Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད

Văn bản gốc(Tây Tạng)

Trang 10 / 20 (50.000 ký tự/trang)
པོ་སྟོན་པར་བྱེད་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མ་ནོར་བའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མིག་མི་

འཛུམས་པར་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱང་དེ་བཞིན་གཤེགས་པ་ཉིད་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོ་སྔོན་མ་མཐོང་བ་རྣམས་དང་།
དམ་ཚིག་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་བྱ་བའི་ཕྱིར། ཡེ་ཤེས་ཆེན་པོར་དབང་བསྐུར་བ་དང་ལྡན་པའི་གཟུངས་སྔགས་འདི་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ནས་དེའི་མོད་ལ་འཇམ་དཔལ་གཞོན་ནུར་གྱུར་པས། དབང་ཆེན་
པོ་བསྐུར་བའི་གཟུངས་སྔགས་ལ་སོགས་པ་ཡེ་ཤེས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལས་ངེས་པར་བྱུང་བའི་ཡེ་ཤེས་ཆེན་པོའི་རྡོ་རྗེ་རྟོགས་པར་གྱུར་ཏོ། །ཡེ་ཤེས་ཆེན་པོའི་རྡོ་རྗེ་རྟོགས་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་
པའི་སྤྲིན་ཆེན་པོ་དག་བྱུང་བར་གྱུར་ཏོ། ཀྱེ་མའོ་ཡེ་ཤེས་ཆེན་པོར་དབང་བསྐུར་བས། །འཇམ་དཔལ་འདི་ལ་དབང་བསྐུར་ཏོ། །ཞེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲ་འུར་ཅེས་གྲགས་སོ། །དེའི་མཐུས་འཇམ་དཔལ་གཞོན་ནུར་གྱུར་
པས། དེ་བཞིན་གཤེགས་པའི་གཟུགས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཨུཏྤ་ལ་ཆེན་པོའི་ནང་དུ་ཞུགས་པར་མཐོང་ངོ་། །དེ་བཞིན་གཤེགས་པའི་གཟུགས་རྣམས་ཞུགས་མ་ཐག་ཏུ། དེ་ནས་ཆོས་ཀྱི་སྐུ་རྟོགས་པའི་མཐུས། དེའི་མོད་
ལ་འཇམ་དཔལ་གཞོན་ནུར་གྱུར་པའི་སྤུའི་ཁུང་བུའི་མཚམས་རྣམས་དང་། ཅོད་པན་དང་། རྒྱན་དང་། ཡན་ལག་དང་། ཉིང་ལག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་གཟུགས་རྣམས་བྱུང་ཞིང་ཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་
གནས་པ། སེམས་ཀྱི་དབང་ཐམས་ཅད་ཐོབ་པ་དེ་དག་གིས་ཀྱང་སྤུའི་ཁུང་བུ་གཅིག་གི་ཚད་ཀྱང་རྟོགས་པར་མ་ནུས་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། གཞན་འཇིག་རྟེན་པ་རྣམས་ཀྱིས་ལྟ་ཅི་སྨོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡིད་ལ་བྱེད་པ་དེ་

བཏང་སྟེ། ཡང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་མིག་མི་འཛུམས་པར་རིང་དུ་བལྟས་ནས། ཞིང་རྣམས་འདི་དག་ཡོངས་སུ་སྦྱང་བར་བྱ། །རྒྱལ་སྲས་ཀུན་གྱི་སྨོན་ལམ་མཐུ་རྫོགས་བྱ། །སེམས་ཅན་ཕན་དང་སྙིང་བརྩེ་ནད་མེད་ཅིང་། །ཞི་བ་བདུད་རྩི་རྙེད་དཀའ་ཡེ་
