲ་མ་སི་སྭཱ་ཧཱ་ཞེས་བྱའོ། །བདེན་བྲལ་དུ་ནི་ཨོཾ་ཨུརྨ་མ་སི་སྭཱ་ཧཱ། ཞེས་བྱའོ། །རླུང་དུ་ནི་ཨོཾ་བ་ནཱ་
ཡ་མ་སི་སྭཱ་ཧཱ་ཞེས་བྱའོ། །དབང་ལྡན་དུ་ནི་ཨོཾ་བི་པ་རི་མ་སི་སྭཱ་ཧཱ་ཞེས་བྱའོ། །སྟེང་དུ་མ་ཧཱ་ཙཱི་བ་ར་མ་སི་སྭཱ་ཧཱ། ཞེས་བྱའོ། །འོག་གི་ཆར་ནི་ཨོཾ་པ་རཱ་ཀྲ་མ་སི་སྭཱ་ཧཱ་ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་བཀོད་ལ་མཆོད་པ་བྱས་ན་འདོད་པ་ཐམས་ཅད་སྟེར་རོ། །སྔོན་དུ་
བསྟན་པའི་རིམ་པས་ཐང་སྐུ་འམ་ཡང་ན་བྲི་བར་བྱའོ། །སློབ་མ་ཁ་ཅིག་དཀྱིལ་འཁོར་དུ་དབང་བསྐུར་ན་དེ་ལ་དངོས་གྲུབ་ཐམས་ཅད་རིང་བ་མ་ཡིན་ནོ། །རང་གི་ནོར་རམ་རང་གི་ལུས་པོ་ཡང་དབུལ་བར་བྱའོ། །ཡི་གེ་བཞི་པའི་ཆོ་ག་རྫོགས་སོ།། །།ནམ་མཁའ་ལ་ཟླ་བ་
དང་ཉི་མ་མཆོད་རྟེན་གྱི་ནང་དུ་མཱྃ་ཡིག་ཡོངས་སུ་གྱུར་པ་ལས། བདག་ཉིད་གཞོན་ནུ་མ་གསེར་བཞུས་པ་ལྟ་བུ་ལེགས་ཤིང་སེར་བ། འཆར་ཀའི་ཉི་མ་ལྟ་བུ་འོད་གསལ་ཞིང་འབར་བ། འཕྲོ་བའི་འོད་ཟེར་སྟོང་གི་ཕྲེང་བ་ཅན། བནྡུ་ཀ་དང་། ཛ་མའི་མེ་ཏོག་ལྟ་བུ་དམར་པོའི་

གོས་འཆང་བ། སྣ་ཚོགས་དམར་པོའི་ཤང་འགག་དང་། སྟོད་གཡོགས་ཅན་དང་། གདུ་བུ་དང་། རྣ་རྒྱན་དང་། སྐ་རགས་གཡེར་ཀ་དང་ལྡན་པ། རྐང་གདུབ་བམ། སྣ་ཚོགས་ཀྱི་གདུ་བུའི་ཕྱག་རྒྱ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་
ལ་རྣམ་པར་སྣང་མཛད་བཞུགས་པ། མྱ་ངན་མེད་ཀྱི་ཕྲེང་བས་མགོ་བོ་ལ་བརྒྱན་པ། ཕྱག་བརྒྱད་པ། ཞལ་གསུམ་པ། སྤྱན་གསུམ་གསུམ་པ། གཡོན་པའི་ཕྱག་ན་གཞུ་དང་། མྱ་ངན་མེད་པ་དང་། སྐུད་པ་དང་། ཞགས་པའི་ཕྱག་ཅན་ནོ། །གཡས་ན་འབར་བའི་རྡོ་རྗེ་
དང་ཁབ་དང་ལྕགས་ཀྱུ་དང་། མཉམ་པར་མདའ་གསོར་བ་ལ་དགྱེས་པའོ། །ཞལ་དང་པོ་ནི་ཞི་བའི་ཞལ་ཕྱེ་བ། སེར་པོ་ལྟ་བུ་ཤིན་ཏུ་སེར་བ། ཨུཏྤ་ལ་ལྟ་བུའི་སྤྱན། ལི་ཁྲི་ཆ་ཕྲ་མོ་ཅན་བསྐུས་པ་ལྟ་བུའི་མཆུ། སྒེག་པ་དང་བཅས་ཤིང་ཡོངས་སུ་རོལ་བ། གཡོན་པའི་ཕྱོགས་
ཀྱི་ཞལ་ནི་ཁྲོ་བ་དང་བཅས་ཤིང་། ཞལ་འགྱུར་བ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། ཨིནྡྲ་ནཱི་ལ་ལྟ་བུའི་འོད་མུ་མེན་དང་འདྲ་བ། ཉི་མ་བཅུ་གཉིས་ཀྱི་འོད་དང་མཉམ་པར་ལྡན་པ། ཁྲོ་བ་དང་བཅས་པའི་ཁྲོ་གཉེར་གཙིགས་པ། ལྗགས་འདྲིལ་བ། འཇིགས་པ་ཡང་
འཇིགས་པར་བྱེད་པའོ། །གཡས་ཀྱི་ཞལ་ནི་ཤིན་ཏུ་དམར་བ། ལྷ་རྫས་ཀྱི་པདྨ་རཱ་གའི་འོད་ལྟ་བུ་འབར་བའི་མཆོད་རྟེན་གྱི་སྐེ་བ་ལ་གནས་པའི་ཤིང་མྱ་ངན་མེད་པའི་སྡོང་པོའི་ཡལ་ག་ལ། དམར་པོའི་མེ་ཏོག་གིས་ཡོངས་སུ་བརྒྱན་པ་ལ་དེའི་འོག་གི་རྩ་བར་རྣམ་པར་སྣང་མཛད། རལ་
པའི་ཅོད་པན་འཆང་བ། ཞི་བ་གསེར་ལྟ་བུའི་མདོག་སེར་བ་མགོན་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡོངས་སུ་འཆང་བཞིན་པ། ཕག་པའི་ཤིང་རྟ་རྟོག་པ། མཆོད་རྟེན་གྱི་ནང་དུ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པ། གཞོན་ནུ་མ་ལང་ཚོ་ལ་བབ་པ། དེའི་ཤིང་
རྟའི་མདུན་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཧ་ལས་ཡོངས་སུ་རྫོགས་པའི་འཕྲུལ་པའི་གཟའ་ཆེན་པོ་རཱ་ཧུ་ལ་ཉིན་མོའི་ཉི་མ་དང་མཚན་མོའི་ཟླ་བ་ཡོངས་སུ་འཛིན་པའོ། །ལྷ་མོ་བཞིས་ཡོངས་སུ་བསྐོར་བ་སྟེ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བ་ནི་སྔགས་སོ། །མདུན་དུ་གནས་

པའི་ཡང་དག་པར་བསྐུལ་བའི་ཤིང་རྟའི་མཆོག་ཕྱག་བཞི་པ། མདོག་དམར་བ་ཕག་པའི་ཞལ་གོས་དམར་པོ་འཆང་བ། དམར་པོའི་ཤང་འགག་དང་། སྟོད་གཡོགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁབ་དང་སྐུད་པར་བྱེད་པའི་ཤིང་རྟའི་མཆོག་ལས།
ལྕགས་ཀྱུས་བསྒྲུབ་བྱ་འགུགས་བཞིན་པ་དང་། ཞགས་པ་དང་། ཡལ་གའི་ཕྱག་ཅན་ནོ། །ཨོཾབཏྟྭ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས་ཡིད་ཀྱིས་འདོད་པའི་བུད་མེད་དམ། སྐྱེས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འགུགས་པར་
བྱེད་དོ། །ལྷོ་ཕྱོགས་ངོགས་སུ་གནས་པའི་ལྷ་མོ་ནི། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ཙཀྵུར་མུ་ཁཾ་བནྡྷ་བནྡྷ་མི་སྭཱ་ཧཱ། ཞེས་བྱ་བ་ནི་གདུག་པ་ཅན་གྱི་ཁ་འཆིང་བར་བྱེད་པའི་སྔགས་སོ། །ཕྱག་བཞི་པ། གསེར་གྱི་མདོག་གོས་དམར་པོ་འཆང་བ་དམར་
པོའི་ཤང་འགག་དང་སྟོད་གཡོགས་འཆང་བ་ཅན། མྱ་ངན་མེད་པའི་ཡལ་ག་དང་ཞགས་པའི་ཕྱག་ཅན། ཁབ་དང་སྐུད་པ་དང་དྲུབས་བཞིན་པ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བས་དབུ་ལ་བརྒྱན་པའོ། །ནུབ་ཕྱོགས་སུ་གནས་པའི་ལྷ་མོ་ནི། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་
མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། སྟཾ་བྷ་ཡ་སྭཱ་ཧཱ། རྒྱབ་ཏུ་གནས་པའི་ལྷ་མོ་ཕྱག་བཞི་པ་བསམ་པར་བྱའོ། །རྡོ་རྗེ་དང་། ཞགས་པ་དང་། ཡལ་ག་དང་། ཁབ་ཀྱི་ཕྱག་ཅན། གསེར་མདོག་གོས་དམར་པོ་འཆང་བ། ཤང་འགག་དང་སྟོད་གཡོགས་དམར་པོ་ཅན་གཞོན་ནུ་མ་རྒྱན་
ཐམས་ཅད་ཀྱིས་བརྒྱན་པ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བས་དབུ་ལ་བརྒྱན་པའོ། །ཨོཾ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚཱཾ་མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། བྱང་ཕྱོགས་སུ་གནས་པའི་ལྷ་མོ་ཕྱག་བཞི་པ་སྣ་ཚོགས་ཀྱིས་བརྒྱན་པ། གོས་དམར་པོ་འཆང་ཞིང་དམར་པོའི་
ཤང་འགག་དང་། སྟོད་གཡོགས་ཅན་ཉི་མ་འཆར་ཀ་ལྟ་བུའི་འོད་འཕྲོ་བ། འདོད་པའི་མེ་ལྟ་བུ་འབར་བ། གཡོན་པའི་ཕྱག་ཏུ་འབར་བའི་གཞུ་དང་། མྱ་ངན་མེད་བཟུང་བའི་ཕྱག་གི་གཡས་པའི་ཕྱག་ན་མདའ་དང་རྡོ་རྗེ་འོད་འཕྲོ་བའོ། །འཇིག་པའི་དུས་ཀྱི་བསྐལ་པའི་མེ་ལྟ་བུ་གནས་

