Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད

Văn bản gốc(Tây Tạng)

Trang 7 / 20 (50.000 ký tự/trang)
སྦྱིན་དང་མ་འདྲེས་པའི་ཚོན་རྣམས་
ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆར་རྒྱས་རྒྱལ་བའི་དབང་པོ་འདྲིར་གཞུག་སྟེ། པདྨ་དཀར་པོའི་གདན་ལ་བཞུགས་པ། གསེར་གྱི་མདོག་ཅན་མཚན་ཐམས་ཅད་དང་ལྡན་པ། ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་པ། ཁ་དོག་དུ་མའི་འོད་ཟེར་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བ། གཙུག་ཏོར་ནས་འོད་ཟེར་ཆེན་པོ་འབྱུང་བ་ཞལ་ཡིད་ཙམ་འཛུམ་པར་བྱའོ། །དེའི་འོག་རོལ་དུ་དམ་པ་སྦྱིན་པའི་རྡོ་རྗེ་གུར་གུམ་གྱི་མདོག་ཅན་དར་རམ་རས་ཀྱི་སྨད་གཡོགས་གྱོན་པ། དར་ལའི་
བླ་གོས་བགོས་པ། མགོ་ལ་ཕུད་པུ་ལྔ་དང་བཅས་པ་པུས་མོ་བཙུགས་པ་པདྨ་དཀར་པོའི་གདན་ལ་འདུག་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་པ་གཡས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ། གཡོན་པ་ན་རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་འཛིན་པ།
གཞོན་ནུའི་གཟུགས་ཅན་དེ་བཞིན་གཤེགས་པའི་འོད་ཟེར་དེའི་མགོ་ལ་འབབ་ཅིང་དེ་དག་གི་ལུས་སྣང་བར་བྱས་ལ་རང་གི་འོད་ཀྱི་དྲ་བའི་དབུས་ན་འདུག་པ། བཅོམ་ལྡན་འདས་ལ་བལྟ་བ་ནི་རིན་པོ་ཆེའི་རི་ཆེན་པོ་ལ་རིན་པོ་ཆེའི་ཕུག་ན་འདུག་པ་བྲིའོ། །རིན་པོ་ཆེའི་རི་དེ་ཡང་དུས་
ཐམས་ཅད་པའི་མེ་ཏོག་གི་ཤིང་ལྗོན་པས་བརྒྱན་པ་བྲིའོ། །འོག་ཏུ་ནི་རྒྱ་མཚོ་ཆེན་པོ་བྲིའོ། །རས་གཅིག་ལ་དམ་པ་སྦྱིན་པའི་རྡོ་རྗེ་རིན་པོ་ཆེའི་རི་ཆེན་པོ་ལ་རིན་པོ་ཆེའི་ཕུག་ན་སྐྱིལ་མོ་ཀྲུང་དུ་འདུག་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། གཞོན་ནུའི་གཟུགས་ཅན་
དར་རམ་རས་ཀྱི་ཤམ་ཐབས་གྱོན་པ། དར་ལའི་སྟོད་གཡོགས་བགོས་པ། ལག་པ་གཡོན་པ་ན་རྡོ་རྗེ་འབར་བ་དང་བཅས་པའི་ཨུཏྤ་ལ་ཐོགས་པ། རང་གི་འོད་ཀྱི་དྲ་བའི་ནང་ན་འདུག་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བྲིའོ། །དེའི་སྙིང་གར་སྙིང་པོ་ཞི་བའི་
ཆ་བྱད་འཛིན་པ། མེ་ལྕེ་འབར་བ་ལང་ལོང་དུ་འདུག་པར་གྱུར་པ་འོད་སྟོན་ཟླའི་འོད་ཟེར་དང་འདྲ་བ། ལག་པ་གཡས་པ་ན་དམ་པ་སྦྱིན་པ། གཡོན་པ་ན་རྡོ་རྗེ་ཐོགས་པ། གོས་དཀར་པོ་གྱོན་པ། ལག་པ་གཡས་པའི་སོར་མོ་ལས་ཆུའི་རྒྱུན་འཛག་པར་བྲིའོ། །དེའི་འོག་རོལ་
དུ་སྒྲུབ་པ་པོ་ཆ་བྱད་ཅི་ལྟར་འཛིན་པ་བཞིན་དུ་བྲིའོ། །ལག་ན་པོག་ཕོར་ཐོགས་ཤིང་པུས་མོ་བཙུགས་པར་བྲིའོ། །དབེན་པར་དེའི་མདུན་དུ་ཅི་འབྱོར་པས་མཆོད་པ་རྒྱ་ཆེན་པོར་བྱས་ཏེ། ལན་སུམ་འབུམ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །རི་མོའི་གཟུགས་འདི་

མཐོང་བ་ཙམ་གྱིས། སྡིག་པ་ཀུན་ལས་རྣམ་པར་གྲོལ། །བསྒྲུབ་པའི་རྫས་གང་ཅི་ཡིན་པ། །དེ་དག་ཐམས་ཅད་ངེས་པར་འགྲུབ། །གང་ཞིག་སྡིག་པའི་ལས་རྣམས་ཀྱིས། །གདོལ་པའི་སྐྱེ་གནས་སྐྱེས་གྱུར་ཀྱང་། །སྔོན་གྱི་སྡིག་པའི་ལས་རྣམས་ལས། །དེ་ཡི་
མོད་ལ་སྐྱེ་བོ་གྲོལ། །རི་མོའི་གཟུགས་འདིའི་མདུན་དུ་ནི། །ལས་རྣམས་ཐམས་ཅད་གྲུབ་འགྱུར་རོ། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་ལ་ཅི་ཡང་དཀོན་པ་མེད། །རི་མོ་མཐོང་ན་རྟག་ཏུ་ཡང་། །ཚེ་དང་དེ་བཞིན་དཔལ་དང་ནི། །ནོར་དང་གྲགས་པ་ལྡན་པར་འགྱུར། །སྐལ་བ་བཟང་
ཞིང་མཁས་པར་འོང་། །ཞི་བའི་བློ་གྲོས་ཀྱིས་སྨྲས་པ། དམ་པ་སྦྱིན་པའི་རྡོ་རྗེ་གང་དག་རི་མོའི་གཟུགས་འདི་ལ་དད་པར་བྱེད་པའི་སེམས་ཅན་དག་ནི་ཤིན་ཏུ་དཀོན་ནོ། །དམ་པ་སྦྱིན་པའི་རྡོ་རྗེ་གང་དག་དཀྱིལ་འཁོར་ཆེན་པོ་ལ་འཇུག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་ཀྱི་ཚུལ་འདི་ཉིད་ཉན་པ་
དང་། འཇུག་པ་དེ་དག་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་ན། གང་དག་ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་དེ་དག་ལྟ་ཅི་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འགྱུར་རོ། །འཇམ་
དཔལ་གྱིས་སྨྲས་པ། ཞི་བའི་བློ་གྲོས་དེ་དེ་བཞིན་ཏེ། ཇི་སྐད་སྨས་པ་དེ་བཞིན་ནོ། །གང་དག་ཚུལ་འདི་ཉན་པ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཞི་བའི་བློ་གྲོས་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི། དཀྱིལ་འཁོར་ཆེན་པོ་འཁོར་ལོའི་དཀྱིལ་འཁོར་མངོན་པར་རྟོགས་པ་ཆེན་
པོ་མཐོང་བའམ་རྣ་ལམ་དུ་ཐོས་པར་ཡང་མི་འགྱུར་རོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ནི། དགེ་བའི་རྩ་བ་ངན་དོན་དང་ལྡན་པ་རྣམས་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་
བྱ་བའི་ཕྱིར་མཐོང་བའི་ལམ་དུ་མི་འགྱུར་གྱི། ཞི་བའི་བློ་གྲོས་རིན་པོ་ཆེའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་དེ་ནི། སེམས་ཅན་དགེ་བའི་རྩ་བ་དུ་མ་དང་ལྡན་པ་དེ་དག་ལ་མཐོང་བ་དང་། རེག་པས་ཀྱང་ཅི་ལྟར་བསམས་པ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་སྐལ་བ་ཅན་དུ་འགྱུར་རོ། །

ཞི་བའི་བློ་གྲོས་ཆོས་ཀྱི་རྣམ་གྲངས་འདི་ཡང་དེ་བཞིན་དུ་བལྟ་བར་བྱའོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བརྒྱད་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་
གཞན་ཡང་རང་གི་དམ་བཅས་བའི་གསང་སྔགས་ཀྱི་རྒྱལ་པོ་བསྒྲུབ་པ་ནི་འདི་ཡིན་ཏེ། ཆོ་ག་སྔ་མ་བཞིན་དུ་རིའི་རྩེ་མོར་སོང་ལ་རང་གི་གནས་ན་གནས་པ། མི་སྨྲ་བར་དུས་གསུམ་དུ་ཁྲུས་བྱེད་པ། གོས་ལན་གསུམ་བརྗེས་པས་ཡི་གེ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཟླ་བ་ཉ་
ལ་ཅི་འབྱོར་པས་མཆོད་དེ། རྫས་གང་ཡང་རུང་བ་ཞིག་བླངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ངེས་པར་འགྲུབ་པར་འགྱུར་ཏེ། སྔ་མ་བཞིན་དུ་རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་། ལྷའི་བུ་མོ་བྱེ་བ་ཕྲག་སྟོང་སིལ་སྙན་དང་ཕེག་རྡོ་བ་བ་མངོན་དུ་
སྟོན་ཅིང་། འཇིག་རྟེན་གྱི་ཁམས་དུ་མར་རྒྱུ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ། སྤྲུལ་པ་དུ་མ་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ། ཡིད་བཞིན་གྱི་ནོར་བུ་དང་འདྲ་བ། འདོད་ན་མཆི་བ། སྨོན་ལམ་ལས་ངེས་པར་སྐྱེས་པ། སྒྲ་
མཐའ་ཡས་པ་སྒྲོགས་པའི་དབྱངས་ཀྱི་གཟུངས་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་རྟོགས་པར་ཁོང་དུ་ཆུད་པ། ཉི་མ་ཤར་བ་ལྟ་བུའི་མདོག་ཅན་ཡིད་ལྟར་མགྱོགས་པར་འགྱུར་ཏེ། སྔ་མའི་ཚུལ་བཞིན་དུ་གང་འདོད་པ་དེ་ངེས་པར་འགྲུབ་བོ། །ཅི་སྟེ་རི་མོའི་གཟུགས་འགྲུབ་
པར་འདོད་ན་ཆོ་ག་སྔ་མ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མེ་ཏོག་ལྡན་ན་བཞུགས་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་ལ་ཞུགས་པ། སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་ཆོས་འཆད་པ། གསེར་གྱི་མདོག་ཅན་མཚན་ཐམས་ཅད་དང་ལྡན་པ། གཙུག་ཏོར་ནས་བྱུང་བའི་
འོད་ཟེར་རྣམས་ཀྱིས་ཀུན་དུ་སྣང་བར་བྲི་བར་བྱའོ། །བྱང་ཆུབ་ཀྱི་ཤིང་དྲུང་ན་གོར་ཤིརྵའི་ཙནྡན་གྱི་བྱང་ཆུབ་ཀྱི་ཤིང་ཐམས་ཅད་དཔག་བསམ་གྱི་ཤིང་ཆེན་པོ་ལྟར་ལེགས་པར་བརྒྱན་པར་བྱའོ། །བཀོད་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་འཇིག་རྟེན་གྱི་ཁམས་བྲི་བར་བྱའོ། །

དེའི་གཡས་རོལ་དུ་བྱང་ཆུབ་སེམས་དཔའ་གསེར་གྱི་མེ་ཏོག་བརྩེགས་ཞེས་བྱ་བ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཟུང་བ། ལག་ན་རྔ་ཡབ་ཐོགས་པ། གོས་ཚི་གུ་གྱོན་པར་བྲིའོ། །གཡོན་རོལ་དུ་བྱང་ཆུབ་སེམས་དཔའ་ཙནྡན་བརྩེགས་ཞེས་
བྱ་བ་པྲི་ཡང་ཀུའི་མེ་ཏོག་ལྟ་བུའི་སྔོ་བསངས་པའི་གོས་ཚིག་གུ་གྱོན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་ན་རྔ་ཡབ་ཐོགས་པ་བྲི་བར་བྱའོ། །འོག་རོལ་དུ་ཉན་ཐོས་ཆེན་པོ་བརྒྱད་བྲི་བར་བྱ་སྟེ། བརྟན་པས་བྱིན་པ་དང་། ཡངས་པས་བྱིན་པ་དང་། སྙིང་པོས་བྱིན་པ་
དང་། རྒྱལ་བའི་བློ་གྲོས་དང་། དྲི་མ་མེད་པར་བྱིན་པ་དང་། སངས་རྒྱས་སྲུང་དང་། ཚོགས་ཀྱིས་བྱིན་དང་། བློ་གྲོས་བཟང་པོ་རྣམས་སོ། །གཡས་ངོས་སུ་བྱང་ཆུབ་སེམས་དཔའ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དབྱིབས་ཐ་དད་པ། ཆ་བྱད་ཐ་དད་པ། ཁ་དོག་ཐ་དད་པ་
བརྒྱད་བྲི་བར་བྱའོ། །སྟེང་དུ་རིག་སྔགས་འཆང་ལུས་སྤྲིན་གྱི་ནང་དུ་ཆུད་ཅིང་མེ་ཏོག་གི་ཆར་འབེབས་པ་དག་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་འོག་ཏུ་རིག་སྔགས་འཆང་གཞོན་ནུའི་གཟུགས་འཛིན་ལ་མཁྲེགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་ན་ཨུཏྤ་ལ་ཐོགས་པ། པུས་
མོ་བཙུགས་པ། ཕུད་བུ་ལྔ་བཅས་པ། བཀའ་ནོད་པ། འབར་བ་དང་བཅས་པ། བཞིན་ཡིད་ཙམ་འཛུམ་པ། དེ་བཞིན་གཤེགས་པའི་ངོ་བོ་འོད་ཟེར་གྱིས་ཡོངས་སུ་བསྐོར་བར་བྲི་བར་བྱའོ། །དེའི་མདུན་དུ་ལན་ས་ཡ་བཟླས་བརྗོད་བྱ་སྟེ། སྔ་མ་བཞིན་དུ་སྙིང་པོ་དམ་པའི་ཆོ་ག་
དང་སྦྱར་བར་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་བྱེད་དོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཉམས་པར་མི་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །ཞི་བའི་བློ་གྲོས་ཅི་སྟེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའི་འབྱོར་པ་འདོད་ཅིང་སྙིང་པོ་གང་ཡང་རུང་
བ་ཞིག་བསྒྲུབ་པར་འདོད་ན། དཀྱིལ་འཁོར་མཐོང་བ་དེས་གང་ཡང་རུང་བ་ཞིག་ཆོ་ག་སྔ་མ་བཞིན་དུ་བླངས་ལ། དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ལ་བཀྲུས་ཏེ་རྗེས་ལ་བྱུགས་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་ལན་དྲུག་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཐ་མར་ཅི་

