Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
ིས་ད་ནི་མཆོད་ཁྱེར་ལ། །བགེགས་ཀྱི་དབང་པོ་སོང་ཞེས་བརྗོད། །གལ་ཏེ་འདུག་ཀྱང་བགེགས་མིན་ན། །དེ་ནི་སྤྱོད་པ་བཟང་པོ་
ཡིན། །སྔགས་པས་མཆོད་བྱས་འོས་ཀྱང་ནི། །ཅི་སྟེ་བགེགས་ནི་ཡང་བྱེད་ན། །ཕྱོགས་བཅུ་སངས་རྒྱས་དབང་གྱུར་པས། །མི་མཆོག་རྣམས་ཀྱིས་མཁྱེན་པར་གསོལ། །བགེགས་ལ་ཆད་པས་གཅད་སླད་དུ། །སྦྱོར་བ་བགྱིས་ཀྱང་ནོངས་མ་མཆིས། །སངས་རྒྱས་
རྣམས་དང་སངས་རྒྱས་སྲས། །བྱང་ཆུབ་སེམས་དཔའ་པ་རྣམས་ཀྱིས། །བཀའ་དང་བདག་འགལ་མི་བགྱིད་བརྗོད། །ལྷ་དང་ལྷ་མིན་གསང་རྣམས་དང་། །ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང་། །གཟའ་དང་མི་འམ་ཅི་གང་དག །མགོན་པོ་མགོན་པོ་ཆེ་རྣམས་ལ། །བགེགས་
ཀྱིས་གཙེས་པ་བསྒྲག་པར་བྱ། །གལ་ཏེ་ཆུང་ཞིག་བསྐྱབ་ཅེ་ན། །མྱུར་དུ་ཡོངས་སུ་སྐྱོབས་ཤིག་ཅེས། །བསྒྲགས་པ་གང་དག་མཉན་བྱས་ནས། །བགེགས་བྱེད་ཞི་བར་གྱུར་ན་ནི། །དེ་ནས་ཕྱོགས་རྣམས་ཐམས་ཅད་ཀྱི། །ལྷ་རྣམས་ལ་ནི་མཆོད་པར་བྱ། །གལ་ཏེ་དེ་ལྟར་

མི་འདུག་ན། །མེ་ཏོག་ཐལ་མོ་མཆོད་ཡོན་གྱིས། །སངས་རྒྱས་ལ་སོགས་རབ་བསྐུལ་ལ། །དེ་ལ་ཆད་པས་གཅད་པར་བྱ། །དྲག་པོ་ཤིན་ཏུ་སྡང་སེམས་ཅན། །བཀའ་ལུང་ལས་ནི་འགལ་བྱེད་ཅིང་། །སྲོག་ཀྱང་ཤིན་ཏུ་འཕྲོག་བྱེད་ལ། །སངས་རྒྱས་རྣམས་ཀྱང་མི་གཡོལ་བ། །
དེ་ལ་ཕན་པར་ཤེས་ནས་སུ། །བསྐལ་པ་བྱེ་བ་དུ་མར་ནི། །སེམས་དམྱལ་རྣམས་སུ་སྐྱེ་བ་ཡི། །སྡུག་བསྔལ་མང་པོ་འདིར་འགྱུར་ཞེས། །ཇི་ལྟར་སྨན་པས་སེམས་ཅན་གྱི། །ནད་རྣམས་གསོ་བར་བྱེད་པ་བཞིན། །གཟིར་བས་བདག་ལ་ཉེས་པ་མེད། །མཁས་པས་རྣམ་པར་སྤངས་མ་
ཡིན། །དེ་ལྟར་སེམས་ནི་མཉམ་བཞག་ཅིང་། །སྙིང་རྗེ་ཡིད་དང་ལྡན་པ་ཡིས། །བྱང་ཆུབ་སེམས་ནི་བརྟན་བྱས་ཏེ། །དེ་ལ་ཆད་པས་བཅད་པ་བརྩམ། །ཇི་ལྟར་སྨན་པ་མཁས་པ་ཡིས། །ཉེས་ཏེ་ཡལ་བར་མི་འདོར་བཞིན། །ཐབས་དང་ཤེས་རབ་མཁས་པ་ཡང་། །མི་
བྱེད་མཁས་ནའང་ཉེས་དང་བཅས། །ཇི་ལྟར་སྨན་པ་མི་མཁས་པ། །ཐབས་དང་ཤེས་རབ་བྲལ་བ་ཡིས། །ནད་པ་ཡལ་བར་འདོར་བྱེད་ཅིང་། །གསོ་བའི་ཆོ་ག་མི་བྱེད་པ། །དེ་བཞིན་ཤེས་དང་བྲལ་བ་ཡིས། །གལ་ཏེ་གསོ་བར་བརྩོན་ན་ཡང་། །ཐབས་དང་ཤེས་རབ་བྲལ་བ་
ལ། །སངས་རྒྱས་རྣམས་ནི་བསྔགས་མི་མཛད། །ནད་པ་ནད་པ་རྣམས་ལ་ནི། །སྨན་པ་ཇི་ལྟར་སྨན་བྱིན་ན། །ཚ་དང་ཁ་དང་བསྐ་བ་ཡང་། །འཇིག་རྟེན་སྨོད་པར་མི་བྱེད་པ། །དེ་བཞིན་འདུལ་བའི་བྱེ་བྲག་གིས། །ཅི་རིགས་པ་ནི་གསོ་བར་བྱ། །སྡང་བའི་སེམས་ཅན་
རྣམས་ལ་ནི། །འཕྱས་ཏེ་སངས་རྒྱས་རྣམས་མི་སྨོད། །འདས་པའི་དུས་ན་སྔོན་བྱུང་བ། །ཤིན་ཏུ་རྨད་བྱུང་རྒྱལ་བ་བྱུང་། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཆོས་ནི་འདི་འདྲ་སྟེ། །ཤིན་ཏུ་སྡང་སེམས་དྲག་པོ་ཡི། །སེམས་ཅན་ཐམས་ཅད་དེ་ཚེ་
བྱུང་། །ཤིན་ཏུ་དྲག་པོ་མཐོང་ནས་ནི། །འཇམ་པོ་ཉིད་དུ་མི་སྦྱོར་རོ། །ཤེས་རབ་ཐབས་ཀྱི་སྙིང་སྟོབས་ཅན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྙིང་རྗེའི་སྙིང་སྟོབས་ཁྲོས་གྱུར་པ། །སེམས་ཅན་རྣམས་ལ་ཕན་བྱེད་པས། །དེ་ནས་ཕ་རོལ་གནོན་པ་ཡིས། །སེམས་

ཅན་ཁམས་ནི་དུ་མ་གནོན། །སྡིག་མེད་ནན་གྱི་སྟོབས་ཀྱིས་སུ། །ཐམས་ཅད་དབང་དུ་དགོད་པར་བྱ། །ཕ་རོལ་གནོན་པའི་རིགས་ཚུལ་གྱིས། །ཇི་ལྟར་བྱང་ཆུབ་འདོད་བྱས་ནས། །སེམས་ཅན་ཁམས་ནི་དུ་མ་དག །ཐམས་ཅད་དབང་དུ་དགོད་པར་བྱས། །རྡོ་རྗེ་
སློབ་དཔོན་ཆེན་པོ་ཡིས། །ལོག་འདྲེན་བགེགས་རྣམས་དེ་ལྟར་དགོད། །བྱང་ཆུབ་སེམས་དྲན་བསྒོམ་བྱས་ན། །སྐྱོན་གྱིས་གོས་པར་མི་འགྱུར་རོ། །དེ་ཕྱིར་སྔགས་པ་ཆེ་ཁྲོས་ལ། །བསྐལ་པའི་མེ་ཡི་མཐུ་ལྟ་བུས། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་
གཅད་པར་བྱ། །རྐང་པའི་ཚུལ་ནི་དེ་ཉིད་ཀྱིས། །རྡོ་རྗེ་གར་གྱིས་གར་བྱས་ལ། །རྐང་པ་གཡོན་པ་བརྐྱང་ཞེས་འདོར། །རྐང་གཡས་བརྐྱང་བའི་གནས་བརྟེན་ཏེ། །བསྣུན་བྱ་རྐེད་པའི་གནས་སུ་ནི། །རལ་གྲི་ཤུབས་སུ་ཞུགས་པར་བྱ། །མནན་པ་མེད་པའི་ཚུལ་གྱིས་ནི། །
ཤུགས་ཀྱིས་ལག་པ་སར་བསྡམས་ལ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །རལ་གྲི་ཕྱུང་བ་འདྲ་བར་བཟུང་། །རལ་གྲི་ཚུལ་དུ་གཞུག་པ་ནི། །མཛུབ་མོ་གུང་མོ་གཤིབ་པར་བྱ། །དེ་ནས་ལག་པ་གཡོན་པ་ཡིས། །རལ་གྲི་ཤུབས་སུ་བྱ་བ་ནི། །མཐེའུ་ཆུང་དང་ནི་སྲིན་
ལག་དང་། །མཐེ་བོས་རལ་གྲི་ཤུབས་སུ་བྱ། །དེ་ནས་རྐང་པ་གཡས་པ་ཡིས། །ས་ལ་བགེགས་ཀྱི་གཟུགས་བྲིས་ཏེ། །སོ་ཡིས་མཆུ་མནན་ཁྲོས་བྱས་ལ། །རང་གི་རྡོ་རྗེ་ཉི་འབར་བས། །རྐང་པས་མགོ་ནི་མནན་བྱས་ལ། །ལག་པས་རལ་གྲི་ཕྱུང་ནས་སུ། །དེ་ནི་རྡོ་རྗེ་
གོམ་སྟབས་ཀྱིས། །གར་གྱི་ཚུལ་དུ་ཀུན་བསྐྱོད་ཅིང་། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །རྡོ་རྗེ་ལྡན་དེས་གང་བཅོམ་པ། །དེ་ཡི་སྲོག་ལ་མི་སེམས་སོ། །དེ་ནས་དེ་དག་ཞི་བར་འགྱུར། །ཡང་ན་འཆིར་འགྱུར་ཐེ་ཙོ་མ་མེད། །བརྒྱ་
བྱིན་མཚུངས་པའི་བགེགས་ཞིག་ནའང་། །དེ་ཡི་མོད་ལ་བརླག་པར་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ཆེ། །སྙིང་རྗེ་སྙིང་བརྩེ་སེམས་ལྡན་པས། །ཇི་ལྟར་དེ་ཡང་སྐྱེ་བར་འགྱུར། །དེ་ལྟར་དེ་ལ་སྙིང་བརྩེར་བྱ། །རྡོ་རྗེ་རལ་གྲིའི་སྟང་སྟབས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་ཆེས། །

རྡོ་རྗེས་གཏུབ་པར་བྱ་བ་བྱས། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡིས། །གནོད་པར་སེམས་པ་ཐམས་ཅད་གཏུབ། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །རྡོ་རྗེ་མཐུ་རྩལ་བརྩམ་བྱས་ལ། །རྐང་པ་བཏེག་ཅིང་བཞག་ཚུལ་གྱིས། །རྡོ་རྗེ་གར་ནི་རབ་ཏུ་བྱ། །འཁོར་ལོ་རྒྱས་པར་བྱ་རིམ་གྱིས། །
པདྨའི་ཐལ་མོ་སྦྱར་བྱས་ལ། །རྐང་པ་རྣམ་པར་བཞག་བྱས་ནས། །ས་ལ་འཁོར་ལོ་འཕང་བར་བྱ། །རྟིང་སྤྲད་གནས་སུ་འདུག་བྱས་ནས། །འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་དེ། །ཐལ་མོ་བརྡབ་པའི་ཚུལ་གྱིས་སུ། །ས་ལ་འཁོར་ལོས་བསྣུན་པར་བྱ། །བཟློག་སྟེ་ལན་བུར་བྱས་ནས་
སུ། །ལག་པ་སྦྱོར་བའི་ཚུལ་གྱིས་ནི། །འཁོར་ལོ་ལྟ་བུར་བྱས་ནས་སུ། །གྱེན་དུ་འཕངས་ལ་གཞིག་པར་བྱ། །བཀུག་སྟེ་རྐང་པས་མགོ་མནན་ནས། །བགེགས་རྣམས་ལ་ནི་བསྣུན་པར་བྱ། །འོན་ཏམ་རབ་ཏུ་ཞི་བར་འགྱུར། །ཡང་ན་ཤི་འགྱུར་ཐེ་ཙོམ་མེད། །དེ་ལྟར་
རིམ་པའི་ཚུལ་འདི་ཡིས། །བགེགས་རྣམས་ལ་ནི་གནོད་པར་བྱ། །སྡིག་པའི་གནོད་པ་མེད་པར་ནི། །བསྐུལ་ཡང་བདེ་བར་མི་འགྱུར་རོ། །གལ་ཏེ་རྡོ་རྗེ་སེམས་དཔའ་ཆེ། །སྙིང་རྗེའི་སེམས་དང་ལྡན་འགྱུར་བས། །བགེགས་ལ་ཞི་བར་བྱ་འདོད་ན། །ཆོ་ག་འདི་ཡི་ཚུལ་དུ་བྱ། །
བ་ལང་གི་ནི་ལྕི་བ་ལས། །དེ་འདྲ་བ་ཡི་གཟུགས་བྱས་ལ། །སྔགས་པས་ཞི་བའི་སེམས་ཀྱིས་ནི། །སྔགས་པས་འོ་མས་བཀྲུས་ནས་སུ། །མོད་ལ་སྔ་མཁོ་བཞིན་དུ་འགྱུར། །དེ་ལྟར་ཀུན་དུ་བགེགས་རྣམས་ནི། །ཀུན་ལ་ཆོ་ག་བཞིན་དུ་བྱ། །རིམ་པ་འདི་ཡི་ཚུལ་གྱིས་ནི། །
གསང་སྔགས་རྣམས་ལའང་སྦྱར་བྱ་སྟེ། །གཅད་དང་གནོན་པ་བྱས་པ་དང་། །བཀག་པ་དང་ནི་བཅིངས་པ་འང་རུང་། །གལ་ཏེ་བསྒྲུབ་པར་འདོད་ན་ནི། །དེ་ནས་སྔ་མ་ཁོ་བཞིན་དུ་འགྱུར། །འོན་ཏམ་གསང་སྔགས་རྣམས་ལ་ནི། །བྱེ་བྲག་ཏུ་ནི་སྤོས་ཀྱིས་བྱ། །བ་ནི་སེར་མོའི་
འོ་མའམ། །ཡང་ན་མར་གྱི་སྦྱིན་སྲེག་བྱ། །ཡང་ན་བརྒྱ་དང་རྩ་བརྒྱད་ཀྱིས། །སྦྱིན་སྲེག་གིས་ནི་ཀུན་ཞིར་འགྱུར། །ཞི་བའི་སེམས་ཀྱིས་ཞི་བ་སྟེ། །དགའ་བའི་སེམས་ཀྱིས་རྒྱས་པར་རོ། །དྲག་ཤུལ་སྤྱོད་ལས་གང་ཡིན་པ། །དེ་ནི་ཁྲོས་པ་བརྩམ་པར་བྱ། །ཇི་ལྟར་ལས་