པའི་ལྷ་མོ་སེམས་ཅན་ཐམས་ཅད་དབང་དུ་བྱེད་མ། རྩོམ་པའི་དང་པོ་ཉིད་དུ་འཕགས་པའི་དགེ་འདུན་ལ་སྟོན་མོ་བྱ་སྟེ། རས་སར་པ་ལ་བཅོམ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་གྱི་ཐང་སྐུ་ལྷ་བཟོ་མཁན་གསོ་སྦྱོང་ལ་གནས་པས་བྲི་བར་བྱའོ། །གུས་པ་དང་ལྡན་
པས་སྟེང་གཡོགས་ཡོད་པའི་ཕྱོགས་གཅིག་ཏུ་ཕྱིས་ནི་ཐང་སྐུ་རྫོགས་པར་བྱ་སྟེ། དགེ་སློང་མ་རྣམས་ལ་སྟོན་མོ་སྦྱིན་ཞིང་བུ་མོ་གཞོན་ནུ་མ་རྣམས་ལ་ཡང་སྟོན་མོ་སྦྱིན་ནོ། །དེ་ནས་རྫིང་བུ་འམ་རྒྱ་མཚོ་འམ། རི་བོ་འམ། དུར་ཁྲོད་དམ། ཤིང་ནྱ་གྲོ་དྷའི་རྩ་བ་འམ། སྐྱེད་མོས་ཚལ་
ལམ། ལྷ་ཁང་ངམ། ཁང་པ་རུ་གདུང་དང་བཅས་པའི་མཆོད་རྟེན་གྱི་ནང་དུ་སྐུ་གཟུགས་བཀྲམ་ལ་མཆོད་པ་རྣམ་པ་ལྔ་དང་བཅས་པས་ཡི་གེའི་གྲངས་ཀྱི་འབུམ་བཟླའོ། །དེ་ནས་དང་པོ་དང་། གཉིས་པ་དང་། གསུམ་པས་སྡིག་པ་འདག་པར་འགྱུར་རོ། །བཞི་པ་ནི་རྒྱ་
མཚོ་ལས་བརྒལ་བ་དང་། རི་བོ་ལ་གནས་པ་དང་། གཞོན་ནུ་མ་དང་ཕྲད་པ་མཐོང་ངོ་། །དེ་ནས་སྡིག་པ་དག་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །ལྔ་པ་ལ་མེ་མར་གྱི་རྩེ་མོ་འཕེལ་ཞིང་དྲི་ཞིམ་པོ་སྣ་ལ་བྲོའོ། །དྲུག་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་ངོ་། །བདུན་
པ་ལ་ནི་འོད་ཟེར་ཅན་མཐོང་བར་འགྱུར་རོ། །གང་གི་ཚེ་སྒྲུབ་པོས་རྟགས་འདི་རྣམས་མཐོང་ན་དེའི་ཚེ་སྔགས་གྲུབ་པ་བརྟན་པོར་གྱུར་པ་ཡིན་ནོ། །གང་གི་ཚེ་མི་དགེ་བའི་མཚན་མ་མཐོང་ན་དེའི་ཚེ་ནི་སྦྲུལ་དང་། སྤྲེའུ་དང་། བྱི་ལ་དང་། བོང་བུ་དང་། རྟ་དང་། གླང་པོ་ཆེ་དང་། མ་ཧེ་དང་།
ཁྱི་དང་། དེ་བཞིན་ཕན་ཚུན་དུ་འཐབ་བཞིན་པ་དང་། སྒྲུབ་པ་པོ་སྐྲག་བཞིན་པར་གལ་ཏེ་མཐོང་ན་དེའི་ཚེ་ཉིས་འགྱུར་གྱི་འབུམ་ཚོ་བཟླས་ན་དེའི་ཚེ་བཅོམ་ལྡན་འདས་མའི་གཟུགས་སུ་དངོས་སུ་མཐོང་སྟེ་དེ་ནས་རྟོག་པ་ལས་གསུངས་པའི་ལས་འགྲུབ་བོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ་ཞེས་བྱ་
བའི་སྔགས་འདི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །རྟག་ཏུ་བརྒྱ་ཕྲག་བརྒྱད་བཟླས་ན་འཛིན་བློ་རྣོ་བར་འགྱུར་ཞིང་གཞུང་སྟོང་ཕྲག་གཅིག་འཛིན་པར་འགྱུར་རོ། །ཚེ་རིང་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་འགྲུབ་ཅིང་དེ་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་

འགྱུར་རོ། །ཚེ་སྟོང་ཕྲག་གཅིག་འཕེལ་བ་ནི་ཁྲི་ཚོ་གཅིག་བཟླས་པས་གྲུབ་པ་ཐོབ་པར་འགྱུར་རོ། །མཚམས་མེད་པ་རྣམ་པ་ལྔ་བྱས་ཀྱང་བྱེ་བ་ཕྲག་གཅིག་བཟླས་ན་འགྲུབ་པར་འགྱུར་བ་ནི་ངེས་པར་ཡང་དག་པར་རྣམ་པར་སྣང་མཛད་ཀྱིས་གསུངས་པའོ། །མི་མཐོང་བ་
དང་། མིག་སྨན་དང་། མཆིལ་ལྷམ་དང་། རལ་གྲི་དང་། རིལ་བུ་དང་། གི་ཝང་དང་། མཁའ་སྤྱོད་དང་། དབང་དང་། དགུག་པ་དང་། བསྐྲད་པ་དང་། གསད་པ་དང་། དབྱེ་བ་དང་། རེངས་པ་དང་། རྨོངས་པར་བྱ་བ་དང་། བཅིང་བ་དང་། མནན་པ་
དང་། ཕུར་བུས་གདབ་པ་དང་། གནོད་སྦྱིན་མོ་དགུག་པ་དང་། མཁའ་འགྲོ་མ་ཚར་གཅད་པ་དང་། རིམས་དང་། ནད་དང་། དུག་དང་། རིམས་ཉིན་བཞི་པ་ལ་སོགས་པ་མེད་པར་བྱ་བ་དང་། དབབ་པ་དང་། ལྷ་དགུག་པ་དང་། གཏེར་སྟོར་བ་རྙེད་པར་བྱ་བ་དང་།
ངོ་མཚར་བ་མང་བ་ནི་འདིས་བྱེད་དེ། སྔགས་ཀྱི་རྒྱལ་པོ་བསྐུལ་ཞིང་འོད་ཟེར་ཅན་གྱི་ང་རྒྱལ་ལ་ཡང་དག་པར་ལྡན་པས་རྟག་ཏུ་སྔགས་བཟླ་བར་བྱའོ། །དེ་ནས་དབང་དང་དགུག་པའི་ཆོ་ག་ཡིན་ཏེ། སྟེང་གཡོགས་ཡོད་པའི་ཕྱོགས་སུ་ཙནྡན་དཀར་པོས་དཀྱིལ་འཁོར་བྱུགས་
པའམ། ཡང་ན་ལྕི་བས་བྱས་ཏེ་སྐུ་གཟུགས་ཀྱི་མདུན་དུ་བྱའོ། །མྱ་ངན་མེད་ཀྱི་མེ་ཏོག་གི་ཁུ་བ་དང་། རྒྱ་སྐྱེགས་དང་། ཙནྡན་དམར་པོ་དང་། གིའུ་ཝང་ལ་གཟུགས་བརྙན་མངོན་པར་བྲིས་ཏེ་སྙིང་གར་སྔགས་དང་སྤེལ་བའི་མིང་བྱས་ལ་དེའི་ཆོས་འབྱུང་དུ་གཡོན་
པའི་ལག་པ་བཞག་སྟེ་རྐང་པར་ལྷུང་ཞིང་སྣ་ཚོགས་པས་མྱོས་ཏེ་ཤིན་ཏུ་ཆགས་པས་སྐྲ་གྲོལ་བ་འདར་བཞིན་པ་བསམས་ལ་སྔགས་བཟླའོ། །མིང་གཟུང་བའི་སྦྱོར་བས་ཡིད་ལ་འདོད་པ་ཞག་གསུམ་གྱིས་ངེས་པར་དབང་དུ་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བ་ནི་ཆུ་ཀླུང་གི་
ངོགས་གཉིས་ཀྱི་ས་འམ། རྐང་རྗེས་ཀྱི་རྡུལ་དང་ལྡན་པས་གཟུགས་བརྙན་བྱས་ལ། སྔོན་དུ་བསྟན་པའི་རྫས་དེ་ཉིད་ཀྱིས་གྲོ་ག་འམ། དུར་ཁྲོད་ཀྱི་རས་ལ་སྔགས་དང་སྤེལ་བའི་མིང་བྲིས་ཏེ་སྙིང་གར་བཅུག་ལ། དེ་ནི་སྐར་མ་རྒྱལ་ལ་བྱའོ། །སོར་བརྒྱད་པའི་མྱ་ངན་མེད་པའི་