འབྱོར་པས་མཆོད་དེ་ཤུ་ཏི་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་དག་གིས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན་བློན་པོ་ཆེན་པོའི་ཐབས་ཐོབ་པར་འགྱུར་རོ། །མ་གྲུབ་ན་ལས་རྣམས་སུ་འགྱུར་ཏེ་ཡུལ་གྲུ་སྦྱིན་པར་བྱེད་དོ། །རྒྱ་མཚོར་འབབ་པའི་ཆུར་མིད་པ་ནུབ་ཙམ་དུ་ཞུགས་ལ་སྙིང་པོ་དམ་པ་དང་
ལྷན་ཅིག་ཏུ་ལན་སུམ་འབུམ་བཟླས་བརྗོད་བྱས་ན་གཏེར་མཐོང་བར་འགྱུར་རོ། །གུ་གུལ་གྱི་ཡམ་སྲེག་ཤིང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། གྲོང་དམ་པ་བརྒྱད་སྦྱིན་པར་བྱེད་དོ། །ལྷ་མ་ཡིན་གྱི་ཁུང་སྒོར་ཟས་མི་ཟ་བར་སྐེ་ཚེའི་འབྲུ་དང་ལན་ཚྭ་སྲེག་བླུགས་རྡོ་རྗེ་མཐའ་དང་བྲལ་བའི་
སྙིང་པོ་དང་ལྷན་ཅིག་ཏུ་ལན་འབུམ་སྦྱིན་སྲེག་བྱས་ན། ལྷ་མ་ཡིན་གྱི་བུ་མོ་རྣམས་བྱུང་ནས་འཇུག་པར་བྱེད་དེ་གང་འདོད་པ་སྦྱིན་པར་བྱེད་དོ། །ཅི་སྟེ་བ་འབྱུང་བར་འདོད་ན་གྲོག་མཁར་རམ་ཆུ་འདུས་སུ་ཉིན་གཅིག་བཞིན་དུ་བའི་རྣམ་ལྔ་ཟ་ཞིང་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་སྙིང་པོ་འདི་ལན་སུམ་ཁྲི་
བཟླས་བརྗོད་བྱའོ། །དེ་ནས་ཅི་འབྱོར་པས་མཆོད་དེ་འབྲས་སཱ་ལུའི་ཕྱེ་ལས་སོར་བཞི་ཚད་ཀྱི་བ་མ་སྨད་བྱས་ལ་བ་རུ་ནའི་ཤིང་གི་མེ་བུས་ཏེ། ལན་ལྔ་ཁྲི་སྦྱིན་སྲེག་བྱས་ནས་ནམ་ཕྱེད་དམ་ཉི་མ་ཤར་ཀར་དེ་ཉིད་དུ་བདག་ལ་རྩེ་ཞིང་བྱུང་སྟེ། རྡོ་རྗེ་དྲག་པོའི་སྙིང་པོས་སྔགས་བཏབ་པའི་ཆུས་
གཏོར་ན་མི་འགུལ་བར་འགྱུར་རོ། རིན་ལ་མི་བརྩེགས་པར་དྲི་ཞིམ་ཞེས་མིང་བཏགས་པའི་བ་ཉོས་ལ་ཉིན་གཅིག་བཞིན་བྱབ་པར་བྱའོ། །ཟླ་བ་རེ་རེ་ཞིང་ཐང་ཤིང་བདར་བ་དང་བསྲེས་པའི་ཆུས་བུམ་པ་བཀང་ལ་བ་ལ་སྤོས་དང་མེ་ཏོག་གིས་མཆོད་པས་མཆོད་ན་བ་བརྒྱ་སྟོང་དུ་འཕེལ་བར་འགྱུར་
ཏེ་ཐེ་ཙོམ་མེད་དོ། །དེ་བཞིན་དུ་རྟ་དང་། གླང་པོ་ཆེ་དང་། རྔ་མོ་དང་། ལུག་དང་། མ་ཧེ་འབྱུང་བར་འདོད་ན་ཉིན་གཅིག་བཞིན་དུ་གླ་བའི་ཤིང་གི་མེ་བུས་ལ། ནས་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་བྱས་ན་འབྱུང་བར་འགྱུར་རོ། །ཟས་ཀྱི་སྦྱིན་སྲེག་བྱས་ན་ཟས་འབྱུང་བར་འགྱུར་རོ། །
འབྲས་དང་མར་བསྲེས་པའི་སྦྱིན་སྲེག་བྱས་ན་ཟས་མི་ཟད་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འབྲུ་ཐམས་ཅད་སྦྱིན་སྲེག་བྱས་ན་འབྲུ་ཐམས་ཅད་འབྱུང་བར་འགྱུར་ཏེ། གང་སྦྱིན་སྲེག་བྱས་པ་དེ་འབྱུང་བར་འགྱུར་རོ། །ཁ་བཞིན་ལ་སྔགས་ཀྱིས་བཏབ་ན་རྟག་ཏུ་ལན་ཐེབས་པར་འགྱུར་རོ། །

ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་མཆོད་པ་བྱས་ལ་ཤུ་དག་དཀར་པོ་བླངས་ཏེ་ཁར་བཅུག་ལ་ཟླ་བ་ལ་བལྟ་ཞིང་། ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ་དེ་ཟོས་ན་ཐོས་པ་འཛིན་པར་འགྱུར་རོ། །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་སེར་མོ་མ་སྨད་སྤུ་མཐུན་པའི་འོ་མ་བླངས་ལ། བ་ལང་
གི་ལྕི་བས་དཀྱིལ་འཁོར་བསྐུས་ཏེ། ཅི་འབྱོར་པས་མཆོད་ལ་ཟླ་བ་ལ་བལྟ་ཞིང་མར་འབྱུང་གི་བར་དུ་བསྲུབས་ཏེ་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ལ་བག་ཚ་བ་མེད་པར་འགྱུར་རོ། །རའི་འོ་མ་དང་སྦྲང་རྩི་བསྲེས་པ་ལན་བརྒྱད་བརྒྱ་སྔགས་ཀྱིས་
བཏབ་སྟེ་འཐུངས་ན་གཅོང་ཆེན་པོ་འཚོ་བར་འགྱུར་རོ། །མར་ལ་ལན་བརྒྱད་བརྒྱ་སྔགས་ཀྱིས་བཏབ་སྟེ་འཐུངས་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྨན་གང་ཡང་རུང་བ་ལ་ལན་ཅིག་སྔགས་ཀྱིས་བཏབ་སྟེ་ཟོས་ན་ནད་མེད་པར་འགྱུར་རོ། །ཉིན་གཅིག་བཞིན་བཟླས་བརྗོད་བྱེད་ན་སྐལ་བ་
བཟང་པོར་འགྱུར་རོ། །ཨ་པ་མརྒའི་སྲེག་བླུགས་ཉིན་གཅིག་བཞིན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །སྤོས་སམ་མེ་ཏོག་ལ་སྔགས་ཀྱིས་བཏབ་སྟེ། སུ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཨ་ཐ་རཱ་ཛ་ནི་མ་བ་ཤྭ་ཀ་རྟུ་ཀ་མོ་གཽ་ར་ས་རི་ཤ་པ་ཀུ་ཀུ་མ་སཾ་མི་ཤི་
ར་ནི་ར་ཧཱ་རོ་ལ་ཀྐྷཾཛུ་ཧཱུ་ཡད། རཱ་ཛ་བ་ཤི་བྷ་བ་ཏི། བུད་མེད་དབང་དུ་བྱ་བར་འདོད་ན་མིང་སྨོས་ལ་སྐྱོར་ཆུ་ལ་ལན་ཅིག་སྔགས་ཀྱིས་བཏབ་སྟེ་འཐུངས་ན་དབང་དུ་འགྱུར་རོ། །ཕྱུགས་ཆུང་འདོད་ན་ཤུ་ཏིའི་སྦྱིན་སྲེག་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཕྱུགས་ཆུང་རྙེད་པར་
འགྱུར་རོ། །ཆུ་རྒལ་བར་འདོད་ན་སྐྱེས་བུ་བཅིངས་པ་བྱས་ལ་རྒལ་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་འགྱུར་རོ། །ཅི་སྟེ་དམག་རེངས་པར་བྱེད་འདོད་ན་ལོ་མ་བདུན་པའི་ཤིང་ལས་བེ་ཅོན་སོར་བཅུ་དྲུག་པའི་ཚད་བྱས་ལ། སྤོས་དང་མེ་ཏོག་གིས་མཆོད་པའི་མིང་ནས་སྨོས་ཤིང་པུས་མོ་ནུབ་ཙམ་དུ་
ས་ལ་བཙུགས་ཏེ། དེའི་སྟེང་དུ་ཞག་བདུན་དུ་ཏུ་རུ་སྐའི་འབྲས་བུ་དང་ཡུངས་ཀར་བསྲེས་པ་ལན་འབུམ་སྦྱིན་སྲེག་བྱས་ན་དམག་རེངས་པ་བྱས་པར་འགྱུར་རོ། །ཞི་བའི་བློ་གྲོས་མ་བསྒྲུབས་ཀྱང་དེ་ལ་སོགས་པའི་ལས་རྣམས་སུ་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་རྡོ་རྗེ་མཐའ་དང་བྲལ་

བའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས། སྨྱུང་བ་བྱ་མི་དགོས་པར་དགོན་པ་ཆེན་པོའམ། དུར་ཁྲོད་ཆེན་པོར་སོང་སྟེ། གོས་སྔོན་པོ་བགོས་ལ་ལམ་མི་བཟུར་སློང་མོའི་ཟས་བཟའ་ཞིང་། ང་རྒྱལ་མེད་པར་བྱས་ལ་སྔར་སྙིང་པོ་དམ་པ་འབུམ་བཟླས་
བརྗོད་བྱའོ། །དེས་ན་ཁྲོ་བོ་ཆེན་པོ་འདིའི་སྔར་བསྙེན་པ་བྱེ་བ་བྱས་པར་འགྱུར་རོ། །དེ་ནས་རིའི་རྩེ་མོར་སོང་ལ་ལན་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེར་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ཉི་མ་ཤར་ཀར་ཁྲོ་བོའི་རྒྱལ་པོ་ཉིད་འོང་བར་འགྱུར་ཏེ། འོང་བའི་
མཚན་མ་ནི་སྒྲུབ་པ་པོའི་ལུས་ལས་འོད་ཟེར་འབྱུང་བ་དང་། མིག་གཉིས་གཡོ་བ་དང་། རྐང་ལག་འགུལ་བ་འདི་དག་འབྱུང་སྟེ་མེ་ཏོག་དང་བདུག་པས་མཆོད་པར་བྱའོ། །དེ་ནས་བྱང་ཕྱོགས་སུ་རྔ་སྒྲ་ཆེན་པོ་འབྱུང་ངོ་། །རྔ་སྒྲ་བྱུང་ནས་མཆེ་བ་འཇིགས་སུ་རུང་བར་གཙིགས་ལ་སྐྲ་གྱེན་དུ་འགྲེང་
བ་སྒྲུབ་པ་པོ་ལ་བསྡིགས་པ་ལྟ་བུར་ཁྲོ་བོའི་རྒྱལ་པོ་ཉིད་འོང་བར་འགྱུར་ཏེ། སྒྲུབ་པ་པོས་འཇིགས་པར་མི་བྱའོ། །ཁྲོ་བོ་དེ་མཐོང་བ་ཙམ་གྱིས་རིག་སྔགས་འཆང་དུ་འགྱུར་ཏེ། རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་བསྐོར་བ་དང་། ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་བསྐོར་བར་འགྱུར་རོ། །
རྔ་བརྡུང་བ་དག་དང་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་དུ་འོང་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དམ་པ་ལྔ་སྦྱིན་པར་བྱེད་དོ། །རྒྱལ་སྲིད་དང་། མི་སྣང་བ་དང་། འདོད་འཇོའི་བ་དང་། བུམ་པ་བཟང་པོ་དང་། ཡིད་བཞིན་གྱི་ནོར་བུའོ། །རི་ལ་སོང་སྟེ་ལན་བརྒྱ་སྟོང་བཟླས་བརྗོད་
བྱས་ན་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །རཱ་ཛཱ་ན་མ་བ་ཤི་ཀ་དུ་རྒ་མོ་ས་ལཀྵ་མེ་ཀན་ད་རཱ་ཛཱ་བ་ཤོ་བྷ་བ་ཏི་ཨཱ་དམ་བྷིད་ཏྱ་ཨི་པ་ཨཱ་ཛྙཱ་ཀ་རོ་ཏི། སྣོད་དུ་དབབ་པར་འདོད་ན་ལན་བརྒྱ་སྟོང་དུ་བཟླས་བརྗོད་བྱས་ན་སྣོད་དུ་འབབ་བོ། །གཏེར་དབྱུང་བར་འདོད་ན་ལན་སུམ་འབུམ་བཟླས་བརྗོད་བྱས་ན་གཏེར་
འབྱིན་ནོ། །ཅི་སྟེ་རིལ་བུ་བསྒྲུབ་ན་རྒྱ་སྐྱེགས་དང་ལྡོང་རོས་དང་། འུ་སུའི་འབྲུ་མར་དང་བཏགས་ལ་རིལ་བུ་བྱས་ཏེ་དེ་ནས་ཟངས་ཀྱིས་དཀྲིའོ། །དཀྲིས་ནས་ཀྱང་ཞག་བདུན་བཞག་ལ་རིལ་བུ་གཉིས་སམ་གསུམ་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་ལོ། །གཅིག་ལག་ན་