ཤེས་བསྟན། །ཡེ་ཤེས་དམ་པ་གཅེས་པ་འདི་ཐོབ་ནས། །སངས་རྒྱས་ཞིང་ནས་སེམས་ཅན་ཁྲག་ཁྲིག་ཕྲག །གྲངས་མེད་ཁྱོད་ཀྱིས་བརྗོད་པ་དགྲོལ་བར་བྱ། །ཁྱོད་ཀྱིས་ཏིང་འཛིན་བསྟན་པ་མཆོག་ཏུ་བྱ། །ཞེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནས་བྱང་ཆུབ་
སེམས་དཔའ་ལག་ན་རྡོ་རྗེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་ཚིག་འདི་སྨྲས་པ་ནི་ཤིན་ཏུ་གཙིགས་ཏེ་ཁྱོད་ཡང་ལེགས་སོ། །འཇམ་དཔལ་ཁྱོད་འདི་ལྟ་བུའི་གཟུངས་སྔགས་
ཆེན་པོའི་གསང་སྔགས་ཀྱི་གཞི་རྣམས་ཡིད་ལ་བྱེད་པ་ནི་ཤིན་ཏུ་དཀའ་བ་བྱེད་པའོ། །འཇམ་དཔལ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ཡེ་ཤེས་ཆེན་པོ་འདི་ལྟ་བུ་དག་ཡིད་ལ་བྱེད་པ་དང་། འཛིན་པ་དང་། བསྒྲུབ་པ་དང་། གླེགས་བམ་དུ་བྱས་ནས་ཉིན་གཅིག་བཞིན་དུ་ཕྱག་
འཚལ་བ་དེ་དག་ནི་ཤིན་ཏུ་དཀའ་བ་བྱེད་པ་སྟེ། དེ་དག་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །དེ་དག་འཆི་བའི་དུས་ཀྱི་ཚེ་ཉེ་བར་གནས་པ་ན་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བ་སྦྱིན་པར་འགྱུར་
ཏེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གང་གི་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཚུལ་འདི་རྟོགས་ནས། ཐམས་ཅད་
མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བྱེད་པ་དག་གོ་འཕང་དེ་ཐོབ་པར་གྱུར་པ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྔོན་མ་བྱུང་བ་དེ་སེམས་ཅན་ཆེན་པོ་ཤོད་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་

སེམས་དཔའ་ལག་ན་རྡོ་རྗེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གང་དུ་ཞུགས་པ་ཙམ་གྱིས་མཚམས་མེད་པ་ལྔ་པོ་དག་ཡོངས་སུ་བྱང་བར་འགྱུར་བ་དང་། དོན་ཐམས་ཅད་ཀྱང་འབྱོར་པར་འགྱུར་བ་དང་། དཔལ་
ཐམས་ཅད་སྐྱེད་པར་འགྱུར་བ་དང་། སྡིག་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་འགྱུར་བ་དང་། ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་དགོད་པ་དེ་ཉོན་ཅིག །འཇམ་དཔལ་དཀྱིལ་འཁོར་བརྗོད་པར་བྱའོ། །འཇམ་དཔལ་དེ་ལ་
ལུས་ཅན་ཐམས་ཅད་ལ་གསང་ཆེན་དང་བཅས་པ། སློབ་དཔོན་རྣམས་ཀྱི་གསང་ཆེན་མཆོག །གསང་བ་བས་ཀྱང་ཆེས་གསང་བ། །དེ་བཞིན་གཤེགས་པ་ཐམས་ཅད་གཟུངས་སྔགས་འདི་དག་གི་མིང་དུ་གྱུར་པའི་དཀྱིལ་འཁོར་བརྗོད་པར་བྱའོ། །འཇམ་དཔལ་དེ་ལ་དཀྱིལ་འཁོར་
གྱི་ཚད་ལ། ཚད་ནི་ཁྲུ་བརྒྱད་ཐམ་པ་སྟེ། །སློབ་དཔོན་ཉིད་ཀྱི་ཁྲུ་ཡིས་བྱ། །ཡེ་ཤེས་འབྱུང་བའི་དཀྱིལ་འཁོར་དེར། །ཆ་ནི་རྣམ་པ་གསུམ་དུ་བྱ། །བློ་དང་ལྡན་པས་ཆ་གསུམ་དུ། །དེར་ནི་སྒོ་ཁྱུད་རྣམས་བྱས་ཏེ། །དེར་ནི་སྒོ་ཡང་བཞི་གཏོད་དོ། །གྲུ་བཞི་ལྷམ་པ་ཁ་ཁྱེར་བཅས། །སྔོན་གྱི་