ཕུར་བུས་སྐྱེ་གནས་ཕུག་ལ་ཕུར་བུ་དེ་གཡོན་པའི་ལག་པར་བཞག་སྟེ་མིང་བཟུང་བས་སྔགས་བཟླས་པ་བྱའོ། །ངེས་པར་ཞག་གསུམ་གྱིས་དབང་ཕྱུག་ཆེན་པོའི་ཆུང་མ་ཡང་དབང་དུ་གྱུར་ན་གཞན་སྐྱེ་འགྲོ་རྣམས་སྨོས་ཀྱང་ཅི་དགོས། དེ་ནས་གཞན་ཡང་སྦྱོར་
བ་ནི་འདི་ཡིན་ཏེ། སྤྲ་ཚིལ་གྱིས་རང་བཞིན་གྱི་གཟུགས་བརྙན་བྱས་ལ་སིན་དྷུ་རའི་རྡུལ་གྱིས་མཛེས་པའི་སྣོད་དུ་བསྟན་པའི་སྨན་ཆེན་པོས་གྲོ་ག་ལ་སྔགས་དང་སྤེལ་བའི་མིང་བྲིས་ཏེ་སྙིང་གར་གཞག་གོ། །འདི་ཀུན་ཀྱང་སྐར་མ་རྒྱལ་ལ་བྱའོ། །མྱ་ངན་མེད་ཀྱི་ཕུར་བུས་ཆོས་
འབྱུང་ཕུག་ལ་ལུས་སྐེ་ཚེས་བྱུགས་ལ་སེང་ལྡེང་གི་མེ་ལ་བདུགས་པ་ཙམ་གྱིས་བརྒྱ་བྱིན་གྱི་བུ་མོ་ཡང་ཞག་གསུམ་གྱིས་དབང་དུ་འགྱུར་ན་མིའི་བུ་མོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སྐྱེས་པ་ལ་ཡང་སྔགས་བཟླས་པ་ཙམ་གྱིས་འགྲུབ་བོ། །དེ་ནས་གཞན་ཡང་སྦྱོར་བ་ནི་འདི་
ཡིན་ཏེ་དུར་ཁྲོད་ཀྱི་ཐལ་བ་དང་། གྲོག་མཁར་གྱི་ས་དང་རྫ་མཁན་གྱི་འཁོར་ལོའི་ས་དང་། རྐང་རྗེས་ཀྱི་ས་དང་ལྡན་པས་གཟུགས་བརྙན་བྱས་ལ་ཙནྡན་དམར་པོ་དང་། གིའུ་ཝང་གི་སྔགས་དང་སྤེལ་བའི་མིང་གྲོ་ག་ལ་བྲིས་ཏེ་སྙིང་གར་བཅུག་སྟེ། སེང་ལྡེང་གི་མེ་ལ་
གདུང་བར་བྱས་ན་མིའི་རྒྱལ་པོ་ཡང་ཞག་བདུན་དུ་ཐུན་མཚམས་གསུམ་དུ་ཐང་སྐུའི་མདུན་དུ་བཟླས་པ་བྱས་ན་དབང་དུ་བྱེད་ཅིང་མཐོང་ཞིང་ཡིད་ཆེས་པའོ། །དེ་ནས་གཞན་ཡང་གུས་པའི་སྦྱོར་བ་ཆེན་པོ་ནི་དཔྱངས་ཏེ་ཤི་བའི་མིག་གཡོན་པའི་མིག་སྨན་དང་། གཡོན་པའི་སྲིན་ལག་
དང་། གཡོན་པའི་རྩིབ་མའི་སོར་དྲུག་པ་བླངས་ཏེ་སྐྱེས་བུའི་ཐོད་པས་ཙནྡན་དམར་པོ་དང་། རྒྱ་སྐྱེགས་དང་། གིའུ་ཝང་དང་། ཤིང་མྱ་ངན་མེད་ཀྱི་མེ་ཏོག་གི་ཁུ་བ་སྐར་མ་རྒྱལ་གྱི་དུས་སུ་བླངས་ཏེ་པདྨ་འདབ་མ་བརྒྱད་པ་ལ་མིང་སྤེལ་བའི་སྔགས་ཀྱི་རྒྱལ་པོ་བྲིའོ། །མེ་དུག་
གིས་བསྐོར་བ་རླུང་གི་ས་བོན་གྱིས་བཀང་བར་བསམས་ལ་ལྷ་མོ་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཞགས་པ་དང་ལྕགས་ཀྱུས་བཀུག་བཞིན་པ་རླུང་གི་དཀྱིལ་འཁོར་དཔག་ཚད་སྟོང་ན་ཡོད་པ་ཡང་འགུགས་པར་བྱེད་དོ། །བུད་མེད་དགུག་པ་

མཆོག་ཏུ་གྲུབ་པའོ། །དེ་ནས་གཞན་ཡང་སྦྱོར་བ་འདི་ཡིན་ཏེ། མྱ་ངན་མེད་ཀྱི་ཤིང་ལེབ་ལ་མིའི་བདག་པོའི་གཟུགས་གསལ་པོར་བྲིས་ལ་རང་གི་ཁྲག་དང་གིའུ་ཝང་དང་གུར་གུམ་གྱིས་དེའི་སྙིང་གར་མིང་བྲིས་ཏེ་མཱྃ་གིས་ཡོངས་སུ་བསྐོར་ཅིང་། ཡང་ཙྱཻ་ཡིས་ཡོངས་སུ་བསྐོར་
བ་བྱས་ལ། རྐང་པ་གཡོན་པས་མནན་ཅིང་མིའི་བདག་པོའི་མིང་གཟུང་བའི་སྔགས་བཟླས་པ་བྱས་ན་ཞག་གསུམ་གྱིས་ཐེ་ཙོམ་མེད་པར་འགུགས་པར་བྱེད་དོ། །དེ་ནས་གནོད་སྦྱིན་མོ་འགུགས་པར་འདོད་ན་དགེ་བའི་སྐར་མ་བཟང་བ་རྒྱལ་ལ་དུར་ཁྲོད་དུ་ཤིང་ནྱ་གྲོ་དྷའི་རང་བཞིན་གྱི་
གཟུགས་བརྙན་ཁྲུ་གང་ཚད་ཙམ་གྱིས་གནོད་སྦྱིན་མོའི་གཟུགས་གསལ་པོ་ལང་ཚོ་ལ་བབ་པ་བྱས་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡས་པའི་ཞབས་ཅུང་ཞིག་བསྐུམ་པ། གཡོན་པའི་ཕྱག་གིས་ཤིང་ནྱ་གྲོ་དྷའི་ཡལ་ག་ལ་འཇུས་པ། སྒེག་པའི་ཉམས་ཀྱིས་རོལ་
པའི་འདོད་པ་སྤྱད་པ་ལ་དགའ་བ། སྔོན་དུ་བསྟན་པའི་སྨན་ཆེན་པོས་མིང་དང་། སྔགས་སྤེལ་བའི་སྙིང་གར་བྱས་ལ། སྟེང་གཡོགས་ཡོད་པའི་ས་ཕྱོགས་གཅིག་ཏུ་མིའི་འདུ་འཛི་མེད་པར་ནུབ་མོར་དོག་སར་ཙནྡན་གྱི་དཀྱིལ་འཁོར་ཉེ་བར་བྱུགས་ལ་ཐང་སྐུའི་མདུན་དུ་
བཞུགས་པར་བྱའོ། །མེ་ཏོག་གིས་རྣམ་པར་བཀྲམ་སྟེ། མར་མེ་སྦར་བར་བྱ་ཞིང་། གུ་གུལ་གྱི་བདུག་པ་ཡང་སྦྱིན་པར་བྱའོ། །གནོད་སྦྱིན་མོ་གང་གི་མིང་ནས་བཟུང་ནས་བཟླས་པ་བྱས་ན་དེ་འོང་བར་འགྱུར་རོ། །ཞག་དང་པོ་ལ་མཚན་མ་སྟོན་ཅིང་དེ་ནས་ཞག་གཞན་
གྱིས་མཐོང་བར་བྱེད་དོ། །དེའི་ཚེ་ཅི་ཡང་མི་སྨྲ་བར་གནས་པར་བྱའོ། །སྨྲ་བཅད་ཀྱི་སྡོམ་པས་ཅི་སྲིད་ཟླ་བ་གཅིག་ཏུ་བྱས་ན་འགྲུབ་པར་འགྱུར་རོ། །གྲུབ་ནས་མཆོག་སྟེར་བར་བྱེད་དོ། །མ་ཉིད་དམ། སྲིང་མོ་ཉིད་དམ། ཆུང་མ་ཉིད་གང་རུང་དུ་སྒྲུབ་པ་པོས་བརྗོད་པར་
བྱའོ། །དེའི་ཚེ་ལུས་ཀྱིས་ཁུར་ནས་རང་གི་ཡུལ་དུ་འགྲོ་སྟེ། སྒྲུབ་པ་པོ་བསྐལ་པ་གཅིག་གི་བར་དུ་ཅི་དགས་འཚོ་བར་འགྱུར་རོ། །གང་གི་ཚེ་སྐྱོན་གྱིས་བག་མེད་པར་གྱུར་ཏེ་མ་གྲུབ་ན་སྦྱིན་བདག་ཆེན་པོར་འགྱུར་ཏེ་ཚེ་འདི་ལ་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་ཅིང་སྐྱེ་བ་གཞན་དུ་གནོད་