བཟུང་ན་མི་སྣང་བར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་འདི་ནི་མ་དུལ་བ་འདུལ་བ་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པའི་དཔལ་དང་ལྡན་པའོ། །འདིའི་སྔགས་བཟླས་བརྗོད་བྱས་ལ་རྩ་བ་བཞིའི་ལྟུང་བ་ཡང་བྱང་བར་འགྱུར་ཞིང་། མཚམས་མེད་པ་ལྔ་པོ་
དག་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཅི་སྐད་བཤད་པ་དེ་བཞིན་དུ་བྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས་གང་དག་འདིའི་སྔགས་འཛིན་པ་དེ་དག་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ན། བཟླས་བརྗོད་བྱེད་པ་དང་བསྒྲུབ་པ་ཡིད་ལ་བསམས་པ་ཐམས་
ཅད་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ཅི་སྨོས། ཚེས་བཅུ་བཞིའམ་བཅྭ་ལྔ་གང་གིས་སྨྱུང་བ་བྱས་ཏེ་བཟླས་བརྗོད་བྱས་པ་དེ་བསྐལ་པ་བཞིར་འཁོར་བ་ཕྱིར་སྙིལ་བར་འགྱུར་རོ། །རིགས་ཀྱི་བུ་ཁྲོ་བོའི་རྒྱལ་པོ་སངས་རྒྱས་འབུམ་ཕྲག་བྱེ་བས་མཆོད་པ་འདིའི་མིང་ཡང་དོན་ཡོད་པ་ཡིན་ཏེ། འདིའི་
མིང་བཟུང་བས་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་འདི་ནི་བརྗོད་པས་འགྲུབ་པའོ། །འདིས་སངས་རྒྱས་ཐམས་ཅད་བསྒྲལ་ཏོ། །སྐྱེས་པའི་རོ་བླངས་ལ་ནམ་ཕྱེད་ན་ཆུ་ངོགས་སུ་སོང་ལ་ཆུས་བཀྲུས་ལ། མེ་ཏོག་ལ་སོགས་པས་བརྒྱན་ཏེ། མགོ་
ཤར་ཕྱོགས་སུ་བསྟན་ལ་སྒྲུབ་པ་པོ་གྲོགས་བཟང་པོ་དང་། རྩྭ་ཀུ་ཤ་སྦམས་པའི་སྟེང་དུ་འདུག་སྟེ། ཤུ་དག་དཀར་པོ་ལ་ལན་བདུན་སྔགས་ལ་ཁར་བཅུག་སྟེ་རོ་ཁ་དང་ཞེས་བྱེད་ཀྱི་བར་དུ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ། །དེ་ནས་སྒྲུབ་པ་པོས་འཇིགས་པ་མེད་པར་བྱས་ལ་རྐང་པ་གཡོན་
པས་བྲང་དུ་མནན་ཀྱང་སྒྲ་དྲག་པོ་འབྱུང་སྟེ། དེ་ལ་ཡང་འཇིགས་པར་མི་བྱ་བར་རིག་སྔགས་འཆང་གིས་དུ་བ་བྱུང་གི་བར་དུ་རིག་པ་བཟླས་བརྗོད་བྱའོ། །དེ་ནས་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་མགོ་ལ་བསྣུན་པར་བྱས་ཏེ། བསྣུན་མ་ཐག་ཏུ་མི་རོའི་ཁ་ནས་སྦྲུལ་སྣང་
སྟེ་དེ་ལ་ཡང་འཇིགས་པར་མི་བྱ་བར་རིག་པ་དྲན་པར་བྱ་སྟེ་རེག་པར་བྱའོ། །རེག་མ་ཐག་ཏུ་རལ་གྲིར་གྱུར་ཏེ་སྙིང་པོ་དྲན་པར་བྱས་ལ་བླང་བར་བྱའོ། །བླངས་མ་ཐག་ཏུ་སྐྲ་ལྕང་ལོར་འཁྱིལ་པར་འགྱུར་རོ། །ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་བདག་

པོར་འགྱུར་རོ། །ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །ལོ་དྲུག་ཁྲི་ཐུབ་པར་འགྱུར་རོ། །མདུང་ཐུང་བསྒྲུབ་པ་ནི། སྒྲུབ་པ་པོ་ཟས་སུ་འོ་སྐྱོ་བཏུང་ཞིང་རིའི་རྩེ་མོར་སོང་ལ་རིག་པ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་འཆང་གིས་དུར་ཁྲོད་ཀྱི་ཐལ་བ་དང་གྲོག་
མཁར་གྱིས་འོ་མས་སྦྲུས་ལ་མདུང་ཐུང་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དུ་བྱའོ། །སྦྱིན་དང་མ་འབགས་པའི་ཚོན་གྱིས་རི་མོ་བྲིའོ། །དེ་ནས་དུར་ཁྲོད་དུ་སོང་ལ་བའི་ལྕི་བས་དཀྱིལ་འཁོར་ལ་བསྐུས་ཏེ། སྤོས་དང་མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་པ་འབྱུང་པོའི་གཏོར་
མ་ཐམས་ཅད་བྱའོ། །གཙང་མར་བྱས་ཤིང་གོས་གཙང་མ་བགོས་ལ་མི་ཐོད་ཀྱི་སྟེང་དུ་འདུག་ཅིང་མདུང་ཐུང་ཡང་མི་ཐོད་ཅིག་གི་སྟེང་དུ་བཞག་ལ་མདུང་ཐུང་འབར་གྱི་བར་དུ་རིག་པ་བཟླས་བརྗོད་བྱའོ། །དེ་ནས་སྔགས་པ་གཞན་གྱིས་མི་ཐུབ་པའི་མེ་ཏོག་རྣམས་ཀྱིས་མཆོད་ཡོན་དབུལ་ལོ། །
ཡང་ན་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕྱོགས་རྣམས་ནས་སེམས་ཅན་དག་འོང་བར་འགྱུར་ཏེ། འཇིགས་པ་མི་བྱ་བར་ཁྲོ་བོའི་རྒྱལ་པོའི་སྙིང་པོ་དྲན་པར་བྱས་ལ་མདུང་ཐུང་ལ་རེག་པར་བྱའོ། །རེག་མ་ཐག་ཏུ་དེ་བུད་མེད་དུ་གྱུར་ནས་བུ་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། །དེ་ལ་བདག་
ཁྱོད་ལ་སྐྱབས་སུ་སོང་ངོ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་སྔགས་པའི་ལག་མཐིལ་དུ་མི་སྣང་བར་འགྱུར་རོ། །དེའི་མོད་ལ་སྐྲ་ལྕང་ལོར་འཁྱིལ་བར་འགྱུར་རོ། །ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །མདུང་ཐུང་ལག་ན་ཐོགས་ན་རིག་སྔགས་འཆང་དུ་འགྱུར་ཏེ། འཁོར་ལོས་སྒྱུར་
བ་མ་གཏོགས་པར་རིག་སྔགས་འཆང་རྣམས་དེའི་དབང་དུ་འགྱུར་རོ། །གང་ལ་བལྟས་པ་དེ་དག་ཐམས་ཅད་དེའི་རྐང་པ་ལ་མགོ་བོས་གཏུགས་པར་འགྱུར་རོ། །ཅི་སྟེ་ནོར་བསྒྲུབ་ན་ཤིང་བིལ་བའི་ཡམ་སྲེག་ཤིང་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཏི་ན་ར་བརྒྱ་རྙེད་དོ། །གུ་གུལ་གྱི་རིལ་བུ་རྒྱ་
ཤུག་ཙམ་འབུམ་སྦྱིན་སྲེག་བྱས་ན་གཟུགས་རྟགས་ཅན་སྟོང་རྙེད་དོ། །ཨ་ག་རུའི་ཤིང་གི་མེ་བུས་ལ། ཤིང་པ་ཏའི་འབྲས་བུ་ཞོ་དང་སྦྲང་རྩི་དང་མར་ལས་སྨྱུགས་ཏེ། སྟོང་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་དུ་མ་བསླངས་པར་ཏི་ན་ར་རྙེད་དོ། །བུད་མེད་དབང་དུ་བྱ་ན་ཕུབ་མའི་

སྲེག་བླུགས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །རཱ་ཛཱ་མ་ཏྱ་བ་ཤི་ཀ་ར་ནེ་བ་ལ་ན་ཧཱུ་ཏི་ནན། ཨཥྚ་ས་ཧ་སྲན་ཛུ་ཧཱུ་ཡངྦ་ཤོ་བྷ་བ་ཏི། རྒྱ་མཚོར་འབབ་པའི་ཆུར་ཞུགས་ལ་མེ་ཏོག་ཁ་དོག་སྣ་ཚོགས་འབུམ་གཏོར་ནམ་བླངས་པར་ཉིན་གཅིག་བཞིན་
དུ་རས་ཟུང་རེ་རྙེད་དོ། །དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་བྱས་ཏེ་ཞག་བདུན་མི་ཤས་སྦྱིན་སྲེག་བྱས་ན་ཤ་ཟས་ཟིན་པ་ལ་བལྟས་པས་གཏོང་བར་འགྱུར་རོ། །ནེའུ་ལེའི་སྤུ་ལས་ལན་དྲུག་སྟོང་སྦྱིན་སྲེག་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར་
རོ། །ལུག་ནག་པོའི་བལ་མར་ལ་སྨྱུགས་པས་ལན་འབུམ་སྦྱིན་སྲེག་བྱས་ན་བུད་མེད་དབང་དུ་འགྱུར་རོ། །ཤ་ཟ་མཐོང་བར་འདོད་ན་དུར་ཁྲོད་དུ་བ་ལང་གི་ཀོ་བ་ཙམ་གྱི་དཀྱིལ་འཁོར་བྱས་ལ་ཉ་ལ་སོགས་པའི་གཏོར་མ་བྱས་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ་མིའི་སྐྲ་ཁྲག་ལ་སྨྱུགས་
པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཤ་ཟ་ཐམས་ཅད་འོང་བར་འགྱུར། འཇིགས་པར་མི་བྱ་བ་སྲུང་བར་མི་བྱའོ། །འདི་སྐད་དུ་ཁྱེད་ངའི་དབང་དུ་འགྱུར་རོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་མི་སྣང་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་དེ་ལ་ཏི་ན་ར་ལྔ་ལྔ་སྦྱིན་
པར་བྱེད་དེ། དེ་དག་ཀྱང་འགོད་པར་བྱའོ། །མཛུབ་མོ་ལ་ལན་བདུན་བསྔགས་པས་སྤྲིན་ཟློག་གོ། །ཐལ་བ་ལ་ལན་བདུན་བསྔགས་པས་སྨྲ་བ་རེངས་པར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་བསྔགས་པས་རི་འགུལ་བར་འགྱུར་རོ། །མ་ལ་ཏའི་མེ་ཏོག་གམ། ཀུ་ཏི་ཛའི་
མེ་ཏོག་ལ་ལན་བདུན་བསྔགས་པས་བུད་མེད་གང་གིས་བསྣམས་སམ། གང་ལ་བྱིན་ནམ། གང་གི་མགོར་བོར་བ་དེ་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་དབང་དུ་འགྱུར་བར་འདོད་ན་དུར་ཁྲོད་དུ་སློང་མོའི་ཟས་བཟའ་ཞིང་སྔགས་བཟླས་བརྗོད་བྱའོ། །དེར་སྐམ་སར་བ་ལང་གི་ཀོ་བ་ཙམ་གྱི་
དཀྱིལ་འཁོར་བྱས་ལ་གཏོར་མ་རྒྱ་ཆེར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཤིང་ཨརྐའི་ཡམ་སྲེག་ཤིང་ཁྲག་ལ་སྨྱུགས་པ་ལན་བདུན་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོའི་གཟུགས་མི་སྡུག་པ་འོང་བར་འགྱུར་ཏེ། དེ་ལ་འཇིགས་པར་མི་བྱ་བར་རིག་པ་དྲན་པར་བྱས་ལ་