བཞིན་དུ་ཆ་གསུམ་ལ། །ཆ་ནི་རྣམ་པ་བརྒྱད་བརྒྱད་བྱ། །མཁས་པས་ཆ་བརྒྱད་བྱས་ནས་སུ། །དབུས་ཀྱི་ཆར་ནི་འཇུག་པར་བྱ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པར། །ཐང་ཅིག་ཐང་ཅིག་བསམ་བྱས་ལ། །ཕུན་སུམ་ཚོགས་པ་ཀུན་བྱེད་པ། །དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ། །སྔགས་པས་དེ་ཡི་
དབུས་སུ་ནི། །པདྨ་མཆོག་ཏུ་མཛེས་པ་བྲི། །ཀུན་ཀྱང་མ་རྒད་འདྲ་བ་སྟེ། །འདབ་མ་བརྒྱད་པ་བརྗོད་པ་ཡིན། །དེ་ཡི་སྟེང་དུ་བུམ་པ་སྟེ། །བུམ་པའི་སྟེང་དུ་ཨུཏྤལ་ལོ། །ཨུཏྤལ་སྟེང་དུ་དུང་བྲི་སྟེ། །མེ་ལྕེ་ཕྲེང་བས་འཁྲིགས་པས་མཛེས། །ཤེས་རབ་ཕ་རོལ་ཕྱིན་དེ་ནི། །ཡེ་ཤེས་ཆེན་པོར་དབང་བསྐུར་
ལྡན། །ཆ་བརྒྱད་གང་དག་བརྗོད་པ་ཡང་། །དབུས་ཀྱི་ཆ་ལས་བྱུང་བ་སྟེ། །གཟུངས་ཀྱི་ཚུལ་དུ་བྲི་བ་ཡང་། །ཆོ་གའི་རིམ་བཞིན་མཐུན་པར་བྱ། །དེ་ལ་ཤར་ཕྱོགས་སུ་ནི་བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོ་དབང་པོ་ཆེན་པོའི་དཀྱིལ་འཁོར་ན་གནས་པ་ཨུཏྤ་ལའི་ཕྱག་རྒྱར་བྲི་བར་བྱ་

སྟེ། མཐའ་རྣམས་སུ་ཨུཏྤལ་བཀྲམ་ཞིང་མེ་ལྕེ་འབར་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བྱའོ། །བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོའི་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་རཱ་ཨོཾ་བྷ་ག་
བ་ཏི། སརྦ་ཏ་ཐཱ་ག་ཏི་ཛ་ནི་ཀེ །སུ་རཱ་ཡ་པྲ་ཏིན། ཏ་ཏ་ཊ་ཊ། མརྡ་མརྡ། ཨཱ་ཧ་ར་ཨཱ་ཧ་ར། ཧཱུྃ་ཧཱུྃ་ཛ་ཧི་ཛ་ཧི་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་པ་མེ་ལྕེ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། །ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི། །པདྨ་ཤིན་ཏུ་
མཛེས་པ་བྲི། །དེ་ཡི་སྟེང་དུ་འཁོར་ལོ་སྟེ། །མེ་ལྕེའི་ཕྲེང་བས་འཁྲིགས་པ་མཛེས། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐ་ཧུྃ་ཧྲིཿ། སརྦ་པདྨ། ཏ་ཧྲཱིཿབྷཉྫ་བྷཉྫ། མ་ཐ་མ་ཐ། ད་མ་མ་ནི་དམ་མ་ནི། གརྒྷ་རི་གརྒྷ་རི་
ཧྲཱིཿསྭཱ་ཧཱ། མེའི་ཕྱོགས་སུ་བརྟེན་ནས། བཅོམ་ལྡན་འདས་མ་སྡིག་པ་ཐམས་ཅད་སྤོང་བ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། ཆུ་དང་དབང་ཆེན་ལྡན་པ་ཡི། །ཕྱག་རྒྱ་གཟུགས་རྣམས་བྲི་བར་བྱ། །པདྨའི་སྟེང་དུ་རྡོ་རྗེ་སྟེ། །མེ་ལྕེའི་ནང་དུ་ཤིན་ཏུ་མཛེས། །དེ་ལ་གཟུངས་སྔགས་འདི་ཡིན་ཏེ། །
ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཏྲ་ཊ་ཏྲ་ཊ། མུ་ཧཱུ་མུ་ཧཱུ། སརྦ་པཱ་པྃ་ཤོ་དྷ་ནེ་སྭཱ་ཧཱ། ལྷོ་ཕྱོགས་སུ་ནི་གདུལ་དཀའ་བ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། མེ་དང་རླུང་དང་ལྡན་པ་ཡི། །ཨུཏྤ་ལ་ནི་དེར་བྲིའོ། །དེ་ཡི་སྟེང་དུ་རིན་པོ་ཆེ། །བསམ་པ་ཐམས་ཅད་ཡོངས་སྐོང་
སྟེ། །མེ་ལྕེ་ཕྲེང་བ་འཁྲིགས་ཞི་བ། །པདྨ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། དྷ་ཀདྷ་ཀ མོ་ཊ་མོ་ཊ། ད་ཧ་ད་ཧ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ནི་རྫཱུ་ཏེ་སྭཱ་ཧཱ། བདེན་བྲལ་ཕྱོགས་སུ་ནི་