སྦྱིན་གྱི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་ལྟར་གནོད་སྦྱིན་མོའི་སྒྲུབ་ཐབས་ཀྱི་ཆོ་ག་བརྗོད་པའོ། །གཞན་ཡང་རྒྱལ་པོ་དབང་དུ་བྱ་བར་འདོད་ན་ཤིང་ནྱ་གྲོ་དྷའི་རྩ་བར་མར་ལ་འཕྱང་བ་ལ་དེའི་རང་བཞིན་གྱི་གཟུགས་བརྙན་བྱས་ལ་ལེགས་ཤིང་གསལ་བར་
བྱའོ། དེའི་སྙིང་གར་མིང་གིའུ་ཝང་དང་། རྒྱ་སྐྱེགས་དང་། གུར་གུམ་གྱིས་མངོན་པར་བྲིས་ལ་ཞགས་པ་དང་ལྕགས་ཀྱུ་གཉིས་ཀྱིས་བཀུག་ཅིང་རྐང་པ་གཉིས་སུ་ལྷུང་བར་བསམ་ཞིང་སྔགས་བཟླས་ན་ཁོལ་པོ་བཞིན་དུ་ཅི་སྲིད་འཚོའི་བར་དུ་འགྱུར་རོ། །སྦྱོར་བ་མཆོག་
ཏུ་གྱུར་པ་འདི་ནི་ངེས་པར་འབད་པར་བྱའོ། །ཡང་ན་དགེ་བའི་ཉིན་སྐར་མ་རྒྱལ་ལ་བྱས་པ་ནི་ཤིང་མྱ་ངན་མེད་ཀྱི་རང་བཞིན་ལ་གཟུགས་བརྙན་ཁྲུ་གང་ཙམ་བྱས་ལ་ཡང་རྒྱལ་བ་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་ཕྱག་བརྒྱད་པ། ཞལ་གསུམ་པ། སྤྱན་གསུམ་གསུམ་པ།
མཆོད་རྟེན་གྱི་དཔལ་ལ་བརྒྱན་པའི་མགོ་སྐྱེས་ཅན། མྱ་ངན་མེད་ཀྱི་མེ་ཏོག་ཕྲེང་བས་བརྒྱན་པ། གསེར་གྱི་རྣ་རྒྱན་དང་། མགུལ་རྒྱན་དང་། ཕྲེང་བ་ཕྱེད་པ་དང་། གདུ་བུ་དང་། སྐ་རགས་དང་། རྐང་རྒྱན་དང་སྣ་ཚོགས་པའི་ཕྲེང་བ་བརྒྱ་ཡིས་བརྒྱན་པ་འཛམ་བུའི་
ཆུ་བོའི་གསེར་ལྟ་བུའི་འོད་འབར་བའི་སྐུ་སྟོང་ཕྲག་བཅུའི་ཉི་མའི་འོད་དང་འདྲ་བའི་འོད་གོས་དམར་པོ་འཆང་ཞིང་སྣ་ཚོགས་པའི་ཤང་འགག་དང་། སྟོད་གཡོགས་ཅན། གཡོན་པའི་ཕྱག་ཏུ་གཞུ་དང་། མྱ་ངན་མེད་པ་དང་། ཞགས་པ་དང་། སྐུད་པའི་ཕྱག་ཅན་ནོ། །
གཡས་ཕྱོགས་ན་འབར་བའི་རྡོ་རྗེ་དང་། མདའ་གསོར་བ་དང་། ཁབ་དང་ལྕགས་ཀྱུ་བསྣམས་པའི་ཕྱག་ཅན་ནོ། །གཡས་དང་གཡོན་ནི་ཕག་གི་ཞལ་ལོ། །དང་པོའི་ཞལ་ཕྱེ་བའི་འོད་ཟེར་ཅན། གསེར་ཞུན་མ་ལྟ་བུ་དང་འདྲ་བ། མེ་ཏོག་རྒྱས་པ་ལྟ་བུའི་སྤྱན་ནོ། །མཛེས་
པའི་ཞལ་འོད་འཕྲོ་བ་བྱི་རུ་དང་། བནྡུ་ཀ་དང་ཛ་མའི་མེ་ཏོག་ལྟ་བུའི་མཆུའོ། །གཡོན་པ་ནི་ཞལ་འགྱུར་བ་ཁྲོས་པ། མཆེ་བ་གཙིགས་པ་འཇིགས་པར་བྱེད་པ། མི་བཟད་པའི་ཁྲོ་གཉེར་ཅན། སྤྱན་མི་འཁྱོག་པ་མ་ཉམས་པ་ལྗགས་འདྲིལ་བ། འཇིགས་

པའང་འཇིགས་པར་བྱེད་པ། ཨིནྡྲ་ནཱི་ལ་ལྟ་བུ་གཡོན་པའི་ཞལ་ལོ། །གཡས་པ་ནི་ཕག་གི་ཞལ་ཅན་པདྨ་རཱ་ག་ལྟ་བུའི་མདོག་གོ། །མྱ་ངན་མེད་ཀྱི་སྡོང་པོ་མེ་ཏོག་དང་བཅས་པ་ནི་རྒྱན་དུ་བཅས་པའོ། །ཟླ་བ་དང་། ཉི་མའི་རང་བཞིན་གྱི་ལྷ་མ་ཡིན་དང་། ཕག་པའི་
ཤིང་རྟ་དང་ཉེ་བར་སྦྱར་བ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པའི་ལྷ་མོ་ལང་ཚོ་ལ་གནས་པའི་ཤིང་རྟའི་འོག་ན། རླུང་གི་དཀྱིལ་འཁོར་ལ་ཧྃ་ཡོངས་སུ་གྱུར་པ་ལས་གཟའ་རཱ་ཧུ་ལའི་ཉིན་མོ་ཉི་མ་ལ། མཚན་མོ་ཟླ་བ་འཛིན་པ། ཡང་སྐར་མ་རྒྱལ་ལ། ཅི་འབྱོར་པའི་
མཆོད་པ་བྱ་ཞིང་འབད་ལ་གཞོན་ནུ་མའི་སྟོན་མོ་བྱའོ། །དེ་ནས་ངེས་པར་རྫོགས་པར་བྱ་བའི་སྐུ་གཟུགས་ཕྱིས་ནས་གདུང་གི་རིལ་བུ་གསེར་གྱིས་དཀྲིས་ལ་སྤྱི་བོ་ན་ཡོད་པའི་མཆོད་རྟེན་གྱི་ཞབས་ཀྱི་ནང་དུ་བློ་དང་ལྡན་པས་བཅུག་སྟེ། དེ་ནས་སྐུ་གཟུགས་དེ་གདུང་དང་བཅས་
པའི་སྐུ་གཟུགས་སུ་ཤེས་པར་བྱའོ། །ཡང་སྐུ་གཟུགས་དེ་སྟེང་ཁབ་ཡོད་པའི་ས་ཕྱོགས་གཅིག་ཡངས་པའི་གནས་སུ་ཙནྡན་ནམ། བ་ལང་གི་ལྕི་བས་དེའི་མདུན་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་ཡང་དག་པར་མཆོད་དེ་བཟླས་པ་བྱས་ན་མེ་ཏོག་གི་རྣམ་པར་བཀྲམ་ཞིང་མེ་ཏོག་གི་ཕྲེང་
བ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དཔྱངས་ཏེ། མར་མེའི་ཕྲེང་བས་བརྒྱན་ལ་དྲི་ཞིམ་པོ་དང་། དྲི་དང་། ལྷ་བཤོས་དང་། ཙནྡན་དང་། གུ་གུལ་གྱི་བདུག་སྤོས་སྦྱིན་ནོ། །དེ་ནས་མཆོད་ཡོན་གྱི་སྣོད་བཤད་པར་བྱ་སྟེ། དུང་དང་། ཉ་ཕྱིས་ཀྱི་སྣོད་དང་། གསེར་དངུལ་དང་།
ཟངས་མའོ། །ཡང་ན་འདབ་ཆགས་རང་བཞིན་གྱི་བུམ་པ་ལ་བྱའོ། །སྔོན་བཞིན་དུ་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་ཕྱག་རྒྱ་རྒྱ་ཆེན་པོའི་གཟུང་བ་ལ་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་རང་དགུག་པའི་སྔགས་ནི། ཨོཾ་མཱ་རཱི་ཙྱཻ་ཨེ་ཧྱེ་ཧི་ཨཾ་ཏ་སནྣི་
ཧི་ཏོ་བྷ་བ། འོངས་ནས་སྐུ་གཟུགས་དེ་ལ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་ལྡན་པས་ཡང་དག་པར་མཆོད་ལ། ཨོཾམཱ་རཱི་ཙྱཻ་དེ་བ་ཏཱ་ཡཻ་ཨནྟ་སཾ་ནི། ཧི་ཏོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སརྦྦ་སིདྡྷི་མྨེ་བྷ་བ། པྲ་ཡཙྪ།