ནི་ཅི་རིགས་པར། །གསང་སྔགས་རྣམས་ལ་སྔགས་པས་བྱ། །གཞན་དུ་ན་ནི་མི་བྱ་སྟེ། །ལས་ཀྱི་འབྲས་བུ་མེད་པར་འགྱུར། །རྡོ་རྗེ་འཁོར་ལོའི་སྟང་སྟབས་སོ། །རྡོ་རྗེ་ཚུལ་གྱིས་དེ་ནས་ཀྱང་། །རྡོ་རྗེ་འབྱུང་བར་བྱས་ནས་སུ། །མཚོག་མར་ཐལ་མོ་སྦྱར་
ནས་དེ། །རྡོ་རྗེ་གར་ནི་རབ་ཏུ་བྱ། །རྟིང་སྤྲད་གནས་ཀྱི་ཚུལ་གྱིས་སུ། །སྨིན་བསྒྱུར་རྐང་པས་རེག་པར་བྱ། །ལག་པ་གཉི་ག་ས་ལ་བྱུག །དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང་། །ཡིད་ཀྱིས་བསྐོར་བའི་ཚུལ་གྱིས་སོ། །རྐང་པ་འཁོར་ལོ་བཞིན་དུ་བསྐོར། །ལག་གཉིས་རྐེད་པའི་གནས་
བཞག་ལ། །རྡོ་རྗེ་བགད་པ་རབ་བྱེད་ཅིང་། །ལག་པ་གཡས་པ་བསྒྲེང་བར་བྱ། །རྡོ་རྗེའི་མཛུབ་མོས་རབ་ཏུ་བསྡིགས། །ཧཱུཾ་བརྗོད་བསྒྱིངས་དང་བཅས་པར་བྱ། །རྡོ་རྗེ་ཉི་མའི་མིག་ལྡན་པས། །རྡོ་རྗེའི་མཛུབ་མོས་བསྡིགས་ནས་ནི། །བདུད་ཀྱི་དབང་ཕྱུག་བདག་ཉིད་ཀྱང་། །བལྟས་
པས་དེ་ནི་མོད་ལ་འབྲོས། །བྱ་རོག་བོང་རྡོ་འཕེན་མཐོང་བཞིན། །རྡོ་རྗེ་བགད་པའོ། །དེ་ནས་རྡོ་རྗེ་སྔགས་པ་ཆེས། །རྡོ་རྗེ་འབྱུང་བར་བྱས་ནས་སུ། །མི་མཐུན་རྐང་སྟབས་བྱས་ནས་སུ། །ལག་པ་བསྣོལ་ཏེ་ཁུ་ཚུར་བཅང་། །མཐེ་བོ་གྱེན་དུ་བསྒྲེང་བྱས་ལ། །གུང་མོ་གཤིབས་ཏེ་
བསྒྲེང་བར་བྱ། །མཛུབ་མོ་དེ་གཉིས་ཟླ་བ་བསྒྲེང་། །རྡོ་རྗེ་ཁ་ཞེས་བརྗོད་པ་ཡིན། །རྐང་པ་གཡས་པ་བཏེག་པར་བྱ། །གཡོན་པ་གཟུགས་ཤིང་དེ་བཞིན་བྱ། །རྡོ་རྗེ་ལྕེ་ནི་མེ་ལྟར་འབར། །རྒོད་མའི་ཁ་ལྟར་མངོན་སུམ་བྱ། །འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་དེ། །ཁ་ཡི་ཐད་ཀར་
གཞག་པར་བྱ། །ཕྱོགས་བཞི་དག་ནི་ཐམས་ཅད་ཀྱི །རྒྱ་མཚོ་བཞི་ཡི་ཆུ་འཐུངས་ན། །མིག་སྔར་སྣང་བར་གྱུར་པ་ཡི། །སྡང་བ་ཀུན་ལྟ་སྨོས་ཅི་དགོས། །དེ་ལྟར་བྱས་ན་ཕྱོགས་བཞི་པོ། །ཀུན་ནས་འབྱུང་བ་ཐམས་ཅད་སྐེམས། །འཚུབ་མ་ཀུན་དང་ལྕེ་འབབ་དང་། །སྤྲིན་
རྣམས་ཀུན་ནས་འདུ་བ་ཡང་། །རྡོ་རྗེ་ཁ་ནི་གླལ་བ་དང་། །གཏོར་བས་རབ་ཏུ་འཐོར་བར་འགྱུར། །འཇིག་རྟེན་དུ་ནི་ལྟས་བྱུང་བ། །ཀུན་ནས་གནས་གྲུབ་གང་ཡིན་པ། །སྔགས་པས་རྡོ་རྗེ་མེ་ལྕེ་ཡི། །མེ་ལྕེ་ལྟར་བསྒྱུར་དེ་ཀུན་ཞི། །རྡོ་རྗེ་ཁ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་

ཅད་བཟའ་བར་བྱ། །རྡོ་རྗེ་འབར་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅའ་བར་བྱ། །རྡོ་རྗེ་ཁ་གླལ་བའི་སྟང་སྟབས་སོ། །དེ་ནས་རྡོ་རྗེ་རྣལ་འབྱོར་ཆེ། །རྡོ་རྗེ་ཡེ་ཤེས་བསྒྱུར་ནས་སུ། །བགེགས་ལ་གསོ་བ་བྱས་ནས་ནི། །ཉེས་པ་ཡོད་པ་མ་ཡིན་ནོ། །རྒྱལ་བའི་ཡེ་ཤེས་
ལས་བྱུང་བའི། །རྡོ་རྗེ་སློབ་དཔོན་གསོ་བྱེད་པས། །བདག་འདྲར་བསྔགས་པ་དེ་འདྲ་སྟེ། །སྔགས་པ་ཅི་འདྲར་རྒྱལ་དེ་བཞིན། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །བྱང་ཆུབ་སེམས་ནི་བརྟན་བྱ་སྟེ། །ཐབས་ཀྱིས་དམ་པ་ཐོབ་འགྱུར་བས། །རྣམ་པར་འཕྲུལ་བ་ཐམས་ཅད་ལ། །གཞན་
དུ་ན་ནི་ཕྱོགས་རྣམས་ན། །བཞུགས་པའི་སངས་རྒྱས་བསྔགས་མི་འགྱུར། །བྱང་ཆུབ་སེམས་དང་བྲལ་བ་ནི། །ལྷ་ཡི་མཆོད་འོས་མ་ཡིན་ནོ། །ཐབས་དང་ཤེས་རབ་བྲལ་འགྱུར་བ། །རྒྱལ་བའི་སྲས་པོ་ཉན་ཐོས་དང་། །གང་ཡང་རང་སངས་རྒྱས་རྣམས་ནི། །དཀའ་ཐུབ་
གནས་ལ་གནས་པ་སྟེ། །བདག་དོན་ཕན་པའི་སེམས་ལྡན་པས། །དེ་དག་ལ་ནི་བྱ་བ་མེད། །ཐབས་དང་ཡེ་ཤེས་ལས་བྱུང་བའི། །བྱང་ཆུབ་སེམས་ནི་སྙིང་རྗེ་ཅན། །བྱང་ཆུབ་སེམས་ཀྱི་ཤིང་རྟ་དང་། །བྱམས་དང་སྙིང་རྗེའི་ཁ་སྒྱུར་དང་། །ས་དང་ཕ་རོལ་ཕྱིན་པ་
དང་། །བསྡུ་བ་བཞི་ཡི་རྡོ་རྗེ་དང་། །ཐམས་ཅད་མཁྱེན་པ་ཉིད་ས་དང་། །བྱང་ཆུབ་ཕྱོགས་ཀྱི་རྩ་ལག་ལ། །བརྟེན་ནས་སངས་རྒྱས་སྲས་པོ་རྣམས། །སེམས་ཅན་དོན་དགའི་རྩེ་བས་རྩེ། །དེ་ལྟར་སློབ་དཔོན་རྡོ་རྗེ་འཆང་། །ཐབས་དང་ཡེ་ཤེས་མཁས་པ་ཡིས། །སྡང་
བ་རྣམས་ནི་ཐམས་ཅད་ཀྱི། །སེམས་ནི་རབ་ཏུ་གསོ་བར་བྱ། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང་། །རྡོ་རྗེ་འབྱུང་བར་བྱས་ནས་ནི། །རྐང་པ་མཐུན་པའི་གནས་བཞག་སྟེ། །རྡོ་རྗེ་ཐལ་མོ་གཞུམ་བྱས་ལ། །རྡོ་རྗེ་གར་ནི་བྱས་ནས་སུ། །ལག་པ་གཡས་པ་གྱེན་དུ་བསྒྲེང་། །གཡོན་
པ་ཀོ་སྐོར་བརྟེན་ནས་སུ། །གུང་མོ་དང་ནི་མཛུབ་མོ་གཤིབ། །མཐེའུ་ཆུང་མཐེ་བོ་སྒྲད་པར་བྱ། །གཡས་པ་ལྷ་ཡི་བ་དན་གསུམ། །གཡས་བརྐྱང་རྐང་པར་མནན་ནས་སུ། །རྡོ་རྗེ་བགད་པའི་ཚུལ་གྱིས་ནི། །ཀྱེ་མའོ་བདག་ཉིད་རྡོ་རྗེ་ཅན། །བདག་ཉིད་དུ་ནི་བདག་གནས་སོ། །

ཧཱུཾ་བརྗོད་བ་སྙེམས་དང་ཁྲོས་པ་ཡིས། །རྡོ་རྗེ་གར་གྱིས་གཏང་བར་བྱ། །ཕྱག་རྒྱ་འདི་ནི་རྡོ་རྗེས་བསྡིགས། །རྡོ་རྗེ་བགད་པས་བསྡིགས་པས་ན། །ལྷ་དང་ལྷ་མིན་གསང་བར་བཅས། །དཀྱིལ་འཁོར་ཚེའམ་བསྒྲུབ་པའི་ཚེ། །བགེགས་བྱེད་ཕྱིར་ནི་འགྲོ་མི་འགྱུར། །རྡོ་རྗེ་འཛིན་
གྱིས་ཐོག་མར་བཅིང་། །གཙུག་ནས་བྱུང་བ་ཉིད་ཀྱང་ནི། །བགེགས་བྱེད་ཕྱིར་ནི་འགྲོ་མི་འགྱུར། །རྡོ་རྗེ་འཛིན་པ་མངོན་སུམ་ཤེས། །བགེགས་རྣམས་ཕན་ཚུན་སྨྲ་བྱེད་ཅིང་། །བསྲུང་བའི་ཕྱིར་ནི་དེ་དག་ཀུན། །ལྷན་ཅིག་དཀྱིལ་འཁོར་དྲུང་དུ་དོང་། །རྡོ་རྗེ་སྟངས་ཀྱིས་བསྐུལ་བས་ན། །རྡོ་རྗེ་
སློབ་དཔོན་སྐལ་བ་ཆེ། །བསོད་ནམས་ཚོགས་ནི་བསགས་པ་ལ། །གཞན་རྣམས་ཐམས་ཅད་ཕྱག་འཚལ་ལོ། །རྡོ་རྗེའི་ཚུལ་གྱིས་དེ་ན་ཡང་། །རྡོ་རྗེ་གར་ནི་རབ་བྱས་ལ། །པདྨ་ཐལ་མོ་སྦྱར་ནས་སུ། །ཕྱོགས་རྣམས་ཀུན་དུ་རྒྱས་པར་བྱ། །གཡས་པ་བརྐྱང་བའི་སྟབས་བྱས་ཏེ། །
སྐལ་པའི་མེ་ཡི་འོད་འདྲ་བས། །ཐལ་མོ་བརྡབ་པའི་ཚུལ་གྱིས་སུ། །ཁྲོས་པས་ལག་པ་བརྡབ་པར་བྱ། །ལག་གཉིས་རྡོ་རྗེ་ཚུལ་གྱིས་སུ། །མཐེའུ་ཆུང་མཐེ་བོ་སྤྲད་བྱས་ལ། །གཡོན་པ་ཀོ་སྐོར་བརྟེན་ནས་སུ། །གཡས་པ་གྱེན་དུ་བསྒྲེང་བྱས་ལ། །ཨཱཿཧཱུཾ་ཧཱུཾ་ཧཱུཾ་བརྗོད་
དེ་བསྐུལ་བ་ཡིས། །སྔགས་པས་ཀུན་དུ་སྒྲ་ཡང་བརྗོད། །རྡོ་རྗེ་སྒྲ་ནི་བྱུང་བ་ན། །སྡང་བ་ཐམས་ཅད་ཕུང་བར་འགྱུར། །བརྒྱ་བྱིན་ཚངས་དང་ཟླ་བ་སོགས། །རྫུ་འཕྲུལ་ཆེ་བའི་གཟའ་ཆེན་ཡང་། །ཐོས་པ་ཙམ་གྱིས་ཀུན་གཡོས་ཏེ། །ཀུན་དུ་སྒྲ་ཡི་སེམས་ཀྱང་ཉམས། །དེ་ཚེ་
ཐལ་མོ་སྦྱར་ཏེ་འདུད། །རྡོ་རྗེ་སྒྲ་ཆེན་གང་ན་བར། །ཐམས་ཅད་ལྷན་ཅིག་ལྷགས་ནས་སུ། །རྡོ་རྗེ་སྒྲ་ཡིས་གཟིར་འགྱུར་ཞིང་། །སྟན་ལས་སེམས་ནི་ཉམས་པས་ན། །མངའ་བདག་སུག་ལས་ཅི་འཚལ་བ། །བདག་ཅག་མྱུར་དུ་བཀའ་སྩོལ་ཅེས། །སྔགས་པ་ལ་ནི་ལུང་ཡང་
ནོད། །སྔགས་པས་བསམས་ཏེ་གར་བྱས་ན། །ལྷ་རྣམས་མྱུར་དུ་གྲོལ་བར་འགྱུར། །དེ་ནས་བྱམས་པའི་སེམས་བསྐྱེད་ལ། །བརྟུལ་ཞུགས་ཅན་གྱིས་ཕྱག་རྒྱ་དགྲོལ། །རྡོ་རྗེ་ཀུན་དུ་སྒྲའོ། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །རྡོ་རྗེ་གར་ནི་འབར་བྱས་ལ། །རྡོ་རྗེ་ཐལ་

མོ་སྦྱར་ནས་སུ། །ཕྱོགས་རྣམས་ཀུན་དུ་རྒྱས་བྱས་ཏེ། །མི་མཐུན་རྐང་སྟབས་བྱས་ནས་སུ། །བསྣོལ་ཏེ་ཁུ་ཚུར་བཅངས་བྱས་ལ། །མཐེ་བོ་གཉིས་ནི་གཤིབས་ཏེ་བསྒྲེང་། །གུང་མོ་གཉིས་ནི་གཤིབས་བྱས་ལ། །མཛུབ་མོ་དབུ་མའི་ཚིགས་བཀུག་སྟེ། །གུང་མོ་གཉིས་
ལ་སྦྱར་བར་བྱ། །རྡོ་རྗེ་ཁ་ནི་བྱས་པས་ན། །སྡང་བ་ཐམས་ཅད་ཞི་བར་འགྱུར། །ཁ་ཡི་ཐད་ཀར་བཞག་ན་ནི། །རྡོ་རྗེ་སྒྲ་ཡང་འབྱུང་བར་འགྱུར། །བདག་ནི་རྡོ་རྗེ་ཆེན་པོ་ཅན། །རྡོ་རྗེ་ཡེ་ཤེས་སྟོབས་དང་ལྡན། །ཧྲི་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། །རྡོ་རྗེའི་གོམ་སྟབས་ཚུལ་གྱིས་ནི། །
རྡོ་རྗེ་གནོན་པོའི་གོམ་པ་ཡིས། །བཞག་དང་འདེགས་པས་འགྲོ་བྱེད་ཅིང་། །ཕྱོགས་རྣམས་བཞི་པོར་བརྗོད་པར་བྱ། །རྡོ་རྗེ་སྒྲ་འབྱུང་བསྐུལ་བས་ན། །བགེགས་ཆེན་རྣམས་དང་གྲགས་རྣམས་དང་། །རྫུ་འཕྲུལ་ཆེན་པོའི་ལྷ་རྣམས་ཀྱང་། །དེ་ཡི་མདུན་དུ་འགྲོ་བར་བྱེད། །རྡོ་རྗེ་
སྒྲ་ཡིས་བདག་ཅག་ཚིག །རྡོ་རྗེ་སྒྲ་ཡིས་བསྐུལ་བས་ན། །བདག་ཅག་རང་གི་གནས་ནས་གཡོས། །རྡོ་རྗེ་དབང་པོ་བཀའ་མྱུར་སྩོལ། །གལ་ཏེ་དཔལ་གྱི་སྒོ་བཞེད་དམ། །རྒྱལ་སྲིད་དངུལ་ཆུ་མིག་བསྐུ་དང་། །ཀུན་ནས་གཏེར་རྣམས་གཟིགས་བཞེད་དམ། །བཀའ་
སྩོལ་ཅིག་ཅེས་དེ་སྐད་སྨྲ། །དགའ་བས་བྱིན་ནས་སྒྲུབ་པོ་ལ། །ཕྱག་འཚལ་མཆོད་པ་བྱས་ནས་དོང་། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང་། །རྡོ་རྗེ་སློབ་དཔོན་མཐུ་ཆེན་གྱིས། །རྡོ་རྗེའི་གར་ནི་རབ་བྱས་ལ། །རྡོ་རྗེ་ཅན་གྱིས་ཕྱག་རྒྱ་བཅིང་། །རྐང་པ་པུས་མོར་བཙུགས་ནས་སུ། །ལག་
པ་གཉིས་ནི་ཁུ་ཚུར་བཅང་། །གུང་མོ་གཉིས་ནི་བསྒྲེང་ནས་སུ། །མཛུབ་མོ་གཉིས་ནི་ངོས་ལ་སྦྱར། །གཡས་བརྐྱང་གོམ་སྟབས་བྱས་ནས་སུ། །མྱུར་དུ་རྡོ་རྗེའི་གོམ་སྟབས་ཀྱིས། །འཁྲུལ་འཁོར་ཀུན་ལས་བསྣུན་བྱས་ལ། །སྒོ་རྣམས་ཐམས་ཅད་དབྱེ་བར་བྱ། །ལྷ་མིན་གནོད་
སྦྱིན་རྒྱལ་པོ་དང་། །སྲིན་པོ་རྫུ་འཕྲུལ་ཆེ་རྣམས་ཀྱང་། །ཐམས་ཅད་རང་གི་གནས་ནས་གཡོས། །བསྐལ་པ་ཟད་དམ་ཇི་སྙམ་སེམས། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། །སེམས་ནི་བློང་ཞེས་གྱུར་ནས་སུ། །རྡོ་རྗེ་ཡེ་ཤེས་ཆེར་ལྡན་པ། །ག་ལ་བ་དེར་ཉེ་བར་དོང་། །