བདུད་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། དེ་ཡི་མེ་ཡི་དཀྱིལ་འཁོར་ཏེ། །པདྨའི་དབུས་སུ་གནས་པ་ཡིན། །དེ་ཡི་སྟེང་དུ་སྔགས་པ་ཡིས། །ལྕགས་ཀྱུ་ཤིན་ཏུ་མཛེས་པ་བྲི། །ཕན་ཚུན་འབྲེལ་བའི་རྡོ་རྗེ་དག །བློ་དང་ལྡན་པས་དེར་དགོད་དོ། །

དེ་ལ་གཟུངས་སྔགས་འདི་ཡིན་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཧ་ཧ། མི་ཧུ་མི་ཧུ། ད་མ་ད་མ། ཁཱ་ཧི་ཁཱ་ཧི། དྷུ་ན་དྷུ་ན། མི་ཙི་མི་ཙི། དུར་དཱནྟད་མ་ནི་སྭཱ་ཧཱ། བྱང་ཕྱོགས་སུ་ནི་བཅོམ་ལྡན་འདས་མ་སྒོ་མཐའ་ཡས་པ་བསྒྲུབ་པ་ཞེས་བྱ་བའི་གཟུངས་
བྲི་བར་བྱ་སྟེ། དེ་ཡི་དཀྱིལ་འཁོར་བྲི་བ་ནི། །ཟླ་བའི་དཀྱིལ་འཁོར་འདྲ་བ་ཡིན། །དེ་ཡི་སྟེང་དུ་པདྨ་སྟེ། །འོད་ནི་དུས་མཐའི་མེ་ལྟ་བུ། །དེ་ཡི་སྟེང་དུ་རལ་གྲི་སྟེ། །འོད་ཟེར་རྣམས་ཀྱིས་རབ་ཏུ་བསྐོར། །མེ་ལྕེ་ཕྲེང་བ་འཁྲིགས་ལྡན་པའི། །ཨུཏྤལ་རྣམས་ཀྱིས་ཀུན་ཁྱབ་བྱ། །
དེ་ལ་གཟུངས་སྔགས་འདི་ཡིན་ཏེ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་མི་ཙི་མི་ཙི། གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། ད་མ་ད་མ། སྭཱ་ཧཱ། རླུང་གི་ཕྱོགས་སུ་ནི་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། །དེ་ཡི་རླུང་གི་དཀྱིལ་འཁོར་
ཏེ། །ཆ་གསུམ་ལ་ནི་གཙུག་ཏོར་གནས། །ལྕགས་ཀྱུས་ཐམས་ཅད་དགབ་པར་བྱ། །མེ་ལྕེ་འབར་བའི་ཕྲེང་བར་ལྡན། །ནུབ་ཕྱོགས་སུ་ནི་བཅོམ་ལྡན་འདས་མ་སྐུལ་བྱེད་མ་བྲི་བར་བྱ་སྟེ། དེ་ཡི་དབང་ལྡན་དཀྱིལ་འཁོར་ཏེ། །དེ་ལ་རྡོ་རྗེ་ལེགས་པར་གནས། །དེ་ཡི་སྟེང་དུ་པདྨ་ཆེ། །
དེ་ཡི་སྟེང་དུ་བགྲང་ནོར་ཕྲེང་། །དེ་དག་མེ་ལྕེ་ཕྲེང་གིས་དཀྲིས། །སྟེང་དུ་པདྨ་རྣམས་ཀྱིས་དགབ། །དེ་ནས་ཆ་གསུམ་པ་ལ་ནི། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་པས་ཅི་རིགས་བྲི་བར་བྱ། །བརྒྱད་རྣམས་སུ་ཡང་སྔ་མ་བཞིན། །དེ་ལ་ཤར་དུ་རྣལ་འབྱོར་པས། །
འཇིག་རྟེན་དབང་པོའི་འོད་ཆེན་བྲི། །པདྨ་ཤིན་ཏུ་མཛེས་པ་ནི། །དེ་ཡི་ཕྱག་རྒྱར་བརྗོད་པ་ཡིན། །མེའི་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་བྲི་བར་བྱའོ། །དབང་བདག་ཕྱོགས་སུ་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་
ཕྱག་རྒྱ་ཨུཏྤ་ལ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་ལག་ན་རྡོ་རྗེའི་ཕྱག་རྒྱ་རྡོ་རྗེ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་བྱམས་པའི་ཕྱག་རྒྱ་རིལ་བ་སྤྱི་བླུགས་བྲི་བར་བྱའོ། །རླུང་གི་ཕྱོགས་སུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱ་པདྨ་བྲི་བར་བྱའོ། །བདེན་བྲལ་གྱི་ཕྱོགས་སུ་ནི་ནམ་མཁའི་སྙིང་