དེ་ལྟར་སྒྲུབ་པ་པོས་བརྗོད་པར་བྱའོ། །དེ་ནས་སྔོན་དུ་གསུངས་པའི་བུམ་པ་ཙནྡན་དཀར་པོས་བྱུགས་ལ་མེ་ཏོག་ཕྲེང་བ་འཛིན་པ་ལ་རིག་པ་འཛིན་པས་བརྒྱ་ཕྲག་བརྒྱད་བཟླས་ཏེ། ཨརྒྷ་བྱིན་ལ་བུམ་པ་དེ་གཞག་པར་བྱའོ། །བཅོམ་ལྡན་འདས་
མ་བདག་ཉིད་ལ་དབང་བསྐུར་ཞིང་དེ་ལྟར་བརྗོད་པས་དེང་ནས་ཁྱེད་ཀྱི་སྔགས་བདག་ལ་གྲུབ་པར་མཛད་དུ་གསོལ། དེ་ནས་འོད་ཟེར་ཅན་བདག་ལ་བསྙེན་པས་བཟླས་པ་དང་བསྒོམ་པ་བྱ་ཞིང་ཡི་གེ་གྲངས་ཀྱི་འབུམ་བཟླའོ། །དེ་ནས་དངོས་གྲུབ་ཀྱི་མཚན་ཉིད་སྐྱེས་ཏེ་སྐུ་
གཡོ་བ་འམ། འདར་བ་འམ། མེ་མར་གྱི་རྩེ་མོ་ཕྲེང་བ་དང་དྲི་ཞིམ་པོའི་དྲི་བྲོ་བ་དང་། དྲོ་བ་དང་། དུད་པ་དང་། འབར་བ་བཞིན་མཐོང་ངོ་། །གལ་ཏེ་མ་མཐོང་ན་དེའི་ཚེ་ཉིས་འགྱུར་གྱི་བཟླས་པ་བྱའོ། །ཡང་ན་བྱེ་བ་གཅིག་བཟླས་པ་བྱས་ན་འགྲུབ་སྟེ། དེ་ནས་བཅོམ་ལྡན་
འདས་མ་འོད་ཟེར་ཅན་དངོས་ཀྱི་གཟུགས་མཐོང་ཞིང་འགྲུབ་པར་འགྱུར་རོ། །མཆོག་སྟེར་ཞིང་ཡིད་ལ་འདོད་པ་གྲུབ་པའོ། །རལ་གྲི་དང་། མིག་སྨན་དང་། མཆིལ་ལྷམ་དང་། གིའུ་ཝང་དང་། མི་སྣང་བ་དང་། རིལ་བུ་དང་། བཅུད་ཀྱིས་ལེན་ཉིད་ཀྱང་བྱའོ། །
དངོས་གྲུབ་ཡིད་དུ་འོང་བའི་རལ་གྲི་བཟུང་བ་ཙམ་གྱིས་རིག་པ་འཛིན་པ་རྣམས་ཀྱི་བདག་པོར་འགྱུར་ཏེ། །རིག་པ་འཛིན་མ་རྣམས་དང་ལྷན་ཅིག་ཏུ་རོལ། རལ་གྲིའི་དངོས་གྲུབ་བརྗོད་པའོ། །མིག་སྨན་མིག་ལ་བསྐུས་པ་ཙམ་གྱིས་བལྟས་ན་ལྷ་དང་ལྷ་མ་ཡིན་དང་མི་དང་
བཅས་པ་དབང་དུ་འགྱུར་རོ། །མིག་སྨན་གྱི་དངོས་གྲུབ་བརྗོད་པའོ། །མཆིལ་ལྷམ་གོན་ན། དཔག་ཚད་སྟོང་དུ་འགྲོ་བ་དང་འོང་བར་བྱེད་དོ། །མཆིལ་ལྷམ་གྱི་དངོས་གྲུབ་བརྗོད་པའོ། །གིའུ་ཝང་གིས་དཔྲལ་བར་ཐིག་ལེ་བྱས་ན། སྣ་ཚོགས་ཀྱི་གཟུགས་འཛིན་པར་
འགྱུར་ཞིང་མཐོང་བ་ཙམ་གྱིས་དབང་དུ་འགྱུར་རོ། །གིའུ་ཝང་གི་དངོས་གྲུབ་བརྗོད་པའོ། །རིལ་བུ་ཁར་བཅུག་ན་ས་གཞི་ཆེན་པོ་ལ་སྤྱོད་ཅིང་གནོད་སྦྱིན་དང་འདྲ་བར་འདོད་པའི་གཟུགས་འཛིན་པའོ། །རིལ་བུའི་དངོས་གྲུབ་བོ། །དངུལ་ཆུ་ཡང་དག་པར་རྙེད་པར་བྱས་ན་

ཁམས་ཐམས་ཅད་གསེར་དུ་འགྱུར་ཞིང་རྡོ་རྗེའི་ལུས་པོར་ཡང་འགྱུར་རོ། །དངུལ་ཆུ་སྒྲུབ་པའོ། །ཡང་ན་གང་འདོད་པ་འཆི་བ་མེད་ཅིང་མཁའ་སྤྱོད་ཀྱི་བདག་པོ་ལྷ་རྫས་ཀྱི་ལུས་ཉེས་པ་ཐམས་ཅད་ལས་གྲོལ་བ་སྣ་ཚོགས་པའི་གཟུགས་འཆང་ཞིང་འོད་ཟེར་གྱི་སྟོབས་དང་། རྫུ་འཕྲུལ་
གྱིས་གཞན་གནོན་པའི་གཟི་བརྗིད་དང་མཚུངས་པར་འདོད་ན་དེ་ལྟར་ཐང་སྐུ་དང་སྐུ་གཟུགས་ལ་སྒྲུབ་ཐབས་འདི་འདྲ་བར་འགྲུབ་པར་འགྱུར་རོ། །ཡང་ན་བདག་མེད་པ་བསྒོམས་པས་འགྲུབ་སྟེ། ཡང་དག་པ་འདི་ནི་རྣམ་པར་སྣང་མཛད་ཀྱིས་གསུངས་པའོ། །ཡང་ན་རྒྱལ་
པོ་དབང་དུ་བྱེད་པར་འདོད་ན་ཙནྡན་དམར་པོ་དང་། གིའུ་ཝང་གིས་གྲོ་ག་ལ་བསྒྲུབ་བྱའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་སྔགས་དང་སྤེལ་བའི་མིང་བྲིས་ཏེ་དེ་སྐུ་གཟུགས་ཀྱི་རྐང་པའི་འོག་ཏུ་ཡང་དག་པར་བཞག་ལ་དམར་པོའི་ཕྲེང་བ་དང་གོས་འཆང་བར་འགྱུར་བས་མེ་ཏོག་
དམར་པོས་མཆོད་པ་བྱས་ལ་གུར་གུམ་གྱི་བདུག་སྤོས་སྦྱིན་ནོ། །དེ་ལ་དེ་ཉིད་ཞགས་པ་དང་ལྕགས་ཀྱུས་བཀུག་སྟེ། རྐང་པ་གཉིས་སུ་ལྷུང་ཞིང་སྐྱུག་བཞིན་པར་བསམ་པར་བྱའོ། །སྔགས་ཀྱི་རྒྱལ་པོས་བསྐུལ་བས་མིའི་བདག་པོ་ཡང་ཞག་གསུམ་གྱིས་དབང་དུ་འགྱུར་རོ། །
དེ་ནས་གཞན་ཡང་སྦྱོར་བ་ནི་འདི་ཡིན་ཏེ། དེ་ཉིད་ཀྱི་སྐུ་གཟུགས་ལ་ཁྲག་དང་བཅས་པའི་གུར་གུམ་དང་། གིའུ་ཝང་གིས་གྲོ་ག་ལ་བསྒྲུབ་བྱའི་གཟུགས་བྲིས་ཏེ། དེའི་སྙིང་གར་སྔགས་དང་སྤེལ་བའི་མིང་ས་བོན་གྱིས་བསྐོར་བ། ཡང་སྐྲོཾ་གྱིས་བསྐོར་བ། ཡང་ཙྱཻ་ཡིས་
བསྐོར་བར་བྱས་པ་སྐུ་གཟུགས་ཀྱི་མདུན་དུ་གུ་གུལ་གྱི་བདུག་པས་བདུགས་ཤིང་སྔགས་བརྒྱ་ཕྲག་བརྒྱད་བཟླས་པ་བྱའོ། །དེ་ནས་དེ་ཉིད་ཞགས་པ་དང་ལྕགས་ཀྱུས་བཀུག་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པར་བསམས་ན་དཔག་ཚད་ན་ཡོད་པའི་བུད་མེད་མཆོག་ཏུ་གྱུར་པ་ཡང་
འགུགས་སོ། །ཡང་ན་དེ་ལ་གདུང་གི་རིལ་བུའི་ཐབས་བརྗོད་པ་སྟེ། མི་རོའི་ཞག་དང་། བུད་མེད་ཀྱི་སྣ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། ཡོངས་སུ་སྨིན་པའི་ཀ་པི་ཐའི་ཕྱེ་མ་དང་། གུ་གུལ་དཀར་པོ་དང་། རྟའི་རྡུལ་གྱིས་ཡོངས་སུ་མཉེས་ལ། བདེ་བར་གཤེགས་