རྡོ་རྗེ་འབར་བས་བདག་ཅག་ཚིག །སྔགས་པས་དཔལ་གྱི་སྒོ་བཞེད་དམ། །འོན་ཏེ་དངུལ་ཆུ་བཅུད་ལེན་བཞེད། །རྡོ་རྗེ་དབང་པོས་བཀའ་མྱུར་སྩོལ། །སྨྲས་ནས་ཀུན་གྱིས་དེ་མོད་ལ། །ཡིད་ལ་འདོད་པ་སྦྱིན་པར་བྱེད། །གལ་ཏེ་ལྷ་དང་ལྷ་མིན་དང་། །གསང་བ་
བཀོལ་བར་འདོད་ན་ཡང་། །འདོད་པས་དེ་དག་ལྷགས་ནས་སུ། །འདོད་པ་བཞིན་དུ་ལས་བྱེད་དོ། །ལུང་དང་འགལ་བར་བྱེད་པ་ད་ག །ཅི་སྟེ་དམ་བཅས་མི་འོང་ན། །སློབ་དཔོན་རྡོ་རྗེ་འཆང་བ་བོ། །རྡོ་རྗེའི་ཕྱག་རྒྱ་ཡོངས་ལྡན་པ། །སོས་ནི་མཆུ་མནན་ཁྲོས་པ་དང་། །མེ་འབར་ལྟ་
བུར་འཇིགས་རུང་བས། །མྱུར་དུ་རྡོ་རྗེའི་གོམ་སྟབས་ཀྱིས། །ས་རྣམས་ཀུན་ལ་བསྣུན་པར་བྱ། །གཡས་བརྐྱང་གོམ་སྟབས་བྱས་ནས་སུ། །ཇི་སྟེ་དམ་བཅས་མི་འོང་ན། །རྡོ་རྗེའི་ཕྱག་རྒྱས་བསྣུན་པར་བྱ། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། །ཨ་ལ་ལ་ཞེས་དེ་སྐད་སྨྲ། །སྟན་
ལས་ལུས་ཀྱང་རབ་ཏུ་ཉམས། །ལུས་ནི་མེ་ཡིས་རབ་ཏུ་འབར། །རྡོ་རྗེ་རྣལ་འབྱོར་ཆེན་པོ་པ། །ག་ལ་བ་དེར་ཉེ་བར་དོང་། །སྐལ་བ་ཆེན་པོས་ཡོངས་སུ་སྐྱོབས། །བཀའ་ལུང་མྱུར་དུ་བདག་ཅག་སྩོལ། །ཀླུ་དང་གསང་བ་ལྷ་མིན་རྣམས། །འཕྲལ་དུ་བསྒོ་བའི་ལུང་བཞིན་
བྱེད། །བསྒོ་བའི་ལུང་ནི་བསྒྲུབས་ནས་སུ། །རང་རང་གི་ནི་གནས་སུ་དོང་། །དེ་ལྟ་ན་ནི་ལྷ་དབང་སོང་། །དེ་ལྟ་མ་ཡིན་མི་གཏོང་ངོ་། །དེ་ནས་བསྒོ་ལུང་བཞིན་བྱས་ནས། །དེ་དག་མྱུར་དུ་གནས་སུ་དོང་། །སློབ་དཔོན་རྡོ་རྗེ་འཆང་བ་པོས། །དེ་ནས་ཕྱག་རྒྱ་བཏང་བྱས་ཏེ། །རྡོ་
རྗེའི་གར་གྱི་ཚུལ་གྱིས་སུ། །རྐེད་པའི་གནས་སུ་གཞག་པར་བྱ། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང་། །རྡོ་རྗེའི་གར་ནི་རབ་བྱས་ལ། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །སྡང་བ་ཐམས་ཅད་བཅིང་བར་བྱ། །དུས་བཞི་རབ་ཏུ་བསྐུལ་བྱས་ལ། །གལ་ཏེ་བསྒོ་ལུང་འགལ་བྱེད་
ན། །རྡོ་རྗེའི་ལྕགས་ཀྱུས་དགུག་བྱ་ཞིང་། །རྡོ་རྗེའི་ཞགས་པས་བཅིང་བར་བྱ། །རྡོ་རྗེ་རྣམ་པའི་སྒྲའོ། །རྡོ་རྗེ་ཐལ་མོ་བཙུམ་ནས་སུ། །མཐུན་པའི་སྟབས་སུ་གནས་བྱས་ཏེ། །ལག་པས་རྒྱབ་ཏུ་བསྣུན་བྱས་ལ། །རྡོ་རྗེ་གྱེན་དུ་འཕང་བར་བྱ། །དེ་ནས་རྡོ་རྗེ་བལྟ་བྱས་ལ། །

འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་དེ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །གཡས་དང་དེ་བཞིན་གཡོན་པ་སྤོ། །ལག་པ་གཡོན་པའི་མཛུབ་མོ་དང་། །མཐེ་བོ་སྤྲད་དེ་ཞགས་པར་བྱ། །ལག་པ་གཡས་པའི་མཛུབ་མོ་ཡིས། །རྩེ་བཀུག་ལྕགས་ཀྱུས་བརྟན་པོར་བྱ། །རྡོ་རྗེ་རྒྱགས་པའི་མིག་
ལྡན་པ། །སོ་ཡིས་མཆུ་མནན་ཁྲོས་པ་ཡིས། །གང་ལ་བགེགས་ནི་ཡོད་པ་དེར། །རྡོ་རྗེ་སྟབས་ཀྱིས་མྱུར་སོང་ལ། །རྐང་པ་གཡས་བརྐྱང་སྟབས་བྱས་ལ། །རྡོ་རྗེའི་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་བྱ་ཞིང་། །རྡོ་རྗེ་ཞགས་པས་བཅིང་བར་བར་བྱ། །
གལ་ཏེ་འཁོར་ལོ་ཅན་དང་ནི། །དབང་བཅས་དྲག་པོ་ཚངས་བཅས་པ། །གལ་ཏེ་རྡོ་རྗེ་འཆང་སྲུང་ཡང་། །སྔགས་པས་གཞི་ནས་དྲངས་ཏེ་དགུག །བཀུག་ནས་རྡོ་རྗེས་བཅིངས་པ་ཡིས། །རྡོ་རྗེའི་གཟེབ་ཏུ་གཞུག་པར་བྱ། །ཇི་སྲིད་འདོད་པ་རྫོགས་འགྱུར་བ། །དེ་སྲིད་བར་
དུ་གཞག་པར་བྱ། །བསྒོ་བའི་ལུང་ནི་མི་ཉན་ཏེ། །གལ་ཏེ་འདོད་པ་མ་རྫོགས་ན། །བདག་གི་འདོད་པ་འབྱོར་འདོད་པས། །དེ་ལ་ཆད་པས་གཅད་པར་བྱ། །དེ་ཡི་གཟུགས་ནི་བྱས་ནས་སུ། །རྡོ་རྗེ་རྐང་པས་གཟིར་བྱས་ན། །ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་། །ལྷ་ཡི་དབང་
པོའང་འོང་བར་འགྱུར། །དེ་ལ་བསྒོ་བའི་ལུང་ཡང་དབོག །རྡོ་རྗེ་གར་གྱིས་དེ་ནས་ཡང་། །ཐལ་མོ་ཤིན་ཏུ་སྦྱར་བྱས་ལ། །དབང་ཆེན་སྟབས་ཀྱིས་འདུག་ནས་སུ། །ཕྱོགས་རྣམས་ཀུན་དུ་རྒྱས་པར་བྱ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །གཡས་དང་དེ་བཞིན་གཡོན་པ་སྤོ། །
ལག་པ་གཉིས་ནི་སྦྱར་ནས་སུ། །ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅང་། །གུང་མོ་གཉིས་ནི་གཤིབས་ནས་སུ། །མཛུབ་མོ་དེ་ལ་གཟུགས་པར་བྱ། །ང་ཡི་རྡོ་རྗེའི་ཕྱག་རྒྱ་དེ། །བགེགས་རྣམས་ཀུན་གྱི་དམ་ཚིག་ཡིན། །སྔ་མ་བཞིན་གྱི་སྟབས་ཚུལ་གྱིས། །ཕྱག་རྒྱས་
བགེགས་རྣམས་བཀུག་ནས་སུ། །ཁྲོ་བོ་ཡི་ནི་རྡོ་རྗེ་འདིས། །དེ་ལ་དམ་ཚིག་སྦྱིན་པར་བྱ། །རྡོ་རྗེ་སྟབས་ཀྱི་ཕྱག་རྒྱ་བཅིང་། །ཧཱུྃ་ཞེས་བྱ་བའི་སྒྲ་ཕྱུང་ལ། །བདག་ཉིད་རྡོ་རྗེར་བསྒྱུར་ནས་སུ། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །ལན་ནི་སྨྲ་བར་མི་བྱེད་ན། །དེ་ནི་གཏང་

བར་མི་བྱའོ། །གལ་ཏེ་ཅུང་ཟད་མི་སྨྲ་ན། །དེ་ལ་ཆད་པས་གཅད་བྱ་སྟེ། །ཤིང་གི་དུག་དང་སྟར་བུ་དང་། །ཡུངས་ཀར་དག་ནི་བསྲེས་པ་ལས། །དེ་ཡི་གཟུགས་ནི་བྱས་ནས་སུ། །མེ་ཡི་ནང་དུ་བོར་བྱས་ན། །གལ་ཏེ་ཚངས་པས་བསྲུངས་ན་ཡང་། །བགེགས་དེ་དེ་ཡི་
མོད་ལ་འགྲོ། །སྔགས་པས་དེ་ལ་བསྒོ་བར་བྱ། །དེ་ནས་དེ་ལ་རྒྱས་པར་བྱ། །བྱམས་པའི་སེམས་ནི་བསྐྱེད་ནས་སུ། །ཕྱག་རྒྱ་བཏང་བར་བསམ་བྱས་ན། །གཟིར་དང་བཅིང་དང་དགུག་པ་རྣམས། །ཐར་ནས་བདེ་བར་གནས་པར་འགྱུར། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །ཡེ་ཤེས་
ཆེ་ལ་རབ་གཞོལ་ཞིང་། །སེམས་ཅན་དོན་ལ་སྙིང་རྗེ་བས། །རྡོ་རྗེ་ཉིད་དུ་ཡང་བསྒྱུར་ཏེ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །རྡོ་རྗེ་གར་ནི་རབ་བྱས་ལ། །རྡོ་རྗེ་ཐལ་མོ་ལེགས་སྦྱར་ཏེ། །ཕྱོགས་རྣམས་ཀུན་དུ་རྒྱས་པར་བྱ། །གོམ་པ་སྤོ་བའི་ཚུལ་གྱིས་སུ། །གཡས་
དང་དེ་བཞིན་གཡོན་པ་སྤོ། །ལག་པ་གར་བྱེད་ཚུལ་གྱིས་ནི། །དེ་ནས་ཐལ་མོ་རབ་སྦྱར་རོ། །གོམ་པ་བསྐྱོད་པའི་ཚུལ་གྱིས་སུ། །མཁས་པས་ཕྱོགས་བཞི་རྣམས་སུ་བསྐོར། །རྡོ་རྗེས་རེངས་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་རེངས་པར་བྱ། །མྱུར་དུ་
རྡོ་རྗེ་གོམ་པ་ཡིས། །ཕྱོགས་རྣམས་རྡོ་རྗེ་རེངས་པར་བྱ། །རྩེ་མོ་བརྒྱད་པའི་ལྷུན་པོ་ཆེ། །རྡོ་རྗེ་མཚན་ཅན་བསམ་པར་བྱ། །འོག་ཏུ་ལག་པ་རྡོ་རྗེ་ཅན། །སྟེང་དུ་གཡས་པའང་རྡོ་རྗེ་ཅན། །རྡོ་རྗེས་རེངས་བྱེད་རབ་བྱེད་ཅིང་། །ཕྱོགས་རྣམས་ཀུན་དུ་བསྐོར་བྱས་ན། །གང་དག་
སྡང་བའི་སེམས་ལྡན་པའི། །བགེགས་རྣམས་ཐམས་ཅད་རེངས་པར་འགྱུར། །རྡོ་རྗེ་རེངས་བྱེད་བྱས་པས་ན། །བགེགས་བྱེད་ཕྱིར་ནི་འཚེ་མི་བྱེད། །དེ་ཡི་སྤྱི་བོར་རྡོ་རྗེ་ནི། །ལེགས་པར་འདུག་པར་བསམས་བྱས་ན། །ཚངས་པའི་གནས་ལ་ཐུག་པ་ནས། །ས་འོག་
བདུན་ལ་ཐུག་པའི་བར། །རྡོ་རྗེས་རེངས་པས་རེངས་འགྱུར་ཏེ། །རྨོངས་ཤིང་སེམས་ཀྱང་མེད་པར་འགྱུར། །སྔགས་པ་མཁས་པས་འདོད་བར་དུ། །དེ་སྲིད་དུ་ནི་རེངས་པར་བྱེད། །རྡོ་རྗེ་ཚུལ་གྱིས་དེ་ནས་ཀྱང་། །རྡོ་རྗེའི་གར་ནི་རབ་བྱས་ལ། །མཚོག་མར་ཐལ་མོ་

སྦྱར་བྱས་ཏེ། །ཕྱོགས་རྣམས་ཀུན་དུ་རྒྱས་བྱས་ན། །ཀུན་ནས་བྱུང་བའི་ཆུ་རྣམས་ཀྱང་། །སྔགས་པས་བསྐམ་པར་བྱེད་པར་ནུས། །མཐུན་པའི་རྐང་སྟབས་བྱས་ནས་སུ། །རྡོ་རྗེའི་ཐལ་མོ་གཞུམ་བྱས་ལ། །ལག་པ་གཡས་པ་གྱེན་དུ་ནི། །ཞགས་པ་བཅས་པས་བརྐྱང་བར་བྱ། །དེ་
བཞིན་རྐང་པ་གཡོན་པ་ནི། །གཡོན་དང་ལྷན་ཅིག་གདེག་པར་བྱ། །དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང་། །གོམ་པ་འདོར་བའི་ཚུལ་གྱིས་ནི། །མངོན་དུ་བསྐལ་པའི་མེ་ལྟ་བུ། །སོ་ཡིས་མཆུ་མནན་ཁྲོས་པ་ཡིས། །འོག་ལོགས་སུ་ནི་མིག་བལྟས་ཏེ། །རྡོ་རྗེའི་གོམ་པས་མྱུར་སོང་
ལ། །རྐང་པ་གཡོན་པ་བསྐུམ་བྱས་ཏེ། །ལྷུན་པོའི་རྩེ་མོར་གཞག་པར་བྱ། །འོག་མ་ཤུགས་ནས་འབྱིན་པའི་ལག །གཡས་པ་སྟེང་ནས་དེ་བཞིན་ཏེ། །མཆོད་པའི་རྐང་སྟབས་སྦྱར་བ་ཡིས། །ཁ་ཡི་ཚུལ་དུ་འདུག་པར་བྱ། །རྒོད་མ་རྟ་ཡི་ཁ་ཚུལ་གྱིས། །རྒྱ་མཚོའི་ཆུ་
རྣམས་བཏུང་བར་བྱ། །རྡོ་རྗེ་ལྡན་པས་བཤད་པ་ཡི། །བསམ་གཏན་སྔགས་པ་ལྡན་གྱུར་ན། །ཆུ་ནི་ཨ་ལ་ལ་ཞེས་སུ། །སྒྲ་འབྱིན་ཀུན་ནས་འདུ་འགྱུར་ན། །འབབ་ཆུ་དང་ནི་ཆུ་ཀླུང་དང་། །སྤྲིན་ལས་བྱུང་བ་སྨོས་ཅི་དགོས། །བསྐྱོད་ན་གལ་ཏེ་འོ་མ་ཡི། །ཆུ་ལས་བྱུང་
བའང་སྐམ་པར་འགྱུར། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང་། །རྡོ་རྗེའི་ཐལ་མོ་མཚོག་མར་སྦྱར། །ཕྱོགས་རྣམས་ཀུན་དུ་རྒྱས་བྱས་ཏེ། །སྤྲིན་བཞིན་ཡོངས་སུ་རྒྱས་པར་བྱ། །དབང་ཆེན་གོམ་སྟབས་བྱས་ནས་སུ། །རྐང་པ་སྤོ་བའི་ཚུལ་གྱིས་ནི། །རྐང་པ་གཡོན་པ་བཏེག་
བྱ་སྟེ། །དེ་ནས་ས་ལ་གཞག་པར་བྱ། །རྐང་པ་གཡས་པ་བཏེག་ནས་སུ། །གཡས་ཕྱོགས་སུ་ནི་བསྐོར་བར་བྱ། །ལག་གཉིས་ཁུ་ཚུར་ཚུལ་གྱིས་སུ། །རྡོ་རྗེ་ལྡན་པ་གཡས་པ་བསྒྲེང་། །གཡོན་པ་མཁུར་བར་བརྟེན་ནས་སུ། །འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར། །
དེ་བཞིན་གཡས་པ་བཞག་ནས་སུ། །ལག་པ་གཡོན་པས་ཡོངས་སུ་བསྐོར། །གཡས་པ་མཁུར་བར་བརྟེན་ནས་སུ། །རྡོ་རྗེ་ལྡན་པའི་གཡོན་པ་བསྒྲེང་། །རྡོ་རྗེ་གོམ་པས་མྱུར་སོང་ལ། །གཡས་པ་བརྐྱང་བའི་གོམ་སྟབས་ཀྱིས། །ཏི་སེའི་རྩེ་མོར་རྐང་བཞག་སྟེ། །རྐང་སྟབས་