འདུག་ཅིག་འདུག་ཅིག་ཅེས་བརྗོད་པར་བྱའོ། །དེ་དམ་པ་རྣམ་པ་གསུམ་ལས་གཅིག་སྦྱིན་པར་བྱེད་དེ། མའམ་སྲིང་མོའམ་ཆུང་མར་འགྱུར་རོ། །མར་གྱུར་ན་ནི་བུ་བཞིན་དུ་དགོས་པ་ཐམས་ཅད་བྱེད་དེ། སྲིང་མོར་གྱུར་ན་ནི་ཉིན་གཅིག་བཞིན་དུ་ཏི་ནར་རེ་རེ་སྦྱིན་པར་བྱེད་དོ། །ཆུང་མར་
གྱུར་ན་ནི་དེ་དང་ལྷན་ཅིག་རྩེའོ། །ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་འཁོར་ལོ་དེ་བསྒྲུབ་པ་ཡིན་ཏེ། སྔར་སྤྱད་པ་བྱས་པས་མགར་བ་གཙང་མ་གསོ་སྦྱོང་བཟུང་བ། ཡན་ལག་མ་ཚང་བ་མེད་པ་ལ་ཨུར་མོའི་འཁོར་ལོ་བྱེད་དུ་བཅུག་ལ་སོར་བརྒྱད་པ་
མེ་ལྕེ་འབར་བས་བསྐོར་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་འཁོར་ལོ་དེ་བའི་སྣ་ལྔའི་ནང་དུ་བཅུག་སྟེ་ཞག་གཅིག་གཞག་གོ། །དེ་ནས་ཕྱུང་ལ་བཀྲུས་ཏེ་བསྐུས་ལ། རས་གཙང་མས་དཀྲིས་ཏེ་དེའི་འོག་ཏུ་མདུན་དུ་གཞག་ལ་མཆོད་པ་དང་གཏོར་མ་བྱས་ཏེ། མཆོད་ཡོན་གྱི་
སྣོད་བླངས་ལ་རྩ་བའི་སྔགས་ཀྱིས་ལྷ་ཐམས་ཅད་སྤྱན་དྲང་ངོ་། །དེ་དག་ལ་ཡང་མཆོད་ཡོན་ཕུལ་ལ་ཡང་རྩ་བའི་སྔགས་ཀྱིས་སླར་གཤེགས་པར་བྱའོ། །ཐལ་བ་ལ་ལན་བདུན་བ་སྔགས་བཏབ་པས་ཐལ་བའི་ར་བར་འགྱུར་རོ། །རྩྭའི་མེ་ལ་ལན་བདུན་བསྔགས་པས་མེའི་
ར་བར་འགྱུར་རོ། །དེ་ནས་ཆོ་ག་བཞིན་བསྲུང་བ་བྱས་ཏེ། ཡུངས་ཀར་ལ་ལན་བདུན་བསྔགས་པས་ས་བཅིང་ངོ་། །ཆུ་ལ་ལན་བདུན་བསྔགས་པས་ནམ་མཁའ་བཅིང་ངོ་། །དེ་ནས་སྔགས་པས་མཆོད་ཡོན་གྱི་སྣོད་སྤོས་ཆུས་བཀང་སྟེ། མེ་ཏོག་དཀར་པོ་བཅུག་པས་རྩ་བའི་
སྔགས་ཀྱིས་རང་གི་ལྷ་སྤྱན་དྲངས་ལ་མཆོད་ཡོན་ཕུལ་ཏེ་སྟན་ལ་གཞག་ལ་ཡོངས་སུ་རྒྱས་པར་བྱས་ཏེ་མར་དང་སྦྲང་རྩི་དང་འོ་མའི་སྲེག་བླུགས་ཐོག་མར་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྔགས་པས་འཁོར་ལོ་ལག་པ་གཉིས་ཀས་བླངས་ལ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །
དེ་ནས་རྔ་སྒྲ་གྲག་པར་འགྱུར་རོ། །འབྲུག་ནི་དི་རི་རི་ཟེར་རོ། །མར་མེའི་མེ་ལྕེ་རིང་པོར་འགྱུར་རོ། །འཁོར་ལོ་ཡང་འགུལ་ལོ། །ནམ་མཁའ་ལས་ཀྱང་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་འཁོར་ལོ་འདི་གྲུབ་པ་དང་། །ཁྱོད་བྱང་ཆུབ་ཀྱི་ལམ་དུ་ཞུགས་པ་དང་། ཁྱོད་སྲིད་

པའི་རྒྱ་མཚོ་ལས་རྒལ་བ་ལེགས་སོ་ཞེས་སྒྲ་གྲག་པར་འགྱུར་རོ། །དེ་ནས་སྔགས་པས་ལ་གོར་ལ་གོར་དུ་ལག་ན་རྡོ་རྗེ་འོང་གི་བར་དུ་བཟླས་བརྗོད་བྱའོ། །ལག་ན་རྡོ་རྗེ་འོངས་ནས་སྒྲུབ་པ་པོ་ལ་བུ་ཁྱོད་བདུད་ཀྱི་དཔུང་ལས་རྒྱལ་བ་དང་། ཁྱོད་བྱང་ཆུབ་ཀྱི་ལམ་དུ་ཞུགས་
པ་དེ་ལེགས་སོ་ཞེས་སྨྲ་བར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེའི་ལག་པ་གཡས་པས་སྒྲུབ་པ་པོའི་སྤྱི་བོ་ལ་ཉུག་གོ། །བྱུགས་པ་དེའི་མོད་ལ་རིགས་ཀྱི་བུ་དེའི་མདུན་དུ་གཞལ་མེད་ཁང་རྒྱར་དཔག་ཚད་སྟོང་ཡོད་པ། དྲིལ་བུ་གཡེར་ཀའི་དྲ་བ་དཔྱངས་པ། གསེར་སྐུད་བྲེས་པ། མུ་ཏིག་གི་
ཕྲེང་བ་བྲེས་པ། ཨནྡ་རྙིལ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་དང་། མརྒད་ཆེན་པོ་དང་། དྲི་མཆོག་དང་། རིན་པོ་ཆེའི་ཁྱད་པར་གཞན་དག་གིས་ཀྱང་མཛེས་པར་བྱས་པ། རྡོ་རྗེ་སྣ་ཚོགས་བཀོད་པས་རྣམ་པར་བཀྲམ་པ་ལྷའི་བུ་མོའི་ཚོགས་དང་། རིག་སྔགས་
འཆང་ལ་སོགས་པས་མཛེས་པར་བྱས་པ་ལ་སོགས་པ་དེ་དག་ཀྱང་། གླུ་ལེན་ཅིང་སྒྲ་སྙན་པའི་པི་བང་དང་། རྔ་དང་། གླིང་བུ་དང་། ཕེག་རྡོབ་པ་བྱེད་པ་དང་ལྡན་པར་འགྱུར་རོ། །དེ་ནས་རིག་པའི་རྒྱལ་པོའི་མཐུས་འཕགས་པ་ལག་ན་རྡོ་རྗེ་ཉིད་ཀྱི་ལག་པ་གཡས་པས་སྒྲུབ་པ་པོ་
བཟུང་སྟེ། གཞལ་མེད་ཁང་དུ་འཇུག་ཅིང་རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ལྟར་སོང་ཤིག་ཅེས་སྨྲ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་འགྲོ་བ་ཐོགས་པ་མེད་པར་གྱུར་ནས། ཁྲོ་བོའི་རྒྱལ་པོ་ཆེན་པོ་དེའི་མཐུས་རིག་སྔགས་འཆང་གི་འཁོར་
ལོས་སྒྱུར་བ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེས་རིག་སྔགས་འཆང་དེ་གཞལ་མེད་ཁང་དུ་བཞག་ནས་མི་སྣང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་རྒྱལ་པོ་འཁོར་རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ནས། རིག་སྔགས་འཆང་གི་རྒྱལ་
པོ་དུ་མ་ལ་ཕྱག་འཚལ་ཞིང་རི་མོར་བྱེད་ལ་མཆོད་པ་བྱེད་ཅིང་། མདུན་ན་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བས་ཐམས་ཅད་ལ་བསྒོ་ཞིང་འགྲོའོ། །ཁྲོ་བོ་འདི་ནི་དམ་པ་དཔལ་དང་ལྡན་པ། རྟག་ཏུ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ། ལས་ཐམས་ཅད་བྱེད་པ་སྟེ་

བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་དོ། །འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་དོ། །དགུག་གོ། །དབང་དུ་བྱེད་དོ། །སྐམ་པར་བྱེད་དོ། །གནོད་པར་བྱེད་དོ། །རིག་སྔགས་འཆང་ཐམས་ཅད་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་བོ། །ཅི་སྟེ་བཞོན་པ་བསྒྲུབ་པར་འདོད་ན་དེ་
ནས་ངང་པའམ་གླང་ཁྱུ་པའམ། རྨ་བྱའམ། ནམ་མཁའ་ལྡིང་ངམ། གླང་པོ་ཆེ་འམ། རྟའམ་གང་ཡང་རུང་བ་ཞིག་བྱས་ལ། རི་མོ་མཁན་གསོ་སྦྱོང་བཟུང་བ་རི་མོ་འདྲིར་གཞུག་སྟེ། རི་མོའི་གཟུགས་ནུབ་ཕྱོགས་སུ་བསྟན་ལ་གཞག་སྟེ། མཆོད་ཡོན་རྒྱ་ཆེར་བྱས་ལ་མར་མེ་ཡང་
འབུལ་ཞིང་བསྲུང་བའི་ཆོ་ག་ཡང་བྱས་ལ་ཨུ་དུམ་བཱ་རའི་ཡམ་ཤིང་བསྲེག་ཅིང་སྟོང་ཡང་སྦྱིན་སྲེག་བྱའོ། །སྤོས་ཆུས་ལྷ་སྤྱན་དྲངས་ལ་སླར་གཤེགས་སུ་གསོལ་ནས་མཆོད་ཡོན་དབུལ་ལོ། །མཆོད་ཡོན་ཕུལ་ནས་བཞོན་པ་གང་ཡང་རུང་བ་ཞིག་ལག་པས་མནན་ལ་འབར་གྱི་བར་དུ་བཟླས་
བརྗོད་བྱའོ། །དེ་ནས་སྔགས་པས་ལ་གོར་ལ་གོར་དུ་བཟླས་བརྗོད་བྱའོ། །གལ་ཏེ་ངང་པར་གྱུར་ན་དེའི་དངོས་གྲུབ་ཀྱི་མཚན་མ་ནི་ངང་པ་སྒྲ་འབྱིན་ཏོ། །ཁྱུ་པ་ནི་ངར་རོ། རྨ་བྱ་ནི་ལྷུང་ལྷུང་ཟེར་རོ། །ནམ་མཁའ་ལྡིང་ནི་འཕུར་རོ། །གླང་པོ་ཆེ་ནི་སྒྲ་ངུར་ངུར་ཞེས་ཟེར་རོ། །རྟ་ནི་སྐད་ཙེ་རེ་རེ་
ཟེར་རོ། །འདི་དག་གི་མཚན་མ་ནི་འདི་དག་ཡིན་ནོ། །ངང་པ་ལ་ཞོན་ན་མི་མཇེད་ཀྱི་བདག་པོ་ཚངས་པ་གཉིས་པར་འགྱུར་ཏེ། ཚེ་བསྐལ་པ་མཆོག་པས་ཀྱང་མཆོག་ཐུབ་པར་འགྱུར་རོ། །ཁྱུ་པ་ལ་ཞོན་ན་ལྷ་ཆེན་པོ་གཉིས་པར་འགྱུར་རོ། །རྨ་བྱ་ལ་ཞོན་ན་སྨིན་དྲུག་གི་བུ་གཉིས་
པར་འགྱུར་ཏེ། དཔའ་ཞིང་ཕ་རོལ་གནོན་པ་ཆེན་པོ་དང་ལྡན་པ་ཚེ་བསྐལ་པ་ཆེན་པོ་ཐུབ་པར་འགྱུར་རོ། །གང་གི་ཚེ་ཤི་འཕོས་ན་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་ནམ་མཁའ་ལྡིང་བསྒྲུབས་ལ་དེ་ལ་ཞོན་ན་ཁྱབ་འཇུག་གཉིས་
པར་འགྱུར་ཏེ། ཚེ་བསྐལ་པ་ཐུབ་པར་འགྱུར་རོ། །གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེས་པར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་གླང་པོ་ཆེ་གྲུབ་ཅིང་དེ་ལ་ཞོན་ན་བརྒྱ་བྱིན་གྱི་བརྩོན་འགྲུས་དང་ལྡན་པར་འགྱུར་ཞིང་། ལྷའི་རྒྱལ་

པོ་བྱེད་ལ་ནད་མེད་པ་དང་། མཛེས་པ་དང་། ལྷ་མོ་རྣམས་དང་རྩེ་བར་འགྱུར་རོ། །གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་རྟ་བསྒྲུབ་ཅིང་དེ་ལ་ཞོན་ན་ཉི་མ་གཉིས་པར་འགྱུར་ཏེ། མཐུ་ཆེ་ཞིང་
ཆེ་བར་གྱི་བསྐལ་པ་ཐུབ་པར་འགྱུར་རོ། །གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་རྡོ་རྗེ་བསྒྲུབ་པར་འདོད་ན་ཟངས་སམ། ཨ་ག་རུའམ། ཙནྡན་ནམ། ཙནྡན་དམར་པོའམ། ཐང་ཤིང་ངམ། སེང་
ལྡེང་ངམ། ཤིང་བནྡའམ། ཤིང་ནི་མ་པའམ། ཤེལ་ལམ། སྒྲོན་ཤིང་ལས་རྡོ་རྗེ་རྩེ་གཅིག་པ་སོར་བརྒྱད་པའམ། སོར་བཅུ་དྲུག་པ་མགར་བའམ། ཤིང་མཁན་གསོ་སྦྱོང་བཟུང་བ་བྱེད་དུ་བཅུག་ལ་བ་སེར་མོའི་སྣ་ལྔས་བསྐུས་ཏེ། ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་བཅོམ་ལྡན་
འདས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བྱས་ལ་གཏོར་མ་ཡང་བྱིན་ཏེ། རྡོ་རྗེ་སྤོས་ཆུས་བཀྲུས་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཕུལ་ཏེ། སྨོན་ལམ་བཏབ་ལ་ཁྲོ་བོའི་སྙིང་པོ་བརྗོད་དེ་མཆོད་ཡོན་གྱིས་ལྷ་སྤྱན་དྲངས་ལ་མཆོད་ཡོན་དང་སྟན་ཕུལ་ཏེ། མར་དང་སྦྲང་རྩིའི་
སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྔགས་པས་ལག་པ་གཡས་པས་རྡོ་རྗེ་བླངས་ལ་འབར་ཞིང་སྒྲ་ཙེག་ཙེག་མི་ཟེར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་སྔགས་པས་ལ་གོར་ལ་གོར་དུ་བཟླས་བརྗོད་བྱ་སྟེ། ཤར་ཕྱོགས་ནས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་མཐའ་དང་བྲལ་
བ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ལ། རིག་པ་བྱེ་བ་ཕྲག་དགུས་ཡོངས་སུ་བསྐོར་ཞིང་འོང་གི་བར་དུ་བྱའོ། །རིག་པ་དེ་རེ་རེ་ལ་ཡང་འཁོར་བྱེ་བ་ཕྲག་ལྔ་བརྒྱས་ཡོངས་སུ་བསྐོར་བའོ། །རིག་པའི་རྒྱལ་པོ་དེ་ལག་པ་གཡོན་པར་རྡོ་རྗེ་བཟུང་སྟེ། ལག་པ་གཡས་པས་
སྒྲུབ་པ་པོ་ལ་སྙན་ཅིང་ཟབ་པའི་སྒྲས་དབུགས་འབྱིན་ཅིང་། གཟི་བརྗིད་ཉི་མ་ལྟར་འབར་ལ་ལྷ་ཐམས་ཅད་ཀྱིས་ནི་མཆོད་མེ་ཏོག་གི་ཆར་ནི་འབེབས་ཤིང་འོང་ངོ་། །དེ་ནས་སྒྲུབ་པ་པོས་འོངས་པ་ལ་མཆོད་ཡོན་དབུལ་ལོ། །སྟན་ཡང་དབུལ་ལོ། །སྨོན་ལམ་བཏབ་ལ་བཅོམ་ལྡན་འདས་