པོའི་ཕྱག་རྒྱ་རལ་གྲི་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི་སའི་སྙིང་པོའི་ཕྱག་རྒྱ་པདྨ་བྲི་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་ཁྱོད་ཀྱིས་སེམས་
ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཡེ་ཤེས་ཆེན་པོས་དབང་བསྐུར་བའི་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བརྗོད་པ་ཁྱོད་ཡང་ལེགས་སོ། །དེ་སྐད་ཅེས་སྨྲས་པ་དང་། ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཡེ་ཤེས་ཆེན་པོར་དབང་
སྐུར་བའི་དཀྱིལ་འཁོར་ཆེན་པོ་འདི་སུའི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །འཇིགས་པ་དང་དགྲ་དང་བྲལ་བར་འགྱུར་རོ། །གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་
སྟེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར་རོ། །ཆོམ་རྐུན་གྱིས་འཇོམས་པར་མི་འགྱུར། སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར་རོ། །དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་། རྟག་ཏུ་དཔལ་དང་ལྡན་པར་འགྱུར། སྡིག་པ་ཐམས་ཅད་ཡོངས་སུ་བྱང་
བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གཟིགས་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་སྐྱེ་བར་འགྱུར་ན།
གང་དུ་འཛིན་པ་དང་ཀློག་པ་དང་ཡིད་ལ་བྱེད་པ་དང་མིང་ཙམ་ཡང་འཛིན་པ་ལྟ་ཅི་སྨོས་ཏེ་དེའི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །དེས་ངན་སོང་གི་སྒོ་རྣམས་གཅད་པར་འགྱུར། དེས་ངན་སོང་དང་ངན་འགྲོ་རྣམས་རྒྱང་རིང་དུ་འགྱུར་རོ། །གང་ཞིག་ནང་པར་ལངས་ནས་སུ། །ལན་ཅིག་ཀློག་
པར་བྱེད་པའི་མི། །སྲིད་པའི་ཉམ་ངར་བྱས་པ་ཡི། །སྡིག་ལས་གྲོལ་བར་དེ་འགྱུར་རོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བཅུ་གཉིས་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་

ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་སུ་དཀྱིལ་འཁོར་གྱི་རྒྱལ་པོ་འདི་བྲིས་ནས་དེར་ཞུགས་པར་གྱུར་ན། དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འགྱུར། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་ཁོ་བོས་ནི་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་བསྟན་པར་མི་ནུས་མོད་
ཀྱི། འོན་ཀྱང་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་སའི་རྡུལ་ཇི་སྙེད་ཡོད་པ་དེ་དེ་སྙེད་དུ་རིག་པར་བྱའོ། །འཇམ་དཔལ་མ་འོངས་པའི་དུས་ན་སེམས་ཅན་སྡིག་ཅན་གང་ཚུལ་འདི་ལ་ཡིད་མི་ཆེས་པ་དག་ཡོད་དེ། འཇམ་དཔལ་ཐེ་ཚོམ་མང་བ་དང་། རྣམ་