སྦྱར་བའི་ཚུལ་གྱིས་ནི། །ལུས་ནི་འདུད་པ་བྱས་ནས་སུ། །རེངས་བྱེད་རྩ་བར་སྦྱོར་ལྡན་པས། །སོ་ཡིས་མཆུ་མནན་ཁྲོས་གྱུར་ཅིང་། །བདག་ཉིད་མེ་དང་འདྲར་གྱུར་པ། །སྟོབས་ཆེན་སྒྲ་ཡང་ཆེར་ལྡན་པ། །གཏུམ་པོ་ཆེན་པོ་ཕ་རོལ་གནོན། །རྡོ་རྗེའི་ཚུལ་གྱིས་སྟེང་བསྐོར་
ལ། །ངེས་པར་གནོན་པ་བླང་བར་བྱ། །སྔགས་པ་སྔགས་ལ་འཇིགས་མེད་པ། །དེས་ནི་གང་དུ་ཁྲོས་པ་འདོར། །རྡོ་རྗེ་དེས་གནོན་ཚུལ་གྱིས་ནི། །རྐང་པ་གཡོན་པ་བཙུགས་ནས་སུ། །རྡོ་རྗེ་གནོན་པས་བསྣུན་བྱས་ན། །དབང་པོ་ཆེན་པོའང་ཕྱེ་མར་རློག །རྡོ་རྗེ་གནོན་པས་བསྣུན་
བྱས་ན། །ས་རྣམས་ཐམས་ཅད་རབ་ཏུ་གཡོ། །ལྷུན་པོ་མནྡཱར་ཏི་སེ་དང་། །འཁོར་རི་རྣམས་ནི་གཡོ་འགྱུར་ན། །ལྷ་མིན་སྒོ་ལྟ་སྨོས་ཅི་དགོས། །རྡོ་རྗེ་ལྡན་པས་བཤད་ནའོ། །བསྣུན་པས་རྣམ་པ་བརྒྱར་འགྱུར་ཏེ། །ཕུབ་མ་སྦར་གང་རླུང་གཏོར་བཞིན། །སློབ་དཔོན་རྡོ་རྗེ་འཆང་བ་
པོས། །ས་སྦྱང་བརྩམ་པར་བྱ་བ་ནི། །རྡོ་རྗེའི་ཐལ་མོ་སྦྱར་ནས་སུ། །སྙིང་གར་བཞག་སྟེ་རྒྱས་པར་བྱ། །རྐང་པ་རྟིང་པ་སྤྲད་ནས་སུ། །ལག་པ་གར་བྱེད་སྤྱོད་པ་དང་། །རྐང་པ་བཞག་པའི་ཚུལ་གྱིས་སུ། །གཡས་དང་གཡོན་པ་གཞག་པར་བྱ། །རྐང་པ་བསྐྱོད་པ་བྱས་ནས་
སུ། །དེ་ནས་རྟིང་པ་ཡང་སྤྲད་དེ། །གར་གྱི་ཚུལ་ནི་དེ་ཉིད་ཀྱིས། །ཕྱོགས་བཞིར་ཡོངས་སུ་བསྐོར་བར་བྱ། །ཁྲོས་པས་དབུས་ཀྱི་གནས་སུ་ནི། །རྡོ་རྗེ་གོམ་པས་མྱུར་སོང་ལ། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །གུང་མོས་སྲིན་ལག་འཁྱུད་བྱས་ལ། །གཉི་ག་ཁུ་ཚུར་བཅངས་
བྱས་ལ། །རྟིང་པ་སྤྲད་པའི་རྐང་སྟབས་ཀྱིས། །ས་ལ་བཞག་དང་བཏེག་བྱ་སྟེ། །གཡས་སུ་ཡོངས་སུ་བརྐྱང་བྱས་ལ། །བར་བུར་ཐམས་ཅད་བསལ་བར་བྱ། །མེ་མེ་ཞེས་ནི་བརྗོད་བྱས་ལ། །ནང་ན་གང་དག་ཅི་ཡོད་པ། །སྔགས་པས་ཐམས་ཅད་བསལ་བར་བྱ། །ཧཱུྃ་དང་
བཅས་ཤིང་ཕཊ་བཅས་པའི། །གསང་སྔགས་མཁས་པས་བརྗོད་པར་བྱ། །འོག་དང་ས་ཡི་སྟེང་ན་ནི། །བར་བུར་ཐམས་ཅད་ཞིར་འགྱུར་ཏེ། །ཀུན་དུ་བགེགས་ནི་མེད་གྱུར་ན། །སྔགས་པས་མཉམ་གཞག་ལས་རྣམས་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་བཞག་པ་

ལེགས་བསླབས་པས། །རྡོ་རྗེ་གར་ནི་རབ་བྱས་ལ། །ཚངས་པའི་རྐང་སྟབས་བྱས་ནས་སུ། །པདྨའི་ཐལ་མོ་སྦྱར་བྱས་ཏེ། །སྙིང་གའི་ཐད་ཀར་བསྐོར་བར་བྱ། །གར་བྱེད་ཚུལ་གྱིས་ལག་པ་གཉིས། །རྡོ་རྗེ་ཁུ་ཚུར་བཅངས་བར་བྱ། །གཡོན་པ་གཡོན་དུ་བརྐྱང་བར་བྱ། །
གཡས་པ་གཡས་སུ་བརྐྱང་བར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་ལ། །སྔགས་པས་འཁོར་ལོ་བཞིན་དུ་བསྐོར། །རྡོ་རྗེ་གོམ་པས་མྱུར་སོང་ལ། །གཡས་བརྐྱང་གོམ་པའི་ཚུལ་གྱིས་ནི། །རྐང་པ་བཞག་པའི་ཚུལ་གྱིས་སུ། །དེ་ཉིད་
ཀྱིས་ནི་ཡང་བསྐོར་རོ། །ཧཱུཾ་ཞེས་བྱ་བའི་སྒྲ་ཕྱུང་ལ། །དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང་། །རྡོ་རྗེ་ཁུ་ཚུར་བསྐོར་བས་ན། །བགེགས་རྣམས་ཐམས་ཅད་འདར་བར་འགྱུར། །རྡོ་རྗེ་བློ་དང་ལྡན་པ་ཡིས། །ས་བསྡུས་འདོར་བར་འདོད་ན་ནི། །གོམ་པ་བཞག་པའི་འགྲོས་ཀྱིས་སུ། །
མྱུར་དུ་གཡས་པ་བརྐྱང་བྱས་ལ། །གཅིག་ནི་རི་རབ་རྩེ་ལ་བཞག །ཅིག་ཤོས་ཏི་སེའི་རྩེ་མོར་བཞག །དེ་ལྟར་རྐང་སྟབས་བཞག་པ་ནི། །ཀུན་དུ་འདོར་བར་རབ་བྱེད་ཅིང་། །ས་འོག་ན་ནི་ལག་པ་གཡོན། །གཡས་པས་ཡི་སྟེང་ན་སྟེ། །ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་། །
འཇིག་རྟེན་ཁམས་ཀུན་འཕེན་བྱེད་ན། །བགེགས་རྣམས་གཞན་ལྟ་ཅི་ཞིག་སྨོས། །ལོག་འདྲེན་སྡང་བ་དྲག་པོ་རྣམས། །མི་ཡི་འཇིག་རྟེན་འདི་ནས་ནི། །གཞན་དུ་འཕེན་པ་ཅི་ཞིག་སྨོས། །ཅི་སྟེ་འཇིག་རྟེན་ཁམས་རྣམས་ཀྱང་། །ཀུན་ནས་ཚིག་པར་བྱེད་འདོད་ན། །རྐང་
སྟབས་ཚུལ་ནི་དེ་ཉིད་ཀྱིས། །ཕྱོགས་བཞི་དག་ཏུ་འཇུག་པར་འགྱུར། །རྡོ་རྗེའི་གོམ་པས་མྱུར་སོང་ལ། །གཡས་པ་བརྐྱང་བའི་སྟབས་ཚུལ་གྱིས། །ཉི་མ་བཅུ་གཉིས་ལྟ་བུར་ནི། །མེ་ལྕེ་ཕྲེང་ལྡན་བཟོད་དཀའ་བ། །རྐང་པ་གཡོན་པ་བརྟན་བྱས་ལ། །རྡོ་རྗེ་འཛིན་དེ་ལག་
པ་བསྒྲེང་། །ལུས་ནི་བཏུད་པར་བྱས་ནས་སུ། །རྐང་པ་གཡས་པ་བཏེག་བྱས་ལ། །སྔགས་པས་འཁོར་ལོ་བཞིན་དུ་བསྐོར། །རླུང་རྣམས་ཀུན་ཡང་སྡུད་བྱེད་ཅིང་། །ནམ་མཁའ་མེ་འདྲར་བསྒྱུར་ནས་སུ། །བསྲེག་པའི་བསྐལ་པ་ལྟ་བུར་འཇུག །ལག་ན་འཛིན་པའི་

རྡོ་རྗེ་ནི། །ཀུན་དུ་རི་རབ་འདྲར་བསམས་ལ། །ཧཱུྃ་ཞེས་བྱ་བའི་སྒྲས་གནོན་ཞིང་། །རྡོ་རྗེ་འོག་ཏུ་འཕངས་བྱས་ན། །རི་དང་ནགས་སུ་བཅས་པ་ཡི། །ས་རྣམས་ཐམས་ཅད་འཁྲུག་པར་འགྱུར། །དེ་ནས་ཐལ་བ་ཉིད་གྱུར་ཏེ། །མེར་ནི་ཤིང་བལ་བཅུག་པ་བཞིན། །སློབ་
དཔོན་རྡོ་རྗེ་འཆང་བ་པོས། །དེ་ནས་བསྡུ་བ་བརྩམ་བྱས་ཏེ། །རྐང་སྟབས་ཚུལ་ནི་དེ་ཉིད་དེ། །བྱེ་བྲག་ཏུ་ནི་ལག་པ་བསྒྲེང་། །རྡོ་རྗེ་གོམ་པས་མྱུར་སོང་ལ། །མཆོངས་པ་བསྐོར་བ་བྱས་ནས་སུ། །ཕྱག་རྒྱ་ཡི་ནི་སྟང་སྟབས་བྱ། །རྒྱབ་ནས་སྟང་སྟབས་ཚུལ་གྱིས་ནི། །དབུས་ཀྱི་
གནས་སུ་ཕྱིན་པར་བྱ། །དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང་། །རྡོ་རྗེ་བསྣུན་པས་བརྡེག་པར་བྱ། །སྟང་སྟབས་ཚུལ་ནི་དེ་ཉིད་དང་། །སྔགས་པ་བློ་ལྡན་ལག་ཚུལ་གྱིས། །ས་རྣམས་ཐམས་ཅད་བླངས་བྱས་ལ། །དེ་ཉིད་དུ་ནི་གཞག་པར་བྱ། །ཀུན་ནས་བསྡུ་བར་བྱེད་ཅིང་ནི། །མཁས་
པས་གསང་སྔགས་བརྗོད་བྱས་ལ། །རྡོ་རྗེ་ཅན་གྱིས་བཤད་པ་བཞིན། །ས་རྣམས་ཀུན་དུ་གཞག་པར་བྱ། །རིམ་པ་ཡི་ནི་འདི་ཉིད་ཀྱིས། །མཁས་པ་ཐམས་ཅད་ཀུན་དུ་བཞག །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་ཞགས་པ་ལེགས་བསླབས་པས། །སྡང་བ་ལྷ་དང་ལྷ་
མིན་དང་། །མི་རྣམས་གཞག་བྱ་གདུལ་བར་བྱ། །བསམ་དབང་བཞིན་དུ་འབྱུང་བ་ཡི། །རྡོ་རྗེའི་ཡེ་ཤེས་ལེགས་བསླབས་པས། །འདུལ་བའི་ཚོགས་ནི་ཐ་དད་པ། །ཐམས་ཅད་རྣམ་པར་གདུལ་བར་བྱ། །གདུང་བས་འདུལ་བའི་འཇིག་རྟེན་ནི། །གདུང་བ་ཉིད་ཀྱིས་འགྲུབ་པར་
འགྱུར། །གཡས་དང་གཡོན་གྱི་ཚུལ་གྱིས་སུ། །དཔའ་བོ་ལྔ་པོ་ཀུན་དུ་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །གཡས་བརྐྱང་སྟབས་ཀྱིས་གནོན་པར་བྱ། །རྐང་སྟབས་བཞག་པའི་ཚུལ་གྱིས་ནི། །འབེན་ལ་ལྟ་ཞིང་ལག་པས་གཏང་། །སྲིན་ལག་མཐེའུ་ཆུང་
སྤྲད་བྱས་ལ། །ལག་གཉིས་ལུ་གུ་རྒྱུད་དུ་བྱ། །གཡོན་པའི་གུང་མོ་མཐེབ་མཚུངས་ས་སྦྱར། །གཡས་པ་ཡི་ནི་མཛུབ་མོ་དེ། །བརྐྱང་བའི་ཚུལ་དུ་བྱས་པ་ནི། །གཞུ་དང་མདའ་ཞེས་བརྗོད་པ་ཡིན། །གུང་མོ་ཡི་ནི་རྒྱབ་ལོགས་སུ། །མཛུབ་མོ་མདའ་ཡི་ཚུལ་དུ་བཞག །གཡས་

བརྐྱང་སྟང་སྟབས་ཚུལ་གྱིས་སུ། །ཧཱུྃ་བཅས་བརྗོད་དེ་ཕོག་པར་བསྣུན། །གལ་ཏེ་ས་ཡི་འོག་གནས་སམ། །ཚངས་པའི་གནས་ན་གནས་གྱུར་ཏམ། །དྲག་པོས་བསྲུངས་པར་གྱུར་ཀྱང་རུང་། །རྡོ་རྗེ་འཕང་བར་བྱས་ནས་སུ། །རྡོ་རྗེ་མདའ་ཡིས་ཕོག་གྱུར་ན། །དེ་ནི་གསོན་པར་མི་
བསམ་མོ། །འཕང་བའི་སྟང་སྟབས་སོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །ཐབས་ཤེས་པ་ལ་མཁས་གྱུར་ཅིང་། །འཕང་པའི་ཚུལ་དུ་ལེགས་བསླབས་པ། །སྡང་བའི་སེམས་ཅན་གདུལ་བར་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་ཞགས་པ་ལེགས་བསླབས་པས། །
སྲིད་པ་གསུམ་ལ་ཁྱབ་ལུས་ཀྱིས། །བགེགས་རྣམས་ཐམས་ཅད་གདུལ་བར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །རྐང་པ་བཞག་པའི་ཚུལ་གྱིས་ནི། །ལག་པ་གཡས་དང་གཡོན་པ་ཡིས། །ཐལ་མོ་ཁོང་སྟོང་སྦྱར་བར་བྱ། །དེ་ཡི་ཕྱག་རྒྱ་བཅིངས་ནས་སུ། །ཕྱོགས་
རྣམས་ཀུན་དུ་བསྐོར་བྱས་ན། །སྲིད་པ་གསུམ་ཡང་འགུགས་འགྱུར་ན། །ལོག་འདྲེན་བགེགས་རྣམས་སྨོས་ཅི་དགོས། །དགུག་པའི་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །མཐུན་པའི་རྐང་སྟབས་བྱས་ནས་སུ། །པདྨའི་ཐལ་མོ་སྦྱར་བྱས་ལ། །ཕྱོགས་
རྣམས་ཀུན་དུ་རྒྱས་པར་བྱ། །རྐང་སྟབས་བཞག་པའི་ཚུལ་གྱིས་སུ། །གནས་ནི་མྱུར་དུ་བཟུང་བྱས་ལ། །རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །ཁྲོས་པས་ཧཱུྃ་གི་སྒྲ་བརྗོད་དེ། །རྒྱ་མཚོ་བཞི་པོའི་ཀླུ་རྣམས་ལ། །རྡོ་རྗེའི་ལག་པས་བསྣུན་པར་བྱ། །ཀླུ་སྐྲག་ཐལ་མོ་སྦྱར་བ་དག །རྒྱ་མཚོ་
ནས་ནི་འཐོན་པར་གྱུར། །གང་དག་ས་ཡི་འོག་གནས་པ། །ལྷ་མིན་སྲིན་པོ་གསང་བ་རྣམས། །བསྒོ་བའི་ལུང་ལ་བརྩོན་ཡིད་ཀྱིས། །ཅི་ཚོལ་ཅིག་ཅེས་འཁོད་པར་བྱེད། །རྡོ་རྗེ་འབར་བས་བདག་ཉིད་གཟིར། །གནོད་སྦྱིན་མོའམ་སྲིན་མོའམ། །ལྷ་མིན་མོའམ་ཀླུ་མོའམ། །
བཅུད་ཀྱིས་ལེན་ནམ་དངུལ་ཆུའམ། །རིན་ཆེན་རྣམས་དང་ནོར་བུ་རྒྱལ། །དཔལ་དང་ཕུན་སུམ་འདོད་ལྡན་ནམ། །ཐུགས་ལ་ཅི་དང་ཅི་བཞེད་པ། །བདག་ཅག་རྣམས་ལ་བཀའ་མྱུར་སྩོལ། །སྔགས་པས་གང་ཡང་རུང་བླངས་ལ། །གསང་བ་ཀུན་དུ་གཏད་བར་བྱ། །བསྒོ་