ཐུགས་བརྩེ་བར་མཛད་དུ་གསོལ། བདག་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་པ་གཡས་པས་སྒྲུབ་པ་པོའི་མགོ་ལ་རེག་པར་བྱེད་ཅིང་འདི་སྐད་དུ་བུ་ཅི་བྱ་ཞེས་སྨྲའོ། །དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ལ་
པུས་མོ་གཉིས་བཙུགས་ཏེ་བདག་ལ་རྡོ་རྗེའི་དངོས་གྲུབ་སྩལ་དུ་གསོལ། དེས་བདག་ཁྱོད་ཀྱི་བཀའ་དྲིན་གྱིས་བརྩོན་འགྲུས་ཆེན་པོ་དང་། སྟོབས་ཆེན་པོ་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོར་གྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་བདག་པོར་འགྱུར་བར་ཤེས་པར་བྱའོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་པོ་ལ་བུ་ཁྱོད་ཀྱིས་རྡོ་རྗེ་འདི་གྲུབ་སྟེ། བརྩོན་འགྲུས་དང་ཕ་རོལ་གནོན་པ་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོར་འགྱུར་ཞེས་བརྗོད་པར་འགྱུར་རོ། །རྡོ་རྗེ་ཅི་ལྟ་བར་མདུང་ཐུང་ལ་སོགས་པ་བསྒྲུབ་པའང་དེ་བཞིན་
ནོ། །བཅོམ་ལྡན་འདས་རྡོ་རྗེ་མཐའ་དང་བྲལ་བའི་ཆོ་ག་ཞིབ་མོ་ཐོགས་པ་མེད་པ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེས་དབང་བསྐུར་བ་ཞེས་བྱ་
བའི་དཀྱིལ་འཁོར་ཡོད་དེ། བཅོམ་ལྡན་འདས་ཀྱིས་དེ་ཁོ་བོ་གཅིག་པུ་ལ་བཤད་དོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཚེ། བསྟན་པ་དང་གསང་བའི་ཡང་ཆེས་གསང་བ། གསང་ཆེན་དམ་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྣམ་པར་
མི་རིག་ན། གཞན་འཇིག་རྟེན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པ་གསང་བ་དམ་པ་འདི་ཡང་ཁོ་བོ་ལ་གཏད་དེ། ཞི་བའི་བློ་གྲོས་མཆོག་ཏུ་གསང་བ་ཆེན་པོའི་དཀྱིལ་འཁོར་གང་ཞེ་ན་འདི་ལྟ་སྟེ། རྡོ་རྗེས་དབང་བསྐུར་བ་ཞེས་བྱའོ། །འདིས་རྒྱུ་བ་དང་མི་རྒྱུ་བ་དང་བཅས་
པ་མ་ལུས་པ་འདི་མཐའ་དག་ཁྱབ་སྟེ། ཞི་བའི་བློ་གྲོས་འདིས་སངས་རྒྱས་ཀྱི་ཞིང་ཡང་མ་ཁྱབ་པ་མེད་དོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་དཔའ་ཆེན་པོ་

གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་ལྟ་བུ་དག་ཐོས་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་བ་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་བལྟས་ནས་བསྟན་པ་གནས་པར་འགྱུར་བའི་དོན་དུ་
མཆོག་ཏུ་གསང་བའི་དཀྱིལ་འཁོར་དེ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་
ཐབས་སླ་བ་གང་གིས་དོན་ཆེན་པོ་བྱེད་པར་འགྱུར་བ་མཆོག་ཏུ་གསང་བའི་དཀྱིལ་འཁོར་དེ་ཉོན་ཅིག །ཞི་བའི་བློ་གྲོས་ཐོག་མ་ཉིད་དུ་སློབ་དཔོན་གྱིས་ས་གང་ཡང་རུང་བ་ཞིག་ཡོངས་སུ་བཟུང་ལ་དཀྱིལ་འཁོར་བྲི་བར་བྱའོ། །ས་དེ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱང་བར་བྱའོ། །དམིགས་
པའི་ཚུལ་ལ་གནས་ནས་སུ། །སྔགས་པས་གང་ཞིག་གཞན་དུ་བྱེད། །དེ་ལ་དངོས་གྲུབ་མྱུར་མི་འགྱུར། །དངོས་གྲུབ་ཉིད་ཀྱང་མི་འཐོབ་བོ། །ཞི་བའི་བློ་གྲོས་ཉོན་ཅིག །དཀྱིལ་འཁོར་དམ་པ་མཐོང་ནས་ནི། །གང་གིས་དངོས་གྲུབ་ཐོབ་གྱུར་པ། །དཀྱིལ་འཁོར་རྒྱལ་པོ་
དགོད་པ་ནི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །དམ་ཚིག་དོན་དུ་ལུས་ཅན་ལ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཤད། །དེ་བྲི་ཆོ་ག་བཤད་པར་བྱ། །ངེས་པར་བསྒྲིམས་ཏེ་མཉན་པར་གྱིས། །ཁྲུ་ལྔ་ཁོ་ར་ཁོར་ཡུག་ལ། །སྟེགས་བུར་བཅས་པའི་སྒོ་
བཞི་གཏོད། །དེ་ནས་སྔགས་པས་བྱ་བ་ནི། །དཀྱིལ་འཁོར་རིམ་པ་གཉིས་སུ་དབྱེ། །ནུབ་ཕྱོགས་སྒོ་ནས་གཞུག་པར་བྱ། །ཡང་ན་བྱང་ཕྱོགས་སྒོ་ནས་གཞུག །སྙིང་རྗེར་ལྡན་པའི་ཡིད་ཀྱིས་སུ། །ཁོ་ར་ཁོར་ཡུག་དེ་བཞིན་བྱ། །ནང་དུ་ཞུགས་ནས་སྔགས་པ་ཡིས། །དེ་
བཞིན་གཤེགས་པ་དྲན་བྱས་ལ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ། །ཞི་བའི་བློ་གྲོས་ཉོན་ཅིག །དཀྱིལ་འཁོར་རྒྱལ་པོ་དགོད་པ་ནི། །ཅི་ལྟར་སངས་རྒྱས་གསུངས་པ་བཞིན། །ཁྱོད་ལ་ཐམས་ཅད་བརྗོད་པར་བྱ། །གཡེང་མེད་

ཡིད་ཀྱིས་མཉན་པར་གྱིས། །བློ་དང་ལྡན་པས་དེ་དབུས་སུ། །ཕྱག་རྒྱ་མཆོག་ཏུ་མཛེས་པར་བྲི། །པདྨ་ཆེན་པོ་འདབ་བརྒྱད་པ། །སྣ་ཚོགས་མཛེས་པ་ཉིད་དུ་འདོད། །ཤར་ཕྱོགས་འདབ་མ་དཀར་པོ་སྟེ། །ནུབ་ཕྱོགས་སུ་ནི་ལྗང་ཁུའོ། །བྱང་ཕྱོགས་སུ་ནི་དམར་པོ་བྲི། །ལྷོ་
ཕྱོགས་སུ་ནི་ནག་པོའོ། །འདབ་མ་ལྷག་མར་བརྗོད་པ་ནི། །འདྲེན་མར་རྒྱལ་བ་རྣམས་ཀྱིས་གསུངས། །དེ་ཡི་སྙིང་པོ་དབུས་སུ་ནི། །བུམ་པ་བསྒྲེང་བ་བྲི་བར་བྱ། །དེ་ཡི་སྟེང་དུ་པདྨ་ཆེ། །པདྨའི་སྟེང་དུ་རྡོ་རྗེ་བསྒྲེང་། །དེ་ཡི་ཐ་མར་འོད་ཟེར་གྱི། །དཀྱིལ་འཁོར་ཤིན་ཏུ་མཛེས་པ་བྲི། །
དཀྱིལ་འཁོར་གང་དང་གང་ཡིན་པ། །ས་བོན་དང་ནི་ལྡན་པར་བྱ། །བློ་དང་ལྡན་པས་དེ་སྟེང་དུ། །ཆོས་ཀྱི་འཁོར་ལོ་མཛེས་པ་སྟེ། །པདྨ་དཀར་པོའི་སྟེང་གཞག་ལ། །རྡོ་རྗེ་རྣམས་ཀྱིས་འཁོར་བ་བསྐོར། །མཁས་པས་དབང་ལྡན་ཕྱོགས་སུ་ནི། །ཕྱག་རྒྱ་མཆོག་ཏུ་བཟང་
བྲི་སྟེ། །ཟླ་བའི་དཀྱིལ་འཁོར་འདྲ་བ་ལ། །དཀྱིལ་འཁོར་ཡིད་བཞིན་རིན་ཆེན་གཞག །དེ་ཡི་སྟེང་དུ་བྲི་བ་ནི། །པདྨ་དཀར་པོ་མཆོག་ཏུ་མཛེས། །ཞི་ཞིང་མེ་ལྕེ་ཕྲེང་བས་འཁོར། །རྟག་ཏུ་སངས་རྒྱས་བསྔགས་པ་བྲི། །བྱང་ཕྱོགས་སུ་ནི་དུང་བྲི་སྟེ། །དཀར་ལ་མཆོག་
ཏུ་འཚེར་བར་བྱ། །འཇིག་རྟེན་དབང་པོ་འདྲ་བ་སྟེ། །གཟུགས་བཟང་ཕྱག་རྒྱ་འདི་བྲིའོ། །དུང་གི་སྟེང་དུ་རྡོ་རྗེ་བྲི། །རྡོ་རྗེའི་སྟེང་དུ་པདྨའོ། །ལྷོ་ཕྱོགས་སུ་ནི་སོང་ནས་སུ། །རླུང་གི་དཀྱིལ་འཁོར་འདྲ་བ་ཡི། །ཕྱག་རྒྱ་བསྒྲིམས་ཏེ་བྲི་བར་བྱ། །དེ་ཡི་སྟེང་དུ་རླུང་གཞག་གོ། །
དེ་ཡི་སྟེང་དུ་པདྨ་སྟེ། །དུས་མཐའི་མེ་འདྲའི་འོད་ཅན་བྲི། །དེ་ཡི་སྟེང་དུ་བློ་ལྡན་པ། །ལག་ན་རྡོ་རྗེའི་རྡོ་རྗེ་བྲི། །ནུབ་ཕྱོགས་སུ་ནི་སོང་ནས་སུ། །ཨུཏྤ་ལ་ཞེས་བྱ་བ་ཡི། །ཕྱག་རྒྱ་ཤིན་ཏུ་མཛེས་བྲི་སྟེ། །པདྨའི་སྟེང་དུ་གཞག་པར་བྱ། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། །
འཇམ་པའི་དབྱངས་ཞེས་བྱ་བ་ཡིན། །བདེན་བྲལ་ཕྱོགས་སུ་སོང་ནས་སུ། །རལ་གྲི་གཅིག་ནི་བྲི་བྱ་སྟེ། །པདྨ་དཀར་པོའི་སྟེང་དུ་གཞག །འོད་ཟེར་གྱིས་ནི་འཁོར་བར་བྱ། །སྒོ་ཡི་གཡས་གཡོན་ངོས་གཉིས་སུ། །ཁྲོ་བོའི་རྒྱལ་པོ་གཉིས་བྲི་སྟེ། །འཇིག་རྟེན་གསུམ་

རྒྱལ་མགོན་པོ་དང་། །ཁྲོ་བོ་ཟླ་བའི་ཐིག་ལེའོ། །ཁྲོ་ཟླ་ཐིག་ལེའི་ཐོབ་སྟེ། །འཇིག་རྟེན་གསུམ་རྒྱལ་རྡོ་རྗེའོ། །དེ་ནས་སྔགས་པས་མཉམ་གཞག་སྟེ། །ཕྱི་རིམ་ངོས་སུ་བྲི་བ་ནི། །དེ་ལ་ཤར་ཕྱོགས་སུ་ནི་འབྱུང་པོའི་བདག་པོ་དབང་ལྡན་འཁོར་དང་བཅས་པ་བྲིའོ། །
བྱང་ཕྱོགས་སུ་ནི་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་བྲིའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་འཁོར་དང་བཅས་པ་བྲིའོ། །ནུབ་ཕྱོགས་སུ་ནི་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་བྲིའོ། །སྒོའི་གཡས་གཡོན་དུ་ནི་ཐུབ་དཀའ་དང་། མངོན་དུ་གྱུར་པ་གཉིས་བྲིའོ། །ཕྱོགས་བཞིར་
ནི་བསྲུང་བ་ཆེན་མོ་བཞི་གཞག་པར་བྱ་སྟེ། འདི་ལྟ་སྟེ། ཤར་ཕྱོགས་སུ་ནི་མི་འཇིགས་པ་སྦྱིན་མའོ། །བྱང་ཕྱོགས་སུ་ནི་གཞན་གྱིས་མི་ཐུབ་མའོ། །ལྷོ་ཕྱོགས་སུ་ནི་འོད་ཟེར་ཅན་ཞགས་པའི་ཕྱག་རྒྱ་དང་བཅས་པར་བྲིའོ། །ནུབ་ཕྱོགས་སུ་ནི་འཇིགས་པ་འཇིགས་བྱེད་དབྱུག་ཏོའི་
ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་ནས་ཕྱོགས་བཞིར་བུམ་པ་མགུལ་ཆིངས་དང་བཅས་པ་བཞི་གཞག་གོ། །དབུས་སུ་བུམ་པ་གཅིག་གཞག་གོ། །དེ་ནས་སློབ་དཔོན་གྱིས། ཆོ་ག་སྔ་མའི་ཚུལ་བཞིན་དུ། །རབ་ཏུ་བསྒྲིམས་ཏེ་སློབ་མ་བཟུང་། །དཀྱིལ་འཁོར་སྔ་མའི་སྐབས་
བཞིན་དུ། །སྤོས་དང་མེ་ཏོག་སྦྱིན་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ངོ་མཚར་གྱིས་འདུན་པར་གྱུར་པའི་སྙིང་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་རྣམ་པར་བལྟ་ཞིང་འདུག་ནས་ཚིག་སྨྲས་པ། །ཀྱེ་མའོ་སེམས་དཔའ་ཆེན་པོ་གང་། །སངས་རྒྱས་ཞིང་
དུ་ཐམས་ཅད་དུ། །བསྒྲགས་པ་ཆེན་པོ་བསྟན་པ་ནི། །ཁྱོད་ཀྱིས་སྤྱོད་པ་ཅི་འདྲ་ཞིག །དཀྱིལ་འཁོར་འདི་འདྲ་མཐོང་ནས་སུ། །གང་གིས་དངོས་གྲུབ་འགྲུབ་འགྱུར་ལ། །རྡོ་རྗེ་དབང་བསྐུར་དམ་པ་མཆོག །ཤིན་ཏུ་རྨད་དུ་བྱུང་འདི་བསྟན། །དེ་སྐད་ཅེས་སྨྲས་པ་དང་།
བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་ལེགས་སོ་ལེགས་སོ། །ཚིག་བརྗོད་པ་འདི་བཟང་ངོ་། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ཀྱང་འདི་སྐད་དུ་ལག་ན་རྡོ་རྗེ། རྡོ་རྗེས་དབང་བསྐུར་བའི་