པར་རྟོག་པ་སྣ་ཚོགས་ཀྱི་རང་བཞིན་ཅན་དང་། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། ཕ་ལ་མ་གུས་པ་དང་། མ་ལ་མ་གུས་པ་དང་། སློབ་དཔོན་དང་བླ་མ་ལ་སྨོད་པ་དང་། བླ་མའི་སྐྱོན་འདྲུ་བའི་སེམས་ཅན་དེ་དག་ལ་ནི་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་
ཀྱི་དཀྱིལ་འཁོར་འདི་ལག་ཏུ་འཆང་དུ་མི་གཞུག་གོ། །རྣ་ལམ་དུ་ཡང་གྲག་པར་མི་བྱའོ། །འཇམ་དཔལ་དེ་དག་གི་མདུན་དུ་ནི་གཏམ་ཡང་མི་བྱའོ། །གླེགས་བམ་དུ་བྲིས་པ་ཡང་དེ་དག་གི་མདུན་དུ་དབྱེ་བར་མི་བྱ་སྟེ། སེམས་ཅན་སྡིག་ཅན་དེ་དག་གིས་སྤོང་བ་ཅུང་ཟད་བྱས་པས་ཀྱང་ངན་སོང་སེམས་
ཅན་དམྱལ་བར་འགྲོ་བར་མྱུར་དུ་འོང་ངོ་། །འདི་སྐད་དུ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་ནི་བདག་ཀྱང་ཕུང་ལ་གཞན་དག་ཀྱང་ཕུང་བར་བྱེད་དོ། །དེ་ལྟར་བྱེད་པའི་སེམས་ཅན་དེ་དག་ལ་ནི་གསང་སྔགས་ཀྱི་དངོས་གྲུབ་མེད་དོ་ཞེས་ཁོ་བོ་སྨྲའོ། །སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྟག་ཏུ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། དེ་དག་རྒྱབ་ཀྱིས་ཕྱོགས་པར་གྱུར་ནས་ངེས་པར་འབྱིན་པ་དང་གསང་སྔགས་ཀྱི་དངོས་གྲུབ་གཏན་མེད་དོ། །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་
ཅེས་སྨྲས་སོ། །གསང་སྔགས་ཀྱི་ཚུལ་འདི་ལ་དད་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ནོ། །འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ཏེ། དེ་དག་ལ་ནི་

དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་
ཆེན་པོ་འདི་ཡི་གེར་འདྲི་བ་དང་ཀློག་པ་དང་འཛིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཡོད་པར་རིག་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་སངས་རྒྱས་ཀྱིས་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་དེའི་བསོད་ནམས་
ཀྱི་ཕུང་པོ་ཡང་དེ་ཙམ་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་གཟུངས་སྔགས་འདིའི་རང་བཞིན་དུ་བཞུགས་ཏེ། ཚུལ་འདི་མ་རྟོགས་པ་བླུན་པོ་དེ་དག་གིས་ནི་མི་ཤེས་སོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་དང་སེམས་ཅན་ཐམས་ཅད་
ལ་དབང་ཐོབ་པ་ཇི་སྙེད་པ་རྣམས་རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པའི་སྤྲིན་རྣམས་པ་སྣ་ཚོགས་སྟོན་པ་དེ་དག་ཐམས་ཅད་ཀྱང་གཟུངས་སྔགས་འདི་དག་གི་མཐུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་
བདུད་ཕམ་པར་བྱེད་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་རྟོགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཀྱང་གཟུངས་སྔགས་འདི་དག་གི་མཐུ་ཡིན་ནོ། །འཇམ་དཔལ་སུ་གསང་བའི་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདིར་དབང་བསྐུར་བ་དེ་ནི་དམ་ཚིག་ཐམས་ཅད་ལ་
ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་དེ་ལྟ་བུའི་རང་བཞིན་ནམ་གཟུངས་སྔགས་ཀྱི་རང་བཞིན་ནམ་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པའི་ཕྱིར་ཏེ། དེ་བས་ན་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདི་མ་གཏོགས་པ་དེ་ལས་གཞན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།
དཀྱིལ་འཁོར་འདི་ནི་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བས་ན་སུ་འདིར་དབང་བསྐུར་བ་དེ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་དབང་བསྐུར་བ་ཡིན་ནོ། །འཇམ་དཔལ་ཕྱོགས་གང་དུ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདི་བྱེད་པའམ་གང་

གི་ལག་ན་འཆང་བའམ་གང་གི་ཕྱིར་འདྲི་བའམ། གང་ཞིག་ཉིན་གཅིག་བཞིན་དུ་ནང་པར་ལངས་ནས་ལན་རེ་ཀློག་པ་དེ་ལ་འཇིགས་པ་རྣམས་མི་འབྱུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་ཉིན་གཅིག་བཞིན་དུ་གཟིགས་པར་འགྱུར་རོ། །འཆི་ཀར་ཡང་དེ་ལ་དེ་བཞིན་གཤེགས་པ་
ཐམས་ཅད་སྐུ་སྟོན་པར་མཛད་དོ། །འཇམ་དཔལ་ལྟོས་དང་ས་ལ་གནས་པའི་ཤིང་དང་ནགས་ཚལ་ཐམས་ཅད་ནི་ས་མེད་ན་དེ་དག་ཀྱང་མེད་དོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ལ་དབང་ཐོབ་པ་རྣམས་ཀྱང་གཟུངས་
སྔགས་འདི་དག་ལ་གནས་ཏེ། འདི་དག་གིས་བྱིན་གྱིས་བརླབས་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་རྙེད་དོ། །བདུད་ལས་རྣམ་པར་རྒྱལ་བར་བྱེད་དོ། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་སེམས་ཅན་གྱི་དོན་རྣམ་པ་སྣ་
ཚོགས་ཀྱང་བྱེད་དེ། འདི་དག་ཐམས་ཅད་གཟུངས་སྔགས་འདི་དག་གི་མཐུ་ཡིན་ནོ། །འཇམ་དཔལ་དེ་ལྟ་བས་ན་ཁྱོད་ཀྱིས་ཀྱང་ཆོངས་ཤིག །ལྷོགས་ཤིག །ཡིད་ལ་བྱོས་ཤིག །གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ཅིག་དང་། དེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་
བར་འགྱུར་རོ། །འཇམ་དཔལ་ས་ཕྱོགས་གང་ན་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་འདི་བྱེད་པའི་ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ། །གང་གི་ལག་ན་འཆང་བའི་སྔགས་པ་དེ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །འཇམ་དཔལ་སྔགས་
པ་དེ་ལ་ནཾ་དེ་བཞིན་གཤེགས་པ་ཐམས་ཅད་རྟག་ཏུ་བྱིན་གྱིས་རློབ་པར་འགྱུར་རོ། །སྔགས་པ་དེས་ཀྱང་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་འདི་རིན་པོ་ཆེའི་ཟ་མ་ཏོག་བཞིན་དུ་རྟག་ཏུ་བསྲུང་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སེམས་ཅན་གང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ལ་གུས་པ་མེད་པའི་རང་བཞིན་ཅན་དང་སློབ་དཔོན་གྱི་སྐྱོན་འདྲུ་བ་དག་ཡོད་པའི་ཕྱིར་ཏེ། འཇམ་དཔལ་དེ་དག་ལ་ནི་ཆུང་ངུ་ན་གཏམ་དུ་ཡང་བཟླས་པར་མི་བྱ། གླེགས་བམ་ཡང་བསྟན་པར་མི་བྱ་ན། ནན་གྱིས་དཀྱིལ་འཁོར་དུ་ཡང་དབང་བསྐུར་བ་དང་ཀློག་ཏུ་གཞུག་པ་དང་བལྟར་