བའི་ལུང་དང་འགལ་བར་བྱེད། །ཅི་སྟེ་བསྒོ་ཡང་མི་འོང་ན། །རྐང་སྟབས་ཚུལ་ནི་དེ་ཉིད་ཀྱིས། །གཡོན་བརྐྱང་སྟབས་ཀྱིས་གནོན་པར་བྱ། །ལྷུན་པོ་ལ་ནི་རྐང་བཞག་སྟེ། །ལག་པས་དབྱུག་པའི་སྦྱོར་བ་ཡིས། །སྒྲ་སྒྲོག་ཅིང་ནི་ཐམས་ཅད་གནས། །ས་འོག་
ཐམས་ཅད་གནོན་པར་བྱ། །ཧ་ཧ་ཞེས་ནི་སྒྲ་འདོན་ཅིང་། །བསྒོ་བའི་ལུང་དང་འགལ་བྱེད་པ། །ཐམས་ཅད་ཀྱིས་ནི་བཟུང་ནས་སུ། །ཤིན་ཏུ་མྱུར་དུ་དབུག་པར་བྱེད། །སྔགས་པས་དེ་གཅིག་ཚར་བཅད་དེ། །ལྷག་མ་ཐམས་ཅད་གཏང་བར་བྱ། །བསྒོ་བའི་ལུང་ལ་དེ་བཞག་
ལ། །མཁས་པས་ལེགས་པར་བསླབ་པར་བྱ། །གསང་བ་སྲིན་པོ་ཐམས་ཅད་ལ། །དགྱེས་པའི་སེམས་ནི་ཡང་བསྐྱེད་དེ། །དེ་དག་དམ་ཚིག་བྱིན་ནས་ནི། །དེ་རྣམས་ཀུན་དུ་གཏང་བར་བྱ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བཅུ་གཅིག་པ།
དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །སྙིང་བརྩེ་སྙིང་རྗེའི་སེམས་ལྡན་པས། །མི་དང་མི་མིན་ལ་སོགས་པ། །ཤིན་ཏུ་གནོད་བྱེད་ལྷ་རྣམས་དང་། །ལྷ་མིན་གསང་བར་བཅས་རྣམས་དང་། །གཞན་ཡང་སྡང་བའི་གདོན་ལ་སོགས། །ནད་སྦྲུལ་དུག་ལ་སོགས་རྣམས་ཀྱིས། །སེམས་
ཅན་རྣམས་ལ་གནོད་བྱེད་ཅིང་། །དམ་ཚིག་ལ་ནི་མི་གནས་ཏེ། །རྒྱགས་པའི་ཡིད་དང་ལྡན་པ་དག །ནད་དང་མུ་གེ་ལ་སོགས་པས། །སེམས་ཅན་རྣམས་ལ་གནོད་བྱེད་དེ། །ཕ་རོལ་གནོད་བྱེད་མངོན་དགའ་བ། །དེ་དག་སྙིང་རྗེ་མེད་པ་དང་། །བསྟན་པ་ལས་ནི་འགལ་བྱེད་ཅིང་། །
ཤིན་ཏུ་རྒྱགས་པའི་ཤས་ཆེ་བ། །མཐོང་ནས་དེ་དག་ཚར་གཅད་ཕྱིར། །སྔགས་ལ་མཁས་པས་སྦྱར་བར་བྱ། །བདག་ལ་སྡིག་པར་འགྱུར་སྙམ་དུ། །བདག་ཉིད་ལས་ནི་མི་སེམས་ཤིང་། །བདག་ཉིད་ལམ་མིན་ཞུགས་གྱུར་ལ། །གཞན་དང་གཞན་ཡང་ཕུང་བྱེད་པ། །གཞན་
ལ་གནོད་པ་དེ་དག་ལ། །སྔགས་པས་བཟོད་པ་མི་བྱ་སྟེ། །སྐྲག་པར་བྱ་ཞིང་བཅིང་བར་བྱ། །གཏུབ་པར་བྱ་ཞིང་གསད་པར་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་ཞགས་པ་ལེགས་བསླབས་པས། །ནམ་མཁའ་གོ་སྐབས་མེད་བྱས་ཏེ། །རྡོ་རྗེ་དབྱིབས་སུ་བསྒྱུར་

ནས་སུ། །གུས་པས་བསྒྲིམས་བཅས་འཇོ་ཚུལ་དང་། །བཞིན་འཛུམ་རྒྱགས་དང་ལྡན་པ་ཡིས། །རྡོ་རྗེའི་གར་ནི་རབ་བྱས་ལ། །ལག་པ་བསྐྱོད་པའི་སྦྱོར་བ་ཡིས། །ཕྱོགས་རྣམས་ཀུན་དུ་གར་བྱ་ཞིང་། །དངོས་དང་མཐུན་པར་བཟུང་བྱས་ལ། །བསྒོམ་པ་ལ་ནི་སེམས་བཞག་ཅིང་། །
རྡོ་རྗེའི་རང་བཞིན་ལུས་སྲ་བས། །མི་མཐུན་རྐང་སྟབས་ཚུལ་གྱིས་ནི། །རྡོ་རྗེ་འཆང་བས་ལག་བསྒྲེང་སྟེ། །རྡོ་རྗེ་མིག་གིས་ཀུན་བལྟས་ལ། །སྲིད་པ་གསུམ་པོ་ཐམས་ཅད་གནོན། །དཔའ་བོའི་གནས་སུ་གནས་ནས་སུ། །རྐང་པ་གདེངས་པའི་ཚུལ་གྱིས་སུ། །ཧཱུྃ་བརྗོད་འཇིགས་
པ་འཇིགས་སུ་རུང་། །མིག་གཉིས་ཉི་མ་ཟླ་བ་སྟེ། །ཁ་ནི་རྒོད་མ་རྟ་ཡི་ཁ། །ལྟེ་བ་དགའ་བོ་ཉེ་དགའ་བོ། །ལྟོ་བ་རྒྱ་མཚོར་བསམ་པར་བྱ། །ལྷུན་པོ་དེ་ཡི་མགོ་བོར་བྱ། །དེ་བཞིན་ལག་པ་འཁོར་ཡུག་རི། །ས་ནི་རྐང་པ་གཉིས་ཡིན་ཏེ། །ནོར་རྒྱས་བུ་སྤྲུལ་གསང་བསྲེལ་ཡིན། །
རླུང་ནི་དེ་ཡི་རྣ་བ་གཉིས། །དེ་ཡི་སྐྲ་རྣམས་མེ་ཡིན་ཏེ། །ལྕེ་ནི་འཇིགས་པ་ཆེན་པོའི་གློག །ཨ་ལ་ལ་ཞེས་སྒྲ་ཆེན་ལྡན། །འབྲུག་སྒྲ་ཧཱུཾ་ཞེས་སྒྲ་ཕྱུང་བས། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་བསྐོར། །རབ་ཏུ་བསྐུལ་བས་དེ་ནས་ནི། །རྡོ་རྗེའི་སྒྲ་ཡིས་བསྒྱེལ་གྱུར་ནས། །ཀླུ་དང་
དྲི་ཟ་སྲིན་པོ་དང་། །ལྷ་དང་ལྷ་མིན་སོགས་ཀུན་དོང་། །ཧཱུྃ་བརྗོད་པས་ནི་འཇིགས་གྱུར་ཞིང་། །འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྡོ་རྗེ་སྒྲ་ཡིས་ཚིག་འགྱུར་ཞིང་། །བློང་བར་གྱུར་ཅིང་དམན་པར་བལྟ། །རྡོ་རྗེ་རྣལ་འབྱོར་ཆེར་ལྡན་པ། །ག་ལ་བ་དེར་ཉེ་བར་དོང་། །རྡོ་རྗེ་ཆེན་པོས་བཀའ་
སྩོལ་ལ། །ལྷན་ཅད་དེ་ལྟར་མ་མཛད་ཅིག །དེ་ནས་དམ་ཚིག་བཞག་བྱས་ལ། །ལྷ་རྣམས་ཐམས་ཅད་གཏང་བར་བྱ། །རྡོ་རྗེ་འཇིགས་པ་གཏུམ་ཆེ་བ། །འཇིགས་པ་ཆེན་པོ་འཇིགས་བྱེད་པ། །འཇིགས་པར་བྱ་རྣམས་འཇིགས་བསྐྱེད་པ། །ཆེན་པོས་མཆོད་འོས་རྨད་བྱུང་བས། །
མི་དང་མི་མ་ཡིན་རྣམས་ལ། །འཇིགས་ཆེན་ལྟས་འབྱུང་ཆེ་འབྱུང་དང་། །ལྷ་དང་ཀླུ་དང་ཤ་ཟ་དང་། །གཟའ་དང་མ་མོ་བརྩེ་མེད་རྣམས། །ནད་དང་མུ་གེ་ལ་སོགས་དང་། །ཡུལ་འཁྲུགས་པ་དང་འཆི་བྱེད་དང་། །བདུད་རྣམས་དང་ནི་ལོག་འདྲེན་དང་། །སྲུལ་པོ་སྲིན་པོ་ལ་སོགས་

པའང་། །བདག་ཡུལ་གཞན་ཡུལ་ལས་བྱུང་བའི། །གནོད་པ་གཞན་ཡང་དུ་མ་རྣམས། །དེ་དག་རྣམ་པར་གཞིག་པའི་ཕྱིར། །རྡོ་རྗེ་འཇིགས་བྱེད་སྦྱར་བར་བྱ། །རྐང་པ་རྒྱས་པར་བྱ་ཚུལ་གྱིས། །ཧཱུྃ་ཞེས་བྱ་བའི་སྒྲ་བརྗོད་ན། །རྡོ་རྗེ་འཇིགས་པས་རབ་བསྐུལ་
བས། །ཐམས་ཅད་མྱུར་དུ་འཇིགས་པར་འགྱུར། །འདི་ནི་དོན་ཡོད་ཐོགས་པ་མེད། །རྡོ་རྗེ་འཇིགས་པ་མི་བཟད་པ། །སྔགས་པས་ཀུན་དུ་སྦྱོར་བྱས་ནས། །སྲིད་པ་གསུམ་ཡང་དབང་འགྱུར་ན། །མི་ཡི་འཇིག་རྟེན་མངག་གཞུག་པ། །བྱེད་པར་གྱུར་པ་སྨོས་ཅི་དགོས། །
ཚིག་གིས་ཅུང་ཟད་བསྐུལ་བས་ན། །གང་དག་ཤིན་ཏུ་དྲེགས་ལྡན་པས། །སྲིན་པོ་ལྷ་མིན་གསང་བ་པ། །དེ་དག་ཐམས་ཅད་དབང་དུ་འགྱུར། །རྡོ་རྗེ་ཡེ་ཤེས་ལེགས་བསླབས་པས། །དབང་ཕྱུག་ཀུན་དང་ཡོན་ཏན་ཐོབ། །ལྷ་རྣམས་ཀུན་གྱི་རྒྱལ་པོར་འགྱུར། །མཁས་
པས་དབང་ལ་འགོད་པར་བྱེད། །ཀླུ་ཡི་གནས་སུ་ཀླུ་རྣམས་དང་། །གནོད་སྦྱིན་རྒྱལ་དང་གནོད་སྦྱིན་དང་། །དྲི་ཟ་རྣམས་ཀྱི་བདག་པོར་འགྱུར། །ལྷ་མིན་གནས་སུ་ལྷ་མིན་དང་། །མཁའ་ལྡིང་གནས་སུ་མཁའ་ལྡིང་དང་། །མི་ཅི་རྣམས་ཀྱི་བདག་པོར་འགྱུར། །ལྷ་དང་ལྷ་མིན་
མིར་བཅས་པ། །བསྒོ་བའི་ལུང་བཞིན་གུས་སེམས་ཀྱིས། །རྡོ་རྗེ་འཇིགས་སྒྲ་ཆེར་ལྡན་པ། །དེ་ཡི་དབང་དུ་ཐམས་ཅད་འགྱུར། །རྡོ་རྗེ་འཇིགས་སུ་རུང་བ་ཡི། །སྒྲ་ཆེན་པོ་ཡི་ཕྱག་རྒྱའོ། །ཀུན་ལ་རྡོ་རྗེ་རབ་འཕྲུལ་བ། །དེ་ཡི་འོག་ཏུ་བརྗོད་པར་བྱ། །དཔལ་ལྡན་མཆོད་པ་བྱེད་
པ་པོས། །ཕྱོགས་བཅུ་དག་ན་བཞུགས་རྣམས་ཀྱི། །སངས་རྒྱས་རྣམ་པ་ཀུན་དུ་མཆོད། །སྲིད་པར་བདག་ཉིད་ཆེ་རྣམས་ཀྱི། །བསམ་ཡས་མཆོད་མིན་གང་ཡང་མེད། །འཛུམ་དང་བཅས་ཤིང་མིག་རྒྱས་པས། །གཡས་པ་དང་ནི་གཡོན་ཚུལ་གྱིས། །རྡོ་རྗེའི་ཐལ་མོ་
བཙུམ་བྱས་ལ། །ཕྱོགས་བཅུ་རྣམ་པ་ཀུན་དུ་འདུད། །དཔྲལ་བར་ཐལ་མོ་སྦྱར་བྱས་ལ། །ཕྱོགས་རྣམས་ཀུན་དུ་ཡོངས་བསྐོར་ཞིང་། །དུས་གསུམ་རྣམ་པར་བཞུགས་པ་ཡི། །སངས་རྒྱས་ཀུན་ལ་ཕྱག་བྱའོ། །བདེ་གཤེགས་ཀུན་ལ་ཕྱག་བྱ་མཆོད། །སེམས་ཅན་འདུལ་

བའི་མཆོད་པ་ནི། །བསམ་པ་ཇི་བཞིན་འཇུག་པ་སྟེ། །བསམ་པ་ཐ་དད་སེམས་ཅན་ཁམས། །བསམ་པ་སྣ་ཚོགས་རྣམ་པར་འཕེལ། །བསམ་པ་སྣ་ཚོགས་རྣམ་རྟོག་པ། །བསམ་པ་ཆགས་མེད་དེ་དང་དེས། །སྔགས་པས་རྣམ་པ་ཐམས་ཅད་དུ། །སེམས་ཅན་ཁམས་
མང་གདུལ་བར་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །ཀུན་ལ་ཤེས་པའི་ཆེར་བྱུང་བའི། །སྒེག་དང་དཔའ་དང་སྙིང་རྗེ་དང་། །རྒོད་དང་ཁྲོ་དང་འཇིགས་བྱེད་དང་། །འཇིགས་རུང་རྨད་བྱུང་ཞི་བ་རྣམས། །བསམ་པ་ཆགས་པས་རྣམ་དགུར་དགོངས། །དེ་ནས་སློབ་དཔོན་རྡོ་རྗེ་
འཆང་། །ཀུན་ལ་ཡེ་ཤེས་འབྱུང་བྱེད་པའི། །རྐང་པ་གཡས་དང་གཡོན་པ་ནི། །གོམ་པས་མཛེས་དང་ལྡན་པ་ཡིས། །ལག་པ་གཡས་དང་གཡོན་པ་ནི། །གར་བྱེད་པ་ཡི་ཚུལ་གྱིས་སུ། །མཛུབ་མོ་མཐེ་བོ་རྩེ་སྤྲད་ལ། །གཡོན་ཕྱོགས་སུ་ནི་བལྟ་བར་བྱ། །གཡས་
དང་གཡོན་པ་སྦྱར་ཚུལ་གྱིས། །འཛུམ་བཅས་རྒྱས་པ་གུས་བསྒྲིམས་ཤིང་། །ལག་ན་རྡོ་རྗེ་གསོར་ལྡན་པས། །རྗེས་སུ་ཆགས་པས་གར་བྱའོ། །ལྷ་རྣམས་ཀུན་དང་གསང་བ་དང་། །ལྷ་མ་ཡིན་དང་མི་རྣམས་དང་། །འདོད་ཁམས་དབང་ཕྱུག་བདག་པོ་དང་། །ས་གསུམ་
གནས་རྣམས་ཆགས་བྱེད་ཅིང་། །མིག་ཟུར་བགྲད་དང་ལྟ་བ་ཡིས། །དེ་དག་ཐམས་ཅད་དབང་དུ་འགྱུར། །ས་གསུམ་ཐམས་ཅད་འགུགས་བྱེད་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །ལྷ་ཡི་རྒྱལ་པོ་སོགས་བཀུག་ནས། །སྡོམ་པ་ཅན་གྱི་དབང་འཇོག་སྟེ། །
ཐམས་ཅད་བསྒོ་བ་བཞིན་བྱེད་ཅིང་། །མངག་གཞུག་པར་ནི་རབ་ཏུ་དགོད། །རྡོ་རྗེ་ཆེར་ལྡན་ཀུན་ཤེས་ནས། །རྡོ་རྗེ་གླུ་ནི་བླང་བར་བྱ། །རྡོ་རྗེ་གླུ་ཡིས་བསྐུལ་བས་ན། །རྗེས་སུ་ཆགས་དང་ཆགས་ཆེན་འགྱུར། །རྡོ་རྗེ་སེམས་དཔར་མོས་པ་ཡིས། །གླུ་དང་གར་ནི་རབ་ཏུ་བྱ། །
བསམ་པ་ཆགས་པས་བརྒྱ་ལ་གྱུར་ནས། །སེམས་ཅན་ཁམས་ནི་རྗེས་ཆགས་བྱ། །རྡོ་རྗེའི་གླུ་ནི་འདི་ཡིན་ནོ། །ས་གསུམ་དག་ན་འབར་བའི་སྐུ་མངའ་རྗེས་སུ་ཆགས་མཛད་འདུལ་ལྡན་པས། །ཉི་མ་སྟོང་ཕྲག་བཅུ་བས་རྣོ་བའི་འོད་ཟེར་སྟོང་དང་ལྡན་པ་པོས། །རྣམ་མང་

