Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
ཆུབ་སེམས་དང་ལྡན་པར་གྱུར་པས་ཀླུ་ཐམས་ཅད་སེམས་ རབ་ཏུ་ཞིའོ། །དེ་ནས་མཐའ་ཡས་ལ་སོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་ས་འོག་ན་བཞུགས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱི་མའི་དུས་ན་སླད་མའི་ཚེ་སེམས་ཅན་རྣམས་ལ་ས་འོག་གི་གདོན་རྣམས་ཀྱིས་བར་དུ་ མི་གཅོད་ཅིང་དེ་དག་གི་གདུག་པ་ཞི་བར་བྱེད་པའི་ཆོ་ག་བཤད་དུ་གསོལ། བདག་ཅག་ཀླུའི་རྒྱལ་པོ་རྣམས་དང་བདག་ཅག་གི་འཁོར་རྣམས་ཀྱིས་སེམས་ཅན་ཆེན་པོ་དེ་ལ་བར་དུ་གཅད་པར་མི་ནུས་པ་བཤད་དུ་གསོལ། བདག་ཅག་ཀླུའི་རྒྱལ་པོ་རྣམས་ཀྱི་དོན་དུ་འགྱུར་བ་བཤད་དུ་ གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་ཅུང་ཟད་སྤྱན་གྱིས་གཟིགས་ནས་བཀའ་སྩལ་པ། ཀླུའི་རྒྱལ་པོ་དག་ལེགས་སོ། །ཞུ་བའི་དུས་ལ་བབ་བོ། །ངས་སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་ཕྱེ་སྟེ་བཤད་ ཀྱིས་ཉོན་ཅིག །བཅོམ་ལྡན་འདས་ལེགས་སོ། །ཞེས་གསོལ་ཏེ་ཀླུ་ལ་སོགས་པ་རྣམས་ལྟར་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་འདུལ་བ་ཞེས་བྱ་བའི་ལེའུ་འདི་བཤད་དེ། ཧཱུྃ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་ཆེན་སྟོན་པ་དེས། །ཉིད་ཀྱི་འཁོར་ ལ་རབ་གཟིགས་ཏེ། །འོད་ཟེར་ཀུན་ཏུ་རབ་བཀྱེ་ནས། །གདོན་རྣམས་རླག་བྱེད་ཐབས་གསུངས་པ། །དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་དང་། །དེ་བཞིན་བཅུ་བཞི་བཅྭ་ལྔ་ལ། །རབ་ཏུ་དབེན་པའི་ས་ཕྱོགས་སུ། །ཕྱག་ན་རྡོ་རྗེ་རབ་ཁྲོས་པ། །གཞོན་ཚུལ་འགྱིད་བ་རབ་ བསམས་ལ། །རིན་ཆེན་སྣོད་དམ་ཁམ་ཕོར་དུ། །གསེར་ལ་སོགས་པའི་རིན་ཆེན་བདུན། །དག་པར་བསྒྲུབས་ཏེ་རབ་བཅུག་ནས། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པས། །འབྱུང་པོ་དེ་ལ་གཏོར་བྱིན་ཏེ། །གང་གནས་ བརྟན་སར་རབ་སྦས་ལ། །འབྱུང་པོ་ཀླུ་གདུག་ཞི་བར་འགྱུར། །གང་ཚེ་ཞི་བས་མ་ཕན་ན། །དེ་ཚེ་གདུག་པའི་མཚོན་ཆ་རྣམས། །རང་གི་ཁང་པར་རབ་ཏུ་འབར། །སྡུག་བསྔལ་མི་བཟད་དྲག་པོ་སྟེ། །དེ་ཚེ་སྔོན་གྱི་སེམས་དྲན་པས། །ཞི་བར་འགྱུར་བར་ཐེ་ཚོམ་མེད། ། དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ལས་ཀྱི་ལྷའི་ཆོ་ག་རབ་ཏུ་གསུངས་པ། རྟག་ཏུ་བྱང་ཆུབ་སེམས་ཐོབ་ཅིང་། །དམ་ཚིག་སྡོམ་པ་ཀུན་ལྡན་པ། །ཁྲུས་ཀྱི་ལས་རྣམས་ཀུན་བྱ་སྟེ། །རྣམ་པར་དག་པའི་ས་གཞི་ལ། །དཀྱིལ་འཁོར་ཇི་ལྟར་མཛེས་པར་བྱ། །ཧཱུྃ་ ཡིག་ལས་བྱུང་ལྕགས་ཀྱུ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྐད་ཅིག་མདུན་བསམས་མཆོད་སོགས་བྱ། །ཨོྃཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏཱ་ཀོ྅ཧྃ། སྟོང་པའི་ཏིང་ངེ་འཛིན་རྣམས་བསྒོམ། །ནམ་མཁའི་ཁམས་སུ་ཨ་དང་ནི། །ཟླ་བ་དང་པོ་ཡི་ གེ་ཧཱུྃ། །འོད་ཟེར་ཀུན་དུ་འབར་བར་བསྒོམ། །འགྲོ་དྲུག་ཉོན་མོངས་ཀུན་སྦྱངས་ཏེ། །རྣམ་གྲོལ་ས་ལ་ངེས་བཀོད་ནས། །འོད་བསྡུས་ཧཱུྃ་གི་རྣམ་པར་བསམ། །དེ་ཉིད་རྡོ་རྗེ་རྩེ་ལྔ་ཅན། །འོད་ཟེར་ཕྲེང་བ་འཕྲོ་བར་བསམ། །དེ་ཡི་འོད་ཀྱིས་སེམས་ཅན་རྣམས། །རྡོ་རྗེའི་ངོ་བོར་ ཐིམ་པར་བྱ། །དེ་ལས་ཁྲོ་བོ་ཆེན་པོའི་སྐུ། །སྐུ་མདོག་སྔོན་པོ་ཆེར་འབར་བ། །གཡོན་བརྐྱང་ན་ཚོད་བཅུ་དྲུག་འཆང་། །མཐའ་ཡས་ལ་སོགས་བརྒྱད་ཀྱིས་བརྒྱན། །སྐུ་མདོག་ནག་པོའི་གཟུགས་ཅན་དེ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྣམས། །ན་བཟའ་སྔོན་ པོའི་ཟེར་འཇོལ་ཅན། །སྤྱན་གསུམ་དམར་མཛེས་གྱེན་དུ་འཇིལ། །རལ་བ་གྱེན་བརྫེས་རྡོ་རྗེ་ཡི། །དབུ་རྒྱན་ཅན་དུ་བསམ་པར་བྱའོ། །དེ་ནས་ཡེ་ཤེས་ཁྲོ་བོ་ཆེ། །སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿས་གཞུག །མགོ་དང་ལྐོག་མ་སྙིང་ག་རུ། །ཨོྃ་ཨཱཿཧཱུྃ་གི་རྣམ་པ་ཡི། །ཡི་གེ་ བཅུ་གསུམ་སྔགས་ཀྱིས་བརྒྱན། །འཁོར་ལོ་པདྨ་རྡོ་རྗེ་བསམ། །མི་བསྐྱོད་རྡོ་རྗེས་དབང་བསྐུར་ཏེ། །ཀུན་འཇོམས་རྣམ་པར་དག་པར་བསམ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདིའི་རྩ་བའི་སྔགས་ལས་ཐམས་ཅད་པ་གསུངས་པ། ཨོྃ་ནཱི་ལཱྃ་བ་ར་དྷ་ར་བཛྲ་ པཱ་ཎི་ཧཱུྃ་ཧཱུྃ་ཕཊ། རབ་ཏུ་བརྗོད་པར་བྱའོ། །སྔགས་ཀྱི་ཕྲེང་བ་དེ་དག་ཀྱང་། །ཞི་ལ་རབ་དཀར་དབང་ལ་དམར། །རྒྱས་ལ་སེར་པོ་དྲག་ལ་གནག །རྟོག་པ་ཀུན་ཏུ་སྤངས་ཏེ་བཟླས། །སྤྲོ་དང་བསྡུ་བའི་བྱེ་བྲག་གིས། །ཇི་ལྟར་མོས་པའི་བསམ་གཏན་བྱ། །མི་མོས་རྣལ་ འབྱོར་རབ་ཏུ་སྤང་། །ཕྱག་ན་རྡོ་རྗེ་ཁྲོ་རྒྱལ་གྱིས། །དགེ་ཀུན་རྟེན་པའི་ཡིད་འདི་ལ། །གང་བརྩོན་པ་དེ་ཕན་ཡོན་ནོ། །ཀུན་ཏུ་རབ་ཏུ་དགའ་སོགས་དག །མི་སྣང་ལ་སོགས་རབ་ཏུ་འགྲུབ། །ཀུན་རྟེན་རབ་ཏུ་སྤྱད་དགེ་ཅན། །རྟེན་ཅན་སྦྱོར་བ་རབ་ཏུ་དབེན། །དངོས་གྲུབ་མཆོག་ ཏུ་རབ་ཏུ་འགྲུབ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཞི་བའི་ལས་སྒྲུབ་པ་དང་ལྷའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་སྟོན་པ་རྡོ་རྗེ་འཛིན། །བར་ཆད་ ཞི་བྱེད་གཏོར་མ་ཡི། །ཆོ་ག་མཆོག་ནི་བཤད་དུ་གསོལ། །སེམས་ཅན་དོན་དུ་བརྩོན་ལྡན་བགྱི། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་རྡོ་རྗེ་འཆང་བ་གཙོ། །བར་ཆད་ཞི་བའི་ཆོ་ག་དང་། །དངོས་གྲུབ་ཐབས་ཀྱི་ཆོ་ག་ནི། །གཏོར་ མ་ཀུན་གྱི་གཏེར་འགྱུར་བཤད། །རབ་ཏུ་མཛེས་པའི་སྣོད་མཆོག་ཏུ། །བཟའ་དང་བཅའ་བ་ལ་སོགས་པའི། །ཕུན་སུམ་ཚོགས་པ་རབ་ཏུ་བྱ། །སྟོང་པའི་ཏིང་ངེ་འཛིན་འགྲོ་བས། །བྲུྃ་ལས་མཛེས་པའི་སྣོད་བསྐྱེད་དེ། །ཁྃ་ལས་ཁ་ཟས་ནམ་མཁའི་ཁམས། །མཉམ་པར་ བསམས་ཏེ་སྔགས་འདི་བརྗོད། །ཨོྃ་ཨ་ཀཱ་རོ་མུ་ཁྃ་སརྦྦ་དྷརྨྨཱ་ཎཱྃ་ཨཱ་དྱ་ནུ་ཏྤནྣ་ཏྭཱད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་བརྗོད་དོ། །བདུད་རྩིར་བསམས་ཏེ་རབ་ཏུ་སྤེལ། །སྤེལ་བ་གཉིས་ཀྱིས་རྣམ་པར་སྦྱང་། །ནམ་མཁར་ཧྲཱིཿལས་པདྨ་བརྒྱད། །དཔག་ཏུ་མེད་པ་བསམ་བྱ་སྟེ། །གཙོ་བོ་མགོན་ པོ་རྣམ་ཐོས་བུ། །གནོད་སྦྱིན་བྱེ་ཚོགས་ཀྱིས་བསྐོར་ཅིང་། །ཀླུ་བརྒྱད་ཀྱིས་མཆོད་སྤྱན་དྲང་བྱ། །གནོད་སྦྱིན་རྒྱལ་པོ་དེ་དག་ལ། །རྨུགས་འཛིན་གང་བ་བཟང་པོ་དང་། །ནོར་བཟངས་ཀུ་བེ་ར་དང་ནི། །ཡང་དག་འབྲོག་གནས་ལྔས་རྩེན་དང་། །པི་ཙི་ཀུཎྜ་ལི་རྣམས་ནི། །འཁོར་ གྱི་ཚུལ་གྱིས་གཙོ་ལ་བསྐོར། །ཕྱོགས་དང་མཚམས་སུ་བསམ་པར་བྱ། །བྱེ་བའི་འཁོར་ཚོགས་ཐུན་མོང་ཡིན། །ཀླུ་བརྒྱད་གནོད་སྦྱིན་ཕྱི་ནའོ། །དེ་ནས་ལྕགས་ཀྱུས་སྤྱན་དྲངས་ལ། །མ་བྲལ་གཙོ་དང་ལྕགས་ཀྱུའོ། །བཞོན་པ་སེང་གེ་རྟ་ཡི་ཚོགས། །ཀུན་ཀྱང་ཞལ་གཅིག་ ཕྱག་གཉིས་པ། །རིན་ཆེན་འབར་བའི་རྒྱལ་མཚན་དང་། །ནོར་བུ་རིན་ཆེན་བུམ་པ་དང་། །རིན་ཆེན་འབར་བ་རལ་གྲི་དང་། །གྲི་མདུང་ཁང་བརྩེགས་རལ་གྲི་ཕུབ། །མཚོན་ཆ་སྣ་ཚོགས་འཕྱར་བར་བསྒོམ། །སྤྱན་འདྲེན་ཚེ་ན་རྔ་སོགས་དང་། །དུང་ཆེན་འབྲས་སྤོས་དག་ནི་ དབུལ། ཨོྃ་བཻ་བ་ཤྲ་བ་ཎ་ས་པ་རི་བཱ་ར་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ། ཨོྃ་བཻ་སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎ་ཨཱ་ཀཪྵ་ཡ་ཧཱུྃ་ཛཿ། ཞེས་སྤྱན་དྲང་བའི་སྔགས་སོ། །ཨོྃ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ནི་བགེགས་བསྐྲད་པའི་སྔགས་སོ། །དེ་ནས་མེ་ཏོག་ལ་སོགས་པས། །མཆོད་པ་ དག་ནི་ནམ་མཁའ་རུ། །རབ་ཏུ་མཆོད་དེ་སྤྲོ་བར་བྱ། །ཨོྃ་ནཱི་ལཱྃ་པ་ར་དྷ་ར་བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་ཨི་མྃ་བ་ལི་གྲྀཧྞ་ཏུ། ས་མ་ཡ་རཀྵ་ནྡུ། མ་མ་སརྦྦ་སིདྡྷི་མྨེ་པྲ་ཡཙྪནྟུ་མ་མ་ཀརྨྨཱ་མོ་གྷ་སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོྃ་ཛམ་བྷ་ལཱ་ཡ་སྭཱ་ཧཱ། ཨོྃ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་མ་ཎི་བྷ་དྲཱ་ ཡ་སྭཱ་ཧཱ། ཨོྃ་ཀུ་བཻ་རཱ་ཡ་སྭཱ་ཧཱ། ཨོྃ་སྃ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོྃ་གུ་ཧྱ་སྠཱ་ནཱ་ཡ་སྭཱ་ཧཱ། ཨོྃ་པཱཉྩི་ཀཱ་ཡ་སྭཱ་ཧཱ། ཨོྃ་ཙི་པི་ཀུཎྜ་ལི་ནེ་སྭཱ་ཧཱ། གཏོར་མ་དབུལ་བའི་སྔགས་སོ། །དེ་ནས་མཆོད་དེ་མགྲོན་རྣམས་བཏང་། །འོད་ཟེར་ལྕགས་ཀྱུ་བཀྲོལ་ནས་སུ། །བཀྲོལ་བའི་དུས་ན་ གཤེགས་དང་མཉམ། །མཉམ་ལངས་སྤྱོད་པའི་ཆོ་ག་བྱའོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་གཏོར་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པར་འདོད་པའི་དོན་དུ་འཇིག་རྟེན་པའི་འཁོར་ལོ་ཀུན་འབྱུང་བ་ཞེས་བྱ་བའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུའི་བ་སྤུ་ནས་འོད་ཟེར་སྤྲོས་ཏེ། རྣམ་ཐོས་སྲས་འཁོར་བཅས་ཀྱི་ཐུགས་བསྐུལ་ནས་འཁོར་དེར་འདུས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་རིན་པོ་ཆེའི་ཕྱེ་མས་གཏོར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་ནི་ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བགྱི་བ་ལགས་ཏེ། བདག་གིས་ཆོས་དང་ལྡན་པ་རྣམས་ཀྱི་ཆོས་བསྲུང་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་གསང་བ་བཤད་ན་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་ཅི་གནང་ཞེས་གསོལ་ཏོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ། །རང་གི་གསང་བ་ལེགས་པར་ཤོད་ཅིག །ངས་ཀྱང་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་འཆང་བ་ཀུན་གྱིས་ཀྱང་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ལེགས་པར་སྨྲོས་ཤིག་ཅེས་བཀའ་སྩལ་ ཏོ། །དེ་ནས་རྣམ་ཐོས་ཀྱི་བུ་རང་གི་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རང་གི་རིག་པ་འདི་སྨྲས་སོ། །ཨོྃ་བཻ་ཤྲ་བ་ཎཱ་ཡ་ཧཱུྃ་ཧཱུྃ། པ་ཙ་པ་ཙ། ཙྪིནྡ་ཙྪིནྡ་སྭཱ་ཧཱ། ཞེས་བརྗོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ གི་སྔགས་འདིའི་སྒྲུབ་པ་ནི་འདི་ལགས་ཏེ། གང་ཞིག་བདག་སྒྲུབ་པར་འདོད་པ་དེས་དུས་གསུམ་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། བདག་འཁོར་དང་བཅས་པ་མཆོད་ལ་སེམས་རྩེ་གཅིག་དང་ལྡན་པས་གནས་དབེན་པར་འདུག་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྒོམ་པ་པོས་ བདག་གི་སྔགས་དེ་ཁྲི་ཕྲག་གཅིག་བཟླས། དེ་ནས་ལས་རྣམས་བསྒྲུབ་པར་བྱའོ། །དེ་ལྟར་བདག་སྒྲུབ་པ་དང་བདག་གི་ལས་སྒྲུབ་པ་པོ་དེས་བདག་འཁོར་དང་བཅས་པ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱའོ། །དེ་ལ་བདག་དང་བདག་གི་འཁོར་རྣམས་ལ་ མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་དབུལ་བའི་སྔགས་ནི་འདི་རྣམས་ཡིན་ཏེ། ཨོྃ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོྃ་ཛམ་དྷ་ལཱ་ཡ་སྭཱ་ཧཱ ཨོྃ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་མ་ཎི་པྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོྃ་སྃ་པྲ་ཛྣཱ་ནཱ་ཡ་སྭཱ་ཧཱ། ཨོྃ་གུ་ཧྱ་སྠཱ་ནཱ་ཡ་སྭཱ་ཧཱ། ཨོྃ་པཱཉྩི་ཀཱ་ཡ་སྭཱ་ཧཱ། ཨོྃ་པི་ཙི་ཀུཎྜ་ལི་ནེ་སྭཱ་ཧཱ་ཞེས་པའི་སྔགས་དེ་རྣམས་ནི་བདག་གི་འཁོར་དང་བཅས་པ་ལ་མཆོད་པ་དང་གཏོར་མ་སྦྱིན་པའི་སྔགས་གཉིས་སུ་ཤེས་པར་བྱའོ། །དེ་ནས་བདག་གི་ལས་སྒྲུབ་པ་ནི་བདག་གིས་བཤད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་ནས་ འདིའི་ལས་བཤད་པ་ནི། གང་ཟག་གང་གིས་སྒྲུབ་འདོད་པས། །གསང་དང་སྦྱིན་སྲེག་མནན་པ་གསུམ། །རིམ་པ་ཇི་བཞིན་ཤེས་པར་བྱ། །བསྒྲུབ་བྱ་བསྟན་ལ་སྡང་བ་རྣམས། །སྤྲ་ཚིལ་ལ་སོགས་གཟུགས་བྱས་ལ། །དགུག་དང་གཞུག་སོགས་དབང་དུ་བྱ། ཡིག་འབྲུ་བཅྭ་བརྒྱད་སྔགས་ཀྱིས་ནི། །དུས་གསུམ་བརྡེག་པར་རབ་བྱས་ནས། །འཕྲལ་དུ་ཡིད་ཆེས་འཇོམས་པ་སྟེ། །བསྒྲུབ་བྱ་གསོད་པར་ཐེ་ཚོམ་མེད། །གལ་ཏེ་སྦྱིན་སྲེག་བྱེད་པ་ན། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །འདིར་ནི་དྲག་པོས་བསྒྲལ་བར་བྱ། །ནེར་ སྤ་ཚ་ལ་རབ་བསྲེག་བྱ། །ཐབ་ཁུང་རབ་དང་འབྲིང་ཐ་མ། །རབ་ཀྱིས་མཐོ་གསུམ་འབྲིང་གིས་དོ། །ཐ་མས་མཐོ་གང་ཚད་དུ་བྱ། །བུད་ཤིང་ཚེར་མ་ཅན་ཤིང་གིས། །ཀུན་ཏུ་དྲག་པོ་རབ་ཏུ་བསྒྲུབ། །བག་ཟན་ཡུངས་ཀར་མེར་བསྲེག་ཅིང་། །སྡང་བའི་ལུས་ངག་ཡིད་གསུམ་ རྣམས། །རྫས་ལ་བསྟིམས་ཏེ་སྦྱིན་བསྲེག་བྱ། །འཁོར་བཅས་གནོད་སྦྱིན་མེར་བསམས་ཏེ། །བསྲེག་པའི་རྫས་ཀྱིས་མཆོད་པའམ། །ལས་མེ་གནོད་སྦྱིན་རྫས་ཀྱིས་བྲབ། །གང་ལྟར་བྱས་ཀྱང་འགྲུབ་པར་འགྱུར། །དེ་ཚེ་བསྟོད་པ་འདིས་ཀྱང་ནི། །རྩེ་གཅིག་སེམས་ ཀྱིས་བསྟོད་པར་བྱ། །ཧཱུྃ་ཀུན་འདུལ་མི་བཟད་གནོད་སྦྱིན་སོགས། །གདུག་པ་དཔལ་ཚ་རབ་ཏུ་འཇིགས། །ཁྲོ་བོ་རྔམ་པ་ཆེར་སྒྲོགས་པ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ཨོྃ་བཻ་ཤྲ་བ་ཎ་པུ་ཥྤེ་ཧཱུྃ་སྭཱ་ཧཱ། ཨོྃབཻ་ཤྲ་བ་ཎ་དྷུ་པེ་ཧཱུྃ་སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎ་དཱི་པྃ་ཧཱུྃ་ སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎ་གན་དྷེ་ཧཱུྃ་སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎ་ནཻ་བི་དྱེ་ཧཱུྃ་སྭཱ་ཧཱ། གཙོ་བོ་མཆོད་ཅིང་འཁོར་ཀྱང་མཆོད། །དེ་ནས་རིམ་པས་མཆོད་པ་ནི། །གསང་སྔགས་ཀུན་ཏུ་སྤེལ་ཏེ་བཟླས། །སྤྲོ་དང་བསྡུ་བ་ཀུན་དུ་བྱ། །སྤེལ་བྱེད་ཀུན་གྱི་ཐུན་མོང་ཡིན། །ཨོྃ་བཻ་ཤྲ་ཝ་ཎཱ་ཡ་ཆེ་གེ་ མོ་མཱ་ར་ཡ་ཕཊ་སྭཱ་ཧཱ། གཙོ་བོ་ཇི་ལྟར་འཁོར་ཀྱང་དེ། །རང་གི་རིག་པས་མཆོད་པར་བྱ། །རིག་པ་ཀུན་ཏུ་བརྟན་བྱས་ནས། །རྡུལ་ཕྲན་བཞིན་དུ་བརླག་པར་བསམ། །ཕྲིན་ལས་བཅོལ་ལ་གཏོར་མ་བཏང་། །གཏོར་དང་གཏོར་མའི་རིམ་པ་ནི། །གོ་རིམས་བཞིན་ དུ་དབུལ་བར་བྱ། །ཞི་བའི་ལས་ཀྱི་རིམ་པ་ནི། །ཐབ་ཁུང་མཐོ་གང་ཚད་ཉིད་ལ། །བསྲེག་རྫས་ལ་སོགས་རབ་ཏུ་དབུལ། །ལུས་ངག་ཡིད་གསུམ་སྡིག་བཅོམ་ནས། །ཡེ་ཤེས་མེ་ཡི་ངོ་བོར་བྱ། །སྣོད་དང་ཐབ་ནི་དོར་བར་བྱ། །དེར་ནི་གདོན་རྣམས་ཀུན་སྲེག་ཅིང་། །བགེགས་ ཆེན་ཞི་བའི་ཡས་ཀྱང་བྱ། །རྒྱས་དང་དབང་དུ་བྱ་བ་ལ། །ལས་དང་བྱེ་བྲག་རིམ་པ་རྣམས། །སྔར་བཤད་པ་ཡི་ལས་བཞིན་དུ། །ཐབ་དབྱིབས་བྱེ་བྲག་ཤེས་པར་བྱ། །སེར་དང་དམར་བའི་བུད་ཤིང་སོགས། །རིམ་པ་རྫས་ལྡན་དབུལ་བ་ནི། །ཨོྃ་བཻ་ཤྲ་བ་ཎཱ་ཡ་དྷ་ནྃ་པུཥྚིྃ་ཀུ་རུ་ ཡེ་སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎ་བ་ཤྃ་ཀུ་རུ་སྭཱ་ཧཱ། ཨོྃ་བཻ་ཤྲ་བ་ཎཱ་ཡེ་ཤཱིནྟ་ཀུཾ་རུ་སྭཱ་ཧཱ། གཙོ་བོ་ཇི་བཞིན་འཁོར་བཅས་ནི། །རིག་པའི་རྫས་ཀྱིས་མཆོད་པར་བྱ། །བསྲེག་པའི་རྫས་ནི་བག་ཟན་དང་། །ཡུངས་ཀར་མངར་སོགས་རིམ་པས་མཆོད། །ཕྲིན་ལས་རྣམ་བཞི་ཀུན་འགྲུབ་སྟེ། ། བརྩེ་བར་བརྩོན་པས་ཉེ་བར་འགྲུབ། །འབྲིང་དང་ཐ་མས་འབྲིང་དང་ནི། །ཐ་མ་ཉིད་དུ་ཤེས་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་རྣམ་ཐོས་ཀྱི་བུ་འཁོར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་བཤད་པའི་ལས་འདི་རྣམས་སྒྲུབ་ པ་པོ་དེས་དུས་རྒྱུན་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་རྣམས་ལ་དཀར་གསུམ་གྱིས་མཆོད་པར་བྱའོ། །ཆང་ཀུན་ཏུ་སྤང་བར་བགྱིའོ། །ཤ་རྣམས་ནི་འོས་པ་དང་ཤིས་པ་དྲང་བར་བྱའོ། །དེ་ལྟར་རྩེ་གཅིག་གིས་བདག་ཅག་སྒྲུབ་པ་དེ་རྣམས་ཀྱི་ཕྲིན་ལས་ཇི་ལྟ་བ་བཞིན་དུ་ བདག་ཅག་གིས་མ་བསྒྲུབས་ན་བདག་ཅག་གིས་བཅོམ་ལྡན་འདས་ལ་འཁུས་པར་གྱུར་ཅིང་། བདག་ཅག་གིས་ཆོས་མ་བསྐྱངས་པར་བྱས་པ་ཡིན་ནོ། །དེ་ལ་བདག་གི་བྲོ་ཚིག་ནི་འདི་ཡིན་ནོ། །ཨོྃ་བཻ་ཤྲ་བ་ཎ་ཨར་ཐ་ཁ་ཐམ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཐོས་ཀྱི་བུ་ཆེན་པོ་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །མ་འོངས་པའི་གང་ཟག་གི་དོན་དུ་རང་གི་གསང་བ་སྨྲས་པ་ནི་དོན་ཆེན་པོ་དང་ལྡན་ནོ། །ངས་ཀྱང་དེ་རྣམས་ཀྱི་དོན་ངེས་པར་འགྲུབ་པར་བྱ་བའི་ཕྱིར་སྔགས་འདི་བཤད་ཀྱིས་ཉོན་ཅིག །བཅོམ་ལྡན་འདས་ལ་ལེགས་སོ་ ཞེས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྣམས་ལྟར་ཉན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ་བཛྲ་པཱ་ཎི་ནཱི་ལཱྃ་བ་རདྷ་ར་བཛྲ་སྥོ་ཊ་ཧཱུྃ་ཕཊ་སྭཱ་ཧཱ། རིག་པ་འདི་ནི་ལས་ཐམས་ཅད་དབང་དུ་སྡུད་པའི་སྔགས་སོ། །རྣམ་ཐོས་ཀྱི་བུ་ཆེན་པོས་ཇི་ལྟར་ཁས་བླངས་པ་ལྟར་གསང་བ་ དང་ལྡན་པར་བྱེད་པའོ། །དེ་བཞིན་གྱུར་ཞེས་སྨྲས་ནས་གནོད་སྦྱིན་མི་སྣང་བར་གྱུར་ཏོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་རྣམ་ཐོས་སྲས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་གདུག་པ་ཅན་ལ་བསྣུན་པའི་འཁོར་ལོ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་ཐུགས་ཀྱིས་གནང་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ཀུན་ཏུ་ཁྱབ་པར་སྤྲོས་ཏེ། སེམས་ཅན་ ཐམས་ཅད་འཁྱམས་པས་ཁྱབ་པར་མཛད་ནས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་ས་འོག་གི་བགེགས་ལ་བསྣུན་པའི་འཁོར་ལོ་བཤད་ཀྱིས་ཁྱོད་རྩེ་གཅིག་ཏུ་ཉོན་ཅིག་དེ་ལྟར་འཚལ་ལོ་ཞེས་ལྟར་ཉན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ འཁྲུལ་འཁོར་བྱེད་འདོད་པས། །ཉམས་དགའ་དབེན་པའི་གནས་དག་ཏུ། །ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱ། །སྣོད་བཅུད་རྡོ་རྗེ་གཏུམ་པོར་བསྒོམ། །རླུང་ནས་རི་རབ་མཐར་ཐུག་པ། །རྡུལ་སྙེད་གྲངས་ཀྱི་སྐུ་རུ་བསམ། །དབུས་ན་ཕྱག་རྡོར་རྣལ་འབྱོར་བསྒོམ། །རི་བོང་ འཛིན་པ་ཞབས་ཀྱིས་བརྡེབས། །སྟོང་གསུམ་ཚད་ཀྱི་ཟླ་བ་ལ། །བགེགས་ཆེན་ཀུན་ཏུ་འདར་བར་བསྒོམ། །སྐུ་ལ་ཉི་མ་སྟོང་ལྡན་པའི། །གཟི་བརྗིད་བཟོད་དཀའི་འོད་ཟེར་གྱིས། །བགེགས་རྣམས་མ་ལུས་འཚིག་པར་བསྒོམ། །ལྗགས་ལས་བཟླས་པའི་སྔགས་ཕྲེང་ གིས། །སྟོང་གསུམ་གང་བར་རབ་ཏུ་བསྒོམ། །རྒྱན་དུ་བྱས་པའི་ཀླུ་བརྒྱད་ཀྱིས། །ཁ་རླངས་ཆེན་པོ་བཏང་བ་ལས། །ལྷ་ཀླུ་ཐམས་ཅད་སྐྲག་པར་འགྱུར། །ཐུགས་ལས་ཁྲོ་སྤྲོས་དེ་དག་གིས། །བསྐལ་པའི་རླུང་ལྟར་འཐོར་བར་འགྱུར། །ཕྱག་གིས་རྡོ་ རྗེ་རབ་བསྣུན་པས། སྒྱོགས་གཟེར་བཞིན་དུ་བསྣུན་པར་འགྱུར། །ཧཱུྃ་ཧཱུྃ་འབྲུག་ལྟར་རབ་ཏུ་སྒྲོགས། །སྐད་ཀྱིས་ཀུན་ཏུ་བཀུག་པར་བསམ། །དེ་ལྟར་བྱས་འགྱུར་ཐམས་ཅད་འགྲུབ། །ལས་ཀྱིས་མནར་བ་འཇིག་པར་འགྱུར། །ཕྱག་ན་རྡོ་རྗེ་མི་ཤེས་པར། །གང་ཞིག་གཞན་བསྒྲུབ་ སྐལ་དམན་པར། །འདི་ལ་གང་འགྲུབ་ཐམས་ཅད་འགྲུབ། །མཆོག་དང་ཐུན་མོང་བྱེ་བྲག་གོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་བསྣུན་པའི་འཁོར་ལོ་སྟེ་ལེའུ་བཞི་པའོ།། །།དེ་ནས་གཞན་ཡང་འཁྲུལ་འཁོར་གྱི། །ཆོ་ག་རྡོ་རྗེ་འཛིན་པས་གསུངས། །གྲོ་གའམ་ཤིང་ ཤུན་དག་ལ་ནི། །རེའུ་མིག་ཉི་ཤུ་རྩ་གཅིག་པའི། །འཁོར་ལོ་དག་ནི་རབ་བྲིས་ཏེ། །ཟླ་བ་ཡར་གྱི་ངོ་ལ་བརྩམ། །རྩེ་གཅིག་སེམས་ཀྱིས་རབ་ཏུ་བྲི། །དབུས་སུ་དྲག་པོའི་ཡི་གེ་དགོད། །གཉིས་པར་ནོར་འཛིན་ཡི་གེ་སྟེ། །གསུམ་པ་བཛྲ་ཞེས་པ་དང་། །བཞི་པར་ཆུ་ཡིག་དང་པོ་ དགོད། །ལྔ་པར་ཎི་ནི་རབ་ཏུ་དགོད། །མཚམས་བཞིར་བསྒྲུབ་བྱའི་གསོད་སྙིང་བྲི། །དེ་ནི་ནང་གི་རེའུ་མིག་གོ། །ཕྱི་ཡི་རེའུ་མིག་བཅུ་གཉིས་ལ། །ཨོཾ་སྤངས་ཡི་གེ་བཅུ་གཉིས་ལ། །དེ་ཡི་གསང་སྔགས་འདི་ཡིན་ཏེ། །ནཱི་ལཱྃ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཕཊ་ཞེས་བྱའོ། །རབ་ཏུ་རྫོགས་ པའི་འཁོར་ལོ་སྟེ། །བསྒྲུབ་བྱའི་སྙིང་གར་དྲིལ་དེ་གཞུག །དང་པོའི་མཐའ་ནས་དྲིལ་བར་བྱ། །དེ་ནས་སྦྱིན་སྲེག་ཆོ་ག་བྱ། །གལ་ཏེ་མནན་པ་བྱེད་འདོད་པས། །སྔར་བཞིན་འཁྲུལ་འཁོར་རྫོགས་བྱས་ནས། །མཐའ་རུ་མནན་པའི་ཆོ་ག་བྱ། །ཁམ་ཕོར་གསར་པ་ཁ་སྦྱར་དུ། །བཅུག་ ནས་རྡོ་རྗེ་རྒྱ་གྲམ་བྲི། །རྡོ་ཡི་སྦྱིན་གྱིས་རབ་སྦྱར་ནས། །གཙུག་ལག་ཁང་སོགས་མནན་པར་བྱ། །གལ་ཏེ་རེའུ་མིག་མི་འདོད་ན། །རྩིབས་བཅུ་གཉིས་པའི་འཁོར་ལོ་བྱ། །ལྟེ་བར་ཧཱུྃ་དང་བསྒྲུབ་བྱའི་མིང་། །སྤེལ་ལ་རབ་དུ་དགོད་པར་བྱ། །ལྷག་མ་བཅུ་གཉིས་རྩིབས་ལ་དགོད། ། བྲི་བ་རྫོགས་ན་སྙིང་གར་གཞུག །དགུག་དང་གཞུ་གསོགས་བྱས་ལ་བསྲེག །མི་འདོད་མནན་པའི་ཆོ་ག་བྱ། །མར་གྱི་དུས་ལ་ཤིས་པ་ཡིན། །འཁྲུལ་འཁོར་ཇི་ལྟར་བྲིས་པ་ལྟར། །གང་འདོད་ལས་ལ་ཐེ་ཚོམ་མེད། །དཔེར་ན་མེ་ལྕེས་རྩྭ་བསྲེགས་འདྲ། །གང་ཡིན་གནས་ པར་མི་འགྱུར་རོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་བྲི་བའི་འཁྲུལ་འཁོར་གྱི་ཆོ་ག་སྟེ་ལེའུ་ལྔ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་ཟབ་མོའི་སྤྱོད་ཡུལ་ལགས་པས་སྦྱིན་སྲེག་ལ་སོགས་ པས་གྲོལ་བར་ཅང་འགྱུར་ལགས་སམ། བདག་གི་ཐེ་ཚོམ་བསལ་དུ་གསོལ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་སྙིང་རྗེ་ཆེ། །དད་པའི་ཤུགས་ཀྱིས་རབ་ཉམས་ཏེ། །དཀྱིལ་འཁོར་རྫས་ཀྱི་སྦྱོར་ལྡན་ཞིང་། །སྦྱིན་སྲེག་ལས་དང་དེ་ཉིད་ ཤེས། །སྡོམ་པར་དམ་ཚིག་རྒྱུད་ལྡན་ན། །མཚན་མས་གྲོལ་བར་འགྱུར་བ་སྟེ། །དཀྱིལ་འཁོར་སྦྱིན་སྲེག་རྫས་ལ་སོགས། །མེད་ན་དངོས་གྲུབ་མི་འགྲུབ་པས། །སྦྱིན་སྲེག་ལས་ནི་འབད་པས་བརྩམ། །ཕྲིན་ལས་བཞི་ཡི་སྦྱིན་སྲེག་ལས། དྲག་པོའི་རིམ་པ་བྱ་བ་ནི། །ཁྲུ་བཞི་པ་ཡི་ དཀྱིལ་འཁོར་ལ། །དབུས་སུ་ཟུར་གསུམ་ཁྲུ་རེ་ཚད། །ཟབས་སུ་ཁྲུ་ཕྱེད་བརྐོ་བར་བྱ། །ཕྱི་རོལ་རིམ་པ་གསུམ་ལྡན་པ། །དབུས་སུ་རྡོ་རྗེའི་མཚན་མ་བྲི། །རིམ་པ་གསུམ་ལ་རྡོ་རྗེ་ཡི། །རྩེ་གསུམ་ཕྲེང་གིས་བསྐོར་བ་བྲི། །མཚམས་སུ་ལྕགས་ཀྱུ་བྲི་བར་བྱ། །ཚེར་མ་ཅན་གྱི་ཤིང་ བུ་ནི། །ཁྲུ་གང་ཚད་ཀྱིས་རབ་ཏུ་ཤིས། །དུག་དང་ཁྲག་དང་སྐེ་ཚེ་སོགས། །རྫས་ནི་རིམ་པར་ཤེས་པར་བྱ། །བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །འཇིག་རྟེན་གསུམ་འདུལ་གཟུགས་སུ་བསམ། །མཆོད་པའི་རིམ་པ་རབ་ཏུ་དབུལ། །དེ་ལ་སྦྱིན་སྲེག་ གི་སྔགས་གསུངས་པ་འདི་ཡིན་ཏེ། ཨོཾ་ནཱི་ལཱྃ་བར་དྷ་ར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་སརྦཱ་དུཥྚ་སརྦྦ་བྷི་རྨྨྃ་ཀུ་རུ་ནཱི་ལཱྃ་བར་དྷ་ར་བཛྲ་པཱ་ཎི་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པས་རྫས་རྣམས་བསྲེག་གོ། །དུག་ཁྲག་སྐེ་ཚེ་ལན་ཚྭ་ལས། །གཟུགས་བྱས་རབ་ཏུ་བསྒྲུབས་ཏེ་བསྲེག །ཨོཾ་ནཱི་ལཱྃ་བ་ ར་དྷ་ར་བཛྲ་པཱ་ཎི་ཡཀྵ་ཁཱ་ད་ཡ་ཁཱ་ད་ཡ་བན་དྷ་ཡ་བན་དྷ་ཡ་མོ་ཧ་ཡ་མོ་ཧ་ཡ་ཤ་ཏྲཱུཾ་ཨཱ་ན་ཡ་ཧཱུྃ་ཕཊ། གཟུགས་ལ་བྲབ་པའི་སྔགས་སོ། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཤ་ཏྲཱུཾ་གྲྀ་ཧྞ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿཛཿ། འགྲོ་བ་དགུག་པའི་སྔགས་སོ། །དེ་ལྟར་སྦྱིན་སྲེག་རབ་བྱས་ ནས། །ཆུ་བོ་སྐམས་དང་ཀླུ་ཤིང་གཅད། །གླང་ཆེན་གཡང་ལྟུང་མེ་ཆེན་འབར། །ནད་དང་ཡམས་སོགས་བྱུང་བའི་ཚེ། །ཞི་བ་མཆོག་གི་ལས་བསྒྲུབས་ཏེ། །ཐབ་ཁུང་ཟླུམ་པོ་རབ་དཀར་བ། །རིམ་པ་གསུམ་ལྡན་ཁྲུ་གང་ཚད། །ཟབས་སུ་ཁྲུ་ཕྱེད་བརྐོས་བྱས་ནས། ། ཞི་བའི་ལས་ཀྱི་ཆོ་ག་བྱ། །དེ་ལྟར་བྱས་ན་མཚན་མ་ཡི། །དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། །ལག་ན་རྡོ་རྗེ་རྡོ་རྗེ་འཛིན། །གུས་པས་རྒྱུད་དོན་རབ་ཏུ་ཟུང་། །འགྲོ་བའི་དོན་ལ་རབ་བརྩོན་གྱིས། །ཀྱེ་མ་རྒྱུད་ཆེན་མཆོག་ཏུ་གསང་། །བྱིན་རླབས་སྔོན་དུ་ཆེར་འབྱུང་བ། །སྟོན་ པ་རྡོ་རྗེ་འཆང་གིས་གསུངས། །རབ་ཏུ་འབད་པས་བསྒྲུབ་པར་གྱིས། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་སྦྱིན་སྲེག་གི་རིམ་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཆང་། །དཔལ་ཆེན་གདན་ལ་རབ་བཞེངས་ནས། །ལག་ན་རྡོ་རྗེ་ལ་གཟིགས་ནས། ། ལས་ཀྱི་ཆོ་ག་བཤད་པར་བྱ། །དུག་ལ་སོགས་པའི་རྫས་རྣམས་ལ། །གང་འདོད་པ་ཡི་གཟུགས་བྱས་ཏེ། །སྙིང་གར་འཁྲུལ་འཁོར་རབ་ཏུ་གཞུག །བདག་ཉིད་ལས་ཀྱི་ལྷར་གསལ་བས། །ག་འུ་ནང་དུ་རབ་བཅུག་སྟེ། །ཚོན་གྱི་ཐ་གུ་སྣ་ལྔ་དཀྲི། །སྙིང་གའི་ལྕགས་ ཀྱུས་རབ་བཀུག་ནས། །ཡི་གེ་བཅུ་གསུམ་འཁྲུལ་འཁོར་བཟླས། །འགུལ་གཡོ་ཡི་ནི་རྟགས་བྱུང་ནས། །ཆུ་ཆེན་གཞུང་ལ་གཏང་བར་བྱ། །གལ་ཏེ་རྟགས་དེ་མ་བྱུང་ན། །དྷ་རུ་ར་ཡི་ཁུ་བ་དང་། །ཁྲག་དང་དུག་བསྲེས་རབ་བྱུགས་ཏེ། །ཚེར་མ་ཅན་གྱི་ཤིང་མེས་བསྲེག ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སྟམ་བྷ་ཡ་མོ་ཧ་ཡ་བན་དྷ་ཡ་ད་ཧ་ན་ཡ་ཧཱུྃ་ཧཱུྃ་ཕཊ། དུས་གསུམ་དག་དུ་བདུགས་བྱས་ནས། །སྐད་ངན་སྣ་ཚོགས་གདོན་པར་བྱེད། །དེ་ནས་སྔགས་འདིས་ཆུ་ལ་དོར། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། །ཚོན་གྱིས་དྲིལ་ནས་རབ་ཏུ་བོར། །བསམ་པས་ བ་ཚྭའི་རྒྱ་མཚོར་སྐྱུར། །དེ་ནས་མི་ལྡོག་བྱ་བའི་ཕྱིར། །སྔགས་འདི་རྒྱུན་དུ་བཟླ་བར་བྱ། །ཨོཾ་ནཱི་ལཱྃ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་སྟམ་བྷ་ཡ་ནན་ཕཊ་ཅེས་རྒྱུན་དུ་བཟླ་བར་བྱའོ། །དེ་ནས་ལས་དེ་ངེས་པར་འགྲུབ་བོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་བསྐྲད་པའི་འཁོར་ལོའི་ལེའུ་སྟེ་ བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་རྣམས་ཀྱི་དོན་དུ་སྔགས་ཀྱི་ལེའུ་འདི་གསུངས་སོ། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལས་ཐམས་ཅད་སྒྲུབ་པའོ། །འདི་ནི་སངས་རྒྱས་ཐམས་ཅད་ ཀྱི་ཐུགས་ཀྱི་གསང་བའོ། །འདིས་ནི་མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྲུབ་སྟེ། ཕྱག་རྒྱ་ཐམས་ཅད་འཆིང་བསྒྲུབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་རབ་ཏུ་གདེངས་པས་སོ། །སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་ བཞད་པས་སོ། །ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་སྒྲས་སོ། །ནམ་མཁའ་ལ་འཕྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་ཀུ་མུ་དས་བྱའོ། །ཀླུ་ཐམས་ཅད་འདུལ་བ་ལ་ནི་རྨ་བྱའི་མཇུག་སྒྲོས་བྱའོ། །དགྲ་ཐམས་ཅད་གསད་པ་ལ་ནི་འཁྲུལ་འཁོར་གྱིས་སོ། །ནོར་བསྒྲུབ་པར་འདོད་ན་ཛམ་བྷ་ ལའི་ཆུ་སྦྱིན་གྱིས་བྱའོ། །བགེགས་འཕང་བར་འདོད་ན་ཏིང་ངེ་འཛིན་གྱིས་བྱའོ། །ཐམས་ཅད་འགུགས་པ་ལ་ནི་རྡོ་རྗེ་ལྕགས་ཀྱུས་བྱའོ། །རིམས་བསྲུང་བ་ལ་ནི་རྩྭ་ཀུ་ཤའི་འབྲུམ་བུས་བྱའོ། །ཀླུ་སྒྲུབ་པར་འདོད་ན་མཚར་བུའི་ལྕུག་མ་དང་བདུད་རྩི་ཆུས་བྱའོ། །ཕ་རོལ་གྱི་དཔུང་ འཇོམས་པར་འདོད་ན་གུ་གུལ་གྱིས་བྱའོ། །ལས་རྣམས་ལ་སྔགས་འབུམ་གྱིས་བྱའོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཟླས་པ་ཡི། །ངེས་པ་འདིར་ནི་བཤད་པར་བྱ། །གང་ཞིག་དངོས་གྲུབ་སྒྲུབ་ འདོད་པས། །དམ་ཚིག་སྡོམ་དང་རབ་ལྡན་པས། །བདག་ཉིད་ལས་ཀྱི་ལྷར་བསྒོམས་ཏེ། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །ཛཿཧཱུྃ་བྃ་ཧོཿདགུག་སོགས་བྱ། །རང་སྙིང་ཟླ་བར་སྔགས་ཀྱི་ཕྲེང་། །དངུལ་སྦྲམ་ལྟ་བུར་རབ་བསམས་ཏེ། །མྱུར་དལ་གསལ་དང་མི་ གསལ་སྤང་། །ཡིད་ཀྱིས་བསྒྲིམ་པའི་བཟླས་པ་བྱ། །མཆོད་པ་རྣམ་པ་ལྔས་ཀྱང་མཆོད། །རབ་ཏུ་བསྒྲིམ་པའི་བཟླས་པ་འདིས། །གང་འདོད་དངོས་གྲུབ་ངེས་པར་འགྲུབ། །ཨོཾ་ཨཱཿཧཱུྃ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ མཱཾ། དབང་བསྐུར་བའི་སྔགས་སོ། །ཨོཾ་བཛྲ་པཱ་ཎི་ཏིཥྛ་ཧཱུཾ། ཐུགས་བརྟན་པའི་སྔགས་སོ། །སྐུ་དང་ཐུགས་ཀྱི་གསང་བ་དང་། །གསུང་གི་གསང་བ་མ་ལུས་པས། །མྱུར་དུ་བྱང་ཆུབ་ལ་རེག་འགྱུར། །གང་ཚེ་སྒྲུབ་ལ་བརྩོན་ལྡན་པ། །ཚེ་གཅིག་འབྲས་བུ་མྱུར་ཐོབ་འགྱུར། ། གཉིས་མེད་རང་བཞིན་རྡོ་རྗེ་ཅན། །མཁའ་དབྱིངས་རྡོ་རྗེ་ཀུན་ཏུ་ཁྱབ། །བརྗོད་མེད་རྟོག་བྲལ་དེ་ཉིད་དོན། །ལྷུན་གྲུབ་དང་ལ་རབ་ཏུ་གཞག །ཧཱུྃ་དང་ཨ་ཡི་རྣམ་པ་ཅན། །ཇི་ལྟར་ཆུ་ཡི་ཟླ་བ་བཞིན། །མ་ཡེངས་སེམས་ཀྱིས་རྒྱུན་དུ་བསྒོམ། །ཨེ་མ་ཧོ་མགོན་པོ་བཅོམ་ལྡན་འདས། ། མཆོག་ལས་མཆོག་ཏུ་རྣམ་པར་རྒྱལ། །ཨེ་མ་ཧོ་སྤྲུལ་པའི་རྣམ་པ་སྐུ། །སྒྲ་ལ་རབ་ཏུ་དམིགས་པ་མེད། །དགྱེས་ཆེན་ཀུན་གྱི་སྤྱོད་ཡུལ་ཡིན། །རང་གསལ་ཉིད་ལ་རྣམ་པར་དག །མཆོག་གི་བྱང་ཆུབ་ཚུལ་དུ་གནས། །རྡོ་རྗེ་ས་འོག་གི་རྒྱུད་ལས་ངེས་པ་དང་རྣམ་པར་དག་པའི་ ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཆང་། །འགྲོ་བའི་མགོན་ལ་རབ་གཟིགས་ཏེ། །བསྲུང་བའི་ཆོ་ག་རབ་ཏུ་གསུངས། །ལག་ན་རྡོ་རྗེ་རབ་ཏུ་ཉོན། །འགྲོ་བ་གདུག་པས་ཟིན་འགྱུར་བ། །ཟངས་མ་དག་ལ་དུད་འགྲོའི་གཟུགས། །ལེགས་པ་དག་ཏུ་རབ་བྱས་ ཏེ། །ཁོང་པ་དངུལ་ལ་སོགས་པས་དགང་། །གང་ནས་འདོད་པའི་ས་ཕྱོགས་སམ། །རང་ལུས་དག་ལ་ལེགས་སྦས་ནས། །བསྲུང་བ་དམ་པར་འགྱུར་བའོ། །བདེ་གཤེགས་སྐུ་གདུང་རིང་བསྲེལ་ཅན། །རབ་ཏུ་གནས་པ་ལེགས་བྱས་ཏེ། །གང་གནོད་སར་ནི་རབ་སྦས་ན། །བདེན་ སྟོབས་བརྗོད་པས་ཞི་བར་འགྱུར། །བྱ་ལ་སོགས་པའི་བྱོལ་སོང་ཚོགས། །ཡིད་འོང་མཛེས་པའི་དུད་འགྲོ་ལ། །སངས་རྒྱས་གང་གཱའི་བྱེ་ཚོགས་ཀྱིས། །གསུངས་པའི་གཟུངས་སྔགས་དག་གིས་ནི། །སྐུད་པ་སྔོན་པོ་དག་དང་ནི། །དར་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ། །བདེན་པ་བདར་ ལ་རབ་ཏུ་བསྔོས། །གཏོར་མ་གཏང་ན་ཞི་བར་འགྱུར། །ཁམ་པོར་ལ་སོགས་སྣོད་གཙང་མར། །སྨན་དང་དར་སོགས་བར་བཅུག་སྟེ། །མེ་ཏོག་བདུག་སོགས་མཆོད་བྱས་ཏེ། །ས་ལ་སྦས་ན་གནོད་པ་རྣམས། །ཞིབ་བ་དག་ཏུ་འགྱུར་བ་ཡིན། །སྐུད་པ་དཀར་པོ་ལུས་བསྒྲིལ་ལ། ། མདུད་པ་ཉི་ཤུ་རྩ་གཅིག་བྱ། །སྒྲུབ་དང་བསྒྲུབ་པའི་མཆོད་པ་བྱ། །རྒྱལ་ལ་རབ་ཏུ་མགུལ་དུ་བཏགས། །བར་ཆད་ཟློག་པར་འགྱུར་བར་ངེས། །ཡུངས་ཀར་མར་དང་མུ་ཟི་རྣམས། །ཆ་སྙོམས་ལུས་ལ་རབ་བྱུགས་ན། །གདུག་པས་ཟིན་ལས་ཐར་བར་འགྱུར། །བ་སུ་ན་དའི་ མེ་ཏོག་དང་། །འདའ་ཧུ་ན་དའི་འབྲས་བུ་ལ། །སྨིན་དྲུག་དུས་སུ་རབ་བསྒྲུབས་ན། །གདུག་པ་ཕྱོགས་སུ་མི་གནས་སོ། །སྟག་དང་དྲེད་དང་འཇའ་ཐར་གྱི། །སྤུས་ནི་གདུག་པ་ལས་གྲོལ་འགྱུར། །འབབ་ཆུ་རྒྱ་མཚོ་ལ་སོགས་པ། །ལུས་བསྲུང་བྱ་བ་མཐར་ཕྱིན་པར། །བྱས་ ན་མཆོག་ཏུ་བསྲུང་བར་འགྱུར། །རྡོ་རྗེ་འཆང་བ་ཁྱོད་ཀྱིས་ཟུང་། །མཐར་ཕྱིན་ཟླ་བ་སྤྲིན་གཟའ་ལས། །གྲོལ་བ་ལྟ་བུར་འགྱུར་བ་ཡིན། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་བསྲུང་བའི་ལེའུ་སྟེ་བཅུ་པའོ།། །།ལག་ན་རྡོ་རྗེས་ལེགས་སྨྲས་པ། །བཏུབ་སྔགས་ ཀྱི་ཆོ་ག་ནི། །ཇི་ལྟར་ལེགས་སོ་རྡོ་རྗེ་འཆང་། །ཁྱེད་ལ་རབ་ཏུ་ཉན་པར་འཚལ། །ཉོན་ཅིག་རྡོ་རྗེ་འཆང་བ་ཁྱོད། །སྔགས་བཏུ་ཁྱོད་ལ་བཤད་པར་བྱ། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །པདྨ་འདབ་མ་བརྒྱད་པ་བྲི། །འདོད་དོན་ཐམས་ཅད་རབ་འགྲུབ་པ། །དེར་ ནི་གསང་སྔགས་བཏུ་བར་བྱ། །དབུས་སུ་ཡི་གེའི་བདག་པོ་གཞག །བཞི་པ་ཡི་ནི་ལྔ་པ་ལ། །ཡི་གེ་ཨི་ནི་རབ་ཏུ་སྦྱར། །མཐར་གནས་པ་ཡི་གསུམ་པ་ལ། །ལྔ་པ་ཡི་ནི་མཐའ་དང་སྦྱར། །དེ་ནས་ལྔ་པའི་བཞི་པ་གཞག །དེ་ནས་མཐར་གནས་གཉིས་པ་གཞག །དེ་ནས་ བཞི་པའི་བཞི་པ་གཞག །དེ་ནས་མཐར་གནས་གཉིས་པ་གཞག །དེ་ནས་ལྔ་པའི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ར་དང་བཅས་པ་གཞག་པར་བྱ། །དེ་ནས་ལྔ་པའི་དང་པོ་ལ། །ཨཱ་ཡིག་རབ་ཏུ་སྦྱར་བར་བྱ། །དེ་ནས་གསུམ་པའི་ཐ་མ་ལ། །ཨི་ནི་ རབ་ཏུ་སྦྱར་ཏེ་གཞག །བདུན་པ་ཡི་ནི་བཞི་པ་ལ། །ཡི་གེ་ཨཱུ་ནི་རབ་ཏུ་སྦྱར། །སྟོང་པས་མནན་པས་ཉིས་འགྱུར་དང་། །ལྔ་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོ་སྦྱར། །ཡི་གེ་བཅུ་གསུམ་རིག་པའི་སྔགས། །བརྩེ་བས་བརྩོན་པར་རབ་བཟླས་ ན། །གང་འདོད་དངོས་གྲུབ་ངེས་པར་འགྱུར། །ཀྱེ་མ་ཧོ་རྡོ་རྗེ་ཅན་གྱིས་གསུངས། །སྔགས་ཀྱི་རྒྱལ་པོ་བླ་མེད་ལམ། །ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཆང་། ། སྤྱན་མིག་འོད་ཟེར་སྤྲུལ་མཛད་ནས། །སློབ་མ་རབ་ཏུ་སྨིན་བྱའི་ཕྱིར། །དབང་བསྐུར་ཆོ་ག་རབ་ཏུ་བཤད། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །གསང་དང་ལྡན་པ་དབང་ཐོབ་ཅིང་། །དུལ་དང་དྲང་དང་ཤེས་ཉེན་ཆེ། །གཡོ་ཆུང་ངང་བཟང་བྱང་སེམས་ཐོབ། །དཀྱིལ་འཁོར་ཆོ་ ག་རབ་མཁས་པ། །སློབ་མ་དམ་པ་དབང་བསྐུར་ཕྱིར། །ཡིད་འོང་གཙུག་ལག་ཁང་སོགས་སུ། །བརྟུལ་ཞུགས་སྔོན་དུ་ལེགས་སྤྱད་ནས། །དེ་ནས་ས་ཡི་ཆོ་ག་བྱ། །བརྟག་དང་སྦྱང་ཞིང་བསླང་བ་དང་། །མཆོད་དང་གསོལ་བ་གདབ་པ་དང་། །རྨི་ལམ་མཚན་མའི་སྒོ་ ནས་བརྟག །ཞི་བའི་ཚོགས་སྤྱན་སྲེག་ནི། །བརྒྱ་རྩ་བརྒྱད་ཀྱི་ཆོ་ག་བྱ། །འབྱུང་པོ་རྣམས་ལ་མཆོད་ཅིང་བསྒོ། །དཀྱིལ་འཁོར་དབུས་སུ་རབ་གནས་ཏེ། །ཧཱུྃ་ལས་རྡོ་རྗེ་ཆེན་པོ་བསྒོམ། །བྲུྃ་ལས་གཞལ་ཡས་ཁང་ཆེན་བསྒོམ། །སྤྱན་གཉིས་ཉི་ཟླའི་འོད་ཟེར་གྱིས། །བགེགས་ རྣམས་མ་ལུས་ཚར་གཅོད་དོ། །རྡོ་རྗེ་ཆེན་པོ་གར་འགྲོས་ཀྱིས། །ས་གཞི་ལན་གསུམ་བསྐོར་བར་བྱ། །བ་ཡི་རྣམ་ལྔས་ལེགས་བྱུགས་ཏེ། །ཚོམ་བུ་གཅིག་གིས་ལྷ་དགོད་བྱ། །མཆོད་དང་བསྟོད་དང་སྙན་གསན་དབབ། །བུམ་པ་ལྷག་པར་གནས་པར་བྱ། །སློབ་མ་ཚོ་ གསར་བ་སྨིན་བྱ། །ཐིག་དང་ཚོན་གྱི་ཆོ་ག་ནི། །ལས་ཀྱི་ཆོ་ག་བཞིན་དུ་བྱ། །གདོང་གཡོགས་དར་ནི་སྔོན་པོ་ཡིས། །སློབ་མ་དག་ནི་གཞུག་པར་བྱ། །སྡོམ་ལྡན་དབང་བསྐུར་རྣམ་ལྔས་བསྐུར། །བུམ་པ་དང་པོ་རྡོ་རྗེ་དང་། །དྲིལ་བུ་དབུ་རྒྱན་མིང་གི་དབང་། །ལས་ཀྱི་ཆོ་ག་ཇི་ བཞིན་ནོ། །ཚེས་བཅུ་བཞི་དང་བཅུ་གསུམ་ལ། །སློབ་མ་ལས་ལ་གཟུད་པར་བྱ། །བྱིན་རླབས་རིམ་པས་འཕོ་བ་དང་། །འཕྲལ་དུ་ཡིད་ཆེས་བསྐྱེད་པར་བྱ། །རིན་ཆེན་སྙིང་པོ་དྲི་མེད་རྒྱུད། །རྒྱུད་རྣམས་ཀུན་གྱི་རྩ་བར་ནི། །འདིར་དབང་བསྐུར་བ་དམ་པ་ཡིན། །སྨིན་ པའི་ལས་ལ་བརྟེན་པ་ཡི། །དབང་བསྐུར་མཆོག་གི་རྒྱུད་གསུངས་པས། །རབ་གནས་དགེ་བསྡོམ་པ་ལྡན། །དམ་པ་ཡོན་གྱིས་མཉེས་པར་བྱ། །གྲོལ་བ་མཐར་ཕྱིན་རབ་ཏུ་གནས། །སློབ་མ་སྨིན་པའི་ཆོ་གའོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་སློབ་མ་ལ་དབང་བསྐུར་བའི་ ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་ཐུགས་ཀྱི་གསང་བ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ལག་ན་རྡོ་རྗེ་མི་བཟད་ཁྱོད། །གཞན་དོན་བག་བརྩོན་ལེགས་སོ་ལེགས། །གང་ཞིག་དུས་ཀྱི་སྙིགས་མ་ལ། །གདུལ་དཀའི་སེམས་ཅན་འདུལ་འདོད་པས། །དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །ཚོགས་གཉིས་ཀུན་རྫོགས་མཐར་ཕྱིན་པས། །རིན་ཆེན་ སྣོད་དུ་པདྨའི་གཏེར། །དབུས་སུ་གསང་བའི་བདག་པོ་ཅན། །འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད། །སྦྲུལ་མགོས་བརྒྱན་པ་དགོད་པར་བྱ། །ཁྲུས་དང་གཙང་སྦྲ་དང་ལྡན་པས། །ལས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས། །དང་པོ་སྤྱན་དྲངས་རབ་མཆོད་ནས། །བདག་དང་ལྷ་གཉིས་ འཕྲོ་འདུར་བཟླས། །ཀླུ་བརྒྱད་ཞི་བར་འགྱུར་སེམས་ཀྱིས། །ཧཱུྃ་དང་ཧཱུྃ་གི་ཐག་པ་ལས། །བསྒྲུབ་བྱ་འོད་ཀྱི་ཕུང་པོར་བྱ། །སྐད་ཅིག་མས་ནི་ཧཱུྃ་དུ་བསླང་། །ཨོཾ་བཛྲ་ཀྲོ་དྷ་ཨ་ཧཱི་ཙཎྜ་ཕཊ། ཁྲི་བཟླས་གདོན་ལས་ངེས་གྲོལ་འགྱུར། །ལག་ན་རྡོ་རྗེ་ཁྱོད་ཀྱིས་ནི། །ཐུགས་ཀྱི་ འཕྲོས་འདུ་གསང་བ་ཡིན། །བསྒྲུབ་བྱའི་ལུས་ནི་ཚོན་གྱིས་དཀྲི། །ཧཱུྃ་ཆེན་ཕྲེང་བའི་འཕྲོ་འདུས་གཅད། །རྫས་ཆེན་རྣམས་ལ་རབ་བརྟགས་ན། །ངེས་པར་གདོན་ལས་གྲོལ་བར་འགྱུར། །གལ་ཏེ་དེས་ཀྱང་མ་གྲུབ་ན། །སྔགས་ཀྱི་ཕྲེང་བ་བཟློག་སྟེ་བཟླས། །རྡོ་རྗེ་ཕྲེང་བས་རབ་ བཅད་ནས། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །འོག་གི་བགེགས་བཟློག་ཆོ་ག་མཆོག །ཡིད་བཞིན་ནོར་ལྟར་འབྱུང་བ་ཡིན། །ཐེག་པ་གསུམ་ལས་ངེས་རྒྱལ་བའི། །རྒྱུད་ཆེན་གསང་བ་མཐར་ཐུག་པ། །སྐྱོབ་པའི་ཐུགས་ཀྱི་དམ་པ་ཡིན། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་འཁོར་རྣམས་དང་། ལྷའི་ཚོགས་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ གསང་བ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཁ་ཆེའི་པཎྜི་ཏ་ཙེ་ལུ་དང་། བོད་ཀྱི་ལོ་ཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཏཱ་ལ་ནཱ་མ་ཏནྟྲ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་ཅེས་བྱ་བའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ས་འོག་རིམ་པ་བདུན་ཀླུའི་རྒྱལ་པོའི་གནས་ན་རིན་པོ་ཆེའི་ཁྲི་ལ་བཞུགས་ཏེ། ཀླུའི་རྒྱལ་པོ་ དགའ་བོ་དང་ཉེ་དགའ་བོ་དང་། རིགས་ལྡན་ལ་སོགས་ཏེ་ཀླུ་རྣམས་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་དང་ཐབས་ཅིག་སྟེ། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་ནས་འོད་ཟེར་བརྒྱ་སྟོང་དུ་མ་བཀྱེ་བས་འཇིག་རྟེན་དུ་འགྱུར་བ་དང་། ལྟས་བྱུང་བས་ འཇིག་རྟེན་པ་རྣམས་འཇིགས་ཤིང་སྐྲག་ནས་བརྒྱ་ལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། འོད་ཟེར་འདི་འགྱུར་བ་དང་ལྟས་བྱུང་བའི་རྒྱུ་དང་རྐྱེན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་བསོད་ནམས་ཀྱི་ཚོགས་ཚད་ མེད་པ་ལས་གྲུབ་པས་འབྲས་བུ་ཡང་ཚད་མེད་ཀྱིས་བྱང་ཆུབ་སེམས་དཔའ་བརྒྱལ་བ་ལས་བསླད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་བརྒྱ་སྟོང་དུ་མ་བཀྱེ་སྟེ། འོད་ཀྱིས་རེག་པ་ཙམ་གྱིས་བརྒྱལ་བ་ལས་བསླང་ངོ་། །དེ་ནས་འཇིག་རྟེན་པ་རྣམས་ ཀྱིས་ཆེད་དུ་བརྗོད་པ། ཨེ་མ་ཐུབ་ཆེན་ཐུགས་རྗེ་ཡི། །འཇིག་རྟེན་ཐམས་ཅད་བརྒྱལ་གྱུར་ན། །ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །བརྒྱལ་བ་ཐམས་ཅད་སློངས་པར་གྱུར། །དེ་ནས་འཇིག་རྟེན་པ་རྣམས་ས་འོག་རིམ་པ་བདུན་གྱི་ཀླུའི་རྒྱལ་པོའི་གནས་སུ་འདུས་པར་གྱུར་ ནས་གསོལ་བ་བཏབ་པ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཅན། །སྟོན་པ་བཅོམ་ལྡན་རྡོ་རྗེ་འཛིན། །འཇིག་རྟེན་རྣམས་ལ་ཕན་གདགས་ཕྱིར། །རྡུལ་བྲལ་ཆོས་རྣམས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས། །བཛྲ་ཨ་བྷི་ཥིཉྩ་བཛྲ་པཱ་ཎི་ཧཱུཾ་ཞེས་ གསུངས་པས་སྣོད་དང་ལྡན་པར་བྱས་སོ། །དེ་ནས་ཀླུའི་རྒྱལ་པོ་རྣམས་འཁྲུགས་སོ། །ཤིན་ཏུ་ཡིད་འཁྲུགས་ནས་ཁ་གཡབ་ཅིང་བྲང་བརྡུངས་ཏེ། ཀྱེ་མ་ཀྱི་ཧུད་བདག་ཀླུའི་གནས་དང་སྟོན་པ་ནི་འཇིག་རྟེན་པས་ཕྲོགས་པས་འཇིག་རྟེན་པ་རྣམས་བརླག་པར་བྱའོ་ཞེས་ཟེར་ ནས། ཀླུའི་ཁའི་རླངས་པས་འཇིག་རྟེན་པ་རྣམས་ལ་མཛེའི་ནད་བཏང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ནད་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཐུགས་ཀའི་དཔལ་བེའུ་ལས་ནད་སེལ་བའི་འོད་ཞལ་ནས་ཀྱང་བཛྲད་ཡ་ཞེས་བྱ་བའི་སྔགས་དང་བཅས་ཏེ་ བྱུང་བས་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སོང་ངོ་། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱིས་ཀླུ་བྲན་རྣམས་བསྐུལ་ནས་ལ་ལས་རྩ་ནས་ཞུགས་སོ། །ལ་ལས་དབང་པོའི་སྒོ་ནས་ཞུགས་སོ། །ལ་ལས་རུས་པ་ནས་ཞུགས་པ་ལ་བཅོམ་ལྡན་འདས་ཀྱིས་དབུགས་མེ་ལྕེ་ལྟར་འབར་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་ནས་རྩ་ནས་ཞུགས་པ་ལ་དབུགས་ཀྱིས་བསྲེགས་སོ། །དབང་པོ་ལ་ཞུགས་པ་དང་། རུས་པ་ལ་ཞུགས་པ་བསྲེག་པའི་འཁོར་ལོས་བཅོམ་མོ། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཆེར་འཁྲུགས་ནས། བཅོམ་ལྡན་འདས་ཉིད་ལ་སྣང་བ་རེ་རེ་ཆད་ནས་ ལུས་ལ་དཀྲི་བས་བྱང་ཆུབ་ཀྱི་སེམས་དང་ལྡན་ཏེ་རྒྱན་དུ་སོང་ངོ་། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱིས་བསྟོད་པ། འཇིག་རྟེན་འདི་ན་ཀླུ་རྒྱལ་མཐུ་ཆེ་ཡང་། །བཅོམ་ལྡན་བ་སྤུའི་བརྒྱ་ཡི་ཆར་མི་ཕོད། །དེ་ནས་བཅོམ་ལྡན་འགྲོ་བ་སྐྱོབ་པ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་རྟག་ ཏུ་བསྟོད། །རྡོ་རྗེ་ས་འོག་གི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཆང་ལ་ཡང་དང་ཡང་དུ་ཕྱག་འཚལ་ནས་གསོལ་བ་བཏབ་པ། སེར་སྣའི་དབང་གིས་དབུལ་གྱུར་པ། །ནོར་རྣམས་ ཇི་ལྟར་བསྒྲུབ་པར་བགྱི། །མདུན་གྱི་ཕྱག་ན་རྡོ་རྗེ་ཡི། །ཡེ་ཤེས་སེམས་དཔའི་ཕྱག་གཡས་པར། །ཛམྦྷ་ལ་ནི་བསྒོམ་པར་བྱ། །བདག་ཉིད་སྔགས་ཀྱི་རྒྱལ་པོ་ཟློས། །སྙིང་གར་འོད་ཟེར་དག་གིས་ནི། །ཡེ་ཤེས་སེམས་དཔའ་བསྐུལ་བར་བྱ། །ཡེ་ཤེས་སེམས་ དཔས་ཛམྦྷ་ལའི། །སྔགས་ནི་ཟློས་པ་ཉིད་དུ་བསྒོམ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། །འོད་བྱུང་ཛམྦྷ་ལ་བསྐུལ་ལོ། །ནོར་གྱི་རྒྱ་མཚོ་གང་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་ལ་གསོལ་བ་བཏབ་པ། ཉེས་པ་ཤིན་ཏུ་ཕྲ་མོ་ ལ། །གྲགས་དང་རྙེད་པའི་དོན་དུ་ནི། །འཇིག་རྟེན་གནོད་བྱེད་སྒྲིབ་བྱེད་པ། །ཐོག་སེར་བཟློག་པ་བཤད་དུ་གསོལ། །ཐོག་མར་མཆོད་རྟེན་སྔོན་པོ་བརྩིག །རབ་གནས་གཞུང་དང་མཐུན་པར་བྱ། །དེ་ཡི་འོག་ཏུ་འཁོར་ལོ་ནི། །རྩིབས་བརྒྱད་ལྟེ་བར་བཅས་པ་བྲི། ། རྩིབས་ལ་ལྷ་སྲིན་སྙིང་པོ་བྲི། །ཀྷཱྃརྡྷ། ཙྷཱངྷ། ཚྷཱརྔྷ ཤྷརྔྷ། ཨོཾདྷ། མྷོརྡྷ། ཏྷཱོྃརྡྷ། སྦྷརྡྷ། དབུས་སུ་སྔགས་མཁན་བྲི་བར་བྱ། །དེ་ནས་ཐོད་པའི་ནང་དུ་གཞུག །ཐོད་པ་མཆོད་རྟེན་འོག་ཏུ་མནན། །སྙིང་པོའི་འོད་ཀྱིས་སྔགས་མཁན་དང་། །ལྷ་སྲིན་འཁོར་དང་བཅས་པ་ དགུག །དེ་ལ་ཐུན་གྱིས་བྲབ་པར་བྱ། །འབྱུང་པོ་འཁྲུག་པའི་དུས་སུ་ནི། །སྟོན་པའི་ང་རྒྱལ་ལྡན་པ་ལ། །མཐེ་བོ་དག་ནི་མཐེའུ་ཆུང་ལ། །ཧཱུྃ་ལས་ཕྱག་ན་རྡོ་རྗེ་བསྐྱེད། །མཐེའུ་ཆུང་ཕྱག་ན་རྡོ་རྗེ་ཡི། །ཐུགས་ནས་ཕྱག་ན་རྡོ་རྗེ་ནི། །ཞགས་པ་ལྕགས་ཀྱུ་ཐོགས་པ་ སྤྲོ། །སྙིང་གི་ལྕགས་ཀྱུས་དགུག་པ་དང་། །མགྲིན་པ་ཞགས་པས་བཅིང་བར་བྱ། །མཐེ་བོང་ཕྱག་ན་རྡོ་རྗེ་ཡི། །རྡོ་རྗེ་ལས་ནི་རྡོ་རྗེ་སྤྲོ། །བགེགས་རྣམས་ལ་ནི་བསྣུན་པར་བྱ། །བ་སྤུའི་གཤིས་ན་རྡོ་རྗེ་འཕྲོ། །ནམ་མཁའ་ཐམས་ཅད་རྡོ་རྗེར་གྲུབ། །ཡུངས་ ཀར་རྡོ་རྗེར་བསྐྱེད་ལ་བྲབ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་པ་ལ་མཆོད་ཅིང་ཕྱག་འཚལ་ནས་ཆེད་དུ་བརྗོད་པ། ཨེ་མའོ་སྟོན་པ་རྡོ་རྗེ་འཛིན། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཚར་གཅད་རྗེས་གཟུང་གསུངས་པ་མཚར། །དབུལ་དང་ཡི་ དགས་གནས་ལས་ཐར། རྡོ་རྗེ་ས་འོག་གི་རྒྱུད་ལས་ནོར་བསྒྲུབ་པ་དང་གནོད་པ་བཟློག་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་ལ་མཆོད་ཅིང་ཕྱག་འཚལ་ནས་གསོལ་བ་བཏབ་པ། ཀླུ་དང་གནོད་སྦྱིན་ས་བདག་ གི། །མཛེ་དང་དམུ་ཆུ་ཇི་ལྟར་བཟློག །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །མདོ་སྡེས་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཟློགས་ལ་སྔགས་ཀྱིས་བཟློག་པས་ཁྱད་པར་དུ་འཕགས་སོ། །དེ་ལ་ཀླུ་ཞེས་བྱ་བ་ཉོན་མོངས་པ་གཏི་མུག་ཤས་ཆེ་ བས་ཆགས་པ་དང་ཞེ་སྡང་ཡང་ཆེ་སྟེ། གཏི་མུག་གི་དབང་གིས་གཉིད་ཆེ་བ་དང་། ཞེ་སྡང་གི་དབང་གིས་སྐྱེ་བ་བདུན་དུ་མི་གཏོང་བ་དང་། ཆགས་པའི་དབང་གིས་ཆགས་པ་ལ་གནས་པའི་ལུས་ལ་ཞུགས་ནས་མི་གཏོང་བའོ། །ཀླུ་གདོལ་པ་ཅན་གྱིས་མཐོང་བ་ཙམ་གྱིས་ནད་ བསྐྱེད་དོ། །རིགས་གསུམ་ནི་རེག་པ་ཙམ་གྱིས་ནད་བསྐྱེད་དོ། །ཀླུ་བྲན་རྣམས་ནི་སྟེང་སྒོ་གསུམ་ནས་ཞུགས་ནས་ལུས་ཀྱི་བཅུད་ཟ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསོལ་པ། དེ་རྣམས་ཇི་ལྟར་འདུལ་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀླུ་ འགུགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ། །ནཱ་ག་བི་དཱ་ར་ཎཱ་ཛཿ། ནཱ་ག་ཨུཏྶཱ་ད་ན་ཡ་ཛཿ། སྦྱོར་བ་གསུམ་ལ་ལེགས་གནས་པས། །འཇིགས་པའི་གཟུགས་ཀྱིས་འགུགས་པར་འགྱུར། དེ་ནས་བཅོམ་ལྡན་འདས་ ཀྱིས་ཀླུ་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་དབུགས་ལས་སྔགས་འདི་རྣམས་ཕྱུང་ངོ་། །ཏདྱ་ཐཱ། བུད་དྷ་བུད་དྷ། བི་བུད་དྷ་བི་བུད་དྷ། མཱ་ཏི་ཀྲ་མ་ཐ། ཧ་ར་ཧ་ར་ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ནཱཾ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་ བྷིནྡ་ནཱ་ག་མརྨྨཱ་ཎི་བི་ཥཱི་རྱན་ཏུ་ནཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི། འཇིགས་ཤིང་སྐྲག་སྟེ་བརྒྱལ་བར་འགྱུར། །སྙིང་གར་ཡི་གེ་ཧཱུྃ་བསྒོམས་པས། །ཀླུ་རྣམས་ཐམས་ཅད་བསྲེགས་གྱུར་པས། །བདེ་བ་ཅན་གྱི་གནས་སུ་སྐྱེ། །བྱང་ཆུབ་ སེམས་དཔའ་ཕྱག་ན་རྡོ་རྗེས་གསོལ་པ། དེ་ལ་འཇུག་པའི་གནས་དུ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་བཞི་དག་ནས་ཞུགས་གྱུར་ནས། །རྩ་རྣམས་ན་ཞིང་ཚ་བ་དང་། །སྟེང་སྒོ་མི་བདེ་རྡུལ་ཡང་འབྱུང་། །རྨུགས་དང་གཉིད་ཀྱི་བདག་ཉིད་ཅན། ། ཤ་མདོག་དབུ་བ་ལྟ་བུ་སྟེ། །རྨི་ལམ་དུ་ནི་ཆུ་འོད་འབྱུང་། །དེ་ནས་ཆགས་པ་སྤྱད་པར་བྱ། །དབང་པོ་གསུམ་དུ་ཞུགས་གྱུར་ན། །དབང་པོ་སྦྲིད་ཅིང་ལུས་ཀྱང་འདར། །ཤ་ནི་སྐམ་ཞིང་རུས་པ་ན། །དེ་ལ་ཆགས་པ་མི་སྤྱད་དོ། །ས་ཡི་དབང་པོ་ཀུན་ནས་འཇུག །བ་སྤུའི་ ཁུང་བུ་དམར་ཞིང་འགྱུར། །ཕོལ་དང་ཤ་བཀྲ་འབྱུང་བ་དང་། །རྨི་ལམ་དུ་ནི་བྱོལ་སོང་འབྱུང་། །རྒྱལ་པོ་དང་ནི་རྩ་བཞིར་འཇུག །ཐོ་རངས་མི་དགའ་མངོན་ཤེས་སྨྲ། །གཉིད་ཆུང་བ་སྤུའི་གཤིས་ཀྱང་དཀར། །གུ་གུལ་ནག་པོ་བསྟེན་པར་བྱ། །བྱང་ཆུབ་སེམས་དཔའ་ ཕྱག་ན་རྡོ་རྗེས་གསོལ་པ། ནད་དེ་འཚོ་བ་དང་མི་འཚོ་བའི་རྣམ་པ་ཇི་ལྟར་ལགས། རྡོ་རྗེ་འཛིན་པས་གསུངས་པ། བསྙེན་པ་མཚན་མ་ཐོབ་པ་ཡིས། །བདུད་རྩི་ལྔ་དང་གླ་རྩི་དང་། །འབྲས་བུ་གསུམ་དང་རྨ་བྱའི་ཤ། །རིལ་བུ་བྱས་ལ་སྒལ་ཚིགས་གཞག །དེ་ཡི་བར་དུ་རྨ་ བྱའི་སྒྲོ། །མདངས་དང་ལྡན་ན་འཚོ་བར་ངེས། །ནག་པོར་གྱུར་ན་མི་འཚོའོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དེ་ལ་ཚར་གཅད་པའི་ཐབས་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་དང་འཁྲུལ་འཁོར་སྨན་ དང་བསྲེག །ཐབས་ནི་རྣམ་པ་བཞི་ཡིན་ཏེ། །བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །དབང་བསྐུར་དམ་ཚིག་ལྡན་པ་དང་། །བསྙེན་པ་བརྟན་པར་གྱུར་པ་ཡིས། །དང་པོར་སྔགས་ཀྱིས་བཟློག་པར་བྱ། །སྙིང་གའི་སྔགས་ཀྱི་རྒྱལ་པོ་ཡིས། །རླུང་དང་འགྲོགས་ཏེ་ འབྱུང་བར་འགྱུར། །ནད་ཀྱི་སྙིང་པོར་ཧཱུྃ་བསམས་ཏེ། །རྒྱུ་རྐྱེན་ཚོགས་པས་བསྲེག་པར་བྱ། །དེ་ནས་ཕྱིར་བཟློག་མནན་པར་བྱ། །སྦྱིན་སྲེག་རྣམ་པ་གསུམ་དུ་བཤད། །དང་པོ་ཞི་བའི་སྦྱིན་སྲེག་སྟེ། །ཟླུམ་པོ་ཁྲུ་གང་ཁ་དོག་དཀར། །ཁ་ཁྱེར་སོར་བཞི་ རྡོ་རྗེས་མཚན། །གྲུ་གསུམ་སོར་བཅུ་ཁ་དོག་ནག །ཁ་ཁྱེར་སོར་གསུམ་རྡོ་རྗེས་མཚན། །ཟླ་དབྱིབས་ཟླ་བ་དམར་འདྲ་བ། །ཁྲུ་དོ་ཁ་ཁྱེར་དེ་འདྲར་ཤེས། །ཞི་བ་འོ་མ་ཅན་ཤིང་གི། །གཏུམ་པ་འབིགས་པར་བྱེད་དེའོ། །དབང་ཡང་ཞི་བ་དག་དང་མཚུངས། ། རྒྱུན་བཞག་མེ་དང་རིགས་ངན་ཁྱིམ། །རྃ་ལས་ཐབ་དང་མེ་ལྷ་བསྐྱེད། །ཞི་རྒྱས་དབང་ལ་བདུད་རྩི་ལྔ། །གཏུམ་པ་དམར་དང་ཁྲག་དག་དང་། །དུག་དང་གུ་གུལ་ནག་པོ་དང་། །གཟུགས་བརྙན་དག་གིས་མཆོད་པར་བྱ། །འཇིག་རྟེན་དབང་ཕྱུག་ཚངས་པ་མཆོག་གི་སྲས། ། མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་ཞིང་། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་ཕྱག་འཚལ་འདུད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྩོལ་ཞིང་། །བདག་གཞན་ཕན་སོགས་ལ་ཞུགས་པ། །ཚངས་ སྲས་མཆོག་ལ་ཕྱག་འཚལ་འདུད། །མེ་ཡི་ཐུགས་ཀར་དྲག་པོ་ནི། །ཆོ་ག་བཞིན་དུ་བསྐྱེད་པར་བྱ། །སྦྱིན་སྲེག་དེ་དག་འབྲེལ་པ་ཡིས། །ནོར་རྣམས་ཐམས་ཅད་སྟེར་བར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཞུས་ པ། དྲག་པོའི་སྔགས་རྣམས་ཇི་ལྟར་ལགས། །དེ་ནས་རྡོ་རྗེ་འཛིན་པས་ལྷ་སྲིན་ཐམས་ཅད་འདུལ་བའི་སྔགས་འདི་གསུངས་སོ། །ཊདྱ་ཐཱ། ཧཱུྃ་ཕཊ་ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུྃ་ཕཊ། །ནཱ་ག་ཨུཏྶཱ་ད་ནཱ་ཡ་ཧཱུྃ་ཕཊ། ནཱི་ལ་བས་ནཱ་ཡ་ཧཱུྃ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཧཱུྃ་ ཕཊ། ཀྲྀ་ཏཱ་ན་ཏཱ་ཡ་ཧཱུྃ་ཕཊ། ཀྲི་ཏཱནྟ་རཱུ་པཱ་ཡ་ཧཱུཾ་ཕཊ། རོ་ཥ་ཎཱཡ་ཧཱུྃ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུྃ་ཕཊ། ཀུམྦྷཎྜ་ཨུཏྶཱ་ད་ནཱ་ཡ་ཧཱུྃ་ཕཊ། པྲ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། ཡཀྵ་ཨ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ ནཱ་ཤ་ཡ། སརྦྦ་བིགྷྣ་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། སརྦྦ་ཤ་ཏྲཱུཾ་སཾ་བརྟ་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཨོྃ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭཱ་ལ་བྷ་སྨིཾ་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཧཱུྃ་ཕཊ། པུཥྚི་ཀུ་རུ་ཨོྃ། སྔགས་འདི་གསུངས་པ་ཙམ་གྱིས་ ནི། །ལྷ་སྲིན་ཐམས་ཅད་བརྒྱལ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཆེད་དུ་བརྗོད་པ། ཨེ་མ་དུས་གསུམ་སངས་རྒྱས་ཀྱིས། །དྲག་པོ་འདུལ་བར་དབང་བསྐུར་ནས། །སྔགས་རྒྱལ་གསུངས་པས་སྐྲག་འགྱུར་བ། །ངོ་མཚར་འདི་ནི་ཤིན་ཏུ་ལྷ་ཞེས་ པའོ། །དེ་ནས་རང་རང་གི་སྲོག་སྙིང་སྟོན་པ་ལ་ཕུལ་ནས་བྲན་གྱི་ཚུལ་དུ་གནས་སོ། །རྡོ་རྗེ་ས་འོག་གི་རྒྱུད་ལས་བཅོས་དཀའ་བའི་ནད་བཟློག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་པ་ལ་མཆོད་པ་དང་ཕྱག་བྱས་ནས་ གསོལ་བ་བཏབ་པ། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་རྡོ་རྗེ་འཆང་རྒྱལ་པོས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །དབང་བསྐུར་བ་ཡང་མ་ཐོབ་ན། །བསྒྲུབས་ཀྱང་ ཅི་ཡང་མི་འགྲུབ་པོ། །དེ་བས་ད་ནི་བཤད་བྱ་བ། །གྲུ་བཞིར་བགྱི་ཞིང་སྒོ་བཞིར་བགྱི། །ཐིག་བཞི་དག་དང་ལྡན་གྱུར་པས། །ཆ་ཆེན་བཞི་རུ་བཏབ་བྱས་ན། །ཤར་གྱི་ཆ་ཆེན་དང་པོར་ནི། །བཞིར་བགོས་དང་པོ་ལྟེ་བ་དང་། །གཉིས་པ་པདྨ་རལ་གྲི་གཉིས། །གསུམ་པ་ལྷ་ཡི་ སྣམ་བུའོ། །དེ་ནས་ཚོན་ནི་དགྱེ་བར་བྱ། །ལྟེ་བ་དཀྱིལ་འཁོར་འོད་དང་བཅས། །པདྨ་སྔོན་པོ་རལ་གྲི་སྔོན། །ལྷ་སྣམ་གནག་ལ་རྡོ་རྗེའི་སྒོ། །བཞི་ནི་དཀར་པོར་བྲི་བར་བྱ། །སྒོ་ཡི་ཕྱི་རོལ་ཁ་དོག་གནག །མེ་རི་འབར་བ་བྲི་བར་བྱ། །དེ་ལ་རྡོ་རྗེ་ཕྲེང་བས་བསྐོར། །མདའ་དང་ ཕུར་བུ་བཅུ་དྲུག་ལ། །ཚོན་སྐུད་སྔོན་པོ་བྲི་བར་བྱ། །དབུས་སུ་བཅོམ་ལྡན་འདབ་མ་ལ། །ཀླུ་ཆེན་ཕྱེད་གཟུགས་སྦྲུལ་མགོ་ཅན། །རྫོགས་པར་བྱས་ནས་རྣལ་འབྱོར་ནི། །ཆོ་ག་བཞིན་དུ་གཉིས་ཀ་ཡི། །རྒྱུད་ལས་གསུངས་པ་བཞིན་དུ་བསྐྱེད། །དང་པོ་བླ་མའི་སྤྱན་སྔར་ནི། ། ཕྱག་འཚལ་ལ་སོགས་བདུན་རྣམ་དག །དེ་ནས་ཡེ་ཤེས་སེམས་དཔའ་ལ། །མེ་ཏོག་གཏོར་ཞིང་བསྟོད་པ་བྱ། །ཕྱག་འཚལ་བསྐོར་བ་བདུན་རྣམ་དག །བྱས་ནས་ཡེ་ཤེས་དབབ་པར་བྱ། །གནས་གསུམ་ཡི་གེ་གསུམ་བསམས་ལ། །སྔགས་འདི་ཡང་ནི་བརྗོད་པར་བྱ། ། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་རཱ་རཱ་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཨོཾཛཻཿ། དེ་ནས་དཀྱིལ་འཁོར་བརྟན་བྱས་ལ། །རིག་པའི་དབང་ནི་ཆོ་ག་བཞིན། །དེ་ནས་སྔགས་ཀྱི་རྗེས་གནང་སྦྱིན། །རྣལ་འབྱོར་སྙིང་གའི་ས་བོན་ལས། །སྔགས་ཀྱི་འོད་ཀྱིས་ཡེ་ཤེས་བསྐུལ། །ཡེ་ཤེས་ལྗགས་ལས་འོད་ བྱུང་ལས། །སྣོད་གྱུར་ལྕེ་ལ་ཐིམ་པར་བསམ། །བསྒྲུབ་པའི་རྫས་ཀྱི་བཀྲ་ཤིས་བརྗོད། །རྡོ་རྗེ་ས་འོག་གི་རྒྱུད་ལས་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་པ་ལ་མཆོད་ཅིང་ཕྱག་འཚལ་ནས་གསོལ་བ་ བཏབ་པ། སྙིང་པོ་ཀུན་ལ་ཕན་གདགས་དང་། །སངས་རྒྱས་བསྟན་ལ་གཞུག་དོན་དུ། །གནོད་སྦྱིན་བསྒྲུབ་པར་བྱ་བ་ནི། །རྡོ་རྗེ་ཆེན་པོས་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སེམས་ཅན་ཀུན་ལ་ཕན་དོན་དུ། །གནོད་སྦྱིན་བསྒྲུབ་པར་བྱ་བ་ནི། །གསུང་ནི་ འདི་སྐད་བཀའ་སྩལ་ཏོ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེ་ལ་སྨོད་པ་དང་། །དེ་བསྒྲུབ་པ་ལ་སྙིང་ནས་བརྙས། །སྒྲུབ་པ་འདི་ནི་བརྩམ་པར་བྱ། །དེ་ལ་རི་རབ་ཀྱི་འོག་ན་ལས་ཀྱི་གནོད་སྦྱིན་གྱི་ལུས་བླངས་ལ་གདོང་བཞི་ལག་པ་བཞི་ཡོད་པ་གདོང་དང་པོ་བཅོམ་ལྡན་ འདས་ཀྱི་སྔགས་ཟློས་པ། གཉིས་པ་ན་རང་གི་སྲོག་སྙིང་ཟློ་བ། གསུམ་པ་ན་མེ་ལྕེའི་དབུགས་འབྱུང་། བཞི་པ་ན་ཤ་དང་ཁྲག་ཟབ་ཡོད། དེ་སྒྲུབ་པའི་ཐབས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག །རྡོ་རྗེ་འཛིན་པའི་ཏིང་འཛིན་གྱིས། །སྔགས་ཀྱི་རྒྱལ་པོ་ འབུམ་བཟླས་ལ། །འབྱུང་བ་བཞི་ཡི་དཀྱིལ་འཁོར་བྲི། །དེ་ཡི་སྟེང་དུ་ཁྲག་ཆེན་གྱིས། །པདྨ་འདབ་མ་བཅུ་དྲུག་པ། །བཙོན་དོང་ཚུལ་དུ་བྲི་བར་བྱ། །དར་སྔོན་དེ་ཡི་ནང་དུ་བཏིང་། །དབུས་སུ་མི་ཡི་ཤ་དང་ཁྲག །དང་པོ་ཁྱི་སྟེ་གཉིས་པ་ཕག །གསུམ་པར་རྣ་ཅན་ཟངས་ གཙུག་ཕུད། །ལྔ་པར་སྐད་ཅན་དྲུག་པར་ར། །བདུན་པ་སྐྱེ་གཉིས་བརྒྱད་པར་གླང་། །གཡས་ཀྱི་ཕྱོགས་ནས་བསྐོར་བའོ། །མ་ཧེ་རྟ་དང་ལུག་དང་སྤྲེའུ། །གཡོན་གྱི་ཕྱོགས་ནས་བསྐོར་བའོ། །དེ་ནི་དབུལ་བའི་དམ་ཚིག་གོ། །ཁྲག་དང་དུག་དང་ སྐེ་ཚེ་ཡིས། །ནམ་གྱི་ཕྱེད་ཀྱི་དུས་དག་ཏུ། །དུར་ཁྲོད་རས་ལ་འདི་ལྟར་བྲི། །ཞལ་བརྒྱད་ཕྱག་སྟོང་ཡང་ན་བཅུ། །ཞལ་བཞི་དང་པོ་ཞི་བ་སྟེ། །གཉིས་པ་དམར་པོ་ཆུ་སྲིན་ནོ། །གསུམ་པ་ཁྲོ་ནག་ཡིད་དང་ཁྲོ། །བཞི་པ་ཡི་དགས་མགོ་ཡིན་ནོ། །སྐྲ་ནི་གྱེན་བརྫེས་ ཞལ་དང་མཚུངས། །སྤྲུལ་ཕ་བྱ་རྒོད་ཁྲ་དང་སྤྱང་། །དེ་ཡི་མགོ་ཅན་བྲི་བར་བྱ། །དགུག་གཞུག་དབང་ནི་བསྐྲད་པར་བྱའོ། །འདི་ནི་བསྟན་པའི་དམ་ཚིག་གོ། །བསྙེན་པའི་དམ་ཚིག་གཉིས་དག་གིས། །གསུམ་རྒྱལ་དག་ལས་ཤེས་པར་བྱ། །ཨོྃ་ཡཀྵ་ཧ་ས་ཧ་ས་ད་ར་ ད་ར་ཧཱུྃ། ཁྲ་དང་སྤྱང་ཀི་ཁྱི་ལ་སོགས། །རྨི་ལམ་དུ་འམ་དངོས་སུ་འབྱུང་། །དེ་ནས་མཆོད་པའི་དམ་རྫས་ཀུན། །བསྒྲུབ་བྱའི་རྫས་དང་བསྲེས་བྱས་ལ། །གཟུགས་བརྙན་བྱས་ལ་ཐོད་པར་གཞུག །མར་ངོ་གནོད་སྦྱིན་གཟུགས་ཀྱིས་མཆོད། །ཨོྃ་ཡཀྵ་མཱ་ར་ཡ་མཱ་ར་ཡ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། སརྦྦ་ཤཱ་ཏྲཱུཾ་སཾ་གྷ་བིནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་རདྷ་ར་བཛྲ་པཱ་ཎཱི་རཱ་ཛྙཱ་པ་ཡ་ཏི་མཱ་ར་ཡ་ཙིཏྟ་ལ་ཕཊ། དེས་ཀྱང་གྲུབ་པར་མ་གྱུར་ན། །གཟུགས་བརྙན་རྡུལ་ལ་སྦྱིན་སྲེག་བྱ། །ལས་སྐྱེས་གཟུགས་བརྙན་གོང་བུར་གཞུག །དེས་ཀྱང་ གྲུབ་པར་མ་གྱུར་ན། ཨོཾ་ཡཀྵ་མཱ་ར་ཡ། མཱ་ར་ཡ། ནཱ་ར་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། ཙིཏྟ་ལ་རྦད་རྦད། ཕྱག་གི་རྡོ་རྗེས་བསྣུན་པར་བྱ། །དེས་ཀྱང་གྲུབ་པར་མ་གྱུར་ན། །ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། སྟོང་པ་ཉིད་དུ་བསྒོམ་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ངོ་མཚར་ ནས་ཆེད་དུ་བརྗོད་པ། ཟུང་དུ་འབྲེལ་བར་གནས་གྱུར་པ། །ཡྃ་ལས་རླུང་སྟེ་པྃ་ལས་པད། །འཆི་བ་ཞེས་བྱའི་རྣམ་རྟོག་འདི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །རྡོ་རྗེ་ས་འོག་གི་རྒྱུད་ལས་གནོད་སྦྱིན་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་ དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཆང་ལ་གསོལ་བ་བཏབ་པ། སྙིང་ནས་སློབ་དཔོན་སྨོད་པ་ལ། །ཀླུ་གཞུག་པ་ནི་ཇི་ལྟར་ལགས། །རྡོ་རྗེ་ཅན་གྱིས་བཤད་དུ་གསོལ། །ཀླུའི་ལག་ན་ནད་བཅུ་གཅིག་ཡོད་དེ། མཛེ་དང་། མཛའ་ཏོ་དང་། ཀ་ཏ་མ་དང་། ཀ་ཤེ་དང་། འབྲས་དང་། ཕོལ་དང་། ཤུ་བ་དང་། སྐེམ་པ་དང་། གཡན་པ་དང་། དམུ་ཆུ་དང་། གག་པའོ། །ཀླུའི་གནས་ནི་ས་འོག་གི་རིམ་པ་བདུན་ནོ། །ཀླུ་བྲན་ནི་འཛམ་བུའི་གླིང་ན་ཡང་ཡོད་དོ། །འཁོར་ནི་རྣམ་པ་བཞི་དག་གིས། །གཙང་མའི་གོས་དག་གྱོན་ནས་ནི། །དཀར་གསུམ་དག་ ཀྱང་བཟའ་བར་བྱ། །སྔགས་རྒྱལ་ཉི་འབུམ་བཟླས་བྱས་ལ། །དཀྱིལ་འཁོར་ཙནྡན་གུར་གུམ་བྱུག །པདྨ་འདབ་བརྒྱད་བྲི་བྱ་སྟེ། །བདག་ཉིད་ལག་ན་རྡོ་རྗེ་ལ། །ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་བྲི། །དེ་ལ་སོགས་པ་བཤད་ཟིན་ཏོ། །དཀྱིལ་འཁོར་གྱི་ནི་ནུབ་ཕྱོགས་སུ། ། ཀླུ་ཡི་གཟུགས་ཅིག་བརྩམ་བྱ་སྟེ། །རིན་ཆེན་ལྔ་འམ་གླ་རྩི་འམ། །མཆོད་པའི་རྫས་ནི་འོ་མ་སོགས། །དང་པོ་འདས་པའི་མཆོད་པ་བྱ། །སྤྱན་དྲང་མཆོད་དང་བསྟོད་པ་ནི། །ཆོ་ག་བཞིན་དུ་བྱ་བའོ། །ཀླུ་ཡི་སྙིང་གར་ཧཱུྃ་བསྒོམས་ལ། །འོད་ཟེར་རྣམ་པ་གསུམ་དག་ གིས། །ཀླུ་ཆེན་གནས་ནས་དགུག་པར་བྱ། །གཟུགས་བརྙན་དེ་ལ་བསྟིམ་བྱས་ལ། །མཆོད་པ་དག་གིས་མཆོད་པར་བྱ། །གཟུགས་བརྙན་གཡོ་བ་འབྱུང་བ་ན། །སྡང་པའི་ལུས་ལ་གཞུག་བྱ་སྟེ། །དབང་པོ་བརྒྱད་ནས་གཞུག་བྱ་སྟེ། །བརྒྱད་ཆ་ཐ་མའི་དུས་དག་ཏུ། ། འོ་མ་གླ་རྩི་ཁ་ར་ཡིས། །ལམ་ནི་དྲང་པོར་དྲང་བྱས་ལ། །གོང་བུ་དགུག་པའི་སྦྱོར་བ་ཡིས། །དེ་ལ་ཀླུ་ཆེན་གཞུག་པར་བྱ། །སྒྲུབ་པ་པོ་ཡིས་གུ་གུལ་བསྟེན། །གཟུགས་ལ་ཕུར་བུས་གདབ་པར་བྱ། །དེས་ཀྱང་གྲུབ་པར་མ་གྱུར་ན། །ལྷ་ཡི་རྣམ་པ་ཉིད་དག་ལ། །སྤོགས་ པ་དག་གི་ཆོ་ག་བཞིན། །ཏདྱ་ཐཱ། ཧཱུྃ་ཕཊ་ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུྃ། ནཱ་ག་བི་དཱ་ར་ཎཱ་ཡ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། སརྦྦ་ཤཱ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ག་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་ཤ་ཏྲཱུཾ་ཙིཏྟ་མཱ་ར་ཡ་ཕཊ། ཨོཾ་ནཱ་ག་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུ་ཋྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དཾ་ཤྚྲོད་ཨཱ་ཛྙཱ་པ་ཡ་ཏི་ནཱ་ག་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཕཊ། ནཱ་ག་བི་དཱ་རཱ་ཡ་ཕཊ། ནཱ་ག་ཨུཏྶཱ་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། སྔགས་འདི་གསུངས་པ་ཙམ་གྱིས་ཁམས་གསུམ་ན་གནས་པའི་སེམས་ ཅན་རྣམས་འདར་ཞིང་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བརྒྱལ་བ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨཱ་བེ་ཤ་གསུངས་པས་ཐམས་ཅད་ཀྱང་དབུགས་འབྱུང་ཞིང་བརྒྱལ་བ་སངས་ནས་འདར་ཞིང་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ། སངས་རྒྱས་ཀུན་ གྱིས་དབང་བསྐུར་ཞིང་། །གདུག་པ་ཐམས་ཅད་འཇོམས་མཛད་པའི། །སྔགས་དང་ཏིང་འཛིན་ནུས་པ་ཡིས། །སངས་རྒྱས་ཀྱིས་ཀྱང་གཞལ་མི་ནུས། །རྡོ་རྗེ་ས་འོག་གི་རྒྱུད་ལས་ཀླུ་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཏམ་རྒྱུད་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ རྡོ་རྗེ་འཆང་ཆེན་པོས་ལྷ་གནས་རྣམ་པ་བརྒྱད་དུ་རྒྱུད་ཐམས་ཅད་བསྡུས་ནས་རི་རབ་ཀྱི་བྱང་ཕྱོགས་སུ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་གསུངས་སོ། །དེ་ནས་ཞལ་གསུམ་ཕྱག་དྲུག་པའི་སྔགས་གསུངས་པས་ལྷ་དང་ལྷ་མ་ཡིན་གྱི་རྣ་བར་སོང་ངོ་། །རིག་སྔགས་འཆང་དེ་རྣམས་ངོ་མཚར་ནས་ བསྟོད་པ་བྱས་སོ། །དེ་ནས་གླིང་གི་སྙིང་པོར་འཁོར་གྱི་སྙིང་པོ་གནོད་སྦྱིན་གྱི་ཆ་འཛིན་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བྱོན་ནས་མར་གྱི་སྙིང་པོ་དང་འདྲ་བ་དམ་པའི་ཆོས་རྒྱུད་ཐམས་ཅད་བསྡུས་སོ། །ཉིད་ཀྱི་ལས་གཉིས་ཀྱི་བདག་ཉིད་ཅན་རྒྱུད་སྡེ་སྟོང་ཕྲག་བརྒྱད་ཅུ་ཡང་གསུངས་སོ། ། དེ་ནས་འཇིག་རྟེན་དུ་གནོད་སྦྱིན་རྣམས་ཀྱིས་མཆོད་དེ། སྒྲོན་མ་ཟ་བ་རྡོ་རྗེས་མགོ་ལུས་ཕྲལ་ཏེ་ཉམས་པར་བྱས་སོ། །དེ་ནས་ཀླུ་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ས་འོག་རིམ་པ་བདུན་དུ་བྱོན་ནས་རྡོ་རྗེ་ས་འོག་གི་རྒྱུད་གསུངས་སོ། །རྡོ་རྗེ་ས་འོག་ གི་རྒྱུད་ལས་གཏམ་རྒྱུད་ཀྱི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་ས་འོག་གི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། སྒྲ་བསྒྱུར་གྱི་ལོ་ཙྪ་བ་དགེ་སློང་བྱའི་གདོང་པ་ཅན་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། བཛྲ་བྷཱུ་མི་ཏྲི་ཙ་ར་ཎི་རཱ་ཛ་ཀལྤ་ནཱ་མ། བོད་སྐད་དུ། རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་དབང་ཕྱུག་པོ། །ཤཱཀ་ཐུབ་ཀྱིས་ནི་རིགས་ཁྲོ་བོ། །ཕྱིས་ ཀྱི་རྟོག་པ་ལས་རྒྱལ་བྱེད། །རྟོག་པའི་བླ་མ་འདི་མཆོག་བཤད། །ལྷ་དང་སྔགས་དང་སྦྱོར་བ་ཡིས། །རྟོག་པས་རྟོག་པ་འཇོམས་པའི་ལམ། །རྟོག་པ་མེད་པའི་རིག་པ་ཡིས། །ཁྲོ་བོའི་དབང་ཕྱུག་ཞི་བ་བརྙེས། །དང་པོ་ཕྱག་འཚལ་དེ་འོག་ཏུ། །བཞི་པ་ཡི་ནི་ལྔ་པ་ལ། ། དབྱངས་ཡིག་གསུམ་པས་མཛེས་པར་བྱས། །དྲུག་པའི་གསུམ་པ་བླང་བྱས་ལ། །འོག་ཏུ་དབྱངས་ཀྱི་གཉིས་པས་བརྒྱན། །དེ་ལ་ཟླ་ཕྱེད་དང་ཐིག་ལེ། །ལྔ་པའི་བཞི་པ་ཉིད་དང་ནི། །དྲུག་པའི་གཉིས་པར་ཉིད་དང་ཡང་། །བཞི་པའི་བཞི་པ་ཡང་དེ་བཞིན། །ཡང་ནི་ མེ་ཡི་ས་བོན་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ཡི། །འོག་ཏུ་མེ་ཡི་ས་བོན་ནོ། །ལྔ་པའི་དང་པོ་ཉིད་དང་ཡང་། །གསུམ་པའི་སྡེ་པ་ལྔ་པ་ལ། །དབྱངས་ཡིག་གསུམ་པས་བརྒྱན་པ་དང་། །དེ་ནས་རྡོ་རྗེ་སེམས་དཔའ་འདོད། །ལག་ན་རྡོ་རྗེའི་ སྙིང་པོའོ། །ལྔ་པ་ཡི་ནི་གཉིས་པ་ལ། །གསུམ་པའི་དང་པོ་མཐར་བཞག་པ། །འདི་རྣམས་རིག་སྔགས་དབང་བྱེད་པ། །གང་གཱ་ཀླུང་བཅུའི་བྱེ་སྙེད་ཀྱི། །སངས་རྒྱས་ཁྲོ་བོ་བྱང་ཆུབ་སེམས། །འབྱུང་པོར་བཅས་པ་འགུགས་མཛད་དོ། །རིག་སྔགས་རྣམས་ནི་ལྷ་ཉིད་ དེ། །སྟོང་དང་སྙིང་རྗེ་འདྲེས་པ་ཡི། །ལྷ་འདི་སྙིང་གའི་སྦྱོར་བ་རུ། །ལེགས་པར་བཞག་པ་བསམ་པར་བྱ། །ལུགས་སུ་བྱུང་དང་བཟློག་པ་ཡི། །སྔགས་འདི་བཟླས་དང་བྲི་བར་བྱ། །ཕཊ་ཧཱུྃ་ཎི་པཱ་ཛྲ་བ་རདྷ་ར་བ་ལཱཾ་ནཱི་ཨོྃ། རིག་སྔགས་འབུམ་ཕྲག་བཟླས་པ་དང་། །ཡི་གེ་ རེ་ལ་འབུམ་ཕྲག་དང་། །དེ་ལས་ལྷག་པའི་སྦྱོར་བ་ཡིས། །སྒྲུབ་པ་པོ་ཡི་བསམ་པ་ནི། །ཞི་དང་རྒྱས་དང་དབང་དགུག་དང་། །བསྐྲད་དང་དབྱེ་རེངས་བསད་པ་དང་། །ལས་ནི་གང་གང་འདོད་པ་དེས། །སྙིང་གར་སྦྱོར་བ་རིམ་བཞིན་བསྒྲུབ། །ལུས་གཙང་སྙིང་རྗེར་ལྡན་པ་ ཡིས། །རང་ལུས་ལྷ་དང་བླ་མ་ལ། །ཕྱག་སོགས་བྱ་བ་སྔོན་འགྲོ་བས། །རིག་པའི་ཁྲོ་བོ་བསྒོམ་པར་བྱ། །དང་པོར་སྟོང་ཉིད་རྣམ་བསམས་ལ། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །རང་གི་སྙིང་གར་དབྱངས་ཡིག་ནི། །དང་པོ་ལས་བྱུང་ཟླ་བ་ལ། །ཧཱུྃ་ཡིག་ སྔོན་པོ་རྣམ་པར་བསྒོམ། །རང་གི་འདུས་འདྲའི་འོད་འཕྲོས་ནས། །སེམས་ཅན་དྲི་མ་རྣམ་བསལ་ཏེ། །སྐུར་གྱུར་སྙིང་པོ་བསྡུ་བར་བྱ། །ཧཱུྃ་ཡང་རྡོ་རྗེ་སྔོན་པོར་གྱུར། །སྔོན་བཞིན་སྤྲོ་དང་བསྡུ་བྱས་ལ། །སྐུ་མདོག་སྔོན་པོ་ཆེར་འབར་བ། །རབ་ཏུ་དྲེགས་པས་ཁྲོས་པའོ། །རི་ བོང་འཛིན་པའི་སྟེང་དུ་ནི། །བདེ་བར་གཡོན་བརྐྱང་གར་གྱིས་བཞུགས། །བརྒྱད་གཉིས་ལོན་པའི་ཉམས་ཚུལ་ཅན། །དྲག་ཅིང་ཁྲོས་པའི་རོ་དང་ལྡན། །བྲང་འགྲོ་བརྒྱད་པོས་སྐུ་ལ་བརྒྱན། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །རང་གིས་རྡོ་རྗེ་བསྣམས་པ་ནི། །བསྣུན་པའི་ ཚུལ་དུ་འཛིན་པ་དང་། །གཡོན་པ་བསྡིགས་པའི་མཛུབ་མོ་ཅན། །ན་བཟའ་སྔོན་པོའི་ཤམ་ཐབས་འཛིན། །སྤྱན་མིག་དམར་ཞིང་མཆེ་བ་གཙིགས། །དབུ་སྐྲ་ཉི་མའི་འོད་འདྲ་བ། །སྟེང་དུ་བཅིངས་དབུས་ཅོད་པན་ལྡན། །ཞལ་ནས་ཧཱ་ཧཱའི་གད་རྒྱངས་ལྡན། །ཁྲོ་བོའི་བདག་པོ་ འཇིགས་པར་བྱེད། །ལོག་འདྲེན་ལ་སོགས་འཇོམས་མཛད་པ། །དེ་འདྲར་བདག་ཉིད་རབ་བསྒོམས་ལ། །དེ་ནས་བདག་ཉིད་སྙོམས་འཇུག་པ། །དེ་ཡི་སྙིང་གར་ཉི་མ་ལ། །རང་གི་ཆོས་ཀྱི་ཡི་གེ་ལས། །ཁྲོས་པས་ཡང་ཡང་སྤྲོས་མཛད་ཅིང་། །དེ་དང་ལྷན་ཅིག་བསྒོམ་པར་བྱ། ། སྔགས་དང་ཕྱག་རྒྱ་བཅས་པ་ཡིས། །དེ་བཞིན་དུ་ཡང་དབང་བླང་ཞིང་། །རྡོ་རྗེ་ཧཱུྃ་མཛད་ཏིང་འཛིན་གནས། །གདུག་པའི་སེམས་ཅན་འཛིན་བྱེད་ཅིང་། །འོད་ཟེར་འབྱུང་བ་སྣ་ཚོགས་ཀྱིས། །རིམས་དང་གདོན་དང་དུག་སོགས་བཟའ། །རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་དང་ པོའོ།། །།དེ་ནས་སྤྱན་སོགས་སྐྱེ་མཆེད་ལ། །ཧཱུྃ་བྱུང་ཁྲོ་བོ་བསྒོམ་པར་བྱ། །སྐུ་སོགས་གསུམ་ལ་རྡོ་རྗེ་གསུམ། །བསྒོམ་པ་འདི་ནི་དབང་བྱེད་པའོ། །དང་པོ་ཞི་བས་ཞི་བར་བྱ། །ཀླུ་ལ་སོགས་པའི་གཟུགས་བྱས་ལ། །རང་སྙིང་འོད་ཀྱིས་བཀུག་ལ་བསྟིམ། ། མཆོད་སྦྱིན་བྱ་བ་སྙིང་རྗེས་སྦྱིན། །འཇོག་པོ་དང་ནི་རིགས་ལྡན་དང་། །མཐའ་ཡས་ནོར་རྒྱས་པདྨ་དང་། །པད་ཆེན་དུང་སྐྱོང་སྟོབས་ཀྱི་རྒྱུ། །དུག་རྣམས་སྙིང་རྗེའི་སྦྱོར་བས་སྦྱང་། །ནག་པོ་དཀར་པོ་སྔོན་པོ་དང་། །རང་གི་གནས་སུ་སྦྱར་བར་བྱ། །ཡང་ན་ཞི་བའི་ཐབ་ཁུང་དུ། ། ཀླུ་ཡི་སྡིག་པ་ཞི་བར་བྱ། །ཤིན་ཏུ་གནག་པའི་རིགས་དེ་ལ། །མངར་གསུམ་ཆུ་ཡིས་གསོ་བར་བྱ། །གང་ཞིག་སྡིག་ཅན་ཞི་མི་འདུལ། །གཉིས་ཀྱི་སྦྱོར་བས་རྒྱུན་གཅོད་བྱ། །ཁྲག་དང་དུག་སོགས་རྫས་དག་ལ། །རིག་པ་བཟློག་པས་བསྒྲུབས་ནས་ནི། །ཤིན་ཏུ་ཁྲོས་པའི་ ཁྲོ་བོ་ཡིས། །དགུག་དང་གཞུག་དང་མྱོས་བསད་དང་། །ཆོ་གས་གདུག་པ་དབང་བྱས་ལ། །བསྲེག་པ་ལ་སོགས་ལས་བྱའོ། །བརྒྱད་དང་བཅུ་བཞིའི་དུས་ཀྱི་ཚེ། །སྐྱ་རེངས་ཤར་དང་དམར་རེངས་ཆ། །ཉིན་མཚན་ཟད་པའི་དུས་ཀྱི་ཚེ། །སྐྲ་བཀྲོལ་བཅུད་འཛག་གཅེར་བུ་ ནི། །བྱོལ་སོང་གནས་སུ་ཁྲག་སྐྱུག་གོ། །ལུས་དབུས་མེ་འབར་བསྒྲུབ་བྱ་དེ། །ཁྲོ་བོའི་བ་སྤུའི་བུ་ག་ལས། །སྤྲོས་པའི་ཁྲོ་བོ་ཁྲོས་པ་དང་། །མངག་གཞུག་རྣམས་ཀྱིས་དྲངས་བྱས་ནས། །རྟོག་པས་རྟོག་པ་བཟའ་བར་བྱ། སྔར་ནི་རྡོ་རྗེ་ས་འོག་ལས། །གདུག་པ་འདིར་ ནི་བཟའ་བར་བྱ། །མང་དུ་སྨྲས་པས་ཅི་ཞིག་དགོས། །མ་བཅོས་པ་ཡི་སེམས་ཅན་ལ། །སྙིང་རྗེའི་ཡིད་ཅན་རྡོ་རྗེ་སེམས། །ཏིལ་སོགས་རྫས་དང་སྔགས་སྦྱོར་གྱིས། །སྡིག་པ་ཞི་བྱེད་སྦྱིན་སྲེག་བྱ། །རིག་པའི་བློ་ཅན་ཀུན་བཟང་གིས། །ཞོ་ལ་བསྲེག་བྱ་རྒྱས་པའོ། ། མི་རྟག་གྱུར་པའི་གདུལ་བྱ་ལ། །འདོད་ཆགས་ཡིད་ཅན་བདེ་ཆེན་གྱིས། །བདག་ཉིད་དགོས་པ་བརྟན་བྱའི་ཕྱིར། །ཨུཏྤལ་དམར་སོགས་ཀྱིས་བསྒྲུབ་པའོ། །འདིར་ནི་མ་རུངས་སྡིག་པ་བྱེད། །གཙོར་ནི་སྦྱང་ཕྱིར་ཁྲོ་སེམས་ཀྱིས། །མངོན་སྤྱོད་ལས་ནི་རྒྱུད་ཀུན་ལས། ། བཤད་པ་ཐམས་ཅད་འདིར་བྱའོ། །རིག་སྔགས་སྙིང་རྗེའི་ཤུགས་ཀྱིས་འགྲོ། །ལས་ངན་རྒྱུན་གཅོད་བཅོས་མ་ཡིན། །ལས་ངན་དག་པའི་རང་བཞིན་དུ། །ཁྲོས་པས་དམིགས་པར་མི་འགྱུར་ཏེ། །སྦྱོར་བ་རྣམས་ནི་བཅོས་མར་འགྱུར། །བྱང་ཆུབ་བཅོས་མེད་འབད་ སྤངས་པའོ། །རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་གཉིས་པའོ།། །།དེ་ནས་ཁམས་གསུམ་རྣམ་རྒྱལ་པོ། །སྔར་ནི་སྤྲུལ་པ་བཅུ་དྲུག་པོས། །རྟོག་པ་བཅུ་ཕྲག་དང་བཞི་ཡང་། །གཉིས་ཀྱིས་རིག་པ་འཇོམས་བྱེད་འདིར། །སྤྲུལ་པ་བརྒྱད་ དུ་བསྡུས་པ་དང་། །བདག་ཉིད་གཅིག་བུ་བསྒོམ་པའང་གསུངས། །ནམ་མཁའི་ཁམས་སུ་འབྱུང་བཞི་བསམ། །རི་རབ་ལྷུན་པོ་ཧྲཱི་ཡིག་ལས། །པདྨ་འདབ་གྲངས་ལྟེ་བ་ལ། །ཟླ་བའི་དཀྱིལ་འཁོར་རྫོགས་པའོ། །ཧཱུྃ་ལས་བྱུང་བའི་ཁྲོ་བོ་ནི། །ཞལ་གཅིག་ཕྱག་ བཞིན་བཟའ་སྔོ། །རྡོ་རྗེ་དྲིལ་བུ་མདའ་གཞུ་འགེངས། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་སྨད་དཀྲིས་འཇིགས་སེལ་བ། །ཁྲོ་བོ་རྣམ་རྒྱལ་བསྒོམ་པར་བྱ། །ཐུགས་ཀའི་ཧཱུྃ་གི་སྦྱོར་བ་ཡིས། །ཤར་ལ་སོགས་པའི་ཕྱོགས་མཚམས་སུ། །འཇིག་ རྟེན་གསུམ་སྣང་རྡོ་རྗེ་དང་། །འཇིག་རྟེན་གསུམ་འདུལ་རིན་ཆེན་དང་། །འཇིག་རྟེན་གསུམ་འཆིང་པདྨ་དང་། །འཇིག་རྟེན་གསུམ་འཇིག་ལས་ཉིད་དག །གཡས་རྣམས་རང་མིང་མཚན་མ་ལ། །གཡོན་རྣམས་གདུག་པ་བསྡིགས་པའོ། །བདུད་རྩི་འཁྱིལ་དང་དབྱུག་སྔོན་ དང་། །མི་གཡོ་བ་དང་རྟ་མགྲིན་ཁྲོ། །རྡོ་རྗེ་དང་ནི་དབྱུག་པ་དང་། །རལ་གྲི་པདྨ་གཡས་རྣམས་སོ། །གཡོན་པ་གདུག་པ་བསྡིགས་པའོ། །བརྒྱད་ཀྱི་དབུས་ན་ཁྲོ་བོ་བདག །འཇིག་རྟེན་གསུམ་གྱི་འཁྲུལ་པ་སྦྱོང་། །དབྱུག་པ་ནག་སོགས་ཕོ་ཉ་བཞི། །སྐུ་མདོག་མཚན་ མས་བརྒྱན་པ་ཁྲོས། །ལྕགས་ཀྱུ་ལ་སོགས་སྒོར་གནས་པ། །ཁྲོ་བོའི་འཁོར་ལོ་འཇིགས་སེལ་བསྒོམ། །གཙོ་བཅས་རིག་པའི་ཁྲོ་བོ་ཀུན། །རྒྱུ་མའི་ཕྲེང་བས་དོ་ཤལ་བྱས། །གོས་སྔོན་ཅན་ལ་སྟག་ལྤགས་དཀྲིས། །གདུག་པ་སེལ་བའི་ལམ་དུ་བསྒོམ། །དེ་ནས་ ཁམས་གསུམ་རྣམ་རྒྱལ་གཙོ། །ཁྲོ་བོའི་མཚན་ཉིད་སྔགས་བཅས་བཤད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་ འཚམ་པ་མིག་མེ་མ་དག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན་ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ་ ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ་སྨིན་མ་དང་ཁྲོ་གཉེར་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན་ལྕེ་གློག་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་ པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ་དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ་ཀླུ་ཐམས་ཅད་རླག་པར་བྱེད་པ། གད་ རྒྱངས་ཆེན་པོ་རྒོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་ཐམས་ཅད་རླག་པར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་ སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བྷོ་བྷོ་བནྣཱ་གཱ་དྷི་པ་ཏ་ཡེ། ཨི་དནྣཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ་ཡཿས་མཱ་ཏི་ཀྲ་མ་ཐ་མཱ་ཀུ་ལོ་ཏྶཱ་ད་ན། བྷ་བི་ཥྱ་ཏི། ཏ་དྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧཱི་པྲཱ་པྟ་ཧ་ར་ཧ་ར་ནཱ་གཱ་ནཱཾ་ཙྪིནྡ་ཙྪིནྡ། ནཱ་ག་ཧྲྀ་ད་ཡཱ་ནི། བིནྡྷ་ བིནྦྷ་ནཱ་ག་མརྨཱ་ཎི། བི་ཤི་རྱ་ནྟུ་ནཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊི་ཡ། ནཱ་ག་ན་ཡ་ནཱ་ནི་ཧཱུྃ་ཧཱུྃ་ཕཊ། ཏདྱ་ཐཱ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུྃ་ཕཊ། ནཱ་གོཏྶཱ་ད་ནཱ་ཡ་ཧཱུྃ་ཕཊ། ནཱི་ལཾ་བ་ས་ནཱ་ཡ་ཧཱུྃ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་ར་ཀྲ་མཱ་ཡ་ཧཱུྃ་ཕཊ། ཀྲྀ་ཏནྟཱ་ཡ་ཧཱུྃ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཧཱུྃ་ཕཊ། རོ་ཥ་ཎ་ ཡ་ཧཱུྃ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུྃ་ཕཊ། ཀུཾ་བྷཱཎྜོ་ཏྶཱ་ད་ནཱ་ཡ་ཧཱུྃ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། ཡཀྵཱ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱ་ནྤི་ནཱ་ཀ་རཱ་ཡ་ཧཱུྃ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཧཱུྃ་ཕཊ། ཨོཾ་ནཱིཾ་ ལཱཾ་བ་རདྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་ཟློག་པར་འདོད་ན་སྨྱུག་ཤད་ཀྱི་ལྕུག་མའམ་བལ་པོ་སེའུའི་ལྕུག་མས་བྱའོ། །ཡི་དགས་དང་བརྗེད་བྱེད་རྣམས་ ལ་ནི་སྐུད་པ་སྔོན་པོས་བྱའོ། །རིམས་ནད་མེད་པར་བྱ་བ་དང་། ཡིག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་ན་ཞག་གཅིག་སྨྱུང་པར་གནས་ཏེ་པོག་གིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་པར་འགྱུར་ལ་གསེར་གྱི་དོང་ཙེ་བདུན་སྟོང་སྟེར་ བར་འགྱུར་རོ། །རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི་མར་རྙིང་པའམ་ཐལ་བའམ་ཡུངས་ཀར་གྱིས་བྱའོ། །ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ། །དུག་ལ་ནི་རྩྭ་ཀུ་ཤས་བྱབ་པར་བྱའོ། ། བདག་བསྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། །གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གས