པའི་གདུང་ཡིད་ཆེས་པ་ལ་དེ་ཉིད་ཡོངས་སུ་དཀྲིས་ཏེ་ཉི་མ་དང་ཟླ་བ་དང་མེའི་དབུས་སུ་གཏོགས་པ་རྒྱལ་གསུམ་གྱིས་སྒྲུབ་པ་འོད་ཟེར་ཅན་གྱི་མདུན་དུ་སྔགས་བཟླས་པས་གྲུབ་པ་ནི་ཁ་རུ་བཅུག་ན་ས་གཞིའི་དཀྱིལ་འཁོར་དུ་གནོད་སྦྱིན་དུ་འདོད་པའི་གཟུགས་
འཛིན་པར་འགྱུར་རོ། །དེ་ནས་གཞན་ཡང་རིལ་བུ་བསྒྲུབ་པ་ཡིན་ཏེ། བྱི་ལ་ནག་པོའི་དྲི་མ་དང་། ཁྱི་ནག་པོའི་མིག་དང་། རྟ་ནག་པོའི་མིག་དང་། ཁྭ་ནག་པོའི་མིག་དང་། ཕག་ནག་པོའི་རྣ་བ་གཡོན་པ་དང་། ཁྲག་དང་། བདེ་བར་གཤེགས་པའི་གདུང་ཡིད་ཆེས་
པ་ལ་ཕལ་དེ་ཉིད་ཡོངས་སུ་དཀྲིས་ཏེ་ཉི་མ་དང་། ཟླ་བ་དང་། མེ་གསུམ་དུ་གཏོགས་པའི་རྒྱལ་གསུམ་ལ་བསྒྲུབས་ཏེ་འོད་ཟེར་ཅན་གྱི་མདུན་དུ་གསང་བའི་གནས་སུ་མཆོག་གི་ཁར་བཅུག་ནས་སྔགས་བཟླས་ན་ནོར་གྱི་དྲུག་ཆ་ལེན་ཅིང་གཞན་གྱི་བུད་མེད་མཆོག་རྣམས་ལ་ལོངས་
སྤྱོད་དོ། །དེ་ནས་གཞན་ཡང་རིལ་བུ་ཡིན་ཏེ། སྲིན་བྱ་ནག་པོའི་མིག་དང་། ཁྭ་ནག་པོ་དང་། འུག་པའི་མིག་དང་། ཀོ་སྐྱེ་ནག་པོའི་མིག་དང་། བདེ་བར་གཤེགས་པའི་གདུང་ཡིན་པར་ཡང་ཡིད་ཆེས་པ་དང་རྡོ་རྗེའི་འོད་མས་མཉེས་ལ། རིལ་བུ་ཉི་མ་དང་། ཟླ་བ་དང་། མེའི་
ནང་དུ་གཏོགས་པས་དཀྲིས་ལ་བསྒྲུབ་པ་ནི་འོད་ཟེར་ཅན་གྱི་མདུན་དུ་སྔགས་བཟླས་ན་འགྲུབ་པར་འགྱུར་ཏེ་ཁར་བཅུག་ན་མི་མཐོང་བར་འགྱུར་རོ། །དེ་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་
གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །མི་མཐོང་བར་བྱེད་པའི་གཙོ་བོ་འདིས་ཡང་དག་པར་རྣམ་པར་སྣང་མཛད་ཀྱིས་གསུངས་ཏེ། བརྩོན་པའི་མཆོག་ནི་བཟླས་པ་འབའ་ཞིག་ཙམ་གྱིས་བྱའོ། །དེ་ནས་
འབེབས་པར་འདོད་ན་གཞོན་ནུ་དང་གཞོན་ནུ་མ་ལོ་བཅུ་གཉིས་ལོན་པ། མིག་ཡངས་པ། བོང་རིང་བ་དབེན་པའི་ས་ཕྱོགས་གཅིག་ཏུ་གཙང་ཞིང་ཁྲུས་བྱས་པས་གོས་དཀར་པོ་གོན་པ་ཙནྡན་གྱིས་ཡན་ལག་བྱུགས་པ། མེ་ཏོག་གི་ཕྲེང་བ་དང་། དྲི་དང་བདུག་སྤོས་བྱའོ། །དེ་ནས་

བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་པར་བཞག་ལ་གུ་གུལ་གྱི་བདུག་སྤོས་ལ་བརྒྱ་ཕྲག་བརྒྱད་བཟླས་ཏེ་བྱིན་ལ་བསྒྲུབ་བྱའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཱྃ་དམར་པོ་འབར་བ། མེ་ལྟ་བུའི་རྣམ་པར་བསམས་ལ། འོད་ཟེར་ཅན་གྱི་ང་རྒྱལ་གྱིས་བསྙེན་པ་
དང་བཅས་པས་དྲིལ་བུ་མཆོག་གི་སྒྲ་དང་གུ་གུལ་གྱིས་བདུགས་ནས་སྐད་ཅིག་དེ་ཉིད་ལ་འབེབས་སོ། །ཨོཾ་མཱ་རཱི་ཙྱཻ་ཨཱ་བེ་ཤ་ཡ། དྷུ་ན་ཀམྤ་ཀམྤཱ་ཡ། པྲ་ཏཾ་གྲཱ་ཧ། གྲྀཧྞ་ཧུྃ་ཨོཾ་ཨ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་འབབ་པར་འགྱུར་ཏེ། ཡང་དག་པར་རྣམ་
པར་སྣང་མཛད་ཀྱིས་གསུངས་པའོ། །ཆར་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་ཀླུ་རྣམས་སྐུལ་བར་བྱེད་པ་དེ་བཞིན་དུ་ཀླུ་རྣམས་ཡང་དག་པར་བསྐུལ་ན་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །གང་གི་ཚེ་ཆར་མེད་པ་ཁ་ཅིག་གི་དུས་སུ་གདུག་པ་ཅན་གྱི་ཀླུ་མི་བཟད་པ་
གདུག་པའི་སེམས་དང་ལྡན་པས་ལོ་ཏོག་དང་རྩ་བ་དང་ཡན་ལག་དང་། སྨན་མེད་པར་བྱེད་པས་གལ་ཏེ་ཆར་མི་འབབ་ན་དེའི་ཚེ། རིག་སྔགས་འཆང་གིས་ཡང་དག་པའི་སྙིང་པོའི་སྔགས་འདི་ལན་ཅིག་བཟླས་པར་བྱས་ན་ཆར་ཆེན་པོའི་རྒྱུན་འབེབས་པར་བྱེད་དོ། །ལོ་ཏོག་དང་
རྩ་བ་དང་། ཡལ་འདབ་དང་། སྨན་གྱི་ནགས་ཐམས་ཅད་དེ་ཡིས་སྐྱེད་པར་བྱེད་དོ། །ཨཱོཾམཱ་རཱི་ཙྱཻ་བི་པུ་ལ་བ་རེ་ནཱ་གེ་ནཱ་ག་ཧྲཱི་ད་ཡ་བ་དྷ་ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡཾ། ཀཱི་ལ་ནཱ་ག་ཀུ་ལ་ཡ་བ་ཏི་སྭ་ནི། ཧ་ན་ཧ་ན། སརྦ་དུ་ཥྚཱཾནཱ་ག་ཧྲྀ་ད་ཡཱ་ནི། ད་ཧ་ད་ཧ་སརྦ་དུཥྚཱཾ་ནཱ་ག་བྷ་བ་ནཱ་ནི། པ་ཙ་
པ་ཙ། པ་ཙ་ཡ་པ་ཙ་ཡ། སརྦ་དུཥྚཱཾ་ནཱ་གཱ་ནི། ཨ་ཀྲ་མ་ཨ་ཀྲ་མ། སརྦ་མུ་དྲཱ་སཱ་ག་ར། ནིརྨ་ལེ། བི་ཀྲ་མ་བི་ཀྲ་མ། མ་ཧཱ་ནཱ་ག་ཏེ་ཛ་བ་རེ་སྭཱ་ཧཱ། ཀུན་དུ་འབར་བའི་གློག་ཀླུའི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་སྔགས་ཀྱི་ཚིག་རིག་སྔགས་འཆང་གིས་དྲན་པ་ཙམ་གྱིས་ཀླུ་རྣམས་ཀྱིས་
ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །ཏདྱ་ཐཱ། ཨོྃམཱ་རཱི་ཙྱཻ། ཙ་ཏ་ཙ་ཏ། བི་ཙ་ཏ་བི་ཙ་ཏ། སླ་ཐཱ་སླ་ཐཱ། ས་པཱ་རི་ཙི་ཊི་སྭཱ་ཧཱ། དེ་ལྟར་ཅི་ལྟ་བུའི་གཟུངས་ཀྱི་སྔགས་ཚིག་སྔོན་བཞིན་དུ་བརྗོད་པར་བྱའོ། །དེ་ནས་གཏུམ་མོའི་ས་བོན་བརྒྱ་རྩ་བརྒྱད་ཀླུ་གནས་པའི་ཆུར་