ཆ་བྱད་གཟུགས་ཀྱིས་སེམས་ཅན་འགྲོ་བ་རྗེས་སུ་ཆགས་མཛད་པ། །རྡོ་རྗེ་སེམས་དཔའ་དབང་ཕྱུག་དམ་པ་མཛེས་པའི་སྟོབས་ལྡན་གར་མཛད་གསོལ། །ཥ་ཊ་བ་ལ་སོགས་པའི་གླུ། །རྡོ་རྗེ་གར་གྱིས་བྱ་བ་ན། །ས་གསུམ་ཐམས་ཅད་འགུགས་བྱེད་ན། །ས་
སྟེང་མི་རྣམས་སྨོས་ཅི་དགོས། །རྡོ་རྗེ་གར་གྱི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་ཉིད་དུ་ཡང་སྒྱུར་ཞིང་། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །ཐམས་ཅད་ལ་ནི་གར་མཁན་བྱ། །གོམ་སྟབས་ཐམས་ཅད་མཛེས་ལྡན་པར། །གཡས་པ་དགུག་པའི་ཕྱག་རྒྱ་དང་། །གཡོན་
པས་བཏང་བའི་ཕྱག་རྒྱ་བྱ། །མིག་ཟུར་བགྲད་དང་ལྟ་བ་ཡིས། །ལག་པ་གཡས་དང་གཡོན་པ་ཡིས། །འཁྱུད་པར་བྱེད་པའི་སྦྱོར་ལྡན་པས། །ཚངས་པ་ལ་སོགས་ལྷ་རྣམས་ནི། །རྣམ་པ་ཀུན་དུ་དབང་བསྒྱུར་ཏེ། །མངག་གཞུག་པ་ནི་རབ་བྱེད་ཅིང་། །རྡོ་རྗེ་ཅན་གྱི་ལུང་ལ་
བརྩོན། །རྡོ་རྗེ་ཆགས་པས་ཆགས་བྱས་པས། །ཤིན་ཏུ་ཆགས་པས་དྲེགས་མྱོས་པའི། །ལྷ་དང་མི་དང་གསང་བ་པ། །བསྒྲུབ་བྱ་རྣམས་ཀྱང་སྔགས་པས་བསྒྲུབ། །རྡོ་རྗེའི་ལུས་ལ་ཡོངས་ཆགས་པས། །འདོད་ཆགས་ཐམས་ཅད་ཡོངས་སུ་འདོར། །རྡོ་རྗེའི་གླུ་སྙན་ལྡན་
པ་ཡིས། །སེམས་ཅན་ཁམས་རྣམས་ཆགས་པར་བྱ། །རྗེས་སུ་ཆགས་པས་ཆགས་པའི་ཕྱིར། །ལྷ་རྣམས་ཐམས་ཅད་དབང་དུ་འགྱུར། །རྡོ་རྗེའི་གླུ་ཡི་སྙན་པའི་སྒྲ་རྣམས་ཐམས་ཅད་དང་། །གཟོད་ནས་རང་བཞིན་དག་པས་རྡོ་རྗེ་སེམས་དཔའ་བསྐུལ། །སྒྱུ་མའི་
དངོས་པོ་རྣམ་མང་དང་། །སྙན་པའི་སྒྲ་ནི་དེ་ཉིད་དང་། །སངས་རྒྱས་རྣམ་འཕྲུལ་ཐམས་ཅད་ཀྱིས། །དབང་བསྒྱུར་དེ་ནས་སངས་རྒྱས་སྣང་། །འཇིག་རྟེན་ཐམས་ཅད་ཡོངས་སུ་འདྲེན། །བདུད་རྣམས་ཐམས་ཅད་ཡོངས་སུ་འདུལ། །ཤེས་པ་ཐམས་ཅད་ཡོངས་སུ་སྦྱོང་། །
སེམས་ཅན་ཐམས་ཅད་ཡོངས་སྨིན་བྱེད། །གླུ་འདི་རབ་ཏུ་ལེན་བྱེད་ཅིང་། །རྡོ་རྗེའི་གར་ནི་རབ་བྱས་ན། །ལྷ་དང་གང་དག་གནོད་སྦྱིན་དང་། །ལྷ་མིན་ཀླུར་བཅས་ཐམས་ཅད་འགྲུབ། །རྡོ་རྗེའི་གླུས་ནི་འདྲེན་པའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔར་ཡང་བསྒྱུར་

ཏེ། །དཔའ་ཆེན་བསམ་པར་ཀུན་ཆགས་པས། །དཔའ་བོས་ལྔ་པོ་བསྟན་པར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །གཡས་པ་བརྐྱང་བས་ཕ་རོལ་གནོན། །གཡོན་པ་བརྐྱང་བའི་ཚུལ་གྱིས་ནི། །སེང་གེ་བཞིན་དུ་བསྒྱིངས་བར་བྱ། །ཚངས་པའི་གནས་ལ་ཡང་གནས་
ཏེ། །རྡོ་རྗེ་སེ་གོལ་སྦྱོར་བ་དང་། །རྡོ་རྗེ་བསྣུན་སྟབས་ཚུལ་གྱིས་ནི། །ཚངས་པ་ལ་སོགས་བསྡུ་བར་བྱ། །རྡོ་རྗེའི་གླུ་ནི་ལེན་བྱེད་ཅིང་། །ས་གསུམ་འབར་བའི་སྐུ་ལྡན་པ། །ཉི་མ་བྱེ་བ་འབར་མཚུངས་པ། །ནམ་མཁའ་མཚུངས་ཤིང་མཉམ་མེད་པ། །ཆོས་དང་རྒྱལ་མཆོག་
རྣམས་ཀྱི་གཙོ། །སངས་རྒྱས་སྐུ་མཆོག་དེ་ལ་འདུད། །སོ་ཡིས་མཆུ་ནི་རབ་གནོན་ཅིང་། །ཀུན་ནས་མིག་ཅན་ཁྲོ་གཉེར་བཞིན། །རྐེད་པར་རྡོ་རྗེ་བརྟེན་ནས་སུ། །ཕྱོགས་བཅུ་ཀུན་དུ་བལྟ་བར་བྱ། །གཡས་པ་རྡོ་རྗེ་ཚུལ་གྱིས་ནི། །ཕྱོགས་རྣམས་ཀུན་དུ་རབ་བསྒྲགས་པས། །
ལྟ་འཇིགས་འོད་ཟེར་འབར་ལྡན་ཞིང་། །བསྲེག་པའི་བསྐལ་པ་གཞན་ལྟ་བུ། །གྲུབ་འགྱུར་རྡོ་རྗེ་མེ་འབར་བ། །འཇིགས་པ་ཆེ་ལྟར་བཟོད་དཀའ་བས། །བགེགས་རྣམས་ལ་ནི་སྦྱོར་བར་བྱ། །འཇིག་རྟེན་གསུམ་པོ་ཐལ་བར་རློག །ཉེས་པ་ཆེན་པོ་མ་ཡིན་ལ། །ཕྱག་རྒྱ་
འདི་ནི་སྦྱར་མི་བྱ། །ཐུན་མོང་མ་ཡིན་དགོས་པ་ནི། །ཐ་མའི་ཚེ་ན་སྦྱར་བར་བྱ། །རྡོ་རྗེ་འཆང་བས་བསྲུངས་གྱུར་ཀྱང་། །ཧཱུཾ་བརྗོད་པས་ནི་ཐལ་བར་རློག །འཇིག་པའི་མེ་ལྟར་བཟོད་དཀའ་བ། །རྡོ་རྗེ་ཆེན་པོའི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེའི་ཡེ་
ཤེས་ལེགས་བསླབས་པས། །སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས། །བཞག་ནས་འདི་སྙམ་བསམ་པ་སྟེ། །སེམས་དམྱལ་ཡི་དགས་དུད་འགྲོ་དང་། །གང་གཞན་སྡུག་བསྔལ་སྡུག་བསྔལ་རྣམས། །ལག་པས་དྲང་བའི་སྦྱོར་བ་ཡིས། །བདེ་བ་ཀུན་གྱིས་བསྟབས་
པར་བྱ། །བཟའ་བཏུང་ལ་སོགས་ཆར་པ་དང་། །གོས་དང་རིན་ཆེན་རྒྱན་གྱི་ཆར། །དེ་དག་རྣམས་ལ་ཀུན་དུ་ད་བབ། །ཅི་བདེར་ཡང་དག་བསྟབས་པས་ན། །སྙིང་རྗེ་སྤྱན་རས་གཟིགས་དབང་བཞིན། །ཀུན་དུ་ཡོངས་སུ་རྒྱས་པར་བྱ། །སེམས་ཅན་ཀུན་གྱི་བླ་མེད་བདེ། །

ཐོབ་པར་ཤོག་ཅེས་བསམ་པར་བྱ། །སྙིང་རྗེའི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་ཅན། །རྡོ་རྗེ་ཡེ་ཤེས་ལེགས་བསླབས་པས། །རྡོ་རྗེའི་ཕྱག་རྒྱ་བཅིང་བྱ་ཞིང་། །མཚོག་མར་ཐལ་མོ་སྦྱར་བར་བྱ། །བཏེག་དང་སྒེག་པའི་སྦྱོར་བ་ཡིས། །དེ་ནས་མྱུར་དུ་སྨད་པར་
བྱ། །རྡོ་རྗེ་བགད་ཆེན་ཕྱག་རྒྱ་འདི། །རྡོ་རྗེ་འཆང་ཉིད་བཞིན་དུ་དགོད། །བགད་པ་ཆེན་པོའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡས་བཏེག་སྟེ། །གཡོན་པ་རྐེདཔའི་ཕྱོགས་སུ་བཞག །གཡོན་བརྐྱང་རྐང་སྟབས་བྱས་ནས་སུ། །དེ་ནས་ཐལ་མོ་ཡང་སྦྱར་ཏེ། །འཇིགས་རུང་སྒྲ་ནི་གྲག་བྱེད་
ཅིང་། །ཐལ་མོ་སྦྱར་བ་བཏུད་པར་བྱ། །འཇིགས་སུ་རུང་བ་ཆེན་པོའི་སྒྲའི་ཕྱག་རྒྱའོ། །གཡས་བརྐྱང་རྐང་པའི་སྟབས་བྱས་ཏེ། །ལག་པ་གཉིས་ཀྱིས་རྒྱལ་རོལ་དུ། །ཁུ་ཚུར་གཉིས་ནི་བཅང་བར་བྱ། །བགེགས་ཀུན་འདར་བར་བྱ་བའི་ཕྱིར། །མགུལ་པ་ངེས་པར་སྨད་བྱ་ཞིང་། །
སྒྲ་ཆེན་རབ་ཏུ་བརྗོད་བྱས་ན། །ཕྱག་རྒྱ་འདི་ཡི་སྦྱོར་བ་ཡིས། །བགེགས་རྣམས་ཐམས་ཅད་འདར་བར་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །མཚོག་མར་ཐལ་མོ་སྦྱར་བྱས་ལ། །ལག་པ་གཉི་ག་ལྟོ་བར་གཞག །གཡས་བརྐྱང་རྐང་སྟབས་སྦྱོར་བ་ཡིས། །སྔགས་
པས་འཁོར་ལོ་བཞིན་དུ་བསྐོར། །ཧ་ཧ་ཞེས་པས་རབ་བརྒྱན་པ། །ཕྱག་རྒྱ་འདི་ནི་རྒྱ་ཆེན་ཏེ། །རི་རྣམས་ཕྱེ་མར་རློག་བྱེད་ན། །སྡང་བའི་སེམས་ཅན་ཅི་སྨོས་ཏེ། །སྔགས་པའི་འདོད་པ་བཞིན་དུ་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་གྱེན་དུ་བསྒྲེང་
བྱས་ལ། །གདུ་བུའི་ཕྱག་རྒྱ་བཅིང་བར་བྱ། །དེ་བཞིན་སོ་ཡིས་མ་མཆུ་མནན། །གཡོན་པ་བརྐྱང་བ་ལེགས་སྦྱར་བས། །བགེགས་རྣམས་ཀུན་ལ་བསྣུན་པར་བྱ། །ཕྱག་རྒྱ་འདི་ནི་སྒྲ་ཆེན་ཏེ། །བགེགས་རྣམས་ཐམས་ཅད་བཟློག་པ་ཡིན། །ཕྱག་རྒྱ་འདི་ནི་ལེགས་
སྦྱར་བས། །ཐམས་ཅད་བཟློག་པར་གྱུར་པ་ཡིན། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་གཉིས་བྲང་ལ་སྦྱར་བ་ལས། །ལག་པ་གཡས་པ་བསྒྲེང་བྱས་ཏེ། །རྐང་པ་གཡོན་བརྐྱང་ལེགས་སྦྱར་བས། །ཐོ་བ་ཡི་ནི་ཕྱག་རྒྱ་ཡིས། །རྡོ་རྗེ་འཆང་ཉིད་ཡིན་པའང་

བསྣུན། །རྡོ་རྗེ་ཐོ་བས་བསྣུན་པས་ན། །དེ་ཡི་མོད་ལ་ཕྱེ་མར་འགྱུར། །ཐོ་བའི་སྟང་སྟབས་སོ། །གཡས་དང་གཡོན་པའི་སྦྱོར་བ་ཡང་། །ལག་པ་མཆན་ཁུང་གཞུག་པར་བྱ། །ཉི་མ་འབར་འདྲའི་ལྟ་འདྲ་བས། །ཧུྃ་བརྗོད་བསྙེམས་པས་ཐུར་དུ་བལྟ། །ལག་ན་རྡོ་རྗེ་ཉིད་བསྒྱུར་
ཏེ། །འཇིགས་སུ་རུང་བའི་སྒྲ་ཕྱུང་ལ། །རྒྱ་མཚོ་མན་དཱར་བཅས་པ་ཡི། །ས་རྣམས་ཐམས་ཅད་གཡོ་བར་བྱ། །སོ་ཡིས་མཆུ་ནི་མནན་བྱ་ཞིང་། །རྡོ་རྗེ་རྐང་པས་བསྣུན་པར་བྱ། །ཕྱག་རྒྱ་འདི་ནི་ལེགས་སྦྱར་བས། །དེ་དག་ཐམས་ཅད་འདར་བར་འགྱུར། །གཡས་བརྐྱང་
རྐང་སྟབས་བྱས་ནས་སུ། །ལག་གཉིས་ཁུ་ཚུར་བཅང་ཚུལ་གྱིས། །གཡོན་པ་བྲང་ལ་སྦྱར་བར་བྱ། །གཡས་པ་གྱེན་དུ་བསྒྲེང་བྱས་ལ། །མཛུབ་མོ་མྱུར་དུ་བསྒྲེང་བྱས་ཤིང་། །རྡོ་རྗེའི་སྒྲ་ནི་དབྱུང་བྱས་ན། །གལ་ཏེ་སངས་རྒྱས་ཉིད་གྱུར་ཀྱང་། །བགེགས་རྣམས་ཐམས་
ཅད་བསྒྱེལ་བར་བྱ། །རྡོ་རྗེ་ཅན་གྱིས་བཤད་ཡིན་ནོ། །སྡང་བའི་སེམས་ཅན་སྨོས་ཅི་དགོས། །ཕྱག་རྒྱ་འདི་ནི་བསྐྱོད་པས་ན། །དེ་དག་ཐམས་ཅད་དུལ་བར་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །གཡས་པ་གྱེན་དུ་བསྒྲེང་བྱས་ལ། །ལག་པ་ཐལ་མོ་བརྐྱང་
བར་བྱ། །གཡོན་པ་བྲང་དུ་སྦྱར་བར་བྱ། །ལག་པས་མྱུར་དུ་བསྣུན་སྟབས་ཀྱིས། །ཧཱུཾ་དང་བཅས་པས་ས་ལ་བསྣུན། །ནམ་མཁའ་མེ་འབར་འདྲ་བ་ཡི། །རལ་གྲིའི་ཕྱག་རྒྱ་བཅིང་བྱས་ལ། །བགེགས་རྣམས་ཐམས་ཅད་གཏུབ་པར་བྱ། །རྡོ་རྗེ་ཅན་གྱིས་བཤད་ཡིན་
ནོ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་འོག་ཏུ་བཅུག་ནས་ནི། །རྐང་པའི་དབུས་ནས་བཟུང་བྱས་ལ། །དེ་ནི་གྱེན་དུ་བཏེག་པར་བྱ། །ཧཱུཾ་ཞེས་རྡོ་རྗེ་སྒྲ་དང་ནི། །ཁྲོས་ཤིང་ཁྲོ་གཉེར་བཅས་པ་ཡིས། །རྐང་པ་དེ་ཡིས་ཡང་བསྣུན་ལ། །དེར་ནི་བགེགས་ནི་
བསམ་པར་བྱ། །རྡོ་རྗེའི་རྐང་པས་བསྣུན་བྱས་ན། །རི་རབ་རྣམས་ཀྱང་ཕྱེ་མར་རློག །རྡོ་རྗེ་རྐང་པའི་སྟང་སྟབས་སོ། །གཡས་བརྐྱང་རྐང་སྟབས་སྦྱོར་བ་ཡིས། །ལག་གཉིས་འཁོར་ལོའི་ཚུལ་དུ་བརྐྱང་། །སོ་ཡིས་མཆུ་མནན་ཁྲོས་པ་ཡིས། །ཀུན་དུ་འཁོར་ལོ་