དཀྱིལ་འཁོར་འདི་ནི་མཆོག་ཏུ་ཆེས་གསང་བའོ་ཞེས་གསུངས་སོ། །དེ་སྐད་ཅེས་སྨྲས་པ་དང་། ཞི་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་སེམས་དཔའ་ཆེན་པོ་རྡོ་རྗེས་དབང་བསྐུར་བ་ཞེས་བྱ་བ་ཇི་སྐད་དུ་བསྟན་པ་ཡིན། །དེ་སྐད་ཅེས་
སྨས་པ་དང་། ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་གང་ཁྱོད་ཀྱིས་དྲིས་པ་དེ་ལེགས་སོ་ལེགས་སོ། །ཞི་བའི་བློ་གྲོས་རྡོ་རྗེས་དབང་བསྐུར་བའི་མཐུ་བསྒྱིངས་པ་ཉོན་ཅིག །ཞི་བའི་བློ་གྲོས་དཀྱིལ་འཁོར་འདི་ལྟ་ཞོག་གི། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་དུ་མ་ལས་ངེས་པར་བྱུང་བ་གཟུངས་དུ་མའི་འཁོར་དང་ལྡན་པའི་རྡོ་རྗེ་ཡང་ཁོ་བོ་ལ་བྱིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འདི་ནི་སངས་རྒྱས་རྣམས་པས་ཆེས་སྔ་བའོ། །ཞི་བའི་བློ་གྲོས་ཡེ་ཤེས་ཀྱི་རྡོ་རྗེ་འདི་ནི། སྔགས་པས་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་མགུ་བའི་མགོ་བོར་བསམས་ལ་སྦྱིན་པར་བྱ་སྟེ་འདི་ཉིད་དེའི་དམ་ཚིག་ཡིན་ནོ། །དེས་ན་རྡོ་རྗེས་དབང་བསྐུར་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་པོའི་རྡོ་རྗེ་འདི་ནི་མཆོག་ཏུ་སྲུང་བར་བྱེད་པ་དང་། བསྟན་པ་ཀུན་དུ་བསྲུང་བ་དང་། དེ་ཉིད་
དེ་བཞིན་གཤེགས་པ་ཡིན་པ་དང་། བགེགས་ཐམས་ཅད་ཕུང་བར་བྱེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་རྡོ་རྗེ་སྔགས་པས་ནམ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་གཏང་བར་མི་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཞི་བའི་བློ་གྲོས་ཀྱིས་བྱང་
ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་སེམས་ཅན་རྣམས་ལ་ཕན་པར་འདོད་པས་གང་ཁྱོད་ཀྱིས་མཆོག་ཏུ་གསང་ཆེན་གྱི་དཀྱིལ་འཁོར་བཤད་པ་ལེགས་སོ་ལེགས་སོ། །ཡེ་ཤེས་རྡོ་རྗེ་བླ་ན་མེད། །བདག་ཉིད་དེ་བཞིན་གཤེགས་པ་ཡི། །ཡེ་ཤེས་གཟུགས་
སུ་གནས་པ་འདི། །བླུན་པོ་རྣམས་ཀྱིས་མི་ཤེས་སོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བྱ་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་ཁྱོད་ལ་གསང་ཆེན་བཤད་ཀྱིས། ཞི་བའི་བློ་གྲོས་ཁྱོད་ཀྱིས་མ་དད་པ་

སུ་ལ་ཡང་དཀྱིལ་འཁོར་གྱི་རྒྱལ་པོ་འདི་མ་བསྟན་ཅིག །དམ་ཚིག་འདི་ཡང་ཡོངས་སུ་དག་པ་མ་གཏོགས་པ་སུ་ལ་ཡང་མ་སྦྱིན་ཅིག །ལག་ན་རྡོ་རྗེ་དབང་བསྐུར་བ་ལས་རྡོ་རྗེས་དབང་བསྐུར་བའི་རིམ་པར་ཕྱེ་བའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དེའི་ཚེ།
ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དཀྱིལ་འཁོར་དུ་དོན་ཡོད་པ་ཡང་དག་པར་བསྟན་པ་ལས།
དོན་ངེས་པར་འབྱུང་བ་རྣམས་ཀྱི་རྟགས་སུ་གྱུར་པ། རྡོ་རྗེ་མཆོག་ལས་ཡང་དག་པར་བྱུང་བའི་ཕྱག་རྒྱ་རབ་འབྱམ་དབྱིབས་རྣམ་པ་སྣ་ཚོགས་མངོན་པར་གྲུབ་པ། སེམས་ཅན་གྱི་ཁམས་བསམ་པ་ཐ་དད་པ་རྣམས་ཅི་ལྟ་བ་བཞིན་དུ་ཡང་དག་པར་ཚིམ་པར་བྱེད་པ། འགྲོ་བ་ཐ་དད་
པ་རྣམས་དང་། རིགས་དང་། སྐྱེ་གནས་དང་། ཁ་དོག་དང་། དབྱིབས་ཐ་དད་པ་རྣམས་དང་། སྤྱོད་པ་ཐ་དད་པ་རྣམས་དང་། བསམ་པ་ཐ་དད་པ་རྣམས་དང་། ཚུལ་དང་ངེས་པའི་ཚིག་བརྗོད་པ་ཐ་དད་པ་རྣམས་དང་། ཚིག་གི་ལམ་ཐ་དད་པ་རྣམས་སུ་སྣ་ཚོགས་ཀྱིས་སྤྲས་
པའི་ལུས་ཀྱི་དབྱིབས་དག་མངོན་པར་སྤྲུལ་ནས། འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པ་ངེས་པར་བསྟན་པ་རྣམས་སུ་ལུས་དང་ངག་དང་ཡིད་ཀྱིས་མཉམ་པ་ཉིད་ལ་ངེས་པར་སྦྱོར་བར་བྱེད་པ། ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བསྐྱེད་པའི་ལུས་དང་ལྡན་པ། བྱང་ཆུབ་སེམས་
དཔའི་མིག་འཕྲུལ་ལས་ཡང་དག་པར་འབྱུང་བའི་ཕྱག་རྒྱ་རབ་འབྱམ་དག་ཡོད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དེ་དག་ཁོ་བོས་ཁྱོད་ལ་བཤད་ཀྱིས་ཉོན་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སྨྲས་པ། རིགས་ཀྱི་བུ་དེའི་དུས་ཡིན། དེའི་ཚོད་ཡིན་གྱིས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་རྒྱན་གྱི་སྒོའི་ཕྱག་རྒྱ་རབ་འབྱམ་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་

གཅིག་ཏུ་ཚིག་སྨྲས་པ། བྱང་ཆུབ་སེམས་དཔའ་དེའི་དུས་ལ་བབ་པར་མཁྱེན་ན་དེའི་དུས་ལགས་དེའི་ཚོད་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་
པར་ཞུགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེའི་ཚེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པའི་ཕྱག་རྒྱ་རབ་འབྱམ་སྨྲས་པ། ཐོག་མར་ལག་པ་གཉིས་སྙིམ་པ་སྦྱར་ལ་སྲིན་ལག་
གཉིས་ནང་དུ་གཞུག་གུང་མོ་གཉིས་གཤིབས་ཏེ་གྱེན་དུ་བསྒྲེང་ལ། མཛུབ་མོ་གཉིས་ཚིགས་གསུམ་པའི་ཐད་ཀ་ནས་གང་ཙམ་གྱིས་མ་རེག་ཙམ་དུ་གཞག །མཐེའུ་ཆུང་གཉིས་དང་མཐེ་བོ་གཉིས་ཀྱང་དེ་ལ་ཕྱོགས་པར་གྱེན་དུ་བསྒྲེང་ངོ་། །འདི་ནི་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་
རྒྱ་སྟེ་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་ས་མ་ཡ་བཛྲ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡ་མཚན་གྱིས་སྤྱན་རྒྱས་པར་གྱུར་ནས། དྲང་སྲོང་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་དམ་ཚིག་འདི་ནི་ངོ་མཚར་ཏོ། །
དེ་བཞིན་རྒྱལ་བའི་ཉན་ཐོས་དང་། །རང་རྒྱལ་གང་དག་འཇིག་རྟེན་ན། །གཉིས་མེད་བསེ་རུ་ལྟ་བུ་དང་། །ཚངས་པ་ལ་སོགས་འཕྲུལ་པོ་ཆེ། །འཇིག་རྟེན་ལྷ་རྣམས་གང་ཡིན་དང་། །གང་གཞན་གནོད་སྦྱིན་དྲི་ཟ་དང་། །མཁའ་ལྡིང་མིའམ་ཅི་ལ་སོགས། །སྲིན་པོ་ཡི་དགས་
གནོན་པོ་དང་། །གྲིབ་གནོན་བརྗེད་བྱེད་གྲགས་པ་རྣམས། །དེ་དག་ཀུན་གྱིས་ཚིག་སྨྲས་པ། །དམ་ཚིག་དམ་པ་ངོ་མཚར་ཏོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །དམ་ཚིག་འདི་ལས་སུ་འདའ་བ། །སྡང་སེམས་ལྡན་པ་དེ་དག་གི། །མགོ་བོ་དཔལ་ལྡན་རྡོ་རྗེ་འཆང་། །
སེམས་ཅན་ཀུན་ལ་ཕན་བྱེད་པ། །མེ་ལྕེ་ཕྲེང་འཁྲུགས་མི་བཟད་པའི། །རྡོ་རྗེ་རྣམས་ཀྱིས་རྟག་ཏུ་འགེམས། །དམ་ཚིག་འདས་པ་ངེས་པར་ནི། །ངན་སོང་འགྲོ་ལ་སོགས་པར་འགྱུར། །སྐྱོབ་པ་བྱང་ཆུབ་སེམས་དཔའ་དང་། །རྫོགས་སངས་རྒྱས་རྣམས་མི་མཉེས་

བྱས། །དེ་དག་དངོས་གྲུབ་ཚེ་འདི་དང་། །ཚེ་གཞན་འབྲས་བུར་གྱུར་འདིར་མེད། །གལ་ཏེ་འབྲས་བུ་མཆོག་འདོད་ན། །དེ་ལྟ་བས་ན་རྣམ་ཀུན་དུ། །བློ་དང་ལྡན་པས་བསྒྲིམས་བྱས་ལ། །དམ་ཚིག་འདི་ནི་བསྲུང་བར་བྱ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཉིས་དེ་ཉིད་དུ་
སྦྱར་བ་ནི་རྡོ་རྗེ་འཆང་ཐམས་ཅད་ཀྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་མྱུར་དུ་སླར་བཀྱེད་པ་ནི་རྡོ་རྗེ་ཛྷི་ག་རའི་ཕྱག་རྒྱའོ། །མཛུབ་མོ་གཉིས་བསེགས་སུ་བཀྱེད་པ་ནི་ཀུན་དུ་བརྗོད་པའི་མེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཉིས་ནང་དུ་གཞུག་པ་ནི་རྡོ་རྗེ་ར་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་
མོ་གཉིས་བཀུག་སྟེ་ཐུར་དུ་བསྟན་ལ་མཐེ་བོ་དང་ལྷན་ཅིག་གཞག་པ་ནི་རྡོ་རྗེ་ཕུར་བུའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་གཉིས་བཀུག་ལ་ལྷག་མ་དེ་བཞིན་གཞག་པ་ནི་རྡོ་རྗེ་དྲ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་ཐམས་ཅད་གཅིག་ཏུ་ཁ་བྱེ་བ་ལ་ཐུག་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཨུཏྤ་
ལའི་ཕྱག་རྒྱའོ། །རྡོ་རྗེ་ཨུཏྤ་ལའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱིས་སོར་མོ་ཐམས་ཅད་འཁྱུད་ལ། མཐེ་བོ་གཉིས་མཛུབ་མོའི་དྲུང་དུ་བཞར་བ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །རྡོ་རྗེ་གདུ་བུའི་ཕྱག་རྒྱ་ལས་མཐེ་བོ་གཉིས་མཛུབ་མོའི་ངོས་ལ་བཞར་བ་ནི་ཁྲོ་བོ་རྡོ་རྗེ་ཁའི་ཕྱག་རྒྱའོ། །རྡོ་རྗེ་ཁའི་ཕྱག་རྒྱ་དེ་
ཉིད་ལས་མཛུབ་མོ་གཉིས་ནང་ལོགས་སུ་བཅུག་ལ་སྟོད་དེ་གཞག་པ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་མཛུབ་མོའི་ལོགས་སུ་ཡིད་ཙམ་དགུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །མཐེའུ་ཆུང་གཉིས་ནང་དུ་བཀུག་ལ་སྲིན་ལག་གཉིས་
གཤིབས་ཏེ་གྱེན་དུ་བསྒྲེང་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ཀྱིས་སྲིན་ལག་གཉིས་བསྣོལ་མར་འཁྱུད་ལ་ལྷག་མ་དེ་བཞིན་དུ་གཞག་པ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་
གཉིས་ཀྱིས་སྲིན་ལག་གཉིས་འཁྱུད་ལ་ལྷག་མ་དེ་བཞིན་དུ་གཞག་པ་ནི་བཅོམ་ལྡན་འདས་མ་མཱ་མ་ཀཱིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་སྲིན་ལག་གི་དྲུང་དུ་བཞར་བ་ནི་རྡོ་རྗེ་སྒེག་པའི་ཕྱག་རྒྱའོ། །རྡོ་རྗེ་སྒེག་པའི་ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཉིས་བཀྱེད་པ་ནི་རྡོ་རྗེ་མེ་