སྦྱིན་སྲེག་བྱས་ན་མྱུར་དུ་ཆར་པའི་རྒྱུན་འབེབས་པར་བྱེད་དོ། །གུ་གུལ་དཀར་པོ་སྦྲང་རྩི་དང་བཅས་པས་སྦྱར་ལ་ལན་ཉི་ཤུ་རྩ་གཅིག་གཟུངས་ཀྱིས་ཡོངས་སུ་བཟླས་ན་ཀླུ་རྣམས་ལ་བདུག་པ་སྦྱིན་ནོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཀུན་དུ་ཕྱེ་བ་དང་
འོ་མའི་ཀླུ་བྲི་བར་བྱའོ། །སྒོ་བཞིར་བསྒོས་ཏེ་ལོགས་རེ་རེར་བུམ་པ་གང་བ་བདུན་གཞག་པར་བྱའོ། །རྣམ་པ་སྣ་ཚོགས་པ་ཇི་ལྟར་རྙེད་པའི་ཆུ་ཡང་གཞག་པར་བྱའོ། །མེ་ཏོག་ཡོངས་སུ་དགྲམ་པར་བྱ་ཞིང་། སྣ་ཚོགས་པའི་གཏོར་མ་སྦྱིན་ཞིང་། འབྲས་བུ་
ཡོངས་སུ་དག་པར་བྱའོ། །བུམ་པ་གང་བ་བཞི་དང་ཡོངས་སུ་རྒྱས་པའི་གཏོར་མའི་བུམ་པ་བཞི་དང་། བདུག་སྤོས་ཀྱི་སྣོད་བཞི་རུ་གུ་གུལ་བདུག་སྤོས་སྲེག་ལ་མར་མེ་བརྒྱད་སྦྱིན་པར་བྱའོ། །རིག་སྔགས་འཆང་གིས་ཤར་གྱི་སྒོ་རུ་སྦྱིན་སྲེག་བྱ་ཞིང་ཀ་ར་བཱི་རའི་ཤིང་གི་མེ་
སྦར་ལ་ཡུངས་ཀར་དང་རྒྱ་ཚྭ་བསྲེས་པས་བརྒྱ་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །བརྒྱ་ཕྲག་བརྒྱད་རྫོགས་ན་ཀླུ་ཐམས་ཅད་ཆར་པའི་རྒྱུན་འབེབས་པར་བྱེད་དོ། །འཛམ་བུའི་གླིང་ཐམས་ཅད་དུ་ཆར་འབེབས་པར་འདོད་པ་ལོར་བརྩོན་པ་ཐོབ་བོ། །ཡུངས་ཀར་དང་། ཚ་བའི་མར་
ནག་དང་། སྦྲང་རྩི་དང་། རྟ་གསོད་ཀྱི་མེ་ཏོག་དང་། ནཱ་ག་ཀེ་ཤ་རའི་ཕྱེ་མས་རིལ་བུ་བྱའོ། །དེ་ནས་རིལ་བུ་སྙིང་གར་བཅུག་སྟེ་སྔགས་བརྒྱ་ཕྲག་བརྒྱད་བཟླས་ན་བཅུག་པ་ཙམ་གྱིས་ཀླུ་རྣམས་དགའ་ཞིང་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བྱེད་དོ། །གལ་ཏེ་དེ་མ་ཐག་ཏུ་ཆར་
པ་མི་འབེབས་ན་དེ་རྣམས་ཀྱི་ལུས་རུལ་ཞིང་ཉམས་ནས་འགོ་ནད་དང་ལྡན་ཏེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཐལ་བ་བླངས་པ་རང་སྐྱུར་དང་བཙོས་ལ་ལན་དྲུག་ཅུར་སྔགས་ཏེ། ཀླུའི་གནས་ཀྱི་ནང་དུ་བླུག་པར་བྱའོ། །དེ་བླུགས་པ་ཙམ་གྱིས་ཀླུ་རྣམས་མྱོས་
པར་འགྱུར་ཏེ་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །གང་གི་ཚེ་དེ་མ་ཐག་ཏུ་ཆར་པ་མི་འབེབས་ན་དེའི་ཚེ་ལུས་རྣམས་ལ་ཤ་དཀར་གྱི་མཛེ་འབྱུང་བར་འགྱུར་ཞིང་མིག་ལོང་བར་འགྱུར་རོ། །པདྨ་དང་། ཨརྒ་དང་། ཨུཏྤ་ལ་སྔོན་པོའི་གེ་སར་བ་བླ་དང་བསྲེས་པ་ཟངས་མའི་ཕྱེ་མ་

ཅན། ཡུངས་ཀར་དང་དབང་པོ་ལག་པ་དང་། རྒྱ་སྐྱེགས་དང་བུ་རམ་གྱི་ཆུས་ཤེས་རབ་དང་ལྡན་པར་རིལ་བུ་བྱའོ། །ལན་བརྒྱད་ཅུར་སྔགས་ཏེ་རྒྱ་ཤུག་གི་འབྲས་བུ་ཙམ་གྱི་རིལ་བུ་བྱས་ཏེ་དེ་ནས་ཀླུའི་གནས་སུ་རིལ་བུ་བདུན་གཞུག་པར་བྱའོ། །ཆར་མེད་པའི་དུས་སུ་ཉིན་
ཞག་བདུན་རྒྱུན་ཆད་པ་མེད་པའི་ཆར་འབེབས་སོ། །གལ་ཏེ་དེ་མ་ཐག་ཏུ་ཆར་མི་འབེབས་ན་ཀླུའི་གནས་ཀྱི་ཆུ་ཐམས་ཅད་སྐམ་པར་འགྱུར་རོ། །ཀླུ་ཐམས་ཅད་སྡུག་བསྔལ་བར་འགྱུར་རོ། །རིལ་བུ་གཅིག་ཀླུ་གནས་པའི་མཚོར་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་པར་བྱ་ཞིང་
བ་དན་སྔོན་པོ་ཡང་གདགས་པར་བྱའོ། །སྔགས་འདི་ཉིད་བྲིས་ཏེ་དེ་ཉིད་ལ་གདགས་པར་བྱའོ། །ཅི་སྙེད་དུ་རྒྱལ་མཚན་གྱི་རྩེ་མོ་ལས་མ་གྲོལ་བ་དེ་སྲིད་དུ་ཀླུ་རྣམས་ཆར་འབེབས་པར་བྱེད་དོ། །དེ་ནས་གཞན་ཡང་ཆོ་ག་བརྗོད་དེ། ཨོཾ་མཱ་རཱི་ཙྱཻ་སུ་པྲ་ཏི་བཛྲ་ཏུ་ནཱ་དྷེ་མི་ལི་
མི་ལི་སྭཱ་ཧཱ། སྔགས་འདིས་འབྲས་སཱ་ལུའི་ཁུ་བ་ལ་ཀླུའི་གཟུགས་བྱ་སྟེ་མགོ་དགུ་པ་སོར་བརྒྱད་པའི་ཚད་དེ་དག་གི་ལུས་པོ་ལ་མཚལ་གྱིས་བྱུག་པར་བྱའོ། །སྔགས་བྲིས་པའི་བ་དན་ཕུལ་ལ། བཅོམ་ལྡན་འདས་མའི་མདུན་དུ་གྲུ་བཞི་པའི་མཎྜལ་བྱ་སྟེ། མེ་ཏོག་
བཀྲམ་པ་ཇི་ལྟར་ཡོད་པའི་གཏོར་མ་དཀར་པོ་སྦྱིན་ཞིང་མེ་ཏོག་དང་བདུག་སྤོས་ཀྱང་སྦྱིན་པར་བྱའོ། །སེའུ་འབྲུའི་ཡལ་ག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱ་ཞིང་བརྒྱ་རྩ་བརྒྱད་ཀྱང་བཟླས་པ་བྱས་ལ། ཀླུའི་གཟུགས་བརྙན་གྱི་གཟུགས་རྫོགས་པར་བྱའོ། །ཀླུ་གང་གི་མིང་
བྱས་པའི་ཀླུ་དེ་འཁྲུགས་པར་འགྱུར་རོ། །གལ་ཏེ་རང་གི་གནས་ལ་མི་དགའ་བས་ཕྱིར་མི་འགྲོ་ཞིང་ཆར་པའི་རྒྱུན་འབེབས་པར་བྱེད་དོ། །གལ་ཏེ་ཆར་གྱི་རྒྱུན་མི་འབེབས་ན་བསྒྲུབ་བྱའི་སྲོག་དང་བྲལ་བར་བྱེད་དོ། །དེ་ནས་ཡུངས་ཀར་རེ་རེ་ལ་སྟོང་རྩ་བརྒྱད་བཟླ་ཞིང་ཀླུ་དེ་ལ་
གདབ་པར་བྱ། སྟོང་རྩ་བརྒྱད་ཚང་བ་དང་། ཀླུ་དེའི་གཟུགས་འགུལ་ཞིང་སྦྲུལ་མགོའི་གར་ཡང་བྱེད་དོ། །སེའུ་འབྲུའི་ཡལ་གས་ཀྱང་བརྡེགས་པར་བྱས་ནས་ལངས་ན་གནས་ཤིང་ལྕེ་གཉིས་སྟོན་པར་བྱེད་དོ། །ཇི་སྲིད་དུ་ནུབ་མོ་སྟོན་པར་བྱེད་ན་དེ་ལྟར་ཀླུ་ཐམས་ཅད་དབང་དུ་