འཕང་བར་བྱ། །ཕྱོགས་རྣམས་ཀུན་ན་གནས་པ་ཡི། །སངས་རྒྱས་ཞིང་རྣམས་གཞིག་པར་འགྱུར། །ཞིག་པར་འགྱུར་བའི་ཞིང་རྣམས་ནས། །རྒྱལ་བ་དམ་པ་རྣམས་ཀྱང་འབྱོན། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །གང་གཞན་དབང་ནི་ཐོབ་འགྱུར་ར་རྣམས། །བློང་
ཞེས་གྱུར་ནས་བློ་ལྡན་པ། །ལག་ན་རྡོ་རྗེའི་གན་དུ་དོང་། །སྲོག་ཟད་ན་ནི་མི་རུང་གིས། །བུ་གཅིག་ངེད་ཀྱིས་ཅི་ཞིག་བྱ། །ཁྱོད་ནི་ཇི་ལྟར་འདོད་པ་བཞིན། །ངེད་ཀྱིས་མྱུར་དུ་སྒྲུབ་བོ་ཞེས། །རྡོ་རྗེ་སེམས་དཔའ་བློ་ལྡན་ལ། །ལུང་ནི་ཡོངས་སུ་ནོད་པར་མཛད། །བསྐལ་པ་མེ་ལྟར་གྱུར་
པ་ཡིས། །གཡས་བརྐྱང་སྟང་སྟབས་བྱས་ནས་སུ། །འབར་བའི་ཕྱག་རྒྱ་ལེགས་སྦྱར་བས། །ས་གསུམ་ཐམས་ཅད་འབར་བར་བྱ། །ས་གསུམ་འབར་བར་མཐོང་གྱུར་ནས། །སྔགས་པ་རྣམས་ལ་རྟག་འཚེ་བ། །བགེགས་བྱེད་མ་རུངས་ཆེན་པོ་པ། །སྲིན་པོ་སྡང་བ་
རྣམས་སྐྲག་གོ། །ཕྱག་རྒྱ་འདི་འདྲ་མཐོང་གྱུར་ནས། །དེ་ནས་དེ་དག་ཞི་བར་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །དེ་ཚེ་ངེས་པར་བསྣུན་བླངས་ལ། །སྔགས་པས་གྱེན་དུ་འཕང་བར་བྱ། །དེ་ཚེ་སོས་ནི་མཆུ་མནན་ལ། །མྱུར་དུ་གོམ་པ་གཅིག་བོར་ཏེ། །ངེས་པར་
བསྣུན་པས་བསྣུན་དེ་ཚེ། །སྲིན་པོ་སྡང་བ་བགེགས་བྱེད་པ། །དེ་དག་ཐམས་ཅད་ཕྱེ་མར་འགྱུར། །རྡོ་རྗེ་ངེས་བསྣུན་ཕྱག་རྒྱ་ཡིས། །དེ་དག་ཐམས་ཅད་བཟློག་པར་བྱ། །དབང་ཆེན་གནས་ལ་གནས་ནས་སུ། །ལག་པ་གཉིས་ནི་བསྒྲེང་བྱས་ལ། །ལྷུན་པོའི་རྒྱལ་པོ་བླངས་ནས་སུ། །
ལག་པ་གཉིས་སུ་དེ་བཞག་ནས། །སྔགས་པ་ལ་ནི་བགེགས་བྱེད་པ། །སྡང་བའི་སེམས་ཅན་རྣམས་ལ་བསྣུན། །བསྣུན་པས་རྣམ་པར་ཕུང་འགྱུར་ཅིང་། །འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྣལ་འབྱོར་གཞོལ་བའི་སྔགས་པ་ལ། །གང་ཚེ་བགེགས་ཤིག་བགེགས་བྱེད་ན། །དེ་ཚེ་
སྔགས་པ་སྟོབས་ཆེན་གྱིས། །ཕྱག་རྒྱ་འདི་ལ་སྦྱར་བར་བྱ། །ཕྱག་རྒྱ་འདི་ལ་རབ་སྦྱར་བ། །མཐོང་ནས་དེ་དག་འདར་བར་འགྱུར། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་། །རྡོ་རྗེ་ཡེ་ཤེས་ལེགས་བསླབས་པས། །རྒྱལ་བ་ཀུན་ལ་ཕྱག་བྱས་ནས། །ཅོད་པན་སྟབས་ཀྱི་ཐབས་བཤད་དོ། །སྔགས་

པས་ཤར་ཕྱོགས་ཁ་བལྟས་ལ། །ལག་པ་གཡས་པ་མཚོག་མར་བཞག །གཡོན་པ་རྐེད་པའི་ཕྱོགས་སུ་བཞག །ཧཱུྃ་ཞེས་བྱ་བའི་སྒྲ་ཕྱུང་ལ། །འབྲུག་སྒྲ་དལ་འདྲའི་ཕྱག་རྒྱ་ཡིས། །ཕྱོགས་རྣམས་ཀུན་དུ་བསྐོར་བར་བྱ། །གཡས་བརྐྱང་བ་ཡི་ཚུལ་གྱིས་ཀྱང་། །དང་པའི་རྩལ་གྱི་སྦྱོར་
བ་ཡིས། །ལག་པ་གཡས་པ་གདེངས་བྱས་ན། །རྒྱ་མཚོ་རྣམས་ཀྱང་བཏེག་པར་འགྱུར། །ངང་པའི་རྩལ་གྱི་ཕྱག་རྒྱའོ། །རྐང་པ་གཡས་པ་བཏེག་ནས་སུ། །ལག་པ་གཉིས་ནི་སར་བཙུགས་ལ། །ཨ་ལ་ལ་ཞེས་རྣམ་བརྒྱན་པས། །ས་གསུམ་ཐམས་ཅད་བཏེག་བྱས་ན། །རྒྱ་མཚོར་
བཅས་པའི་རི་རབ་ཀྱང་། །ཐམས་ཅད་ཤིན་ཏུ་བཏེག་པར་འགྱུར། །མན་དཱ་ར་དང་ཏི་སེ་དང་། །གཞན་ཡང་གང་དག་རི་རྣམས་ཀྱང་། །ཧ་ལ་ཧ་ལའི་ཕྱག་རྒྱ་ཡིས། །བསྣུན་པ་དེ་དག་སླར་མི་འཆགས། །གཡས་དང་གཡོན་པའི་སྦྱོར་བ་ཡང་། །ལག་པ་གཉིས་ནི་ལྟོ་བར་བཞག །ཧཱུཾ་
རྗོད་སྙེམས་པས་མར་བལྟས་ཏེ། །སོ་ཡིས་མཆུ་ནི་མནན་བྱས་ལ། །རྡོ་རྗེ་ཅོད་པན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཟའ་བར་བྱ། །གཡོན་པ་བརྐྱང་བའི་སྦྱོར་བ་ཡིས། །དེ་ཡི་ཚེ་ན་གཡོན་བཏེག་སྟེ། །ཁྲོས་དང་བཅས་པས་རྐང་བཞག་པས། །ས་གསུམ་ཐམས་ཅད་དྲང་བར་བྱ། །
དྲང་བའི་ཅོད་པན་གྱི་ཕྱག་རྒྱའོ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་གཉིས་ནི་བཏེག་བྱས་ལ། །བགེགས་རྣམས་ཐམས་ཅད་འཆིང་བྱེད་ཅིང་། །འཁོར་ལོ་བཞིན་དུ་ཕྱོགས་སུ་བསྐོར། །ཕྱག་རྒྱ་འདི་ལ་ལེགས་སྦྱར་བས། །དེ་དག་བཅིངས་དང་གཟིར་བར་འགྱུར། །བགེགས་
རྣམས་ཐམས་ཅད་སེལ་བར་བྱེད། །རྡོ་རྗེ་ཅན་ནི་ཉིད་ཀྱིས་བཤད། །བགེགས་སྐྲག་པར་བྱེད་པའི་ཕྱག་རྒྱའོ། །རྣལ་འབྱོར་སྟན་ལ་འདུག་ནས་སུ། །རྐང་པ་གཡས་པ་བཏེག་ནས་ནི། །ལག་གཉིས་འཁོར་ལོའི་ཚུལ་དུ་བྱ། །རྐང་པ་གཅིག་ནི་ཡོངས་སུ་བསྐོར། །འཁོར་ལོ་ཅོད་པན་ཕྱག་རྒྱ་ཡིས། །
བགེགས་རྣམས་ཐམས་ཅད་བསྒྱེལ་བར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །མེ་ཏོག་ཐལ་མོ་སྦྱར་ཚུལ་གྱིས། །དེ་ཡི་ཚེ་ནས་ལ་བཞག །དེ་ནས་མྱུར་དུ་ཡང་བཏེག་གོ། །འདིས་མཆོད་པས་ན་སྔགས་པ་ལ། །ཐམས་ཅད་བགེགས་བྱེད་མི་འགྱུར་རོ། །མཆོད་པའི་ཅོད་པན་གྱི་ཕྱག་རྒྱའོ། །

དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་སྐྲག་པར་བྱེད་པ་ཞེས་བྱ་བའི་སྟང་སྟབས་ཡོད་དེ། ང་བྱང་ཆུབ་སེམས་དཔར་གྱུར་པ་ན། བསྐལ་པ་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་སངས་རྒྱས་རྒྱན་གྱི་དབྱངས་ལས་ངས་ཐོས་ཀྱིས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དངངས་ཁྱོད་ལ་བཤད་དོ། །དེ་ཡིས་སྐྲག་པར་བྱས་ནས་བགེགས། །ལོག་འདྲེན་ཐམས་ཅད་གདུངས་པར་འགྱུར། །ཕྱོགས་རྣམས་ཀུན་དུ་འབྲོས་བྱེད་ཅིང་། །
འཆི་བར་གྱུར་ཏེ་ཐེ་ཚོམ་མེད། །ལག་གཉིས་ཕན་ཚུན་བསྣོལ་ནས་སུ། །གཡོན་པ་བརྐྱང་བར་རབ་སྦྱར་ཏེ། །ཕྱོགས་རྣམས་ཀུན་དུ་བསྐོར་བར་བྱ། །དེ་ནས་རྐང་པས་ཡང་མནན་ནོ། །སྐྲག་བྱེད་འདི་ནི་སྐྲག་པ་ཆེ། །བགེགས་རྣམས་ཐམས་ཅད་བཟློག་པ་སྟེ། །སྐྲག་པས་རྣམ་པར་ཕུང་འགྱུར་
ཞིང་། །འཆི་བར་གྱུར་ཏེ་ཐེ་ཚོམ་མེད། །དེ་ནས་རྐང་པའི་ཚུལ་གྱིས་ཀྱང་། །མིག་ནི་ཐུར་དུ་བལྟ་བྱས་ལ། །ལག་པ་གཡས་པ་བསྒྲེང་ནས་ནི། །གཡོན་པ་བྲང་ལ་བཅར་བྱས་ཏེ། །ལག་པ་ས་ལ་བརྡབས་ནས་ནི། །རྡོ་རྗེའི་ཐལ་མོས་བསྣུན་པར་བྱ། །རྡོ་རྗེ་ཐལ་མོའི་སྟང་སྟབས་སོ། །རྣལ་
འབྱོར་སྟན་ལ་ཡང་འདུག་སྟེ། །མཚོག་མར་ཐལ་མོ་སྦྱར་བྱས་ལ། །རྐང་པ་གཡས་པ་བཏེག་ནས་སུ། །འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར། །འདི་ནི་རླུང་འཆིང་ཆེན་པོ་སྟེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །གལ་ཏེ་རྣམ་འཐོར་རླུང་བྱུང་ཡང་། །དེ་ཡང་མི་གཡོ་འདུག་པར་
འགྱུར། །རླུང་འཆིང་བ་ཡི་སྟང་སྟབས་སོ། །གར་གྱི་ཚུལ་གྱིས་ལེགས་བསླབས་པས། །རྐང་པ་སྤོ་བར་བྱས་པས་ཡང་། །ལག་པ་ཐུར་དུ་སྨད་བྱས་ལ། །ལག་གཉིས་མཐེ་བོ་སྲིན་ལག་སྤྲད། །གཡོན་པ་བརྐྱང་བ་ལེགས་སྦྱར་ཏེ། །ལག་པ་གཡས་པས་གར་བྱའོ། །གར་གྱིས་
བགེགས་རྣམས་ཐམས་ཅད་ནི། །ཤིན་ཏུ་དགའ་བ་སྐྱེ་བར་འགྱུར། །དགའ་བས་སྔགས་པ་དེ་ལ་ནི། །དེ་དག་ཕྱིན་ཅད་བགེགས་མི་བྱེད། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་གཡས་པ་བསྒྲེང་བྱ་སྟེ། །གཡོན་པ་རལ་གྲིའི་ཚུལ་བྱས་ལ། །གཉི་ག་གཅིག་ཏུ་སྦྱར་བར་བྱ། །གལ་

