Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད
Văn bản gốc(Tây Tạng)
Trang 12 / 20 (50.000 ký tự/trang)
ུམ་མམ་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། ། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་གསུམ་པའོ།། །།རྟོག་པ་འདི་དག་དབང་བྱེད་པ། །ལག་ན་རྡོ་རྗེ་ཁྲོས་པ་ལས། །བདུད་རྩི་འཁྱིལ་པའི་རྣལ་འབྱོར་གྱིས། །བྲན་གཡོག་རྣམས་ནི་བསྐུལ་བར་བྱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། འདི་ནི་བཀའ་ཙམ་ ངེས་བསྒྲག་ཅིང་། །བཻ་ཡིག་སུམ་ཅུ་རྩ་གཉིས་བརྗོད། །སྙིང་གའི་འོད་ཀྱིས་དབང་བྱ་ཞིང་། །གུ་གུལ་དུད་པས་བྲོད་བྱས་ལ། །གསེར་སྣ་ཆེན་པོ་སེང་གེ་ལ་ཞོན་པ་དང་། རྨུགས་འཛིན་དང་། གང་བ་བཟང་དང་། ནོར་བུ་བཟང་དང་། ཀུ་བེ་ར་དང་། ཡང་དག་ཤེས་དང་། འབྲོག་ གནས་དང་། ལྔས་རྩེན་དང་། པི་ཙི་ཀུཎྜ་ལི་རྣམས་ལ་མཁོ་བ་སྦྱིན་པར་བྱའོ། །འདི་རྣམས་རྟ་ལ་བཅིབས་པ་ལ། །འོད་དང་ལྡན་ཞིང་མེ་ལོང་ཅན། །རས་དཀར་གཙང་མས་གསལ་བྱས་ལ། །གསལ་སྣང་ཀུན་ནི་བྲི་བར་བྱ། །ཡང་ན་ཀུན་ཀྱང་སྦྲུལ་ནག་བཅིབས། །འཇིགས་ པའི་མཚོན་ཆ་ཕྱག་ན་བསྣམས། །བསྐུལ་བ་དག་པར་དབང་བྱས་ན། །མངོན་སྤྱོད་ལས་ཀུན་བྱེད་པར་འགྱུར། །དྲག་པོ་དགུ་དང་ཉི་ཤུ་བརྒྱད། །ས་གསུམ་ཁྱབ་པ་སྤྲོས་ནས་ནི། །སྔགས་གྲུབ་སྟོབས་ཀྱིས་བདག་བྲན་བྱེད། །དུས་ཚོད་དུས་ལ་མཆོད་པར་བྱེད། །དེ་ནས་ དབུལ་བས་འཇིགས་པ་ལ། །རྨུགས་འཛིན་བསྒྲུབ་པ་ཡིད་འོང་བཤད། །ཀུན་ཀྱང་གཏེར་རྣམས་མནན་པ་ལ། །རིན་ཆེན་འབར་བས་ཁྱིམ་འགེངས་པ། །སྐྱོར་གང་རྡོ་རྗེ་ཆུས་འགྲུབ་འགྱུར། །པདྨ་ཟླ་དང་གཏེར་ཆེན་ལ། །ཛོྃ་ལས་བྱུང་བའི་གནོད་སྦྱིན་དགུ། །བཀུག་ ལ་རང་རང་གསང་སྔགས་ཀྱིས། །ཆུ་དང་བཅས་པའི་མཆོད་སྦྱིན་དབུལ། །འདི་ནི་སྔགས་ཀྱི་རྐང་པ་རྣམས་སོ། །ཨོྃ་བཻ་ཤྲ་པ་ཎཱ་ཡ་སྭཱ་ཧཱ། ཨོྃ་ཛཾ་བྷ་ལཱ་ཡ་སྭཱ་ཧཱ། ཨོྃ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོྃ་སཾ་པྲ་ཛྙ་ནཱ་ཡ་སྭཱ་ཧཱ། ཨོྃ་གུ་ཧྱ་སྠཱ་ནཱ་ཡ་ སྭཱ་ཧཱ། ཨོྃ་པཱཉྩི་ཀཱ་ཡ་སྭཱ་ཧཱ། ཨོྃ་པི་ཙིཀུཎྜ་ལི་ནེ་སྭཱ་ཧཱ། དེ་ནས་ཡང་དག་སྤྱོད་པའི་མཆོག །ལྷ་ཡི་བརྟུལ་ཞུགས་དག་པ་བཤད། །དུས་རྣམས་ཀུན་དུ་དར་རས་གཙང་མའི་གོས་སྔོན་བྱིན་གྱིས་བརླབ་བྱ་ཞིང་། །བྲམ་ཟེའི་རིགས་ལྟར་དྲི་ཅན་ཟས་དང་འགྲོ་མགྱོགས་ཤ་ལས་རིང་ དུ་འདུག །སྨྱུང་བར་གནས་ཤིང་ཆུས་བཀྲུས་དཀར་གསུམ་དག་དང་གཙང་བའི་ཟས་ཟ་ཞིང་། །ངག་གི་རླུང་བསྡམས་དད་དང་སྙིང་རྗེས་ཡིད་བརླན་རྟག་ཏུ་བརྩོན་པར་འཇུག །བསམ་གཏན་ཁང་པ་མདོག་ནི་སྔོ་བསྒྱུར་བ་ལྕི་དྲི་ཞིམ་ཆུ་ཡིས་བྱུགས། །དཀར་དང་སྔོ་བའི་མེ་ཏོག་ བཀྲམ་ལ་སྐུ་གདུང་བླ་མ་མདུན་བཞག་ལ། །ཆོ་རིགས་བཙུན་པའི་སྒྲུབ་པོས་གོས་དཀར་བགོས་ལ་ཀུ་ཤའི་སྟན་ལ་འདུག །སྙིང་རྗེས་ཁྲོས་པའི་རིག་སྔགས་དམ་པ་དག་ཅིང་མཛེས་པར་བཟླས་པར་བྱ། །རུ་དྲཱཀྵ་ཡི་བགྲང་ཕྲེང་བརྒྱ་ཕྱེད་བྱིན་གྱིས་བརླབས་ལ་ལག་གཡས་གཟུང་། ། ཕྲེང་བའི་རིལ་བུ་རེ་དང་ལྷ་རེ་སྔགས་རེ་བཅས་ནས་སྙིང་གར་གཟུང་། །རྣལ་འབྱོར་འདི་རྣམས་རྣམ་པར་དཔྱད་ཅིང་འགྲོ་ལ་འཇུངས་པའི་སེམས་ལྡན་པས། །བདག་དང་གཞན་ལ་ཕན་པའི་ཕྱིར་དུ་རྟོག་པ་བཤད་པ་བྱས་པ་ཡིན། །རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་ བཞི་པའོ།། །།དབྱར་ཁ་སྐྱེས་པའི་རྩྭ་དང་ནགས་ཚལ་ལས་བྱུང་མེ་མཆེད་ལྟར། །རླུང་གིས་གྲོགས་བྱས་བསྲེགས་ནས་ཐལ་བའི་ལྷག་མའང་མ་ལུས་བཞིན། །བསྐལ་པ་དཔག་མེད་སྐྱེས་པའི་རྟོག་པའི་དྲི་མའི་རྨ་རྣམས་ལ། །བསྲུང་བ་དད་དང་བརྩོན་འགྲུས་སྔགས་ བཟླས་སེམས་དག་མེ་ཡིས་བསྲེག །ཉི་མའི་སྙིང་པོ་འཛམ་བུའི་གླིང་གི་དབུས་སུ་རིགས་བཟུང་སྟེ། །སྐྱེས་པ་དང་ནི་བུད་མེད་དབང་པོ་སྐྱོན་མེད་ཚུལ་ཁྲིམས་ཅན། །སྐྱེ་བ་སྔ་མའི་ལམ་ཤུགས་དག་དང་བླ་མའི་ལུང་ཐོབ་པ། །དད་དང་སྙིང་རྗེའི་སེམས་ཅན་གཏོང་བའི་བློ་དང་ལྡན་པ་ དེས། །རིག་པའི་ཁྲོ་བོ་བསྒོམ་དང་དེ་རྗེས་དེ་ནི་བཟླས་འབད་ན། །བསྟོད་དང་མཆོད་མཉེས་བྲན་གཡོག་ལྷ་མིན་གསང་བ་བརྙས་མེད་ཅིང་། །ཆུ་ཡི་མཆོད་སྦྱིན་འཁོར་ལོ་དག་དང་གཏོར་མ་ལ་བརྩོན་ཞིང་། །སྦྱིན་སྲེག་རྣམས་ཀྱིས་ལྷ་དང་བྲན་གཡོག་མཉེས་བྱས་ན། །རིང་པོར་ མི་ཐོགས་སྒྲུབ་པ་པོ་དེས་རྟགས་དང་ཕྱག་རྒྱ་འབྱིན་པར་འགྱུར། །འདིར་ནི་མང་དུ་སྨྲ་མི་དགོས། །སྔར་ནི་རྡོ་རྗེ་ས་འོག་ཏུ། །བཤད་པའི་མཚན་མ་སྟེར་བར་འགྱུར། །ཟངས་ལྕགས་བླ་མའི་གནང་བྱའོ། །ལུས་སོགས་རིག་པའི་དབང་བསྐུར་ནས། །མེ་དང་རླུང་སོགས་འབྱུང་བ་ དང་། །ནད་དང་གདོན་དང་བྱད་རྣམས་དང་། །བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །མེ་ལྕེ་ཕྲེང་བའི་རྟོག་པ་ལས། །བཤད་པའི་འཆི་བའི་སྦྱོར་བྱུང་ན། །སེར་སྣ་འདི་ནི་ཕ་རོལ་འཕང་། །སྨོན་ལམ་ལམ་སྣ་ལ་བརྟེན་ནས། །འདི་འོག་བྱང་ཆུབ་སེམས་དཔའ་ནི། །འགྲོ་བ་སྨིན་ པའི་བླ་མར་འགྱུར། །ཡང་ན་སྲིད་པ་བར་མ་དོར། །སྔགས་ཀྱིས་རྣམ་ཤེས་གཟི་བསྐྱེད་ནས། །འགྲོ་ཕན་རིག་འཛིན་གྱུར་ནས། །དེ་ཡི་འོག་ཏུ་སེམས་དཔའོ། །ཐ་མའང་ལམ་བརྟེན་ནས་ནི། །རང་འདོད་པ་ཡི་ལུས་རྙེད་ནས། །སྔ་མ་ལམ་སེལ་དེ་འོག་ཏུ། །དངོས་གྲུབ་ལ་ནི་ རྣམ་པར་གནས། །ལྷ་དང་སྔགས་སོགས་རྟོགས་པ་དེས། །རྟོག་པ་དམན་པ་མནན་པ་ཡིན། །ནམ་མཁའ་ལྟ་བུར་རྟོག་མེད་ལ། །འཇིག་རྟེན་དོར་ནི་རྟོག་པས་སྤྲུལ། །གདུལ་བྱ་སྡང་སོགས་སེམས་འཁྲུགས་ལ། །ང་ནི་སྙིང་རྗེས་སྡང་བར་མཛད། །ཁྲོ་སོགས་བསལ་དུ་མེད་ གྱུར་ན། །ཁྲོ་བོར་ད་ནི་ཅི་ཕྱིར་འགྱུར། །དང་པོ་རྣལ་འབྱོར་འཚེ་བ་བཅོམ། །དེ་ཕྱིར་རིག་སྔགས་སྦྱོར་བ་རྣམས། །རྒྱུད་ཀུན་དུ་ནི་གསུངས་པ་ཡིན། །འཚེ་བ་བཅོམ་ནས་དག་པ་ནི། །སེམས་དག་པ་ནི་བདེ་བ་ཡིན། །གདུག་པའི་སྦྱོར་བ་ཕྲོགས་པས་ན། །བདེ་བར་བྱང་ཆུབ་ལམ་བརྟེན་ ལ། །རྡོ་རྗེ་སྐུ་ཉིད་འགྱུར་མེད་ལ། །བདག་གིས་རིག་པའི་ཡེ་ཤེས་དེ། །ལུས་ཅན་དེ་ཡི་འབྲས་བུའོ། །ཇི་ལྟར་ཤེལ་ནི་ཛམ་བུ་ཀའི། །མེ་ཏོག་གིས་ནི་གཞན་དུ་སྣང་། །དེ་བཞིན་རྟོག་མེད་རིག་པ་ཡང་། །ཁྲོ་བོའི་དབང་ཕྱུག་འདིར་སྣང་ནས། །ཇི་ལྟར་འདུལ་འགྱུར་སྤྲུལ་པ་ཡིས། །རྒྱུན་ མི་འཆད་པར་ཁྲོ་བོར་སྣང་། །སྙིང་རྗེ་མེད་ན་འབྲས་བུ་ཉམས། །འགྲོ་ལ་ཕན་བཏགས་གནོད་བསལ་ན། །རང་སེམས་དག་པས་འབྲས་བུ་འགྲུབ། །རྒྱུ་དང་འབྲས་བུའི་སྒྲིབ་པ་རྣམས། །བྱང་ཆུབ་སེམས་ཀྱིས་རིང་དུ་སྤང་། །འདི་ནི་འཁོར་བ་འཇིག་པར་ངེས། །བརྟན་དང་གཡོ་བའི་སྒྲིབ་པ་ རྣམས། །བློ་མཉམ་དུས་ན་གཉེན་པོ་དང་། །མི་མཐུན་ནམ་མཁའ་ལྟར་ཡངས་པ། །ལྷུན་གྱིས་གྲུབ་འབྲས་ཕྱི་མ་ཡིན། །ཇི་སྲིད་རྟོག་པའི་དྲི་མ་ཡོད། །དེ་སྲིད་འབད་དེ་རིག་པ་བསྒོམ། །སེམས་སྦྱོང་སྔ་མ་རིག་པ་ཡིས། །རྒྱུད་ཉིད་དུ་ནི་འདོད་པ་ཡིན། །གང་ལ་སེམས་ནི་དྲི་མེད་པ། ། རྟོག་པའི་དྲི་མས་ནག་པོར་བྱས། །དེ་ལ་སྤང་བའི་བློ་མེད་པའོ། །རྟོག་པའི་བློ་ཅན་འཁོར་བ་ཡིན། །དེ་ཕྱིར་ཤཱཀྱའི་རིགས་ཅན་རྣམས། །ས་འོག་ཏུ་རྒྱུ་བའི་ཀླུའི་རྟོག་པ་ལ་སོགས་པ་ཚར་གཅད་པའི་ཕྱིར་སྦྱོར་བ་རྣམས་ལ་གུས་པར་བྱའོ། །རྡོ་རྗེ་ས་གསུམ་དུ་རྒྱུ་བ་ལས་རྟོག་པ་ལྔ་པ་ རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཁྲིམས་སུ། དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང་། ར་བྱིད་ལོ་ཙྪ་བས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ཏྲི་ལོ་ཀ་བི་ན་ཡ་ནཱ་མ་ཏ་ནྟྲ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། བརྗོད་ཀྱིས་མི་ལང་བའི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་འཇིག་རྟེན་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ མ་འཇིགས་ཤིག །མ་སྐྲག་ཤིག །མ་དངང་ཞིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀའི་དཔལ་གྱི་བེའུ་ལ་འོད་ཟེར་ཁ་དོག་གསུམ་ལས་གྲུབ་པ་འོད་ཟེར་ཁ་དོག་གསུམ་པའི་ འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཇིག་རྟེན་གསུམ་དུ་བཀྱེ་སྟེ། ཐམས་ཅད་བཀུག་ནས་སླར་ཡང་འོད་ཀྱིས་སྣང་བར་བྱས་ནས། ཨོྃབཛྲ་ཙཎྜ་པ་ཙ་དུ་ཤྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ཏིརྱ་བི་དཱ་ར་ཎཱ་ཡ་ཕཊ། པྲེ་ཏ་བི་དཱ་ར་ཎཱ་ཡ་ཕཊ། ན་ར་བི་དཱ་ར་ཎཱ་ཡ་ ཕཊ། ན་ར་ག་ཎ་བི་དཱ་ར་ཎཱ་ཡ་ཕཊ། དེ་བ་བི་དཱ་ར་ཎཱ་ཡ་ཕཊ། ཅེས་གསུངས་པས། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་ལུས་གས་ནས་སེམས་ཤེལ་སྒོང་ལྟ་བུར་གནས་པར་གྱུར་ཏོ། །སེམས་ཡི་གེ་གསུམ་ལྟ་བུར་གནས་ཏེ། ཨོྃ་ནི་ཞལ་གསུམ་ཕྱག་དྲུག་སྟེ། །ཨཱཿནི་ ཞལ་གཅིག་ཕྱག་གཉིས་ཏེ། །ཧཱུྃ་ནི་རྒྱན་དང་བྲལ་གྱུར་པ། །རིགས་ནི་གསུམ་དུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་ནས་རིགས་གསུམ་དུ་གྱུར་པས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །ཞེ་སྡང་ཆེན་པོའི་བདག་ཉིད་ཅན། །ཕྱག་ན་ རྡོ་རྗེ་རྙེད་དཀའ་བ། །བདག་ཅག་གིས་ནི་ཐོབ་པར་འགྱུར། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོས་འཁོར་གྱི་གཙོ་བོ་རྡོ་རྗེ་འཛིན་པ་ཐུགས་བསྐུལ་བའི་སྔགས་འདི་གསུངས་སོ། །བཛྲ་པཱ་ཎི་ཧྲྀ་ད་ཡཾ་ད། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་བསྟོད་པ། ཏདྱ་ཐཱ། བྷོ་བྷོ་བཱནྣཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མ་ཐ་ཨུཏྶཱ་ད་ནཾ་བྷ་པི་ཥྱ་ཏི། བསྟོད་པ་འདིས་བསྟོད་པས་འགྱུར་བ་བཅུ་གཉིས་དང་། ལྟས་བཅྭ་བརྒྱད་བྱུང་བས་འཇིག་རྟེན་གྱི་ཁམས་གཞན་ནས་འབྱུང་བའི་ལྷ་དང་མི་ལ་ སོགས་པ་ཐམས་ཅད་སྐྲག་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་དོ། །འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་བཅོམ་ལྡན་འདས་ཀྱིས་རང་རང་གི་གདུལ་བྱ་རྣམས་མ་འཇིགས་ཤིག །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བྱང་ཆུབ་སེམས་དཔའ་ཕྱག་ན་ རྡོ་རྗེ་བཞུགས་པས་འཇིག་རྟེན་མཁྱེན་པ་ལ་བསྟོད་པའི་ལྟས་ཡིན་གྱིས་ཞེས་གསུངས་སོ། །རང་རང་གི་འཁོར་དད་པ་དང་ལྡན་པ་རྣམས་ཀྱིས་རང་རང་གི་འཇིག་རྟེན་མཁྱེན་པ་ལ་གསོལ་པ། འཇིག་རྟེན་མཁྱེན་པ། བྱང་ཆུབ་སེམས་དཔའ་དེ་ལྟ་བར་འཚལ་ན་གནང་བར་མཛད་དུ་ གསོལ། དེ་ནས་རང་རང་གི་འཁོར་རྣམས་རང་རང་གི་སྟོན་པའི་འོད་ལ་འཇུས་ནས་རི་རབ་ཀྱི་སྟེང་ན་ལྕང་ལོ་ཅན་གྱི་ཕོ་བྲང་གི་ནང་དུ་རང་རང་གི་འཁོར་དང་བཅས་པ་བྱོན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ་བསྟོད་པ་བྱས་ནས། བྱང་ཆུབ་ སེམས་དཔའ་བསྟོད་པ་ཡི། །ངོ་མཚར་ལྟས་ཀྱིས་འདིར་མཆིས་པས། །འཇིག་རྟེན་དུ་འབྱུང་དཀའ་བ་ཡིས། །ཚར་གཅད་རྗེས་བཟུང་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་བསྐུར་བ་མཛད་དོ། ། ཨ་བྷི་ཥིཉྩ་ཞེས་གསུངས་པས་སྣོད་དང་ལྡན་པར་བྱས་སོ། །འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ་ལན་ གསུམ་དུ་བསྐོར་བ་བྱས་ནས་ཡང་དང་ཡང་དུ་ཕྱག་བྱས་ནས་གསོལ་བ་བཏབ་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བསྲུང་བ་རྣམས་ཀྱི་མཆོག་གྱུར་པ། །ཕྱག་ན་རྡོ་རྗེ་བསྲུང་བའི་རྒྱུད། །ཞེ་སྡང་གཙོ་བོས་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེ་སྡང་ཀུན་ གྱི་རྒྱ་མཚོ་གཙོ། །འབར་བ་དྲག་པོ་སྤྱན་ཡངས་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །དབུས་སུ་ཕྱག་ན་རྡོ་རྗེ་བྲི། །དེ་མཐའ་མཚན་མ་ཉི་ཤུ་བཞི། །རང་དབུས་སརྦ་དུཥྚཾ་དང་། །སྡེ་ཚན་དང་པོ་ བཅྭ་བརྒྱད་དགོས། །དབུས་མཚན་ལྟེ་བར་མིང་བྲིས་ལ། །དེ་རྣམས་ཕྱག་ན་རྡོ་རྗེའི་དབུས། །དབུས་མའི་ཕྱག་ན་རྡོ་རྗེ་ལ། །བསྟོད་པའི་སྔགས་ཀྱིས་བསྐོར་བར་བྱ། །རྡོ་རྗེ་ཉི་ཤུ་རྩ་བཞི་ལ། །ཀླུ་འདུལ་སྔགས་ཀྱིས་བསྐོར་བར་བྱ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ འཛིན་པས་ཀླུ་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་གང་གཱ་ཀླུང་གིས་གསུངས་པའི་རིག་སྔགས་འདི་བཀའ་སྩལ་ཏོ། །ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧི་པྲཱ་པྟ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཙྪིནྡ་ ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨཱ་ཎི། བི་ཤི་རྱནྟུ་ནཱ་ག་ཤ་རཱི་རཾ་ཎི། བི་སྥོ་ཊ་ཡ། སྔགས་དེས་ཀླུ་རྣམས་སྐྲག་སྟེ། རང་རང་གི་གནས་སུ་འབྲོས་པར་ཆས་པ་ལས་ནཱ་ག་ཡ་ནཱ་ནི་ཞེས་གསུངས་པས་ལུས་མི་གཡོ་བར་གྱུར་ཏོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་ སུ་མཆི་སྟེ། རང་རང་གི་གནས་སུ་དོང་ངོ་། །ཕྱི་ཡི་ཕྱག་ན་རྡོ་རྗེ་ལ། །ལྷ་སྲིན་སྔགས་ཀྱིས་བསྐོར་བར་བྱ། །གཉིས་ལ་རིགས་ཀྱི་ནག་པོས་བརྒྱན། །རྒྱན་དང་ཆ་ལུགས་ཚང་བ་ལ། །དབུས་ནས་རིམ་པ་ཅི་བཞིན་དུ། །ཨོཾ་དང་ཧཱུྃ་མཐའ་པཱ་ཎིའི་སྔགས། །ཕྲེང་བ་ བསྣམས་པ་བྲི་བར་བྱ། །ཨོཾ་གྱིས་རྡོ་རྗེ་ལྟེ་བར་མཚན། །ཧཱུྃ་གིས་ཤེས་རབ་ལྕེ་ལ་མཚན། །ཕྱི་ཡི་ལྕགས་རི་དག་ལ་ནི། །ཐབས་དང་ཤེས་རབ་དག་ཀྱང་བྲི། །བསྒྲུབ་བྱ་རྡོ་རྗེ་ལྟེ་བར་བཅའ། །གུར་ཀུམ་གྱིས་ནི་བྲི་བར་བྱ། །ཡར་ངོའི་ཚེས་བརྒྱད་ནས་བཟུང་སྟེ། ། བྲིས་ནས་དེ་ནུབ་ནས་བཟུང་བ། །བཅུ་བཞི་བར་དུ་བསྙེན་པར་བྱ། །བཅྭ་ལྔའི་ནུབ་མོ་བསྒྲུབ་པ་སྟེ། །དཀྱིལ་འཁོར་ཆ་ལུགས་ལྡན་པ་ལ། །ལྷ་སྣམ་སྟེང་དུ་པུས་བཙུགས་ལ། །ཆོ་ག་བཞིན་དུ་བསྐྱེད་པར་བྱ། །འཁོར་ལོ་དག་ལ་བསང་བྱས་ལ། །འཁོར་ལོ་སྟོང་པ་ཉིད་དུ་ བསྒོམ། །སྟོང་པ་ཉིད་ལས་ཧཱུྃ་བྱུང་སྟེ། །དེ་ཞུ་བ་ལས་རྡོ་རྗེ་ནི། །བཛྲ་པཱ་ཎིས་ལྟེ་བར་མཚན། །དེ་ལས་འཕྲོ་དང་འདུས་པ་ལས། །ཕྱག་ན་རྡོ་རྗེའི་སྐུར་བསྐྱེད་ལ། །དེ་སྙིང་ཟླ་བ་རྡོ་རྗེས་མཚན། །རྡོ་རྗེ་ལྟེ་བར་ཧཱུྃ་མཚན་ལས། །འོད་ཟེར་སྤྲོས་ཏེ་གོས་སྔོན་བསྡུ། །དེ་ལ་ མཆོད་པ་སྣ་ཚོགས་མཆོད། །བསྟོད་དང་བདུན་པོ་བྱས་ནས་ཀྱང་། །འོད་ཟེར་དག་གིས་བཀུག་བྱས་ལ། །རང་སྙིང་རྡོ་རྗེ་ཧཱུྃ་ལ་ཐིམ། །དེ་ལ་མཆོད་བསྟོད་སྣ་ཚོགས་བྱ། །རྡོ་རྗེ་དག་ལས་ཡེ་ཤེས་ཀྱི། །མེ་བྱུང་རྡོ་རྗེ་ཞུ་གྱུར་ནས། །འཁོར་ལོའི་རྣམ་པར་གྱུར་པར་བསམ། ། སྐུ་ནི་སྐུ་ཡི་རྣམ་པ་སྟེ། །མཚན་མ་མཚན་མའི་རྣམ་པར་རོ། །ས་དེ་བསྡུས་པ་ཀིརྟི་དང་། །བསྲེགས་པའི་ནང་དུ་འཁོར་ལོ་གཞུག །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བསྟོད་པ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སྟོན་པ་ཁྱབ་བདག་རྡོ་རྗེ་འཛིན། ། གདུལ་དཀའ་ཐམས་ཅད་འདུལ་བ་ཡི། །བསྲུང་བའི་འཁོར་ལོ་ངོ་མཚར་ཆེ། །འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས་ས་འོག་འདུལ་བ་སྟེ་ལེའུ་གཉིས་པའོ།། །།དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཕྱག་ན་རྡོ་རྗེ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ པ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་ནས་ཕྱག་འཚལ་ཏེ་གསོལ་བ་བཏབ་པ། །དེ་ནས་སྔགས་སྙིང་ཀུན་འདུས་པ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྟོན་པ་དཔལ་ལྡན་རྡོ་རྗེ་འཛིན། །རིག་སྔགས་གཅོད་བྱེད་བཤད་དུ་གསོལ། །དེ་ནས་སྟོན་པ་རིག་སྔགས་གཅོད། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། །དང་པོ་བསྙེན་པ་བྱ་བ་སྟེ། །མཆོད་རྟེན་སྔོན་པོ་བརྩིགས་པ་དང་། །རས་རིས་ལ་སོགས་བྲི་བྱ་སྟེ། །ལྕེ་ཡི་སྒྲིབ་པ་སྦྱང་བའི་ཕྱིར། །ཡི་གེ་བརྒྱ་པས་བཤགས་པར་བྱ། །དེ་ནས་ཚངས་པའི་གནས་བཞི་བསྒོམ། །སྟོང་པ་ཉིད་ལས་ འདི་གསུམ་མཐའ། །ཡོངས་སུ་གྱུར་པས་རྡོ་རྗེ་སྟེ། །དེ་ལ་བཛྲ་པཱ་ཎིས་མཚན། །ལྟེ་དབུས་སྔགས་ལ་ལྷ་སྤྲོ་བསྡུ། །བྱས་པས་ཕྱག་ན་རྡོ་རྗེར་གྱུར། །ལྷ་ཡི་སྐུ་མདོག་རྒྱན་ལ་སོགས། །རྩ་བའི་རྒྱུད་ལས་ཤེས་པར་བྱ། །བདག་ཉིད་ཐུགས་ཀའི་དཔལ་བེའུ་ལས། ། འོད་ཟེར་འཕྲོས་པས་བཅོམ་ལྡན་བསྡུ། །འོད་ཟེར་གཉིས་པའི་རྩེ་མོ་ལས། །མཆོད་པ་རྣམ་པ་བཅུ་སྤྲོས་ཏེ། །བཅོམ་ལྡན་ཚོགས་ལ་མཆོད་པ་བྱ། །དེ་ནས་ཡང་དག་བསྟོད་བྱས་ལ། །འོད་ཟེར་གསུམ་པས་སྙིང་གར་གཞུག །སྙིང་གའི་མཚན་མ་ཟླ་དཀྱིལ་ ཐིམ། །བཛྲ་ཉི་ཤུ་གཅིག་དབུས་གནས། །དེ་ལ་སྔགས་རྒྱལ་བསྐོར་བར་བྱ། །སྔགས་ནི་རྣམ་པ་བཞི་རུ་བཤད། །མིང་དང་དོན་དང་སྤེལ་བ་དང་། །བཟླས་པ་དག་དང་རྣམ་པ་བཞི། །བཟླས་པ་རྣམ་པ་བཅུ་དྲུག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་གྲགས། །རྡོ་རྗེ་ཡི་ནི་བཟླས་པ་ དང་། །རིན་ཆེན་པདྨའི་བཟླས་པ་དང་། །ལས་ཀྱི་བཟླས་པ་བཞི་པོ་དག །ལས་བཞི་པོ་ནི་རང་བཞིན་ཅན། །རང་བཞིན་རྡོ་རྗེའི་བཟླས་པ་དང་། །དྲག་པོའི་ལས་དང་ཟོ་ཆུན་རྒྱུད། །མགལ་མེའི་འཁོར་ལོའི་བཟླས་པ་དང་། །མདའ་དང་སྦྲུལ་གྱི་བཟླས་པ་དང་། །འགོག་པ་ཡི་ནི་ བཟླས་པ་དང་། །སྐུ་བསྲུངས་བཀའ་ཉན་བཟླས་པའོ། །ཁྱབ་འཇུག་མདུང་དང་ཚངས་པའི་གཞུ། །མར་མེ་ལྟ་བུའི་བཟླས་པའོ། །བཟླས་པའི་མཚན་མའི་རང་བཞིན་ཏེ། །རྟག་ཏུ་ལྷ་རྣམས་བུམ་པ་ཡིས། །དབང་བསྐུར་བྱེད་པ་བྱུང་བའམ། །ཡང་ན་ལོ་བརྒྱད་ལོན་པ་འབྱུང་། ། ཡང་ན་མེ་ཏོག་སྔོན་པོ་སྟེ། །མ་བྱུང་ན་ཡང་དུས་བསྙེན་བྱ། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །དཀྱིལ་འཁོར་རྣམ་པ་བཞི་རུ་བཤད། །ཞི་རྒྱས་བསྡུས་དང་དྲག་པོ་སྟེ། །འདིར་ནི་དྲག་པོའི་གཙོ་བོའོ། །དཀྱིལ་འཁོར་ཉམས་སུ་བླང་བའོ། །བླ་མ་ལྔ་རུ་ཤེས་པར་བྱ། །བདག་ ཉིད་རྒྱན་དང་ལྡན་པ་ལ། །ཤར་གྱི་ཕྱོགས་སུ་བལྟ་བར་བྱ། །ཆོ་ག་གསུམ་གྱིས་དབྱུང་བའོ། །དཔལ་བེའུ་ཞུ་བ་རྡོ་རྗེར་གྱུར། །དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་ཆོ་ག་བཞིན་དུ་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །དཔལ་བེའུ་ཞུ་བས་ཡེ་ཤེས་སོ། ། མཐའ་མ་སྐར་མ་ལྟ་བུ་ཡི། །རང་བཞིན་དཔལ་བེའུ་ཧཱུྃ་དང་ནི། །ཡེ་ཤེས་སེམས་དཔའི་ཐུགས་དཀྱིལ་ལས། །སྔགས་ཀྱི་འཁོར་ལོ་བསྐོར་བར་བྱ། །དེ་ཡི་དབུས་སུ་བསྒྲུབ་བྱ་གཞག །ཧཱུྃ་ལས་བསྐྱེད་པའི་ཕུར་བུ་ནི། །དེ་ཡི་ལྕེ་ལས་བརྟེན་པར་བྱ། །གུ་གུལ་ནག་པོའི་ སྤོས་ཀྱིས་ནི། །དེ་ཡི་སྣ་ནས་བདུག་པར་བྱ། །སྔགས་རྒྱལ་ནཱ་ག་བོར་ནས་ནི། །མཱ་ར་ཛི་ཧ་གཞུག་པར་བྱ། །དེ་ནི་རིགས་ངན་ཐོད་པར་གཞུག །མཆོད་རྟེན་འོག་ཏུ་མནན་པར་བྱ། །དེ་སྟེང་དུག་གསུམ་མགོ་བོ་ནི། །ཨོྃ་ཨཱཿཧཱུྃ། དར་དཀར་གཅིག་གིས་ཕུར་བྱས་ ལ། །རིམ་པ་དང་པོར་གཞུག་པར་བྱ། །དེ་སྟེང་རིམ་པ་ལྔ་པ་ལ། །ཤ་ཆེན་ལ་སོགས་ལྔ་པོ་དག །ཧཱུྃ་ཏྲྃ་ཧྲིཿཨཱ་ཨ། ར་རོག་ཁ་རུ་གཞུག་པར་བྱ། །རིམ་པ་བཞི་པ་དག་ལ་ནི། །འཁོར་ལོ་གཞུག་པར་བྱ་བ་དེ། །ཡྃ་ལས་རླུང་དང་རྃ་ལས་མེ། །དེ་སྟེང་འཁོར་ལོ་ རྩིབས་བརྒྱད་བྲི། །དེ་སྟེང་ཉི་མ་ཟླ་བ་སྟེ། །འཁོར་ལོ་དབུས་ཀྱི་ལྟེ་བ་ལ། །དགྲ་བོའི་མགོ་བོ་ཐུར་བསྟན་བྲི། །དེ་ཡི་སྙིང་གར་མིང་བྲིའོ། །འཁོར་ལོ་ཡི་ནི་རྩིབས་བརྒྱད་ཏེ། །རྩིབས་ལ་སྔགས་ཀྱིས་བསྐོར་བར་བྱ། །མིང་ལས་བསྒྲུབ་བྱ་ཧཱུྃ་ལས་སྟོན། །འོག་ གི་ལས་ནི་གཉིས་ཀྱང་བྲི། །ཁྲ་དང་སྤྱང་ཀི་ལ་སོགས་པའི། །ཐོད་པར་གཟུགས་བརྙན་བཅུག་ནས་ནི། །ཡུངས་ཀར་དག་གིས་བྲབ་བྱས་ལ། །རང་གི་འོག་ཏུ་གནན་པར་བྱ། །གུ་གུལ་ནག་པོའི་སྤོས་དག་གིས། །དེ་ཡི་སྣ་ནས་བདུག་པར་བྱ། །སེང་ལྡེང་ཕུར་བུ་སོར་ བཞི་པ། །གདབ་པའི་སྔགས་ཀྱིས་ལྕེ་ལ་གདབ། །རྡོ་རྗེ་རྒྱ་གྲམ་དག་གིས་ནི། །དེ་ཡི་བུ་ག་པ་དགབ་པར་བྱ། །ཉ་དང་འབྱུང་པོའི་ཉི་མ་ལ། །ཕུར་བུ་བསྐུལ་ཞིང་ཡུངས་ཀར་བརྡེག །དེ་ནས་རིག་སྔགས་འཆང་དེ་རྣམས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཨེ་མའོ་སྟོན་པ་ཁྱད་པར་འཕགས། །ཨེ་མའོ་ཐབས་ཀྱང་ཁྱད་པར་འཕགས། །ཨེ་མའོ་འཁོར་ཡང་ཁྱད་པར་འཕགས། ཁྱད་པར་འཕགས་པ་ངོ་མཚར་ཆེ། །འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས་ས་བླ་འདུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་བཅོམ་ལྡན་འདས་འཁོར་དང་བཅས་པས་མཆོད་ཅིང་ཕྱག་འཚལ་ནས་གསོལ་བ་བཏབ་པ། བསད་པ་ལས་ཀྱི་འཁོར་ལོ་འདི། །ས་སྟེང་འདུལ་བར་བྱ་བའི་ཕྱིར། །རྡོ་རྗེ་ཆེན་པོས་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེན་པོ་སྤོང་བ་ནི། །བསྡུ་བའི་དངོས་པོར་བསྡུ་བར་བྱ། །དེ་ཡང་དབང་དུ་མ་གྱུར་ན། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །སངས་རྒྱས་སྐུར་ནི་བསམས་ ནས་སུ། །དེ་ཡིས་གསད་བསྒོམ་ཉེས་པ་བསྒྲག །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་འཛིན། །སྙིང་ག་ནས་ནི་སྤྲོས་བྱས་ལ། །དེ་ཡིས་བསྲུང་དང་འཇིག་རྟེན་ལྷ། །ཞགས་པ་དག་གིས་དྲངས་ནས་ནི། །ཨོྃ་བཛྲ་ཙཎྜ་སརྦ་དུཥྚཾ་བེ་ཤ་ཛཿ། །མཚོན་ཆ་དག་གིས་བཅད་ལ་ སོགས། །ཨོྃ་བཛྲ་ཙཎྜ་སརྦ་དུཥྚཱྃ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཀླུ་ཡི་བཟླས་པ་འབུམ་བྱས་ཏེ། །ཉ་དང་འབྱུང་པོའི་ཉི་མ་ལ། །བདག་ཉིད་རྒྱན་དང་ལྡན་བྱས་ལ། །རྫས་དང་སྔགས་ཀྱིས་བསྲུང་བར་བྱ། །བཞི་མདོ་ལྷ་ཁང་དུས་ནམ་ཕྱེད། །སྔགས་ཀྱི་རྒྱལ་པོ་བཟླས་བྱས་ ཏེ། །དེ་ནས་འཁོར་ལོ་བྲི་བར་བྱ། །སྟེང་འཁོར་འོག་འཁོར་དུག་ཤིང་གིས། །དགའ་དང་ལེགས་པའི་སེམས་ཀྱིས་བྲི། །རས་མ་ཉམས་ལ་གུར་གུམ་མཆོག །དབུས་སུ་ཕྱག་ན་རྡོ་རྗེ་ལ། །དཔྲལ་བ་སྙིང་ག་ལྐོག་མ་རུ། །ཡི་གེ་གསུམ་བཀོད་སྐུ་གསུམ་སྟེ། །རྒྱན་ དང་ཆ་ལུགས་ཚང་བར་བྲི། །འཁོར་ཡུག་ཐམས་ཅད་དུཥྚཾ་བྲི། །ཞབས་དང་སྤྱི་བོ་གཡས་དང་གཡོན། །ཟླ་བ་ཉི་མ་དབུས་སུ་ནི། །རྒྱལ་པོ་བཞི་ཡི་མཚན་མ་བྲི། །མཚམས་བཞིར་རྡོ་རྗེའི་གདན་ལ་ཧཱུྃ། །འཁོར་ཡུག་ལ་ནི་ཤེས་རབ་ཐབས། །ཧཱུྃ་ལས་དམ་ཚིག་ སེམས་དཔའ་ལ། །ཡེ་ཤེས་སྤྱན་དྲང་མཆོད་དེ་ཞུ། །འོག་འཁོར་སྦལ་ནག་ཡན་ལག་ལྔ། །སྙིང་དང་དྲུག་ཏུ་མིང་རུས་གཞུག །ཕྱོགས་བཞིར་རྩིབས་ལ་མཚམས་བཞིར་ཐོད། །རྩིབས་དང་ཐོད་པར་མིང་རུས་ཏེ། །ཁོར་ཡུག་གཉིས་ལ་བསྟོད་པས་བསྐོར། །སྦལ་ཁར་ ཧྲི་ལས་འོད་བྱུང་བས། །ས་བདག་ཀླུ་ཆེན་བཀུག་སྟེ་མཆོད། །མཆོད་པའི་རྫས་ནི་འོ་མ་སོགས། །དེ་ནས་བསྒྲལ་བྱ་དགུག་བྱ་སྟེ། །སྐུ་གསུང་ཐུགས་ལ་ལེགས་གནས་པ། །མིང་དང་རུས་ལ་བསྟིམ་སྟེ་བཞག །ཐོད་པ་ལས་སྲིན་ཧཱུྃ་ལས་བསྐྱེད། །དེ་ལ་སྦྱོར་བ་ ལེགས་པར་བྱ། །ཀླུ་ལ་དམ་བདར་མཆོད་པ་བྱ། །ཕུར་པས་ཕྱོགས་མཚམས་གཅད་པར་བྱ། །འོག་མས་ཕྱོགས་སུ་དྲངས་ན་འགྲུབ། །དེ་ནས་གསོལ་བ་འདེབས་པ་རྣམས། །ངོ་མཚར་ནས་ཆེད་དུ་བརྗོད་པ། །རྨད་བྱུང་ཆེན་པོ་ཆོས་རྣམས་ལ། །རྣམ་པར་མི་རྟོག་ངོ་བོ་ ཉིད། །ཆོས་རྣམས་རང་བཞིན་དག་པ་ལ། །ཀུན་རྫོབ་ཏུ་ཡང་བཤད་པ་མཚར། །དེ་ནས་ཐོག་མར་གྱུར་པའི་འཁོར་རྣམས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་སྟོན་པ་འཁོར་དང་བཅས་པ་ལ། མཐོ་འཚམས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གནོད་བྱེད་ཐམས་ཅད་ ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་བཛྲ་པཱ་ཎི་ཧྲྀ་ད་ཡ་གསུངས་པས་གཞན་ནས་བྱོན་པའི་སྟོན་པ་འཁོར་དང་བཅས་པའི་ཐུགས་བསྐུལ་ནས། ཏབྱཐཱ། ཧཱུྃ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོཏྶཱ་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ ཧ་ཏ་པ་ལ་པ་རཱཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུཾ་བྷཎྚ་ཨུཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ ཤ་ཡ། སརྦ་བིགྷྣཱན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསུངས་པ་ཙམ་གྱིས་དང་པོའི་འཁོར་རྣམས་སྐྲག་པར་གྱུར་ཏེ་ཆེད་དུ་བརྗོད་པ། ཨེ་མའོ་སྟོན་པ་བྱིན་རླབས་ཆེ། །ཨེ་མ་སྔགས་ཀྱི་ནུས་པ་ ཆེ། །ཨེ་མ་ཆེ་བའི་ཉོན་མོངས་ཆེ། །འཁོར་རྣམས་མཉམ་པ་ཉིད་དུ་གནས། །འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས་ས་སྟེང་འདུལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མི་མཇེད་ཀྱི་འཇིག་རྟེན་གསུམ་དང་། འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་ འཇིག་རྟེན་གསུམ་པོ་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་མཆོད་པ་དང་བསྟོད་པ་བྱས་ཏེ་རང་རང་གི་གནས་སུ་དོང་ངོ་། །དེ་ནས་རྡོ་རྗེ་འཛིན་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་རྒྱུད་འདི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་འདི་ཆོངས་ཤིག །ལྷོགས་ཤིག་ ཅེས་གསུངས་སོ། །ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། །།འཇིག་རྟེན་གསུམ་འདུལ་བའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ བའོ།། །།༄༅༅། །རྒྱ་གར་སྐད་དུ། ཏྲི་ས་མ་ཡ་བྱཱུ་ཧ་རཱ་ཛཱ་ནཱ་མ་ཏནྟྲ། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་མཐའ་ཡས་པ་ན་རྣམ་པར་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །དབུས་དང་མཐའ་མེད་ཡོན་ཏན་རི་བོ་དཔག་མེད་དང་། །མཆོད་རྟེན་མཐའ་མེད་མཆོད་པ་ཆེན་པོའི་མཆོག་ཏུ་འཁྲུངས། །མཆོད་ ཆེན་འཕགས་པའི་འཕགས་པ་ཆེན་པོའི་བདག །དུས་གསུམ་འཁྲུངས་པའི་བདེར་གཤེགས་ཚོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་ཆེན་པོའི་ཉེ་འཁོར། རྡོ་རྗེ་འཆང་ཆེན་པོ་ཉེ་བར་འདུ་བ། དེ་བཞིན་གཤེགས་པ་ལྷག་པར་དགྱེས་པས་རྣམ་པར་རོལ་པ། དབུས་དང་མཐའ་མེད་པའི་རྡོ་རྗེ་ཆེན་པོའི་རྩེ་མོ་མཐོན་པོ་རིན་པོ་ཆེའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་ལས་གྱུར་པ། རིན་པོ་ཆེའི་རྒྱལ་པོའི་ཕོ་བྲང་ཆེན་པོའི་མཆོག་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ཀྱིས་བསྐོར་ བའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་རྫུ་འཕྲུལ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རྒྱ་ཆེན་པོར་མཛད་པ། དེ་བཞིན་གཤེགས་པ་སྙིང་པོ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་གསུངས་ཏེ། ན་མ་སྟྲཻ་ ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱ་པྟི། དྷརྨ་ཏཱ་བ་ལི་ནཱཾ། ཨྃ་ཨ། ས་མ་ས་མ་ས་མནྟ་ཏོ། །ཨ་ནནྟཱ་བཱ་པྟི། ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎི། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ཎ་ ལ་ཀྵ་ཎེ་ཛྭ་ལ་ཛྭ་ལ་ན། སཱ་ག་རེ་སྭཱ་ཧཱ། དེ་ལ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་དང་ལྡན་པ་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ འདིས་ལས་གང་ཞིག་བྱེད་པར་འགྱུར་བ་དེ་ནི་བསྐལ་པ་བརྒྱར་ཡང་དེ་བཞིན་གཤེགས་པས་བསྟན་པར་མི་སྤྱོད་ཀྱི། གཞན་དུ་མདོར་བསྡུས་ནས་གསུངས་པ་ཡིན་ནོ། །འདིས་སྐྱེས་བུ་དམ་པ་དེ་ནི་སྒོ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་དེ་བཞིན་ གཤེགས་པ་ཐམས་ཅད་ལ་ལྷག་པར་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་སྣ་ཚོགས་པའི་རྗེས་སུ་ཞུགས་པ། སེམས་ཅན་འདུལ་བའི་སྦྱོར་བ་རྣམ་པ་སྣ་ཚོགས་པས་གནས་པའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ། ལས་ཐམས་ཅད་རྗེས་སུ་དྲན་ པའི་ཆོ་ག་ཡང་དག་པར་སྦྱོར་བའི་གཟུངས་ཐོབ་པར་འགྱུར་ཞིང་སེམས་ཅན་གྱི་ཁམས་དང་མོས་པ་དང་རྗེས་སུ་མཐུན་པའི་གཟུགས་སྣ་ཚོགས་པ་མངོན་པར་སྒྲུབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་དང་སྟོབས་སྣ་ཚོགས་ མངོན་པར་སྒྲུབ་པར་བྱེད་པའི་སྒོ་སངས་རྒྱས་རྗེས་སུ་དྲན་པའི་མོས་པས་སྙིང་པོ་འདི་བཟླས་ན་གཟུགས་སྣ་ཚོགས་མཐོང་བར་འགྱུར་རོ། །མདོར་བསྡུས་ན་སངས་རྒྱས་འབྱུང་བའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ཡང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གསུང་གི་འཁོར་ ལོའི་དཀྱིལ་འཁོར་ཡང་སྒྲ་འབྱིན་པར་འགྱུར་རོ། །གསེར་དང་ནོར་བུ་དང་མུ་ཏིག་ལ་སོགས་པའི་ཆར་ཡང་མངོན་པར་འབབ་པར་འགྱུར་རོ། །སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡི་དགས་རྣམས་ལ་བཟའ་བ་དང་བཅའ་བ་དང་བཏུང་བ་ཡང་མངོན་པར་རབ་ཏུ་འབབ་པར་འགྱུར་རོ། །དམྱལ་ བ་རྣམས་ཀྱི་གྲང་བ་ལ་དྲོ་བ་ཡང་ཡང་དག་པར་སྐྱེད་པར་བྱེད་དོ། །དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་བྱེད་དོ། །སེམས་ཅན་མོས་པའི་སྒོ་སྣ་ཚོགས་པའི་ཡུལ་ཅན་གྱི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་དོ། །བྱིན་གྱིས་རློབ་པར་བྱེད། ཡོངས་སུ་འགེངས་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་འདུལ་བར་བྱེད། ངེས་པར་སྦྱོང་བར་བྱེད། ཀུན་དུ་སྦྱོར་བར་བྱེད། རྣམ་པར་འཕེལ་བར་བྱེད། དགའ་བར་བྱེད། སོ་སོར་འགོད་པར་བྱེད། རྣམ་པར་གྲོལ་བར་བྱེད། བྱང་ཆུབ་ཀྱི་ཐེག་པ་ལ་ལྷག་པར་ འཛེག་པར་བྱེད། མྱུར་དུ་ལྷག་པར་འཛེག་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཀྱང་སྟོན་པར་བྱེད། མདོར་ན་མཐར་གྱིས་བྱང་ཆུབ་ལ་གཞོལ་ཞིང་སོ་སོར་འགོད་པར་བྱེད། དགེ་བ་སྒྲུབ་པ་ལ་གནས་པ་སྐྱེད་པར་བྱེད། སྡུག་བསྔལ་དང་ཉོན་མོངས་པ་ཟད་པར་བྱེད། རྣམ་པར་འཇོམས་ པར་བྱེད། རྣམ་པར་སེལ་བར་བྱེད། འདྲེན་པར་བྱེད། འཇོམས་པར་བྱེད། མདོར་ན་རང་གི་སྨོན་ལམ་གྱི་སྟོབས་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཛད་ པ་ཡང་བྱེད་པར་འགྱུར་རོ། །འདིར་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་ཡོངས་སུ་མི་ཉམས་པར་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔགས་འཛིན་པས་དང་པོར་རེ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་ དང་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་རྙེད་པ་འདི་ཉིད་ལ་བདག་ཉིད་དད་པར་བྱའོ། །སྒྲུབ་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སྔ་དྲོ་དང་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་ བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་ཡོངས་སུ་བཟུང་བར་ གྱུར་ཅིག །བདག་ལ་གྲུབ་པ་དང་མཆོག་སྩོལ་ཅིག །དེ་ནས་སྡིག་པ་སོ་སོར་བཤགས་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་ པ་གང་གིས་བཤགས་པ་མཛད་པའི་སེམས་བསྐྱེད་པ་དེས་བཤགས་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ལྟར་དེས་ཀྱང་ཇི་ཙམ་དུ་བཤགས་པར་ནུས་པ་དེ་ཙམ་དུ་བཤགས་པར་བྱའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། གང་དུས་གསུམ་ དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་སེམས་ཅན་གྱི་ཁམས་རྣམ་པར་སྦྱོར་བར་བྱེད་པ། སེམས་ཅན་གྱི་ཁམས་ཡོངས་སུ་སྲུང་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་ འདས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་བླ་ན་མེད་པས་རྗེས་སུ་ཡི་རང་བར་བྱ་སྟེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མཁྱེན་པ་ལྟར། དེས་ཀྱང་ཇི་ལྟར་རྗེས་སུ་ཡི་རང་བར་ནུས་པ་དེ་ལྟར་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་མཆོད་པའི་བྱ་བ་བྱ་སྟེ། སེམས་ཅན་གྱི་ ཁམས་ན་གང་ང་ཡར་མེད་ཅིང་ཡོངས་སུ་གཟུང་བ་མེད་པའི་མཆོད་པའི་ཆོ་ག་དེ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པའི་ཕྲིན་ལས་ཀྱིས་དབུལ་བར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་དང་བདག་ གི་བསོད་ནམས་ཀྱི་སྟོབས་དང་རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོའི་གོང་མ་ལས་བླ་མར་མངོན་པར་བསྒྲུབས་པའི་ མཆོད་པའི་སྤྲིན་རབ་ཏུ་འབབ་པ་བསམ་པའམ་བརྗོད་པ། མཆོད་པ་ཆེན་པོར་མངོན་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་སརྦ་ཐཱ། ཨུངྒ་ཏེ་སྥ་ར་ཎ་ཧཾ་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཇི་ལྟར་མངོན་པར་བསྔོས་པ་ལྟར་དེ་བཞིན་དུ་ངེས་པར་འབྱུང་བར་འགྱུར་རོ། །མཆོད་པ་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཏོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་ཡོན་ཏན་དུ་བསྔགས་ པ་དང་། གྲགས་པ་སྣ་ཚོགས་ཀྱི་གླུའི་སྤྲིན་རྒྱ་མཚོ་རབ་འབྱམ་ཚིག་ཏུ་བརྗོད་པའམ་བསམས་ལ། འདི་ལྟ་བུའི་བསྟོད་པ་དཔེ་མེད་པ་ངེས་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོདྡྷི་ས་ཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་ མི་ཏ་ཨ་བྷི་ཛྙཱ་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ནས་དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོན་ཏན་བསྔགས་པ་བརྗོད་པའི་སྤྲིན་གྱི་རྒྱ་མཚོ་རབ་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུར་ཡང་དད་པར་བྱའོ། །དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱི་སྤྲུལ་ པའི་སྤྲིན་སེམས་ཅན་ཐམས་ཅད་ལ་དམིགས་པ་ལས་བྱུང་བ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་དང་། བདེ་བ་ཐམས་ཅད་མྱུར་དུ་སྩོལ་ཅིག་པའམ། ཡང་ན་སེམས་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་དགེ་བ་འབྱུང་བའི་སྦྱོར་བ་ཡང་དག་པར་འབྱུང་ བ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་གྲུབ་པའི་མཆོག་དེ་དག་གིས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟ་བུ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ཡིད་ལ་བྱེད་པའམ་ངག་ཏུ་བརྗོད་དེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་མངོན་པར་བསྒྲུབ་པའི་རྒྱུ་དང་སེམས་ཅན་གྱི་ཁམས་ ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་རིག་པའི་རྒྱལ་པོ་ཆེན་པོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མོ་སྟུ་ཏེ་མ་ཧཱ་བརྫ་སརྦ་ས་ཏྭཱ་ཧི་ཏཾ་ཀ་ར། ཏིཥྠ་སརྦ་ཏྲ། སརྦྦེ་ཥཱཾ་དྷརྨྨཱ་ཎཱཾ་ཨ་དྷིཥྠཱ་ཡ་སྭཱ་ཧཱ། རིག་པའི་ རྒྱལ་པོ་འདི་བརྗོད་པ་ཙམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དེ་དག་གི་སྤྲུལ་པའི་སྤྲིན་རྒྱ་ཆེན་པོ་མོས་པས་མངོན་པར་བསྒྲུབས་ནས། མདོར་ན་སེམས་ཅན་གྱི་ཁམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ ཡང་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱིས་དེ་དག་ལ་ཡང་དག་པར་དད་པར་བྱའོ། །དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ནས་མཁྱེན་ཏོ། །དེ་ནས་དེ་དག་ཐམས་ཅད་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། རྗེས་སུ་ཡི་རང་བ་ལ་ སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེའི་འོག་ཏུ་བདག་སྡུག་བསྔལ་བར་གྱུར་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་བདག་ལ་གྲུབ་པའི་མཆོག་སྩོལ་ཅིག་ཅེས་བརྗོད་པར་ བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། དམིགས་པ་དང་། བཟླས་པ་དང་། ནན་ཏན་དུ་བགྱིས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་དངོས་གྲུབ་ལ་སོགས་པ་གྲུབ་པ་ཐམས་ཅད་ལ་རྗེས་སུ་ཡི་ རང་བ་དང་། དམིགས་པ་དག་ལ་གོམས་པའི་སེམས་ཀྱིས་བླ་ན་མེད་པའི་སྙིང་པོ་འདི་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་བཟླས་པ་བཟླ་བར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་དང་བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ ཅན་གྱི་དོན་བླ་ན་མེད་པ་བྱེད་པ་དང་། དེ་བཞིན་གཤེགས་པ་ཀུན་དུ་བཟང་པོའི་སྐུ་ཡོངས་སུ་སྒྲུབ་པར་འདོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ལྡང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་ པ་རིག་པ་རྒྱ་ཆེན་པོའི་ཚུལ་གྱི་མདོ་སྡེ་རྣམས་མངོན་པར་མཆོད་ཅིང་ཀློག་པའམ་ཐ་ན་ཕྱག་བྱས་ནས་ཟས་བཟའ་བར་བྱ་སྟེ། དང་པོ་ཟས་ལ་སྔགས་འདིས་ལན་བརྒྱད་མངོན་པར་བསྔགས་པ་བྱས་ནས་ཁམ་གྱི་དང་པོ་ལྷ་ཉིད་ལ་དབུལ་ཞིང་དེའི་འོག་ཏུ་ཟས་བཟའ་བར་བྱའོ། །དེ་ལ་སྔགས་ནི་འདི་ ཡིན་ཏེ། ན་མཿསརྦ་བུདྷ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་བ་ལིཾ་དཱ་ཏེ། ཏེ་ཛོ་མཱ་ལཱི་ནི་སྭཱ་ཧཱ། ཁ་ཟས་ཀྱིས་དུབ་པ་སྤངས་ནས་ཀྱང་སྔ་དྲོའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཕྱི་དྲོའི་ཡང་བྱ་བ་ཡིན་ནོ། །ཉལ་ན་ཡང་ཡན་ལག་ཐམས་ཅད་ཀྱིས་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་བྱས་ནས་བསྟོད་དེ་མལ་སྟན་ལ་འདུག་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་དང་བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་བདག་ལ་སྩོལ་ཅིག །རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་ཡང་གདབ་པར་བྱའོ། །མཚན་གྱི་ དང་པོ་དང་ཐ་མ་ལ་མི་ཉལ་བའི་སྦྱོར་བས་དམ་པའི་ཆོས་འདོན་པ་ལ་སོགས་པ་བྱའོ། །སྒྲུབ་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་དེ་བཞིན་དུ་ཉི་མ་རེ་རེ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དང་པོར་ཕྱག་བྱ་བ་དང་ཉིན་རེ་ཞིང་བདག་དབུལ་བ་དང་དེ་བཞིན་དུ་སྡིག་ པ་སོ་སོར་བཤགས་པ་དང་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་དང་སེམས་ཅན་ཐམས་ཅད་ལ་རང་གི་བསོད་ནམས་བསྟབ་པ་དང་དམ་པའི་ཆོས་ཀྱི་གླེགས་བམ་ལ་ཕྱག་བྱས་ནས་ བཅང་བ་དང་ཀློག་པའམ་སྒོམ་པ་དང་། ཐ་ན་མཆོད་པ་བྱས་ནས་དད་པས་སྙིང་པོ་འདི་བཟླ་བར་བྱ་བ་ཡིན་ཏེ། རིའམ་ལྷ་ཁང་ངམ་ཁྱིམ་མམ་བྲང་ཁང་ལ་སོགས་པའི་གནས་སུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྷག་པར་དམིགས་ཤིང་བཟླས་པས་སེམས་ཅན་ ཐམས་ཅད་ཡོངས་སུ་བསྲུང་བ་དང་ལྡན་པའི་སེམས་ཀྱིས་སྟོབས་བཅུ་མཁྱེན་པའི་ས་དོན་དུ་གཉེར་ཞིང་མངོན་པར་འདོད་པས་འབུམ་བཟླ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར་ཞིང་དེས་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པའམ། ཕྱིར་མི་ ལྡོག་པའི་ས་ལ་ཞུགས་པའི་བར་དུ་འཐོབ་པར་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པའི་ཐབས་དང་ཤེས་རབ་ལ་མཁས་པ་དེ་དག་གི་བཟླས་པའི་ཆོ་ག་ཡིན་ནོ། །གལ་ཏེ་རིག་པ་འཛིན་པར་གྱུར་ཅིག་ཅེས་ཡིད་ལ་བྱེད་ལ་བཟླས་པ་འབུམ་ཡོངས་སུ་རྫོགས་པར་བྱས་ ནས། བཅྭ་ལྔའམ་བཅུ་གསུམ་མམ་བཅུ་བཞིའི་ཉིན་མཚན་ལ་གསོ་སྦྱོང་བྱས་ལ། ཅི་འབྱོར་བའི་མཆོད་པ་བྱས་ནས་མེ་ཏོག་གི་གཅལ་བཀྲམ་པའི་དཀྱིལ་འཁོར་ལ། མཆོད་རྟེན་ནམ་ལུགས་སྐུ་འམ་དམ་པའི་ཆོས་ཀྱི་གླེགས་བམ་མདུན་དུ་བཞག་ལ། ཀུ་ཤའི་ཁྲེས་པོའམ་ གཅལ་དུ་བཀྲམ་པ་ལ་འདུག་པའམ་ལོ་མ་ལ་ཉེ་བར་འདུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོག་སློང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་དང་། དམིགས་པ་དང་བཟླས་པས་ལྕགས་ཀྱི་འཁོར་ལོ་ལག་པ་ལ་ཐོགས་ ལ་ཇི་སྲིད་དུ་འབར་བར་མ་གྱུར་པ་དེ་སྲིད་དུ་བཟླས་པ་བྱས་ན་འབར་བར་འགྱུར་ཞིང་། ས་ཆེན་པོ་འགུལ་བར་འགྱུར་ཏེ། རིག་པ་འཛིན་པ་དེ་དག་ཐམས་ཅད་འདུས་ཤིང་དེ་དག་གིས་དབང་བསྐུར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རིག་པ་འཛིན་པའི་རིགས་སུ་བསོད་ནམས་ ཇི་ལྟ་བ་དང་རང་གི་སྐལ་བ་ཇི་ལྟ་བའི་གནས་རྙེད་པར་འགྱུར་རོ། །དེ་ཉིད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་ས་ཐོབ་པར་འགྱུར་ཏེ་དེ་ལ་ལུས་ཉམས་པར་ཡང་མི་འགྱུར་རོ། །ཐབས་མཁས་པ་ཉིད་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་ཀྱང་གཟི་བརྗིད་ མཚུངས་པ་མེད་པ་ཉིད་དུ་འགྱུར་རོ། །འཁོར་ལོའི་རིམ་པ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དང་མདུང་དང་རལ་གྲི་དང་རྩེ་གཅིག་པ་དང་གཏུན་ཤིང་དང་དབྱུག་པ་དང་སྟ་རེ་དང་ཁ་ཊྭཱྃ་ག་དང་གྲི་གུག་དང་ཆུ་གྲི་དང་ལྕགས་ཀྱུ་ལ་ཡང་བསྒྲུབ་པར་བྱའོ། །ཐབས་མཁས་པ་དང་ལྡན་ཞིང་སེམས་ཅན་ཡོངས་ སུ་བསྲུང་བའི་བློ་ཅན་ལུས་དང་སྲོག་ལ་ལྟོས་པ་མེད་པ། ཐམས་ཅད་དུ་རྗེས་སུ་འགྲོ་བའི་ཡིད་ལ་བྱེད་པས་ལྕགས་དང་། གསེར་དངུལ་དང་ལྕགས་གསུམ་དང་ཙནྡན་དང་རྡོ་དང་ཐ་ན་ཤིང་དངས་ལས་བྱས་པའམ། ཏ་ལའི་ལོ་མའི་རང་བཞིན་ལས་བྱས་པ་ལ་སྔར་སྨོས་པའི་ཚོགས་ གཅིག་པུ་དབེན་པར་འདུག་སྟེ་འབུམ་བཟླས་པས་བསྒྲུབས་ན་གོང་མ་བཞིན་རིག་པ་འཛིན་པར་འགྱུར་རོ། །ལྡོང་རོས་སམ། མིག་སྨན་ནམ་བ་བླ་འམ་གི་ཝང་ལ་སོགས་པ་ལོ་མའི་བར་རམ། གོས་ཀྱི་བར་རམ་ལྕགས་ཀྱི་སྣོད་ཁ་སྦྱར་དུ་བཅུག་ལ་བསྒྲུབ་པར་བྱ་བའམ། གོས་སམ་ རྒྱལ་མཚན་ནམ་ནོར་བུའམ་མུ་ཏིག་གི་ཕྲེང་བ་ལ་སོགས་པ་རྒྱན་རྣམས་སམ། པདྨ་འམ་ཨུཏྤལ་ལ་སོགས་པ་མེ་ཏོག་གི་ཁྱད་པར་རམ། སྐ་རགས་སམ་ལྷུང་བཟེད་དམ་ཆོས་གོས་སམ་འཁར་གསིལ་ལ་སོགས་པའི་ཡོ་བྱད་ལག་པར་ཆུད་པའམ་ལོ་མའམ་གོས་སམ་ཞགས་པ་ལ་ བསྒྲུབས་ན་འབར་བར་འགྱུར་ཞིང་རིག་པ་འཛིན་པར་འགྱུར་རོ། །ཅི་སྙེད་ཀྱི་གྲོགས་འདོད་པ་དེ་སྙེད་ཀྱི་གྲོགས་དང་ལྷན་ཅིག་འཕུར་ཞིང་འགྲོ་བར་འགྱུར་རོ། །ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པའི་སྙིང་པོ་འདི་ཡང་བསོད་ནམས་དང་ལྡན་པའམ། བསོད་ནམས་དང་མི་ལྡན་པས་ ཀྱང་རུང་འགྲུབ་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་ཡང་རུང་། ཚུལ་ཁྲིམས་དང་མི་ལྡན་པས་ཀྱང་འགྲུབ་པར་འགྱུར་རོ། །ཐབས་དང་ལྡན་པའམ་ཐབས་དང་མི་ལྡན་པས་ཀྱང་འགྲུབ་པར་འགྱུར་རོ། །མཁས་ཀྱང་རུང་མི་མཁས་ཀྱང་རུང་ངེས་པར་དོན་ཡོད་ པར་འགྱུར་རོ། །གཞན་དུ་དད་པ་མེད་པ་དང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ཀྱིས་མ་ཡིན་ནོ། །བྲིས་སྐུ་མེད་ཀྱང་རུང་མཆོད་ཀྱང་རུང་། མཆོད་པ་མེད་ཀྱང་རུང་། ཁྲུས་ལ་སོགས་པ་མེད་ཀྱང་རུང་། ཕྱིའི་སྤྱོད་པ་གཙང་སྦྲ་ལ་སོགས་པ་མེད་ཀྱང་རུང་། ཉ་ཤ་དང་ཤ་དག་ ལ་སོགས་པ་ཡོངས་སུ་མ་སྤངས་ཀྱང་རུང་འགྲུབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པ་བསྒོམས་པའི་སེམས་ཀྱིས་འགྲུབ་བོ། །གལ་ཏེ་བྲིས་སྐུ་ལ་སྒྲུབ་པར་འདོད་པས་ཐད་ཀ་ལ་བཅོམ་ལྡན་འདས་རིན་པོ་ཆེའི་རི་བོ་ལ་རིན་པོ་ཆེའི་པདྨའི་སྟེང་ ན་བཞུགས་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་འཕགས་པ་རྡོ་རྗེ་འཛིན་པུས་མོ་བཙུགས་ནས་པདྨ་ལ་བཞུགས་པ་རྡོ་རྗེ་དང་བཅས་པར་ཐལ་མོ་སྦྱར་བ་ཨུཏྤ་ལའི་ལོ་མའི་མདོག་གམ་པྲི་ཡང་ཀུ་ལྟ་བུར་སྔོ་བསངས་སམ་གསེར་གྱི་མདོག་ཅན་བྲི་བར་བྱའོ། །བཅོམ་ ལྡན་འདས་ཀྱི་གཡས་ལོགས་སུ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཛིན་གསེར་གྱི་མདོག་ཅན་རལ་པ་དང་ཅོད་པན་ཅན་གོས་སེར་པོ་གྱོན་པ་ལག་པ་གཡོན་གྱིས་ལྕགས་ཀྱུ་ཡོངས་སུ་འཛིན་པ་བྲི་བར་བྱའོ། །དེའི་འོག་ཏུ་མིང་ངམ་མཐའ་མེད་ཅེས་བྱ་བའི་འཁོར་འབར་བའི་སྙིང་པོ་ཅན་ཁྲོས་ ཤིང་འཁྲུགས་པར་གྱུར་པ་ནོར་བུའི་ཟུར་ཕུད་ཀྱིས་བརྒྱན་པ་ཨ་ཤོ་ཀ་དམར་པོའི་མདོག་ཅན་ལག་པ་ན་གྲི་གུག་དང་ཞགས་པ་ཐོགས་པ་བྲི་བར་བྱའོ། །རྡོ་རྗེ་འཛིན་པའི་འོག་ཏུ་གཞོན་ནུ་མ་གཡོན་ན་ཟུར་ཕུད་གཅིག་པ་ནག་པོ་སྔོ་བསངས་རོལ་པར་གྱུར་པས་འཁོར་ལ་དགའ་བ་དང་བཅས་ པས་བལྟ་བ། གོས་སྔོན་པོ་གྱོན་པ་ལག་ན་མེ་ཏོག་གི་ཕྲེང་བ་ཐོགས་པ་མཐའ་མེད་མ་ཞེས་བྱ་བ་ཕོ་ཉ་མོ་བྲི་བར་བྱའོ། །འདིར་ཡང་བྲིས་སྐུ་ལ་གཞན་དུ་ཡང་ལས་དེ་དག་ཉིད་དང་སྒྲུབ་པ་དེ་དག་ཉིད་བྱ་བའམ་རྟོག་པ་ཐམས་ཅད་ཀྱི་ཆོ་གའི་སྦྱོར་བའམ་ཡིད་ལ་འདོད་པའི་ཆོ་ག་སྦྱར་བར་བྱའོ། དུར་ཁྲོད་དུ་འབུམ་བཟླས་ན་རྡོ་རྗེ་འཛིན་འོངས་ནས་ལག་པ་ནས་བཟུང་སྟེ་ལྕང་ལོ་ཅན་དུ་འདྲེན་པར་བྱེད་དོ། །དེས་རྡོ་རྗེའི་རིགས་ཀྱི་གཞོན་ནུར་གྱུར་པ་ཐོབ་པར་འགྱུར་རོ། །རིག་པ་འཛིན་པའི་ས་དངོས་པོ་རལ་གྲི་ལ་སོགས་པ་ལ་བསྙེན་པ་བྱས་པ་དེས་རིག་པ་འཛིན་པར་འགྱུར་རོ། །རྒྱ་ མཚོར་ཞུགས་ནས་འབུམ་བཟླས་ན་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་ཕྱིན་པར་འགྱུར་ཞིང་ཀླུའི་རྒྱལ་པོ་རྒྱ་མཚོ་མཐོང་བར་འགྱུར་རོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ལུས་རབ་ཏུ་ཐོབ་པར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུའམ་རྡོ་རྗེའམ་རལ་གྲིའམ་འཁོར་ལོའམ་རིན་པོ་ཆེ་ལ་ སོགས་པ་དེ་རྣམས་ཀྱི་རིག་པ་འཛིན་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་མང་པོར་འགྲོ་བ་དང་འོང་ནུས་པར་འགྱུར་རོ། །ཀླུའི་རིགས་ཐམས་ཅད་བློ་མཐུན་པར་འགྱུར་རོ། །ཆར་ཆེན་པོ་རྣམ་པ་སྣ་ཚོགས་པ་མངོན་པར་འབབ་པར་འགྱུར་རོ། །ཀླུའི་མཚེའུ་གང་དུ་འབུམ་བཟླས་ན་ ཀླུའི་གནས་དེར་རབ་ཏུ་འཇུག་པར་འགྱུར་ཞིང་། དེར་གང་འདོད་པ་དེ་རྙེད་པར་འགྱུར་རོ། །གང་གཱར་ཞུགས་ཤིང་འབུམ་བཟླས་ལ་འབུམ་ཡོངས་སུ་རྫོགས་ནས་དེ་ཉིད་དུ་མཆོད་རྟེན་བརྩིགས་ལ་སྦྲང་རྩི་དང་འོ་མ་དང་ཡུངས་ཀར་དང་བཅས་པས་སྦྱིན་སྲེག་བྱས་ན། ཀླུ་ཐམས་ཅད་སྐྲག་པས་ ལྷགས་པར་འགྱུར་ཞིང་གང་སྨྲས་པ་དེ་བྱེད་པར་འགྱུར་རོ། །དུར་ཁྲོད་དུ་ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ན་གནོད་སྦྱིན་གོང་མ་བཞིན་བྱེད་པར་འགྱུར་རོ། །རིའི་ལྷ་ལ་འབྲུ་མར་དང་ཙནྡན་གྱི་སྦྱིན་སྲེག་གིས་སམ་ནགས་ཀྱི་གནས་སུ་རིག་པ་འཛིན་པ་ལ་སྦྲང་རྩི་དང་པི་པི་ལིང་གི་སྦྱིན་སྲེག་ བྱས་ན་ཐམས་ཅད་འདུས་པར་འགྱུར་ཞིང་དུས་ཐམས་ཅད་དུ་རྗེས་སུ་དྲན་པ་ཙམ་གྱིས་རང་གི་བཀའ་ལུང་སྒྲུབ་པར་བྱེད་དོ། །ཤིང་གི་གྲིབ་མས་ཤིང་གཞན་ལ་མ་ཕོག་པ་ནི་ཤིང་གཅིག་གོ། །ཤིང་གཅིག་གི་དྲུང་དུ་རྗེས་སུ་དྲན་པས་མཆོད་རྟེན་བྱས་ཤིང་འབུམ་བཟླས་ལ་མདུན་དུ་ཨ་ཤྭཏྠ་ ལས་བྱས་པའི་རྩེ་གསུམ་པ་བྱས་ལ་ཉིན་མཚན་སྨྱུང་བར་འདུག་སྟེ། ཉ་ལ་དྲིས་བསྐུས་ཤིང་ཅི་འབྱོར་པའི་མཆོད་པ་བྱས་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་མཚན་རངས་པ་བསྒྲུབ་པ་བྱས་ན་གདུལ་དཀའ་བ་འདུལ་བར་བྱེད་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་གླིང་བཞི་པའི་ལྷའི་ ཕུན་སུམ་ཚོགས་པའི་བདག་པོར་འགྱུར་རོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་བཟླས་པ་འབུམ་བྱས་ལ་ཉ་ལ་འཁོར་ལོའི་ཕྱག་མཚན་ནམ་རྡོ་རྗེའི་ཕྱག་མཚན་ནམ་རྒྱལ་མཚན་བླངས་ནས་ཇི་སྲིད་འཕུར་བ་དེ་སྲིད་བཟླས་ན་དེས་ཀུན་དུ་འགྲོ་བའི་རིག་པ་འཛིན་པར་འགྱུར་ རོ། །ཆུ་བོར་ཞུགས་ཏེ་བཟླས་པ་འབུམ་བྱས་ནས་ས་ལས་བྱས་པའི་མཆོད་རྟེན་གྱི་རྩར་ཉ་ལ་སོགས་པའི་ཉིན་ཞག་ལ་ཇི་སྐད་དུ་བཤད་པའི་གནས་སུ་ཆོ་ག་སྔ་མ་བཞིན་ལག་པས་ནོར་བུ་བླངས་ཏེ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་བཟླས་ན་ཡིད་བཞིན་གྱི་ནོར་བུ་འཆང་བའི་རིག་པ་འཛིན་པར་ འགྱུར་རོ། །ཡང་དེ་ཉིད་ལག་པས་བླངས་ཏེ་བཟླས་པས་ཡིད་བཞིན་གྱི་ནོར་བུར་འགྱུར་རོ། །ཟངས་མའི་བུམ་པ་ལ་ཆོ་ག་འདི་ཉིད་ཀྱིས་བསྒྲུབ་པ་བྱས་ན་བུམ་པ་གང་བར་འགྱུར་རོ། །སློང་མོས་འཚོ་ཞིང་ལྕགས་ཀྱི་རྡོ་རྗེ་ལག་པར་བླངས་ཏེ། ཇི་སྲིད་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ སྨྲ་བར་བྱ་བ་སྟོན་པར་བྱེད་པ་དེ་སྲིད་བཟླས་པས་ཆོས་གང་ཉན་པར་འདོད་པ་དེ་མངོན་པར་སྟོན་པར་འགྱུར་རོ། །དེའི་སྟེང་དུ་བསྒྲུབས་ན་འབར་བར་འགྱུར་རོ། །འབར་བར་གྱུར་པས་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་སུ་འཇུག་པར་འགྱུར་རོ། །རྡོ་རྗེ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་འཁོར་ལོ་དང་ལྕགས་ ཀྱུ་དང་གླེགས་བམ་ལག་པས་བླངས་ཏེ་བསྒྲུབས་པས་རྡོ་རྗེའི་རིགས་སུ་འཇུག་པར་འགྱུར་ཞིང་ཐམས་ཅད་དུ་ཐོགས་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །གཞོན་ནུའམ་གཞོན་ནུ་མ་ལེགས་པར་ཁྲུས་བྱས་ཏེ་རྒྱན་གྱིས་བརྒྱན་པ་ལ་སྔོན་དུ་བསྙེན་པ་བྱས་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ་ ཉིན་མཚན་སྨྱུང་བས་མཆོད་རྟེན་ནམ་ལུགས་སྐུ་འམ་གླེགས་བམ་མམ་བྲིས་སྐུ་འམ་གཞན་དག་གི་མདུན་དུ་ཀུ་ཤའི་གཅལ་བཀྲམ་པ་ལ་འདུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཐལ་མོ་སྦྱར་བ་བྱས་ནས་གསོལ་བ་བཏབ་ལ། དེ་ནས་ཙནྡན་ནམ་ག་བུར་རམ་གུ་ གུལ་ལམ་དུ་རུ་སྐས་དུ་བ་མེད་པའི་མེ་མདག་ལ་སྦྱིན་སྲེག་བྱའོ། །དེ་དག་མེད་ན་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ལག་པས་དེ་དག་བཟུང་ལ་ཇི་སྲིད་གཞོན་ནུ་དང་གཞོན་ནུ་མ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པས་རབ་ཏུ་འབར་ཞིང་འཕུར་བར་འགྱུར་རོ། །ལག་པས་བླངས་ན་དེ་དག་དང་བཅས་ པར་རིག་པ་འཛིན་པར་འགྱུར་རོ། །བུད་མེད་ལེགས་པར་ཁྲུས་བྱས་ཤིང་རྒྱན་གྱིས་བརྒྱན་པ་ལ་ཇི་སྲིད་སྐྱེས་པར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དུར་ཁྲོད་དུ་བྲིས་པའམ་ཤིང་ངམ་ས་ལས་བྱས་པའི་སེང་གེ་ལ་ཇི་སྲིད་འགྲོ་བར་གྱུར་པ་དེ་སྲིད་བཟླས་པས་དེ་ལ་ཞོན་ཞིང་གང་དུ་ འདོད་པ་དེར་འགྲོ་བར་འགྱུར་རོ། །གལ་ཏེ་ཉིན་རེ་རྟག་ཏུ་བཟླས་ན་གང་དུ་འགྲོ་བའི་ས་ཕྱོགས་དེ་བསྲུང་བ་བྱས་པར་འགྱུར་རོ། །གལ་ཏེ་ཉིན་མཚན་དུ་སྒྲུབ་པ་བྱེད་ན་ཇི་སྲིད་ཞག་ལྔའམ་དྲུག་གམ་བརྒྱད་དམ་ལྷག་མའི་ཟླ་བ་ཕྱེད་ཀྱི་ནང་དུ་ཡར་འཕགས་པར་འགྱུར་ཞིང་ལྷ་རྣམས་ལས་ ཀྱང་རྒྱལ་བར་འགྱུར་རོ། །དེ་ལ་ཞོན་ན་གང་དུ་འདོད་པ་དེར་འགྲོ་བ་དང་འོང་བར་འགྱུར་རོ། །དེ་བཞིན་དུ་རྟའམ་གླང་པོ་ཆེའམ་ཁྱུ་མཆོག་གམ་མ་ཧེའམ་ར་སྐྱེས་སམ་ལུག་གམ་རི་དགས་ལ་བཟླས་ན་དེ་དག་ཐམས་ཅད་ཉིད་གང་དུ་ཇི་སྲིད་འདོད་པ་དེ་སྲིད་དུ་འགྲོ་བ་དང་འོང་བར་འགྱུར་ རོ། །མེ་ཏོག་གིས་རབ་ཏུ་གཏོར་བའི་དཀྱིལ་འཁོར་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་ལ་མར་དང་ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ན་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པར་མཁའ་ལ་འཕུར་བར་འགྱུར་རོ། །དུར་ཁྲོད་ཇི་ལྟ་བ་དེ་བཞིན་དུ་རི་བོ་ལ་སོགས་པ་ལ་ཡང་གཅིག་པུ་དབེན་པར་འདུག་སྟེ་བསྒྲུབ་ པའམ་དད་པ་ལ་སོགས་པ་བྱ་ལ་བསྒྲུབ་པའམ་ཆོ་ག་འདི་ཉིད་ཀྱིས་ཤིང་ཁྲིའམ་མཆིལ་ལྷམ་ལ་སོགས་པ་ལ་ཡང་ཡིད་ལ་འདོད་པས་ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ། །ཤིང་མྱ་ངན་མེད་ཀྱི་ཡལ་ག་ལ་འཇུས་ནས་ཇི་སྲིད་ནམ་མཁའ་ལ་འགྲོ་བ་དང་མི་སྣང་བར་འགྱུར་བ་དེ་སྲིད་དུ་བཟླས་ པར་བྱའོ། །དེ་བཞིན་དུ་ཤིང་ཨ་ཤྭཏྠ་དང་ནྱ་གྲོ་དྷ་དང་ནཱ་ག་པུཥྤའི་ཤིང་དང་ཤིང་ཏིལ་ཀ་དང་ཨ་མྲ་དང་དུར་ཁྲོད་ཀྱི་ཤིང་ལ་འཛེགས་ཏེ་ཇི་སྲིད་མི་སྣང་བར་འགྲོ་བ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ལྟར་མི་སྣང་བར་གྱུར་པས་ལོ་སྟོང་ཕྲག་བརྒྱར་འཚོ་བར་ཡང་འགྱུར་ཞིང་ཁྲུ་གང་ཙམ་གྱིས་ས་ལ་ མ་རེག་པར་འགྲོ་བར་འགྱུར་རོ། །བསོད་སྙོམས་ཀྱི་འཚོ་བས་དུར་ཁྲོད་དུ་ཇི་སྲིད་དུ་མི་སྣང་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དུར་ཁྲོད་དུ་ཞག་ལྔ་འདུག་སྟེ་བཟླས་པ་བྱས་ནས་ཕྱིས་དེ་ཉིད་དུ་སའི་རང་བཞིན་གྱི་མཆོད་རྟེན་བྱས་ནས་དེར་མེ་ཏོག་གི་དཀྱིལ་འཁོར་བྱས་ཏེ། ཐལ་བ་ ལག་པའི་ཁ་སྦྱར་དུ་བཅུག་སྟེ། ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པ་བྱས་ནས་དེས་མཛུབ་རིས་གསུམ་བྱས་པས་མི་སྣང་བར་འགྱུར་རོ། །ཤ་མ་ཏ་ལའི་རྩ་བསྐམ་པོ་ཕྱེ་མར་བྱས་ཏེ་དུར་ཁྲོད་དུ་མེ་ཏོག་གིས་མངོན་པར་གཏོར་བའི་དཀྱིལ་འཁོར་བྱས་ལ་ལག་ པ་ཁ་སྦྱོར་རམ་ཁམ་པོར་ཁ་སྦྱོར་དུ་བཅུག་སྟེ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པ་བྱས་ལ་དེས་མིག་ལ་བསྐུས་ན་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་འགྲོ་ན་པུཥྤ་དད་ཨ་ཏི་པ་ལཱ་དང་། ཨིནྡྲ་བ་རུ་ནི་རྣམས་ཀྱི་རྩ་བའམ། ཤུ་དག་གམ། ཨ་པ་རཱ་ཙི་ཏ་འམ། ཨ་པ་ར་ཏི་ ནིའམ། པདྨའི་སྡོང་བུའི་རྩ་བའམ། དཎྜོཏྤ་ལའམ། ཨུཏྤ་ལའི་མེ་ཏོག་གམ། མིའི་ཤའམ། རྨ་བྱའི་ཤའམ། ཚ་བ་གསུམ་མམ། ར་ཛ་པ་ཏའམ། སྤོས་དཀར་པོའམ་གཞན་དག་ཕྱེ་མར་བྱས་ཏེ། ཁམ་ཕོར་ཁ་སྦྱར་རམ་ལག་པ་ཁ་སྦྱོར་དུ་བཅུག་སྟེ་ཇི་སྲིད་དུ་བ་འཐུལ་ བ་དེ་སྲིད་དུ་བཟླས་པ་དེས་མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །དུར་ཁྲོད་དུ་སྦྲང་རྩི་ལ་ལན་སྟོང་མངོན་པར་བསྔགས་ཏེ་མིག་ལ་བསྐུས་ནམ་མཐོང་བ་ཐམས་ཅད་མཐོང་བར་འགྱུར་རོ། །དགོན་པར་མཆོད་རྟེན་གྱི་ལོགས་ལ་ཤིང་རྟ་བྲིས་ལ་ཇི་སྲིད་ཟླ་བ་ཕྱེད་ཀྱི་ནང་དུ་འགུལ་བར་འགྱུར་ བ་དེ་སྲིད་ཉིན་མཚན་བཟླས་ལ་དེ་ལ་ཞོན་ན་ཀུན་དུ་འགྲོ་བར་འགྱུར་རོ། །བ་བླ་བླངས་ཏེ་དབེན་པའི་མཆོད་རྟེན་ནམ་དགོན་པའམ་རི་ལ་སོགས་བ་ལ་ཇི་སྲིད་དངོས་གྲུབ་གསུམ་གྲུབ་པར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བཞིན་དུ་གི་ཝང་དང་མིག་སྨན་ལ་སོགས་པ་ལ་བསྒྲུབ་པར་བྱའོ། ། དགེ་སློང་གིས་རྟག་ཏུ་ལྷུང་བཟེད་དང་ཆོས་གོས་དང་འཁར་གསིལ་ལ་སོགས་པ་བླངས་ལ་བཟླས་པ་བྱ་ཞིང་། འཇོག་པ་ན་བསྲུང་པ་བྱས་ཏེ་གཞག་པར་བྱའོ། །དེ་ལྟ་བུ་ལ་སོགས་པའི་ལས་སུ་བྱ་བ་བྱེད་པ་ན་ཡིད་ལ་འདོད་པའི་ཆོ་གས་བསྒྲུབ་པའམ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རྟོག་པའི་ཆོ་གས་བསྒྲུབས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་འདོད་པ་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་རོ། །ཐོགས་པ་མེད་པ་དོན་ཡོད་པའི་ཡིད་ལ་འདོད་པའི་ཆོ་གས་ཇི་ལྟར་འདོད་པ་བཞིན་བསྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་དང་བཅས་པའི་དེ་ བཞིན་གཤེགས་པ་ཐམས་ཅད་འདི་ལྟར་བདག་པོར་ཁས་བླངས་ནས་ཕྱག་འཚལ་བ་དང་། དམིགས་པ་དང་། བཟླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་བཅས་པ་རྗེས་སུ་དྲན་ཞིང་བཟླས་པ་གོམས་པར་བྱའོ། །གལ་ཏེ་སྐྱིལ་ཀྲུང་མ་བཤིག་པར་མཚན་མོ་གཅིག་པུར་རི་ ལ་སོགས་པ་དྲི་ཞིམ་པ་དབེན་པ་ན་དབེན་པར་འདུག་སྟེ། བཟླས་པ་བྱེད་ན་ཉི་མ་ཤར་བའི་དུས་ཀྱི་ཚེ་བསྙེན་པ་མ་བྱས་པར་ཡང་རིག་པ་འཛིན་པ་ངེས་པར་མཚན་གཅིག་གིས་འགྲུབ་བོ། །ཙོག་པུར་འདུག་ནས་བྱས་ན་གདོན་མི་ཟ་བར་ཟླ་བ་ཕྱེད་ཀྱི་ནང་དུ་ལུས་ཡོངས་སུ་འགྱུར་བར་ བྱེད་དོ། །དཀྱིལ་འཁོར་མེ་ཏོག་ལ་སོགས་པས་མངོན་པར་གཏོར་བར་བྱས་ལ། མཆོད་རྟེན་ལ་མངོན་པར་ཕྱོགས་པའམ། ལུགས་སྐུ་ལ་མངོན་དུ་ཕྱོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་ཞིང་སྟོང་ཕྲག་བརྒྱད་བཟླས་ན་དམ་པའི་ཆོས་ སྤོང་བ་དང་འཁོར་བ་ཐོག་མ་མེད་པའི་ལས་ཀྱི་སྒྲིབ་པ་རྣམས་སྤོང་བར་བྱེད་དོ། །ཆུ་བོའི་ངོགས་སུ་མཆོད་རྟེན་བྱས་ལ་ཆུ་བོ་དེ་ཉིད་དུ་སྐེ་བ་ནུབ་ཙམ་དུ་ཞུགས་ཏེ་བཟླས་ན་ལས་ཀྱི་སྒྲིབ་པ་ཟད་པར་འགྱུར་རོ། །དེ་བཞིན་དུ་མཆོད་རྟེན་ལ་སྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་ན་སྡིག་ཕ་ལས་ གྲོལ་བར་འགྱུར་རོ། །དབེན་པར་མིག་བཙུམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ནས། ཇི་སྲིད་མིག་བཙུམས་པ་དེ་ཁོ་ནས་དེ་བཞིན་གཤེགས་པ་ཡིད་ཀྱིས་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱས་ན། སྡིག་པའི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་ བར་འགྱུར་རོ། །མི་སྨྲ་བར་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པར་འགྱུར་རོ། །འདིས་དམ་ཚིག་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། །རྣམ་པར་འཚེ་བ་ལ་མར་དང་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །ནད་པ་རྣམས་ཀྱི་དོན་དུ་ནི་མར་དང་སྦྲང་རྩིས་ སྦྱིན་སྲེག་བྱའོ། །ཁྲོས་པ་རྣམས་ཀྱི་དོན་དུ་སྦྲང་རྩིའོ། །རྒྱལ་པོ་འདྲེན་པར་བྱེད་པ་ལ་ནི་ཡུངས་ཀར་ཏིལ་མར་ལ་སྦགས་ནས་སྦྱིན་སྲེག་བྱའོ། །གཡུལ་འགྱེད་པ་ལ་ནི་འོད་མའི་ཚེར་མའམ་འཆི་བ་ལ་མ་ད་ནའི་ཚེར་མའམ་ཨརྒའི་མེ་ཏོག་གམ་དུ་དུར་གའི་མེ་ཏོག་ཡུངས་ཀར་གྱི་མར་ལ་ སྦགས་པས་སྦྱིན་སྲེག་བྱས་ན་འཆི་བ་རབ་ཏུ་ཞི་བར་བྱེད་དོ། །མུ་ཙུ་ཀུནྡྷའི་ཕུར་བུ་མ་མོའི་དཀྱིལ་འཁོར་དུ་སྤས་ན་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང་སྔགས་ཕུར་བུས་བཏབ་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་བྲིས་ཏེ་ལྕགས་ཀྱི་ཕུར་བུས་ བཏབ་ན་རིག་པ་འཛིན་པ་ཐམས་ཅད་དང་མ་དད་པ་དང་གནོད་པ་བྱེད་པ་ཕུར་བུས་བཏབ་པར་འགྱུར་རོ། །ཨ་ཤོ་ཀའི་པུར་བུས་ལམ་པོ་ཆེའི་བཞི་མདོར་བརྐོས་ན་གདོན་ཆེན་པོ་རེངས་པར་བྱེད་པར་འགྱུར་རོ། །ཉིན་གཅིག་པ་ལ་སོགས་པའི་རིམས་ཐམས་ཅད་ལ་སྐུད་པའམ་བདུག་སྤོས་ དྲི་ཞིམ་པོ་རྣམས་ཀྱིས་མགོ་བཏུམས་ལ་རང་ལ་བདུགས་ན་སེལ་བར་བྱེད་ཅིང་ལྷས་བསྟན་ནས་སྨྲ་བར་བྱེད་དོ། །དེ་བཞིན་དུ་སྦྱིན་སྲེག་གང་ཡིན་པ་དེས་ཀྱང་ཀླུ་དང་གནོད་སྦྱིན་ལ་སོགས་པ་མེད་པར་བྱེད་དོ། །ཟླ་བ་གཟས་ཟིན་པ་ན་ཟངས་མའམ་ལྕགས་སམ་གསེར་རམ་དངུལ་གྱི་སྣོད་དུ་བཅུག་ པའི་མར་ལ་ཇི་སྲིད་དངོས་གྲུབ་གསུམ་ཐོབ་པར་གྱུར་པ་དེ་སྲིད་དུ་བཟླས་ལ། དེ་འཐུངས་ན་ཐོས་པ་འཛིན་པའམ་རིག་པ་འཛིན་པར་འགྱུར་རོ། །ཉི་མ་གཟས་ཟིན་པ་ན་བ་བླ་ཤིང་མྱ་ངན་མེད་ཀྱི་ལོ་མ་ལ་བཞག་སྟེ། དགོན་པའི་མཆོད་རྟེན་ནམ་རི་བོའི་མཆོད་རྟེན་གྱི་རྩར་དཀྱིལ་འཁོར་ལ་མེ་ ཏོག་གཏོར་བ་བྱས་ཤིང་ཇི་སྲིད་གྲུབ་པ་གསུམ་ཐོབ་པར་གྱུར་པ་དེ་སྲིད་དུ་བཟླས་ན་འབར་བར་གྱུར་ནས་རིག་པ་འཛིན་པར་འགྱུར་རོ། །བ་བླ་ལ་ཇི་ལྟ་བ་དེ་བཞིན་དུ་ལིག་བུ་མིག་དང་ལྡོང་རོས་ལ་སོགས་པ་ལ་ཟླ་བ་གཟས་ཟིན་པའམ་ཉི་མ་གཟས་ཟིན་པ་ན་བསྒྲུབ་པར་བྱའོ། །གང་ཞིག་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་ལ་འཇུག་པར་འགྱུར་བ་འམ་རྟེན་འཕོ་བར་འདོད་པའམ་རྒལ་བར་འདོད་པའམ་སེམས་ཅན་རྣམས་དང་སྐྱེ་བོ་སྡུག་བསྔལ་བ་རྣམས་འཁོར་བ་ལས་ཡོངས་སུ་སྲུང་བར་བྱེད་འདོད་པའམ་བདག་ཉིད་མཐོང་བའི་ཆོས་ཉིད་ལ་སངས་རྒྱས་ཀྱི་མཛད་པ་ལ་ངེས་ པར་སྦྱོར་བར་འདོད་པའམ་གསལ་པོར་སྣང་བ་ལ་གཞན་དག་ཡང་དག་པར་སྦྱོར་བར་འདོད་པའམ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ལེགས་སོ་ཞེས་བྱ་བའི་རྣམ་པ་རབ་ཏུ་བསྒྲགས་པ་མྱུར་དུ་རྙེད་པར་འདོད་པའམ། ཕྱིར་མི་ལྡོག་པའི་ས་ལ་སྐྱེ་བ་རྙེད་པར་འདོད་པས་སྔགས་ཀྱི་ སྤྱོད་པའི་སྒོ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལ་བསླབ་པར་བྱའོ། །ཐབས་ལ་མཁས་པ་འདིས་ཀྱང་ཡོངས་སུ་ཟིན་པར་བྱ་སྟེ། སྨོན་ལམ་རྒྱ་ཆེན་པོ་བྱ་བ་དང་སྡིག་པ་རྣམས་སོ་སོར་བཤགས་པ་དང་དུས་གསུམ་དུ་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པ་ལ་རྗེས་སུ་ཡི་རང་བ་དང་རྗེས་སུ་ཡི་རང་བ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རྒྱུ་ཉིད་དུ་རབ་ཏུ་སྦྱོར་བར་གྱུར་ཅིག་ཅེས་དེ་ལྟར་བསྔོ་འོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང་སེམས་ཅན་གྱི་དོན་འབྱུང་བར་གྱུར་ཅིག་ ཅེས་དང་པོའི་ཚིག་ཏུ་བརྗོད་པའམ། རྗེས་སུ་བསམས་པའམ། དམིགས་ནས་བདག་གི་བསོད་ནམས་ཀྱི་སྟོབས་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཅིང་སེམས་ཅན་གྱི་དོན་འདི་འབྱུང་བར་གྱུར་ཅིག་ཅེས་ དང་པོ་ཚིག་ཏུ་བརྗོད་པའམ་རྣམ་པར་བསམས་ཏེ་བཟླས་པ་བྱའོ། །དབེན་པའི་ས་ཕྱོགས་སུ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་ཤིན་ཏུ་རྒྱ་ཆེན་པོའི་མདོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་ལ་རབ་ཏུ་འཇུག་པ་ཀློག་པ་ཉིད་དང་སེམས་པ་ཉིད་དང་མཆོད་པ་ཉིད་ཚེས་གཅིག་ ནས་བརྩམས་ཏེ་ཟླ་བ་གཅིག་གི་བར་དུ་བྱའོ། །དེ་ནས་ཉ་ལ་མཆོད་པ་བྱས་ཏེ་མཚན་ཐོག་ཐག་ཏུ་བཟླས་པ་བྱས་ན། དེ་བཞིན་གཤེགས་པ་རྣམས་བྱོན་ཞིང་མགོ་བོ་ལ་ཕྱག་གིས་བྱུགས་ཏེ། འདི་སྐད་དུ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་ཞེས་གསུང་བར་འགྱུར་ཏེ། དེ་ལ་སོགས་ པ་མི་བརྗེད་པའི་གཟུངས་རྙེད་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་ཞུགས་ནས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །ཇི་ལྟར་སེམས་ཅན་རྣམས་འཚང་རྒྱ་བའི་རྒྱུར་གྱུར་ཅིག་ཅེས་རྣམ་པར་བསམས་ལ་བཟླས་པར་བྱའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ནད་ རྣམས་རབ་ཏུ་ཞི་བར་བྱ་བ་དང་སྡུག་བསྔལ་གྱིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་ཅེས་དེ་ལྟར་བཟླས་པར་བྱའོ། །གྲང་བའི་དམྱལ་བ་རྣམས་ལ་དྲོ་བ་འབྱུང་བར་འགྱུར་བ་དང་། ཚ་བའི་དམྱལ་བ་རྣམས་ལ་གྲང་བ་ཉིད་འབྱུང་བར་གྱུར་ཅིག་ཅེས་བཟླས་པར་བྱའོ། །དུད་འགྲོ་ རྣམས་གཅིག་ལ་གཅིག་ཟ་བ་རྣམས་མེད་པར་གྱུར་ཅིག་ཅེས་བཟླས་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་དུ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མེད་པར་གྱུར་ཅིག །བདེ་བ་དང་ཡིད་བདེ་བ་ཐམས་ཅད་འབྱུང་བར་གྱུར་ཅིག །ཡི་དགས་ རྣམས་ལ་བཟའ་བ་དང་བཏུང་བ་འབྱུང་བར་གྱུར་ཅིག་ཅེས་དེ་ལྟར་ཟང་ཟིང་མེད་པའི་སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་པ་འབྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དགེ་བ་རབ་ཏུ་འཕེལ་བའི་ཤུགས་འབྱུང་བར་གྱུར་ཅིག །བདེ་བ་དང་ཡིད་བདེ་བ་དེ་དག་རྣམས་ལ་འབྱུང་ བར་གྱུར་ཅིག །དད་པ་དང་དགའ་བ་དང་རབ་ཏུ་དགའ་བ་ལ་སོགས་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པའི་དགེ་བའི་ཤུགས་འབྱུང་བར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སྟོབས་བཅུ་མཁྱེན་པའི་ས་ལ་སེམས་ཅན་ སོ་སོར་གནས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་དང་གཞན་ཡང་སེམས་ཅན་ལ་ཕན་པའི་རྒྱུར་དམིགས་ཏེ་སྔགས་བཟླ་བར་བྱའོ། །མདོར་ན་འཁོར་བར་གྱུར་པའི་ཉོན་མོངས་པ་དང་སྡུག་བསྔལ་བ་ལ་སོགས་པ་རབ་ཏུ་སྤང་བ་དང་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་ སུ་རྫོགས་པར་གྱུར་ཅིག་ཅེས་སྔགས་བཟླ་བར་བྱའོ། །དེ་བཞིན་དུ་བཟླས་པས་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་སྨོན་ལམ་གྱི་སྟོབས་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་གོ་ར་མིས་ཇི་ལྟ་བཞིན་དུ་སེམས་ཅན་གྱི་ཁམས་སུ་སེམས་ཅན་གྱི་དོན་གྱི་ ཁྱད་པར་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་འབྱུང་བར་འགྱུར་རོ། །དེ་དག་ཀྱང་དེ་བཞིན་གཤེགས་པས་མཁྱེན་པར་འགྱུར་ཏེ་མོས་པ་རྒྱ་ཆེ་བ་དང་དད་པས་བྱང་ཆུབ་མངོན་པར་འདོད་པའི་རིགས་ཀྱི་བུ་དེ་ལ་ཡང་དད་པར་བྱའོ། །དེ་ལ་འདིའི་དཔེ་བསྟན་པ་ནི་འདི་ལྟ་སྟེ། ཡང་འདོད་ པའི་ཁམས་ན་དབང་ཕྱུག་ཅེས་བྱ་བ་ཡོད་དེ། འདོད་པ་སྐྱེད་པར་བྱེད་པ་ཞེས་བྱ་བའི་རིག་པས་འདོད་པ་ན་སྤྱོད་པའི་ལྷའི་བུ་འདོད་པས་རྒྱལ་བར་བྱེད་ཅིང་འདོད་པའི་ལོངས་སྤྱོད་ཡོངས་སུ་ལོངས་སྤྱོད་པ་ཡང་། ཡང་དག་པར་སྟོན་པར་བྱེད་དོ། །མེ་ཏོག་རྣམ་པ་སྣ་ཚོགས་པ་ མང་པོ་དང་། རིན་པོ་ཆེ་དང་། ནོར་བུ་ཡོད་པའི་ས་ཕྱོགས་དང་། ཡོ་བྱད་དང་། ལོངས་སྤྱོད་ཉེ་བར་སྟོབས་པར་བྱེད་དོ། །འདི་ལྟ་སྟེ་ཡང་ལྷའི་བུ་དབང་ཕྱུག་ཅེས་བྱ་བ་ཡོད་དེ་དེས་ཡིད་ལྟར་མགྱོགས་པ་ཞེས་བྱ་བའི་རིག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་ལས་སུ་བྱ་བ་བྱེད་ཅིང་ཡོ་བྱད་དང་ལོངས་སྤྱོད་མངོན་པར་སྤྲུལ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་ཡང་ཉེ་བར་སྟོབས་པར་བྱེད་དོ། །འདི་ལྟ་སྟེ་ཡང་རིག་པ་འཛིན་པ་ཞེས་བྱ་བའི་སྔགས་ཀྱིས་གོས་དང་། བཏུང་བ་དང་། གཞལ་ཡས་ཁང་དང་། སྐྱེད་མོས་ཚལ་དང་། དྲི་དང་། མེ་ཏོག་དང་། ཕྱེ་མ་དང་། ཕྲེང་བ་ལ་སོགས་པ་མངོན་པར་སྤྲུལ་ནས་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་གཞན་དག་ལ་སྟེར་བར་བྱེད་དོ། །འདི་ལྟ་སྟེ་ཡང་མིག་འཕྲུལ་རྣམ་པ་སྣ་ཚོགས་པའི་མིག་འཕྲུལ་མཁན་ཞེས་བྱ་བས་རྣམ་པ་སྣ་ཚོགས་ པའི་མིག་འཕྲུལ་སྟོན་པར་བྱེད་དོ། །འདི་ལྟ་སྟེ་ཡང་ལྷ་མ་ཡིན་རྣམས་སྔགས་ཀྱི་སྒྱུ་མ་བྱེད་པར་འགྱུར་རོ། །འདི་ལྟ་སྟེ་ཡང་སྨན་པས་སྔགས་ཀྱིས་སེམས་ཅན་མང་པོ་རྣམས་ཀྱི་རིམས་སེལ་བར་བྱེད་ཅིང་། ཡི་དགས་དང་དུག་དང་ནད་རྣམས་སེལ་བར་བྱེད་དོ། །འདི་ལྟ་ སྟེ་ཡང་སྔགས་ཀྱིས་མེའི་དྲོ་བ་མེད་པར་བྱེད་ཅིང་གྲང་བ་ཡང་དྲོ་བར་འགྱུར་རོ། །འདི་ལྟ་སྟེ་ཡང་མངོན་པར་གནོད་པར་བྱེད་པས་རིམས་ཀྱིས་འཛིན་པར་བྱེད་དོ། །འདི་ལྟ་སྟེ་ཡང་མ་མོའི་རྟོག་པས་སེམས་ཅན་མང་པོ་རྣམས་ལ་གསོད་པ་དང་རྣམ་པར་འཚེ་བར་བྱེད་དོ། །གཞན་ ཡང་སྡིག་པ་རྣམས་ལ་སྡིག་པའི་སྔགས་ཀྱིས་སྡིག་པ་ལ་སྦྱོར་བར་བྱེད་དོ། །གཞན་ཡང་གནོད་སྦྱིན་གྱི་སེམས་རྣམ་པར་གཡོ་བར་བྱེད་པའི་སྔགས་ཀྱིས་སེམས་དགའ་བ་དང་ཡིད་བདེ་བ་ལ་སོགས་པ་དང་གཞན་དག་ཀྱང་བྱེད་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་ངེས་ པར་སྟོན་པ་ནི་སྔགས་ཀྱི་སྟོབས་ཡིན་པར་བལྟ་བར་བྱའོ། །གསང་སྔགས་དེའི་སྟོབས་ནི་གསང་སྔགས་ཉིད་ལས་འབྱུང་བ་ཡང་མ་ཡིན། སེམས་ཅན་ལས་འཇུག་པ་ཡང་མ་ཡིན་སྦྱོར་བ་བྱས་པ་ཡང་མི་དམིགས་མོད་ཀྱི་སྔོན་གྱི་བསྙེན་པའི་ཆོ་ག་ལས་གསང་སྔགས་ཀྱི་སྟོབས་ཀྱི་ སྟོབས་རབ་ཏུ་ཤེས་པར་བྱའོ། །བྱིན་གྱིས་བརླབས་ཀྱི་ཆོས་ཉིད་ལས་བྱུང་བ་ལས་འདས་པ་ཡང་མ་ཡིན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ཡང་འགྲོ་བ་དང་འོང་བ་ཡང་མ་ཡིན། དམིགས་པ་ཡང་མ་ཡིན། འགྲོ་བར་བྱེད་པ་ཡང་མ་ཡིན། བྱེད་པ་པོ་ ཡང་མ་ཡིན། བྱེད་པ་ཡང་མ་ཡིན། བདེན་པར་གྱུར་པ་མི་སླུ་བ་ཡིན་ཏེ་དེ་བས་ན་དད་པས་སྔགས་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །ཚེ་འདི་ཉིད་ལ་མཐོང་བའི་ཆོས་ཉིད་ཀྱི་ཡོན་ཏན་འདོད་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་འདོད་པ་དང་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་འདོད་པ་དང་ཡོན་ཏན་རིན་པོ་ཆེ་སོ་སོར་ཐོབ་པར་འདོད་པས་བསྒྲུབ་པར་བྱའོ། །སེམས་ཅན་གྱི་དོན་གྱི་ཕྱིར་མངོན་པར་བརྗོད་པའི་སྦྱོར་བ་འདིས་བསྒྲུབས་ན་མྱུར་བ་ཁོ་ནར་ཇི་ལྟར་འདོད་པའི་རིག་པ་འཛིན་པ་ལ་སོགས་ པ་འགྲུབ་པར་འགྱུར་རོ། །གཞན་ཡང་སེམས་ཅན་རྣམས་ལ་ཕན་པའི་རྒྱུར་གྱུར་པ་ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་གོ་འཕང་གང་ཡིན་པ་རྣམ་པར་བསམས་ལ་བཟླས་པ་འབུམ་བྱས་ན་ངེས་པར་དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་མགོ་ལ་བྱུགས་ཏེ་ཇི་ལྟར་འདོད་པའི་ དངོས་གྲུབ་ཀྱང་མྱུར་དུ་སྩོལ་བར་མཛད་པར་འགྱུར་རོ། །ཡིད་ཀྱི་ལས་སུ་བྱ་བ་ཅི་འདོད་པ་ལ་སྦྱོར་བའང་རུང་རྟོག་པའི་ཆོ་ག་གཞན་ནམ་སྔགས་འདི་ལ་རྟོག་པ་ཐམས་ཅད་ཀྱི་ཆོ་གས་སྦྱར་བར་བྱའོ། །དམ་ཚིག་གསུམ་གྱི་རྒྱལ་པོ་ལས་གསུངས་པའི་ཆོ་ག་ལས། དེ་བཞིན་ གཤེགས་པའི་སྙིང་པོའི་ལེའུ་རྫོགས་སོ།། །།ཡང་དེའི་ཚེ་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ཡན་ལག་ཐམས་ཅད་ལས་དེ་བཞིན་གཤེགས་པའི་སྤྱོད་ ཡུལ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་རིག་པའི་རྒྱལ་པོ་བྱུང་བར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་ཨ་མ་ལ་བི་ཀྲཱཾ་ཏ་ཏེ་ཛཱི་ནི་ཨ་ར་ཛེ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་ནི་ཆོས་ཀྱི་སྤྱོད་ཡུལ་མཐའ་དང་དབུས་མེད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་རིག་པ་མཆོག་ ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པའི་རིག་སྔགས་ཆེན་པོ་རྟོག་པའི་སྦྱོར་བ་རབ་འབྱམ་ཡངས་པ་མཐའ་མེད་པ་སྔགས་ཀྱི་སྒོར་ཞུགས་པའི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདིས་ལས་རྣམས་གང་བག་མེད་པའི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་ སེམས་དཔའ་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་མ་གཏོགས་པར་སྨྱོ་བར་འགྱུར་རོ། །མདོར་བསྟན་ན་བཟླས་པ་ཙམ་གྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །གསང་སྔགས་ཀྱི་སྤྱོད་པ་རྗེས་སུ་ཐོབ་ནས་རྣམ་པ་སྣ་ཚོགས་པའི་དེ་བཞིན་གཤེགས་པའི་ སྐུ་དང་། བྱང་ཆུབ་སེམས་དཔའི་སྐུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡང་དག་པར་སྟོན་པར་འགྱུར་རོ། །མོས་པ་སྣ་ཚོགས་པ་རྣམས་ལ་འཚམ་པར་འཁོར་བ་ལ་ཟློག་པའི་ཕྱིར་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་དུ་སོང་བ་ཐམས་ཅད་ལ་ཐོགས་པ་མེད་པའི་གསང་སྔགས་ ཆེན་པོ་འདིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ། མཐའ་དང་དབུས་མེད་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་སྟོབས་དང་། དགེ་བས་རྒྱས་པར་བྱས་པའི་སེམས་ཀྱི་འཇུག་པས་ བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་འཁོར་ལོ་དང་གཞན་དག་ཀྱང་སེམས་ཅན་གྱི་ཁམས་རྣམས་ལས་འབྱུང་ཞིང་ཐོས་པར་གྱུར་ཅིག་ཅེས་སེམས་ཅན་ཐམས་ཅད་བསྐྱབ་པར་དམིགས་ནས་སྔགས་བཟླས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ བྱིན་གྱིས་བརླབས་ཀྱི་སྟོབས་ཀྱི་ཤུགས་ལ་དད་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པས་ཐ་ན་གཟུང་པ་ཙམ་ལ་ཡང་སྦྱར་བར་བྱའོ། །རྟོག་པ་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དོན་ཡོད་པ་ཐོགས་པ་མེད་པ་སྨོན་ལམ་གྱི་སྟོབས་དང་། བྱིན་གྱིས་ བརླབས་ཀྱི་སྟོབས་ཀྱིས་དངོས་གྲུབ་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ལས་འདིར་རིག་པ་འཛིན་པ་འཐོབ་པའི་ཐབས་ཕྱོགས་ཙམ་བརྗོད་པར་བྱའོ། །འདིར་དད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པས་རེ་ཞིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ སྔ་མ་བཞིན་དུ་བདག་གི་ལུས་དབུལ་བར་བྱའོ། །དེ་ནས་དུས་ཐམས་ཅད་པའི་སྡིག་པ་བཤགས་ཏེ། ལུས་དང་། ངག་དང་། ཡིད་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལས་བྱུང་བ་རྣམས་ནུས་པ་ཇི་ལྟ་བ་བཞིན་དུ་བཤགས་པར་བྱའོ། ། དེ་ནས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱ་སྟེ། སེམས་ཅན་ཐམས་ཅད་སྐྱོབ་ཅིང་ཕན་པར་མཛད་པ་ལ་རྗེས་སུ་ཡི་ རང་ངོ་། །དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་མཛད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཉིད་ལ་ཡང་རྗེས་སུ་ཡི་རང་ངོ་། །དེ་ནས་འདི་ལྟར་ཡང་བསམ་པར་བྱའོ། །དེ་བཞིན་གཤེགས་པ་གཅིག་ཅིག་ གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་ཚད་མེད་དོ་ཞེས་རྗེས་སུ་ཡི་རངས་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་ན་མཐའ་དང་དབུས་མེད་པའི་འབྲས་བུ་རྣམ་པར་སྨིན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར་ན་གང་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ མཐའ་ཡས་པ་མཐའ་མི་མཐོང་བ་ཚད་མེད་པ་ཁོང་དུ་ཆུད་པར་བྱས་ནས་རྗེས་སུ་ཡི་རང་བ་ལྟ་ཅི་སྨོས། ཡང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཅི་ལྟར་མཁྱེན་པ་གང་ཡིན་པ་དེས་རྗེས་སུ་ཡི་རང་ངོ་ཞེས་བརྗོད་དེ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ ཡང་དག་པར་བྱུང་བ། བདག་གི་མེད་པ་རྗེས་སུ་མ་བཟུང་བ། ཐང་ལས་སྐྱེས་པ་རིན་པོ་ཆེའི་རི་ལ