འགྱུར་རོ། །གང་བཟླས་པ་དེ་བྱེད་དོ། །འོ་མ་དང་ཡུངས་ཀར་དུ་བཅས་པ་དེ་ཅི་ལྟ་བའི་གཟུགས་ཀྱི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་གནས་ཐམས་ཅད་དུ་གཞུག་པར་བྱའོ། །ཐམས་ཅད་དུ་ཐམས་ཅད་སོ་སོ་ནས་འགུགས་པར་འགྱུར་རོ། །ཏདྱ་ཐཱ། ཨོྃ་
མཱ་རཱི་ཙྱཻ། ཙ་ཊ་ཙ་ཊ། བི་ཙ་ཊ་བི་ཙ་ཊ། སྭ་ཐཱ་སྭ་ཐཱ། ཤ་བ་རི་ཙི་ཊི་ཙི་ཊི་སྭཱ་ཧཱ། ཉིན་མཚན་གཅིག་གིས་ཉེ་བར་སྤྱོད་པའི་ཆོ་གས་རིག་སྔགས་འཆང་གིས་བྱས་ན་གང་གི་ཚེ་འཛམ་བུའི་གླིང་གི་ཀླུ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ཡོངས་སུ་བསྐྱང་བར་བྱ་བའི་དོན་དུ་ཆར་འབེབས་པར་མི་
བྱེད་ན་དེའི་ཚེ་རིག་སྔགས་འཆང་གི་དམ་ཚིག་དང་། ཅི་ལྟ་བའི་གཟུངས་བཀླག་པར་བྱའོ། །སྔགས་འདི་ཡང་ལན་བདུན་དུ་སྔོན་བཞིན་དུ་བརྗོད་པར་བྱའོ། །དེ་ནས་གཏུམ་མོའི་ས་བོན་བརྒྱ་རྩ་བརྒྱད་ཀླུ་གནས་པའི་ཆུ་མིག་ཏུ་སྦྱིན་སྲེག་བྱའོ། །དེའི་ཀླུ་ཐམས་ཅད་ཀྱི་གནས་
ནི་འབར་ཞིང་། ལྷག་མའི་ཀླུའི་རུས་པའི་གོང་པོ་རྣམས་ཡོངས་སུ་བསྐམ་པར་བྱའོ། །ན་མཿཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། བྷུ་ཛེ་བྷུ་ཛེ། ས་མནྟ་བྷུ་ཛེ། ཏ་ཏྭ་བྷུ་ཛེ། པྲ་བ་ར་བྷུ་ཛེ། ས་མནྟ་ཨཱ་ཀ་ར་བྷུ་ཛེ། ཏུ་རུ་ཏུ་རུ་ས་མ་ཡ། ཙོ་ད་ནེ་སྭཱ་ཧཱ། ནཱ་ག་ས་ར་
སཉྩོ་དི་ནི་སྭཱ་ཧཱ། ཆར་ཆེན་པོའི་དུས་སུ་སྔགས་འདིས་ཨརྒའི་ཤིང་ལ་མེ་སྦར་ལ་ཡུངས་ཀར་དང་རྟ་གསོད་ཀྱི་མེ་ཏོག་བརྒྱ་རྩ་བརྒྱད་དམ། སྟོང་ཀླུའི་མཚོ་འམ། ཆུ་མིག་ཏུ་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །མ་ལུས་པའི་ཡུམ་དང་། ཕྱོགས་ཀྱི་ནམ་མཁའ་ཉི་མ་སྟོང་གི་འོད་ཟེར་འབར་
ཞིང་རྣོ་བའི་རྣམ་པ་ཅན་གྱི་རྡོ་རྗེ་གདེངས་པ་འཕྲོ་བས་སྲེག་པའི་བདུད་ཀྱི་ཚོགས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་ཀུན་བཅོམ་པའོ། །འབར་ཞིང་འཕྲོ་བའི་ཕྱོགས་ཀྱི་འཁོར་ལོའི་དབུས་སུ་མཱྃ་ཡིག་ཡོངས་སུ་སྤྲུལ་
པའི་བདག་ཉིད་གཞོན་ནུ་མ་ལང་ཚོ་ལ་བབ་པ། སྐད་ཅིག་གིས་ཡོངས་སུ་སྣང་བར་བྱས་ཏེ་ཤིན་ཏུ་སེར་བའི་འཛམ་བུའི་ཆུ་བོའི་གསེར་བཞུས་པ་ལྟ་བུའི་འོད་ཉི་མ་སྟོང་གི་འོད་ཟེར་གྱི་ཚོགས་གློག་ལྟ་བུ་སྣང་བར་བྱེད་པའི། འོད་ཟེར་ཅན་མ་ལུས་པའི། ནམ་མཁའ་གསལ་བར་བྱེད་པའི་

སྔགས་དེ་ལྟ་བུ་བསམ་པར་བྱའོ། །ཕྱག་བརྒྱད་པ། ཞལ་གསུམ་པ། སྤྱན་གསུམ་གསུམ་པ། ཞལ་གཉིས་ནི་ཕག་པའི་ཞལ་ནག་པོ། བདག་ཉིད་དབུས་སུ་ཞབས་གཉིས་རོལ་པས་གནས་ཤིང་ན་བཟའ་སྔོན་པོ་འཆང་བ། སྣ་ཚོགས་པའི་ཤང་འགག་དང་། སྟོད་
གཡོགས་ཅན། གསེར་གྱི་རྣ་ཆ་དང་། སྐ་རགས་ལ་དྲིལ་བུ་གཡེར་ཀའི་ཕྲེང་བས་བརྒྱན་པ། ལག་གདུབ་དང་། རྐང་གདུབ་ལ་སིལ་སིལ་གྱི་སྒྲ་སྒྲོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐམས་ཅད་སྣ་ཚོགས་པའི་ཀླུའི་དབང་པོས་རྒྱན་བྱས་པ། ཀླུའི་དབང་པོ་
སེར་པོའི་སྦྲུལ་གྱི་གདེངས་ཀའི་ནོར་བུའི་འོད་ཀྱིས་སྤྲས་ཤིང་འོད་ཟེར་རྣམ་པར་འཕྲོ་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བ་དབུ་ལ་བཅིངས་ཤིང་དབུའི་རལ་པ་གྱེན་དུ་འགྲེངས་པ་ལ་མཆོད་རྟེན་གྱིས་བརྒྱན་པའི་མགོ་སྐྱེས་ཅན། རྒྱབ་ཏུ་མཆོད་རྟེན་གྱི་མགུལ་པའི་སྟེང་དུ་གནས་པའི་མྱ་
ངན་མེད་པའི་སྡོང་པོ་མཆོག་ལ་གནས་པ་མེ་ཏོག་རྣམ་པས་གང་བ། དེའི་འོག་ཏུ་པདྨ་དཀར་པོ་ཁ་ཕྱེ་བ་ལ་གནས་པའི་དཔལ་རྣམ་པར་སྣང་མཛད་ལ་མགོན་པོ་རལ་པའི་ཅོད་པན་འཆང་བ། ཞི་བ་ཡེ་ཤེས་ཀྱི་སྤྱན་བྱེ་བ། གསེར་བཞུ་བ་ལྟ་བུའི་ཤིན་ཏུ་སེར་བ། ཞལ་མཛེས་
ཤིང་ཡིད་དུ་འོང་བ། ཉི་མ་ལྟ་བུ་བདེ་བར་འབར་བའི་སྐུ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ། སྐྱིལ་ཀྲུང་གི་བསམ་གཏན་ལ་རྩེ་གཅིག་པར་བཞུགས་པའི་གཟི་བརྗིད་ལས་བྱུང་བའི་འོད་འབར་བ་མེ་ལྕེའི་རྩེ་མོ་འབར་བ་ལྟ་བུ་