ཏོག་གི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཀུག་པ་སྟེ། གུང་མོ་གཉིས་གཤིབས་པ་ནི་རྡོ་རྗེ་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་སོར་མོ་རྣམས་ལན་བུ་ཐབས་སུ་བྱས་པ་བཟློག་སྟེ། མཛུབ་མོ་གཉིས་གཤིབས་
པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡོན་གྱིས་གཡས་པ་མནན་ལ་ལྷག་མ་སྔ་མ་བཞིན་གཞག་པ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བཀྱེད་ལ་མཐེ་བོ་གཉིས་དེ་ལོགས་སུ་ཕྱོགས་པར་གཞག་པ་ནི་རྡོ་རྗེ་འབྱུང་གནས་ཀྱི་ཕྱག་
རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་སྲིན་ལག་གཉིས་བརྐྱང་བ་ནི་རྡོ་རྗེ་སེན་མོ་ཅན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་གཉིས་བརྐྱང་ལ་མཐེ་བོ་གཉིས་སྦས་པ་ནི་རྡོ་རྗེ་རིགས་མཛེས་མའི་ཕྱག་རྒྱའོ། །ལག་པ་གཉིས་སྙིང་གར་གཤིབས་ཏེ་མཐེ་བོ་གཉིས་ནང་དུ་བཅུག་ལ་ལྷག་མ་
ཐམས་ཅད་བརྐྱང་བ་ནི་རྡོ་རྗེ་བླ་རེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ཀྱང་ནང་དུ་བཀུག་པ་ནི་རྡོ་རྗེ་ཏོག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མཐེ་བོ་གཉིས་ཀྱི་རྩེ་མོར་གཞག་ལ་སྔ་མ་བཞིན་གཞག་པ་ནི་རྡོ་རྗེ་ལག་པའི་ཕྱག་རྒྱའོ།
དེ་བཞིན་དུ་ལག་པ་གཉིས་ཀའི་སྙིམ་པ་སྦྱར་ཏེ། སོར་མོ་ཐམས་ཅད་དྲིལ་བུའི་ཚུལ་དུ་བྱས་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ་བསྐྱོད་པ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་རྔ་བོ་ཆེའི་ཕྱག་རྒྱའོ། །ཕྱག་
རྒྱ་དེ་ཉིད་ལས་མཐེ་བོ་གཉིས་བསྒྲེང་ལ་མཐེའུ་ཆུང་གཉིས་ནང་དུ་བཀུག་པ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་འཁྱུད་པའི་ཚུལ་དུ་བྱ་ཞིང་མཐེ་བོ་གཉིས་ཡིད་ཙམ་བཀུག་པ་ནི་རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱའོ། །འདི་ཉིད་ལས་མཐེ་བོ་གཉིས་ནང་དུ་བཅུག་པ་ནི་བེ་
ཅོན་སྔོན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གུང་མོའི་ངོས་ཀྱིས་དྲུང་དུ་བཀུག་སྟེ་བཞར་བ་ནི་རྡོ་རྗེ་ལུས་དམར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་བསྐོར་བའི་ཚུལ་གྱིས་གཟིར་ཅིང་མཐེ་བོ་བསྒྲེང་བ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་

མཐེ་བོ་གཉིས་ནང་དུ་བཀུག་ལ་སྲིན་ལག་བསྒྲེང་སྟེ། ཚིགས་གསུམ་པ་བཀུག་པ་དགུག་པ་ནི་གཞོན་ནུ་ལག་བཟང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གཤིབས་ལ་ཚིགས་གསུམ་པ་བཀུག་པ་ནི་གཞོན་ནུ་རྡོ་རྗེ་སྡེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་
གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ་ལྷག་མ་སྔ་མ་བཞིན་དུ་གཞག་པ་ནི་གཞོན་ནུ་རྡོ་རྗེ་སྤྱི་གཙུག་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡོན་པ་ནང་དུ་བཀུག་པ་ནི་གཞོན་ནུ་རྡོ་རྗེ་དབུ་རྒྱན་རྩེ་བྲན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་བཀན་ལ་སྲིན་ལག་གཉིས་དང་མཐེ་བོ་གཉིས་
བསྒྲེང་གུང་མོ་གཉིས་དབུས་སུ་རྩེ་མོ་དགུག་པ་ནི་ནད་ཀུ་བེ་རའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ནང་དུ་བཀུག་ལ་སྲིན་ལག་གཉིས་ཐད་ཀར་བརྐྱང་བ་ནི་ཁྲོ་བོ་ཟླ་བའི་ཐིག་ལེའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་བཞག་སྟེ། མཛུབ་མོ་དང་
གུང་མོ་མིག་གི་ཚུལ་དུ་དཔྲལ་བར་སྦྱར་བ་ནི་རྡོ་རྗེ་འཇིགས་འཇིགས་ལྟའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་གཤིབས་པ་ལ་འཁྱུད་པ་ནི་ཀུན་དུ་བཟང་པོ་ལ་སོགས་པ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །ལག་པ་གཉིས་གདུ་བུའི་
ཚུལ་དུ་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་བརྐྱང་སྟེ་ཡིད་ཙམ་བཀུག་པ་ནི་སྟོབས་པོ་ཆེ་བེ་ཅོན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་རྩེ་སྤྲད་དེ་ཟླུམ་པོར་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །མཛུབ་མོ་དེ་ཉིད་བསྣོལ་ཏེ་སྦྱར་བ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་
གཡོན་པ་ཡིད་ཙམ་དགུག་པ་ནི་རྡོ་རྗེ་ཡུ་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ་མཛུབ་མོ་གཉིས་ལག་མཐིལ་དུ་བཀུག་ལ་གུང་མོ་གཉིས་ཚིགས་གསུམ་པ་བཀུག་སྟེ་ཐུར་དུ་བསྟན་པ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་
བ་ལ་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཀུག་སྟེ། མཛུབ་མོ་གཉིས་མཐེ་བོ་གཉིས་ལ་འཁྱུད་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ལག་པ་གཡས་པའི་སོར་མོ་ཐམས་ཅད་བསྡུས་ལ་གུང་མོ་ཡིད་ཙམ་བརྐྱང་བ་ནི་རྡོ་རྗེ་གཙུག་ཏོར་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་

འདི་ཉིད་ལས་མཛུབ་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་མཚམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཉིས་ཀྱི་དྲུང་དུ་བཅར་ལ་ལྷག་མ་སྔ་མ་བཞིན་གཞག་པ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་ཕྱག་རྒྱའོ། །
དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་ཁུ་ཚུར་གཡོན་པ་བརྡེག་པར་གཟས་པ་ལྟར་བྱ་ཞིང་། ཁུ་ཚུར་གཡས་པ་བྲང་ལ་བཅར་ཏེ་མཛུབ་མོས་བསྡིགས་པ་ནི་མངོན་དུ་གྱུར་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀ་བསྐོར་བའི་ཚུལ་དུ་ཁུ་ཚུར་བཅངས་ལ་རྐང་པ་བརྐྱང་ལ་ཁུ་ཚུར་བསྣུན་ཐབས་
སུ་གྱེན་དུ་བསྟོད་པ་ནི་ཐུབ་དཀའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ། མཐེའུ་ཆུང་གཉིས་དང་མཐེ་བོ་གཉིས་ནང་དུ་བཀུག་པ་ནི་རྣམ་ཐོས་བུའི་དབྱུག་ཐོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཞགས་མིག་གི་ཚུལ་དུ་བྱས་པ་ནི་ཞགས་པ་སྟེ་ནོར་རྒྱས་ཀྱི་བུའི་ཕྱག་
རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ་མཛུབ་མོ་གཉིས་ཀྱིས་སོར་མོ་ཐམས་ཅད་འཁྱུད་པ་ནི་སའི་སྙིང་པོའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཉིས་རལ་གྲིའི་ཚུལ་དུ་སྦྱར་བ་ནི་ནམ་མཁའི་སྙིང་པོའི་རལ་གྲིའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་
རྒྱ་ལས་སྲིན་ལག་གཉིས་ནང་དུ་བཀུག་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་དེ་ལས་མཐེ་བོ་གཉིས་ནང་དུ་བཀུག་པ་ནི་ཞི་བའི་བློ་གྲོས་ཀྱི་རྒྱལ་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་བཀན་ཏེ་སྲིན་ལག་གཉིས་བསྒྲེང་བ་ནི་མེ་ཏོག་གི་
ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་གཉིས་མཐིལ་དུ་བཅར་བ་ནི་བྱུག་སྤོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་གུང་མོ་གཉིས་ལ་བཅར་བ་ནི་བདུག་པའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཉིས་མཐེའུ་ཆུང་གཉིས་ཀྱིས་འཁྱུད་པ་ནི་མཆོད་ཡོན་གྱི་
ཕྱག་རྒྱའོ། །མཐེ་བོ་གཉིས་བརྐྱང་བ་ནི་མར་མེའི་ཕྱག་རྒྱའོ། །མཐེ་བོ་སྦས་ཏེ་མཛུབ་མོ་བསྐུམ་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀ་གཅིག་ཏུ་སྦྱར་ལ་མཐེ་བོ་དང་མཛུབ་མོ་གཅིག་ཏུ་སྦྱར་ཏེ་སྲིན་ལག་གཉིས་བརྐྱང་བ་ནི་རྡོ་རྗེ་དབྱངས་ཅན་གྱི་ཕྱག་རྒྱའོ། །

རྡོ་རྗེ་དབྱངས་ཅན་གྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ནང་དུ་བཀུག་ལ་མཐེའུ་ཆུང་གཉིས་མཐེ་བོ་ལ་ཕྱོགས་པར་བྱ་བ་ནི་རྡོ་རྗེ་བཞད་པའི་ཕྱག་རྒྱའོ། །རྡོ་རྗེ་བཞད་པའི་ཕྱག་རྒྱ་ལས་མཐེའུ་ཆུང་གཉིས་བསྒྲེང་བ་ནི་རྡོ་རྗེ་སྨིན་མའི་ཕྱག་རྒྱའོ། །རྡོ་རྗེ་སྨིན་མའི་ཕྱག་རྒྱ་ལས་མཛུབ་
མོ་གཉིས་མིག་གི་ཚུལ་དུ་བཀུག་སྟེ། །གུང་མོའི་ངོས་ལ་བཞར་བ་ནི་རྡོ་རྗེ་མིག་གི་ཕྱག་རྒྱའོ། །རྡོ་རྗེ་མིག་གི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་རྣ་བའི་ཕྱག་རྒྱའོ། །རྡོ་རྗེ་རྣ་བའི་ཕྱག་རྒྱ་ལས་གུང་མོ་གཡོན་པ་བཀུག་པ་ནི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། །རྡོ་རྗེ་ལྟེ་བའི་ཕྱག་རྒྱ་ལས་
གུང་མོ་གཡས་པ་བཀུག་སྟེ་གཡོན་པ་བརྐྱང་བ་ནི་རྡོ་རྗེ་མཁུར་བའི་ཕྱག་རྒྱའོ། །རྡོ་རྗེ་མཁུར་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྩེ་མོ་བཀུག་ལ་སྦྱར་བ་ནི་རྡོ་རྗེ་རྟ་བབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་རྟ་བབས་ཀྱི་ཕྱག་རྒྱ་ལས་མཐེ་བོ་གཡོན་པ་བསྒྲེང་ལ་གཡས་པ་བཀུག་པ་ནི་
རྡོ་རྗེ་རྐེད་པའི་ཕྱག་རྒྱའོ། །རྡོ་རྗེ་རྐེད་པའི་ཕྱག་རྒྱ་ལས་སྲིན་ལག་གཉིས་ཕྱེ་སྟེ་ཕྱིར་བཀྱེད་པ་ནི་རྡོ་རྗེ་མཚན་གྱི་ཕྱག་རྒྱའོ། །རྡོ་རྗེ་མཚན་གྱི་ཕྱག་རྒྱ་ལས་སྲིན་ལག་གཉིས་ཡིད་ཙམ་བཀུག་ལ་ཐུར་དུ་བསྟན་པ་ནི་རྡོ་རྗེ་བརླའི་ཕྱག་རྒྱའོ། །རྡོ་རྗེ་བརླའི་ཕྱག་རྒྱ་ལས་སྲིན་ལག་གཡོན་
པ་ཡིད་ཙམ་བརྐྱང་བ་ནི་རྡོ་རྗེ་བྱིན་པའི་ཕྱག་རྒྱའོ། །རྡོ་རྗེ་བྱིན་པའི་ཕྱག་རྒྱ་ལས་སྲིན་ལག་གཡས་པ་བརྐྱང་སྟེ་གཡོན་པ་ནང་དུ་བཀུག་པ་ནི་རྡོ་རྗེ་རྐང་པའི་ཕྱག་རྒྱའོ། །ལག་པ་གཉིས་བསྣོལ་ཏེ་རྡོ་རྗེ་བཅིང་བའི་ཚུལ་དུ་བཅིངས་ལ་མཛུབ་མོ་གཉིས་བསྡིགས་པའི་ཚུལ་དུ་གཞག་པ་ནི་རྡོ་རྗེ་
ལག་པའི་ཕྱག་རྒྱའོ། །རྡོ་རྗེ་ལག་པའི་ཕྱག་རྒྱ་ལས་མཛུབ་མོ་གཡོན་པ་བཀུག་པ་ནི་བྲན་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་བྲན་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཡས་པ་ཕྱེ་སྟེ་བརྐྱང་བ་ནི་ཕོ་ཉ་ཐམས་
ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་གཡོན་པ་ཕྱེ་སྟེ་བརྐྱང་བ་ནི་ཕོ་ཉ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ལག་པ་གཉིས་རྡོ་རྗེ་བཅིངས་པའི་ཚུལ་དུ་བྱས་ལ། མཐེ་བོ་གཡོན་པ་བསྒྲེང་བ་ནི་ཕྱག་བརྙན་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡས་