ཏེ་རྡོ་རྗེ་འཆང་གྱུར་ཀྱང་། །བགེགས་རྣམས་ཐམས་ཅད་དྲང་བར་བྱ། །ཀུན་ནས་ཤིན་ཏུ་དྲངས་ནས་ཀྱང་། །དེ་ནས་ཕྱག་རྒྱ་གཏང་བར་བྱ། །རྡོ་རྗེའི་ཞགས་པས་བཅིང་བྱས་ན། །གནོད་པར་གྱུར་པས་ཀུན་དུ་ཡང་། །ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་། །སེམས་ནི་བློང་ཞེས་གྱུར་པ་ཡིས། །
བློ་ལྡན་ལག་ན་རྡོ་རྗེ་ལ། །ལུང་ནི་ཡོངས་སུ་ནོད་པར་བྱེད། །ཕྱིན་ཅད་བགེགས་ནི་མ་བྱེད་ཅེས། །ལག་ན་རྡོ་རྗེས་ལུང་བསྒོའོ། །རྡོ་རྗེས་གཟིར་བའི་ཕྱག་རྒྱའོ། །སྔགས་པ་ཅི་ལྟར་འདོད་པ་བཞིན། །དེ་ནས་སྙིང་རྗེ་ཡང་བསྐྱེད་དེ། །སྔགས་པས་མཉམ་གཞག་ས་ལ་ནི། །མེ་ཏོག་ཐལ་མོ་སྦྱར་
ནས་སུ། །དེ་ཡི་ཚེ་ན་དེ་དག་ལ། །གང་ཚེ་སྔགས་པ་མཉམ་གཞག་སྟེ། །ཁྱེད་ཅག་བགེགས་ནི་མ་བྱེད་པར། །གནས་སུ་དེང་ཞེས་བརྗོད་པར་བྱ། །གཡས་བརྐྱང་སྟང་སྟབས་བྱས་ནས་སུ། །ལག་པ་གྱེན་དུ་བསྒྲེང་བར་བྱ། །གཡས་དང་གཡོན་པའི་ཚུལ་གྱིས་ཀྱང་། །ཁུ་ཚུར་
མཆན་ཁུང་གཉིས་སུ་གཞག །ཧཱུཾ་ཞེས་བྱ་བའི་སྒྲ་ལྡན་པ། །སྔགས་པ་དྲག་པོའི་ལས་བྱེད་པས། །ཕྱོགས་རྣམས་ཐམས་ཅད་ཀུན་ནས་ཀྱང་། །རྡོ་རྗེ་གཟིར་བས་གཟིར་བར་བྱ། །གཞན་ཡང་གང་དག་ལོག་འདྲེན་བགེགས། །སྲིན་པོ་གང་དག་གྲགས་པ་དང་། །རྒོད་མ་རྟ་ཡི་ཁ་
གདངས་པར། །དེ་དག་ཐམས་ཅད་གཟིར་གྱུར་ཅིག །རྡོ་རྗེ་གཟིར་བའི་ཕྱག་རྒྱ་ཡིས། །གཟིར་ནས་དེ་དག་ལྷགས་གྱུར་ཏེ། །ཤིན་ཏུ་མི་བཟད་འདར་བྱེད་ཅིང་། །སྲོག་ཟད་གྱུར་ན་མི་རུང་གིས། །ཅི་འཚལ་བཀའ་ནི་མྱུར་གསོལ་ཅེས། །བསྒོ་བའི་ལུང་ནི་ནད་པར་བྱེད། །སྔགས་པས་ཅི་
འདོད་ལུང་བཞིན་དུ། །གལ་ཏེ་ལུང་ནི་ནོད་བྱེད་ན། །དེ་ལྟ་ན་ནི་ཐར་བར་འགྱུར། །གཞན་དུ་ན་ནི་ནམ་ཡང་མིན། །ཤིན་ཏུ་མི་བཟད་གཟིར་བས་ན། །ཁྱོད་ནི་ཅི་བཞེད་དེ་བཞིན་དུ། །བགྱིད་ཀྱིས་བཀའ་ལུང་སྩོལ་ཅིག་ཅེས། །དེ་ཚེ་དེ་དག་དེ་སྐད་སྨྲ། །མཚོག་མར་རྡོ་རྗེ་ཐལ་བཞག་ནས། །དེ་ནས་
དེ་དག་དམ་ཚིག་སྦྱིན། །ས་ལ་བགེགས་ཀྱི་གཟུགས་བྲིས་ལ། །གཡས་པ་བརྐྱང་བས་མནན་ནས་སུ། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཏུབ་པར་བྱ། །གཏུབ་པར་བྱས་པས་དེ་དག་ཀུན། །དེ་ལ་སྐྱབས་སུ་འགྲོ་བར་བྱེད། །སྙིང་རྗེར་ལྡན་པའི་སེམས་ཀྱིས་སུ། །དེ་

ནས་ཕྱག་རྒྱ་གཏང་བར་བྱ། །སྙིང་རྗེའི་སེམས་ཀྱིས་དེ་དག་ལ། །མ་འཇིགས་ཤིག་ཅེས་སྨྲ་བར་བྱ། །སྔགས་པས་དེ་ཡི་འདོད་པ་བཞིན། །དེ་ནས་དེ་དག་རང་གནས་འདོད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་བཀའ་སྩལ་པ།
རིགས་ཀྱི་བུ་དག་ཕྱག་རྒྱ་གསུམ་ཡོད་དེ། གང་ངས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པའི་རྒྱན་གྱི་སྙིང་པོ་ལས་ཕྱག་རྒྱ་གསུམ་ཐོབ་སྟེ། བསྐལ་པ་དུ་མར་དེ་བསྟན་པ་ཙམ་གྱིས་བགེགས་རྣམས་ཀྱིས་ང་ལ་མ་གཙེས་
ཀྱིས་སེམས་རྩེ་གཅིག་ཏུ་བསྒྲིམས་ལ་དེ་ཉོན་ཅིག །གཡས་བརྐྱང་རྐང་སྟབས་བྱས་ནས་སུ། །ལག་པ་གཡོན་པ་སྙིང་གར་བཞག །གཡས་པ་གར་དང་བཅས་པ་ཡིས། །མཚོག་མར་ལེགས་པར་གཞག་པར་བྱ། །བགེགས་རྣམས་རྟག་ཏུ་གཞིག་པ་ཡི། །དམ་ཚིག་འདི་ནི་བརྗོད་པ་ཡིན། །
འདི་ནི་བསྟན་པ་ཙམ་གྱིས་ཀྱང་། །འབྲོས་པར་འགྱུར་ཏེ་ཐེ་ཙོམ་མེད། །ཕྱིར་ཟློག་པ་ནི་ཡང་བྱས་ལ། །ས་ལ་ལག་པ་བརྡབ་པར་བྱ། །ལག་པ་གཉིས་ནི་བཏེག་ནས་སུ། །དེ་ཚེ་མཁུར་བ་བུད་པར་བྱ། །རྡོ་རྗེའི་ཕྱག་རྒྱ་བཅིང་བས་ན། །དེ་ཚེ་བགེགས་རྣམས་བཅོམ་པར་འགྱུར། །རྡོ་རྗེ་ཅན་ནི་ཉིད་
གྱུར་ཀྱང་། །རྡོ་རྗེའི་ཕྱག་རྒྱས་བཅོམ་འགྱུར་ན། །མཐོང་བ་ཙམ་གྱིས་བགེགས་རྣམས་ཀུན། །ཕུང་བར་གྱུར་པ་སྨོས་ཅི་དགོས། །སྔགས་པ་ཤར་ཕྱོགས་བལྟས་འདུག་ལ། །ལག་པ་གཡས་པ་དཀུར་བརྟེན་ཏེ། །གཡོན་པ་བརྐྱང་བ་ལེགས་བྱས་ལ། །གཡོན་པས་ཐམས་ཅད་དགུག་
པར་བྱ། །ས་བཅུར་གནས་པ་ཀུན་ཀྱང་དགུག །ཐམས་ཅད་ནས་ནི་བཀུག་ནས་སུ། རྡོ་རྗེའི་ཕྱག་རྒྱས་བསྣུན་པར་བྱ། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། །དེ་ཡི་མོད་ལ་ཕྱེ་མར་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ།
ལག་ན་རྡོ་རྗེ་ངའི་སློབ་མ་རྣམས་མ་གཏོགས་པར་ཁྱོད་ཀྱིས་སུ་ལ་བསྙད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མ་དད་པ་དེ་དག་ནི་ཚུལ་འདི་ལ་ཡིད་མི་ཆེས་ཤིང་དེ་དག་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་བས། དེ་དག་གི་རྣ་ལམ་དུ་ཡང་བསྒྲག་པར་མི་བྱ་

ན་ཕྱག་རྒྱ་ལྟ་ཅི་སྨོས། གསང་བ་པའི་བདག་པོ་དེ་ལ་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་མཚན་ཉིད་ཤེས་ནས་སྦྱིན་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་
སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཤིག །གསང་བ་པའི་བདག་པོ་འོན་ཀྱང་ཅུང་ཞིག་བརྗོད་པར་བྱའི། དཔའ་བོ་བསྒྲིམས་ཏེ་
དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་དུ། །དེ་ལ་ནམ་ཡང་བརྙས་མི་བྱ། །གསང་བ་པའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་
བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་བཞིན་དུའོ། །དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགའ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ལག་ན་རྡོ་རྗེ་དབང་བསྐུར་བའི་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སྟང་སྟབས་ཀྱི་རིམ་པར་
ཕྱེ་བ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ཆེན་པོས་བདག་ཉིད་རྒྱས་པ་དེ་དག་གི་ཚིག་གི་འཁོར་ལོའི་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཡངས་པ་ལ་དམིགས་ནས་འཇུག་
ཅིང་། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བདག་ཉིད་བྱིན་གྱིས་བརླབས་ནས། སངས་རྒྱས་འབྱུང་བ་མངོན་དུ་བྱེད་ཅིང་སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་
ནས་དེའི་མོད་ལ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས། ཡེ་ཤེས་ཤིན་ཏུ་རྒྱས་པ་དཔག་ཏུ་མེད་པ་བསྒྲུབ་པའི་དོན་དུ་ཐུགས་སུ་ཆུད་ནས་དེ་དག་ཉིད་ན་བཞུགས་བཞིན་དུ་ཕྱག་བརྐྱང་སྟེ་ལག་ན་རྡོ་རྗེའི་སྤྱི་བོར་བཞག་གོ། །བཞག་ནས་ལག་ན་རྡོ་

རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །རྡོ་རྗེ་ཡེ་ཤེས་རྫོགས་བྱེད་པ། །ཁྱེད་ནི་སངས་རྒྱས་བྱས་པ་གཟོ། །སངས་རྒྱས་སྲས་པོ་རྫུ་འཕྲུལ་ཆེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །དམ་པ་གསང་བ་ཁྱོད་ཀྱིས་ཤོད། །
གཟུངས་སྔགས་ཚུལ་དུ་དགོད་བྱོས་ལ། །གང་དུ་ཞུགས་མ་ཐག་ཏུ་ནི། །སྡིག་པ་ཐམས་ཅད་མེད་གྱུར་པ། །དཀྱིལ་འཁོར་འདིར་ནི་བཤད་པར་གྱིས། །དེ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དེ་དག་ཐམས་ཅད་ཕྱག་སླར་བསྐུམས་སོ། །དེ་ནས་ལག་
ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་མ། སྡིག་པ་ཐམས་ཅད་བྱང་བར་བྱེད་མ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་མ། བགེགས་ཐམས་ཅད་རྣམ་པར་འཇིག་པར་བྱེད་མ། ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་མ། གཟུངས་སྔགས་ཆེན་མོའི་
མཆོག་འདི་སྨྲས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཧེ་བུད་དྷ་མ་ཏི་རི། སརྦ་བཱ་པ་ནི་ཥ་ཎི། གརྫ་གརྫ། བྷཉྫ་བྷཉྫ། མརྡ་མརྡ། གམྦྷཱི་རི། གམྦྷཱིར། ཧ་ས་ཧ་ས། ད་མ་ད་མ། མ་ཐ་མ་ཐ། བི་དྷྭ་ནས་ཡ་བིདྷྭ་ན་ས་ཡ། སརྦ་ཤ་ཏྲཱུཾ་ཏ་ར་མ་ཏི། བི་མ་ལེ། པཱུར་ཡ་པཱུར་ཡ།
པྲ་ཏི་ཛྙཱ་ན། སརྦ་བྷཱུ་ཏ། རཱུ་པ་སི་ཏེ། བྷ་ག་བ་ཏི། ག་ན་ག་ན། ཛ་ཧི་ཛ་ཧི། བི་མ་ལ་ས་ནི། ཀྲ་མ་ཎི། ཧ་ད་བ་ནི། ར་མ་ཎི། མ་ཏཾ་གི་ཀེ་སྭཱ་ཧཱ། ལག་ན་རྡོ་རྗེས་གཟུངས་སྔགས་གསང་བ་འདི་སྨྲས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ས་ཆེན་པོ་འདི་འགུལ་ལོ། །འུར་འུར་རབ་ཏུ་འུར་འུར་རོ། །ལྡེག་རབ་ཏུ་ལྡེག་
གོ །ལྷོ་ཕྱོགས་མཐོ་ན་ནུབ་ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན་ཤར་ཕྱོགས་དམའོ། །ཉི་མ་དང་ཟླ་བ་ཡང་ས་ལ་ལྷུང་ངོ་། །རིག་སྔགས་འཆང་རྣམས་ཀྱང་ལྷུང་ངོ་། །བྱང་ཆུབ་སེམས་དཔའ་གང་དག་གཟུངས་ཐམས་ཅད་ལ་དབང་ཐོབ་པ་དེ་དག་ཀྱང་མོག་མོག་པོར་གྱུར་ཏོ། །ཐམས་ཅད་
དང་ལྡན་པའི་འཁོར་དེ་ཡང་བློང་བློང་པོར་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡིད་ཀྱིས་ཕྱག་འཚལ་ཞིང་གནས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་བླང་བླང་པོར་གྱུར་པ་མཐོང་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་དག་ཁྱོད་ཀྱིས་ཡེ་ཤེས་

ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཆེན་མོ་དྲན་པར་གྱིས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་གཟུངས་འདི་ནི་མཐུ་ཆེན་པོ་ནི་ཡིན་ན། སྒྲུབ་པ་པོ་གང་ལ་ལ་ཞིག་འདི་འཛིན་པ་དང་།
ཡིད་ལ་བྱེད་པ་དང་། མཆོད་པ་བྱེད་པའི་མཐུ་ཅི་ལྟ་བུར་རིག་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གཟུངས་སྔགས་འདིའི་མཐུའམ། ནུས་མཐུའམ་མཐུ་
བསྒྱིངས་པ་ཅི་འདྲའོ། །འཇམ་དཔལ་ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་
ནས། བཅོམ་ལྡན་འདས་དེས་ཐམས་ཅད་འབྱུང་བ་ཞེས་བྱ་བའི་གཟུངས་སྔགས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཏོག་ལ་འཛིན་དུ་གཞུག་པའི་ཕྱིར་བྱིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལ་བྱིན་མ་ཐག་ཏུ། དེའི་མོད་ལ་གཟུངས་སྔགས་འདིའི་
མཐུས་དེའི་སྤུའི་ཁུང་བུ་ཐམས་ཅད་ནས་སངས་རྒྱས་ཀྱི་གཟུགས་རྣམས་བྱུང་ཞིང་ཞུགས་ཏེ། མཐའ་རྟོགས་པར་ནི་མི་ནུས་སོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་མ་གཏོགས་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གཟུངས་ཐམས་ཅད་
ལ་དབང་ཐོབ་པ་དེ་དག་གིས་ཀྱང་འདི་ཅི་འདྲ་བ་ཡིན་ཞེས་བསྟན་པར་མི་ནུས་སོ། །དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས་ནམ་མཁའི་དཀྱིལ་འཁོར་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་ནས་གནས་ཏེ། དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འོད་ཟེར་གྱིས་དབང་བསྐུར་ནས་སྐུ་དེ་ཉིད་དུ་ཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་སྔགས་ཆེན་པོ་འདི་ཉིད་ཀྱི་མཐུས་སོ། །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་

ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བ་ཡིན་ན། ཁྱོད་ཀྱིས་ཀྱང་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བསྟན་པའི་ཕྱིར།
གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤོད་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དོན་ཡོད་པར་གྲུབ་པར་བྱ་བའི་ཕྱིར། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་གང་དག་གཟུངས་སྔགས་ཀྱི་ཚུལ་དུ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དག་ཉོན་ཅིག །དེ་དག་གང་ཞེ་ན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཨ་མ་རི། ཨ་མ་རི།
ཊ་ཏ། བཉྫ། ཛྷ་ཛྷ། མི་ཙི་མི་ཙི། སྥོ་ཊ་སྥོ་ཊ། མ་ཏ་མ་ཏ། དུ་ར་དཱ་ནྟ་དམ་ཀ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཧེ་ཧེ། ཀ་ཎི་ཊི་ཀ་ནི་ཏི། སརྦ་ཏ་ཐཱ་ག་ཏ་བ་ན་ཀེ །བོ་ད་ནྡི་དེ། ཏྲ་ཊ་ཊ་ཏྲ་ཊ་ཊ། ཧཱུཾ་ཕཊ་ཧཱུཾ་ཕཊ། གརྫ་གརྫ། བར་མ་ཏི། བི་ཧཱུཾ་རི་ཀ་སྭཱ་ཧཱ། ན་
མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། བྷ་ག་བ་ཏེ། པྲཛྙཱ་པཱ་ར་མི་ཏཱ་ཨཱ། སརྦ་པཱ་པཀྵ་ཡཾ་ཀ་རི། ཛྙཱ་ན་ཨ་པ་སྥ་ར་ཎི། བྷཉྫ་བྷཉྫ། མ་ཐ་མ་ཐ། ད་མ་ད་མ། ཨཱ་ན་ཡ། ཨཱ་ན་ཡ། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། སརྦ་བྷཱུ་ཏེ་ཛ་ན་ཏྲི་ཡེ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་
མུ་ཁེ་བྷྱཿ། སརྦཐཱ། གརྫ་གརྫ། མ་ཐ་མ་ཐ། ཧཱ་མ་ཧཱ་མ། བྷཉྫ་བྷཉྫ། དུནྡུ་བྷི་སྭ་ར་ནིར་གྷོ་ཥེ། ཧ་ན་ཧ་ན། བི་དྷྭན་ས་ཡ་བི་དྷྭན་ས་ཡ། མོཊ་ཡ་མོཊ་ཡ། ད་ཧ་ད་ཧ། བི་པུ་ལ་ནི་རྨ་ལ་ནི་ར་ཛཱ་ཏེ། ཨཱ་ཧ་ར་ཨཱ་ཧ་ར། ཨཱ་གཙྪ་ཨཱ་གཙྪ། སརྦ་བུད་དྷ་ས་རཱུ་པ་པི་ཏེ་མཱ་བི་ལཾ་བ་སྭཱ་ཧཱ། འཇམ་དཔལ་
གཟུངས་སྔགས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ཕྱུག་མ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་མ། བྱང་ཆུབ་ཀྱི་སྙིང་