པ་བརྐྱང་བ་ནི་ཕྱག་བརྙན་མ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁ་ཕྱེ་ལ་ཐུག་པའི་ཚུལ་དུ་ཐལ་མོ་སྦྱར་ཏེ་སྤྱི་བོར་གཞག་པ་ནི་གཞོན་ནུ་གཙུག་ནས་བྱུང་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པ་ལ་སྦྱར་ལ་མཐེ་བོ་གཡས་པ་བརྐྱང་བ་ནི་རྡོ་རྗེ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །
ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡས་ཟེད་གཡོན་པ་བརྐྱང་བ་ནི་རྡོ་རྗེ་གླུའི་ཕྱག་རྒྱའོ། །སྔ་མ་བཞིན་དུ་སྙིམ་པར་སྦྱར་མཛུབ་མོ་གཡས་པ་བཀུག་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ལས་གུང་མོ་གཉིས་བཀུག་ལ་མཛུབ་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་གནོད་སྦྱིན་མོ་ཐམས་
ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་དྲི་ཟའི་ཕྱག་རྒྱའོ། །རྡོ་རྗེ་དྲི་ཟའི་ཕྱག་རྒྱ་ལས་སྲིན་ལག་གཡས་པ་བཀུག་པ་ནི་རྡོ་རྗེ་ལྷ་མ་ཡིན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་གཡས་པ་བརྐྱང་བ་ནི་རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་
ལས་མཐེའུ་ཆུང་གཉིས་ཀ་བཀུག་པ་ནི་རྡོ་རྗེ་མིའམ་ཅིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡོན་པ་བཀུག་པ་ནི་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་བརྐྱང་བ་ནི་རྡོ་རྗེ་མེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བཀུག་པ་ནི་རྡོ་རྗེ་སྲིན་པོའི་ཕྱག་རྒྱའོ། །
དེ་ཉིད་ལས་བརྐྱང་བ་ནི་རྡོ་རྗེ་སྲིན་མོའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་སྲིན་ལག་གཉིས་བཀུག་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱའོ། །དེ་ཉིད་ལས་བརྐྱང་བ་ནི་རྡོ་རྗེ་གནོན་པོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་བཀུག་པ་ནི་རྡོ་རྗེ་གྲིབ་གནོན་གྱི་ཕྱག་རྒྱའོ། །དེ་
ཉིད་བརྐྱང་བ་ནི་རྡོ་རྗེ་བརྗེད་བྱེད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་སྙིམ་པའི་ཚུལ་དུ་རྒྱབ་སྦྱར་ཏེ། སོར་མོ་ཐམས་ཅད་སླངས་ལ་མཐེ་བོ་གཉིས་སོ་སོའི་ལག་མཐིལ་དུ་བཞར་བ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཡས་པ་རང་གི་གནས་སུ་གཞག་པ་ནི་
སྐྱེ་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་མཐེ་བོ་གཡོན་པ་རང་བཞིན་གྱི་གནས་སུ་གཞག་པ་ནི་རྒ་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་མཐེ་བོ་གཉིས་བསྒྲེང་བ་ནི་ན་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དྲུང་དུ་མཐེ་བོ་གཉིས་

གཞག་པ་ནི་དབུལ་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཉིས་ཕྱེ་སྟེ་མཐེ་བོ་གཉིས་དང་སྦྱར་བ་ནི་རྒུད་པ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡོན་པ་ལ་མཐེ་བོ་གཡས་པས་འཁྱུད་ཅིང་། དེ་བཞིན་དུ་མཛུབ་མོ་
གཡས་པ་ལ་མཐེ་བོ་གཡོན་པས་འཁྱུད་པ་ནི་འཆི་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་གཉིས་སྙིམ་པ་སྦྱར་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ་སྲིན་ལག་དང་མཐེའུ་ཆུང་མཛུབ་མོས་འཁྱུད་དེ། མཐེ་བོ་གཉིས་དེ་དག་གི་དྲུང་དུ་གཞག་པ་ནི་རྫོགས་པའི་སངས་རྒྱས་རྣམས་
ཀྱི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པ་སྦྱར་ལ་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཀུག་སྟེ་གུང་མོ་གཤིབས་ལ་མཛུབ་མོ་གཉིས་བཀུག་སྟེ་ངོས་ལ་སྦྱར་ཅིང་། མཐེ་བོ་གཉིས་དེའི་དྲུང་དུ་གཞག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་གྱི་
ཕྱག་རྒྱའོ། །གཙུག་ཏོར་གྱི་ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཉིས་བརྐྱང་བ་ནི་རིག་པ་མཆོག་གི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་སྲིན་ལག་གཉིས་བསྒྲེང་བ་ནི་རིག་པའི་རྒྱལ་པོ་གནོད་མཛེས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ་གུང་མོ་ལ་ནས་གང་ཙམ་
གྱིས་མ་རེག་པར་གཞག་པ་ནི་ལེགས་པར་གྲུབ་བྱེད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་དྲིལ་བུའི་ཚུལ་དུ་སོར་མོ་ཐམས་ཅད་བཀྱེད་པ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་ཕྱག་རྒྱའོ། །ལག་པ་གཉིས་པདྨ་ཁ་ཕྱེ་ལ་ཐུག་པའི་ཚུལ་དུ་བྱས་པ་ནི་གོས་
དཀར་མོའི་ཕྱག་རྒྱའོ། །དེ་ཉིད་ཅུང་ཟད་ཁུ་ཕྱེ་བའི་ཚུལ་དུ་བྱས་པ་ནི་མཐུ་ཆེན་ཐོབ་ཀྱི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་བ་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་རྣམས་ནང་དུ་བཀུག་སྟེ་མཛུབ་མོ་གཉིས་གཤིབས་ཏེ་མཐེ་བོ་གཉིས་དེའི་དྲུང་དུ་སྦྱར་བ་ནི་འཕགས་མ་
སྒྲོལ་མའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་རྒྱབ་སྤྲོད་དུ་སྦྱར་ཏེ། ཕན་ཚུན་དུ་འཁྱུད་ལ་སོར་མོ་རྣམས་བླས་པ་ལྟར་བྱས་ཏེ་ལྕགས་སྒྲོག་གི་ཚུལ་དུ་བསྡམས་པ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ།། །།འཕགས་པ་ལག་ན་རྡོ་རྗེའི་དབང་བསྐུར་བ། བམ་པོ་

དགུ་པ། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་
ཅག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པའི་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དངོས་གྲུབ་བསྒྲུབ་པ་ལ་བརྩོན་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་རང་གི་ཕྱག་རྒྱ་རྟགས་སུ་གྱུར་པ་སྩལ་བར་བགྱི་སྟེ། དེས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མྱུར་བ་ཉིད་དུ་དངོས་
གྲུབ་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་ཁྱོད་ལེགས་སོ་ལེགས་སོ། །རིགས་
ཀྱི་བུ་དག་དེའི་ཕྱིར་རང་རང་གི་ཕྱག་རྒྱ་རབ་འབྱམ་དག་སྨྲོས་ཤིག །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་རང་གི་ཕྱག་རྒྱ་སྨྲས་པ། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་སོར་མོ་གསུམ་བརྐྱང་ལ་མཛུབ་མོ་དང་མཐེ་བོ་གཉིས་གཅིག་ཏུ་སྦྱར་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་བདག་གི་
ཚངས་པའི་བེ་ཅོན་གྱི་ཕྱག་རྒྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་གི་ཕྱག་རྒྱ་སྨྲས་པ། ལག་པ་གཉིས་སྙིམ་པར་སྦྱར་ལ་སྲིན་ལག་དང་མཐེའུ་ཆུང་རྣམས་ནང་དུ་བཅུག་སྟེ། གུང་མོ་གཉིས་གཤིབས་ལ་བསྒྲེང་ཞིང་མཛུབ་མོ་དང་མཐེ་བོ་གཉིས་དེའི་དྲུང་དུ་གཞག་པར་
བགྱིའོ། །འདི་ནི་བདག་གི་རྡོ་རྗེའི་ཕྱག་རྒྱ་ལགས་ཏེ་ལས་ཐམས་ཅད་ཀྱི་དོན་བསྒྲུབ་པར་བགྱིད་པའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་རང་རང་གི་ཕྱག་རྒྱ་སྨྲས་པ། ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོ་གཉིས་བསྒྲེང་བར་བགྱི་སྟེ་རྣམ་ཐོས་ཀྱི་བུ་བདག་ཉིད་ཆེན་པོ་ཅན་གྱི་དབྱུག་ཐོའི་
ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཉིས་ཀྱི་སྟེང་དུ་མཛུབ་མོ་གཉིས་གཞག་པ་ནི། འཕགས་སྐྱེས་པོའི་བེ་ཅོན་གྱི་ཕྱག་རྒྱའོ། །བེ་ཅོན་གྱི་ཕྱག་རྒྱ་ལས་མཐེའུ་ཆུང་གཉིས་ཞགས་པའི་ཚུལ་དུ་བགྱིས་པ་ནི་ཡུལ་འཁོར་སྲུང་གི་ཞགས་པའི་ཕྱག་རྒྱའོ། །ཞགས་

པའི་ཕྱག་རྒྱ་ལས་མཐེ་བོ་གཉིས་ནང་དུ་བཀུག་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་མིག་མི་བཟང་གི་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་ལྔས་རྩེན་གྱིས་འདི་སྐད་ཅེས་སྨྲས་སོ། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་ལྔས་རྩེན་
གྱི་མདུང་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་ཀྱང་མདུང་གི་ཚུལ་དུ་བསྒྲེང་བ་ནི་འབྲོག་གནས་ཀྱི་མདུང་རྩེ་གསུམ་གྱི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ཁུ་ཚུར་བཅངས་ལ་མཐེ་བོ་གཉིས་བསྒྲེང་བ་ནི་ལག་པ་བརྒྱད་པའི་ཐོ་བའི་ཕྱག་རྒྱའོ། །དེ་བཞིན་
དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་གུང་མོ་གཉིས་རྒྱབ་སྦྱར་ཞིང་མཛུབ་མོ་གཉིས་བཀུག་སྟེ། དེ་ཉིད་ཀྱི་ཚིགས་གསུམ་པ་ལ་སྦྱར་ལ་མཐེ་བོ་གཉིས་དེ་གཉིས་ཀྱི་ངོས་ལ་སྦྱར་ཞིང་སོར་མོ་ལྷག་མ་གཤིབས་ཏེ་གཞག་པ་ནི་རྨུགས་བྱེད་འཛིན་ཆུ་དབང་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་
མཐེ་བོ་གཉིས་ནང་དུ་བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །མཐེ་བོ་དེ་ཉིད་བསྒྲེང་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མཐེ་བོའི་སྟེང་དུ་གཞག་པ་ནི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་
ཕྱེ་སྟེ་ནང་ལོགས་སུ་སྦྱར་བ་ནི་དྲི་ཟ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ནང་དུ་བཀུག་པ་ནི་རིག་སྔགས་འཆང་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་བསྒྲེང་ཞིང་མེ་ལྕེའི་ཚུལ་དུ་ཕྲལ་ལ་མཐེའུ་ཆུང་གཉིས་ནང་དུ་བཀུག་པ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་
ལས་སྲིན་ལག་གཉིས་ཀྱང་ཕྲ་ལ་ལ་ལྷག་མ་སྔ་མ་བཞིན་གཞག་པ་ནི་སྲིན་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པས་གདོང་བཀབ་ལ་ལག་མཐིལ་དུ་ལྕེས་བལྡགས་པ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱགས་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་
བ་ལ་སོར་མོ་ཐམས་ཅད་བསྣོལ་ཏེ་བསྒྲེང་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་བཀན་ཏེ་དབྱིབས་སྒུ་བོར་བགྱིས་པ་ནི་ཀླུ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་རྒྱབ་སྦྱར་ལ་མཐེ་བོ་གཉིས་གཅིག་གིས་གཅིག་འཁྱུད་

པ་ནི་ཁྱབ་འཇུག་གི་འཁོར་ལོའི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་བདེ་བྱེད་ཀྱི་མདུང་རྩེའི་ཕྱག་རྒྱའོ། །མདུང་གི་ཕྱག་རྒྱ་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ནང་དུ་བཅུག་ལ་ལྷག་མ་བསྒྲེང་བ་ནི་དཀའ་ཐུབ་ཟློག་གི་རྩེ་གསུམ་
གདེངས་པའི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ཁུ་ཚུར་བཅངས་ལ་གུང་མོ་གཤིབས་ཏེ་ཚིགས་གསུམ་བཀུག་པ་ནི་སྨིན་དྲུག་གི་བུའི་མདུང་ཐུང་གི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཐེ་བོ་ཐ་མལ་བར་བསྒྲེང་བ་ནི་གཤིན་རྗེའི་བེ་ཅོན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་
བཅངས་ལ་མཛུབ་མོ་བརྐྱང་བ་ནི་དྲག་པོའི་ཆུང་མའི་མདུང་ཐུང་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་པདྨ་བཟུང་བའི་ཚུལ་དུ་བགྱིས་ལ་མཐེ་བོའི་རྩེ་མོར་མཛུབ་མོ་གཞག་པ་ནི། ཚངས་པའི་ཆུང་མའི་པདྨའི་ཕྱག་རྒྱའོ། །མཐེ་བོ་དང་མཐེའུ་ཆུང་སྤྲད་ལ། ལྷག་མ་གསུམ་བ་དན་གྱི་ཚུལ་དུ་
བྱས་པ་ནི་དབང་པོའི་ཆུང་མའི་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་དེ་ཉིད་ལས་དྲིལ་བུའི་ཚུལ་དུ་ཁ་སྦུབ་