གཞུག་པ་ལྟ་ཅི་སྨོས། འཇམ་དཔལ་འདི་ལྟ་བུ་དག་ལྟར་གཞུག་པ་དང་ཚིག་ཏུ་འབྱུང་བ་ནི་བྱང་ཆུབ་སེམས་དཔའ་དེའི་འཁྲུལ་པ་ཡིན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་བག་མེད་པ་ཆེན་པོར་རིག་པར་བྱའོ། །དེ་ནི་འཁྲུལ་པ་ཆེན་པོ་དང་ཤིན་ཏུ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ། །
འཇམ་དཔལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བསླུ་བ་ནི་སླའི། གཟུངས་སྔགས་ཀྱི་ཚིག་འདི་དག་སྤོང་བ་ནི་དེ་ལྟ་མ་ཡིན་ནོ། །འཇམ་དཔལ་སངས་རྒྱས་རྣམས་འབྱུང་བ་ནི་དཀོན་ཏེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ། །དེ་བས་ཀྱང་གཟུངས་སྔགས་འདི་འདྲ་བ་དག་
སྟོན་པ་ནི་དཀོན་ནོ། །དེ་བས་ཀྱང་ནན་ཏན་གྱིས་སྒྲུབ་པ་ནི་དཀོན་ནོ། །དེ་བས་ཀྱང་འདི་གང་དག་གི་ལག་ན་འཆང་བ་དང་གང་དག་འདི་ཉན་པ་དང་། ཀློག་པ་དང་། འཛིན་པ་དང་། ཡང་ན་དཀྱིལ་འཁོར་འདྲི་བའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན། སེམས་ཅན་འདི་དག་གི་བསོད་ནམས་
ཀྱི་ཕུང་པོའི་མཐའ་ཡང་རྟོགས་པར་མི་ནུས་ན། གང་དག་ནང་བར་ལངས་ནས་ལན་ཅིག་ཀློག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་མཚམས་མེད་པ་ལྔ་ལ་སོགས་པ་རྣམས་ཡོངས་སུ་བྱང་བར་འགྱུར་རོ། །དེ་ལ་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །དུས་མ་ཡིན་པར་འཆི་བ་ཐམས་
ཅད་དང་ཕྱིར་རྒོལ་བའི་འཇིགས་པ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ། །དེའི་ལུས་ལ་ནད་ཐམས་ཅད་འབྱུང་བར་མི་འགྱུར་རོ། །གང་ལ་ལས་དབེན་པའི་ཕྱོགས་སུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱུགས་ལ་མེ་ཏོག་ཕུལ་ནས་ཚེས་གྲངས་དང་ཞག་ཕྱེད་པ་དང་ཡུད་ཙམ་དང་དུས་བཟང་པོ་ལ་
གྲོག་ལ་བྲིས་སམ། ཡང་ན་ཡར་ངོའི་ཚེས་བརྒྱད་དམ་ཚེས་བཅྭ་ལྔ་ལ་སྤོས་དང་མེ་ཏོག་དང་བདུག་པ་དང་ལྷ་བཤོས་ཕུལ་ལ། མར་གྱི་མར་མེ་བརྒྱད་དང་གསེར་གྱི་བུམ་པ་ལྔ་བཞག་ནས་གྲོག་ལ་བྲིས་ཏེ་མགུལ་པའམ་དཔུང་བའམ་ལག་ངར་རམ་རྐེད་པ་ལ་བཏགས་ལ། ཐབ་མོ་འགྱེད་
པའི་ནང་དུ་འགྲོའམ་ལམ་དུ་འགྲོ་འམ་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་ཡང་དེ་ལ་འཇིགས་པ་དེ་དག་ཐམས་ཅད་འབྱུང་བར་མི་འགྱུར་རོ། །འཇམ་དཔལ་འདི་ནི་སེམས་ཅན་ལ་བསྲུང་བའི་མཆོག་ཡིན་ཏེ། ཁྱིམ་མམ་གཙུག་ལག་ཁང་ངམ་གནས་ཁང་གང་ན་གཟུངས་སྔགས་འདི་དག་འདུག་པའི་

གནས་དེར་བསྲུང་བའི་མཆོག་ཏུ་འགྱུར་རོ། །འཇམ་དཔལ་གང་གིས་གཟུངས་སྔགས་འདི་དག་ལས་གང་ཡང་རུང་བས་བསྲུང་བ་བྱས་པ་ལ་འགལ་བར་བྱེད་པ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་སྟེ། དེའི་མགོ་བོ་ལག་ན་རྡོ་རྗེ་ངས་རྡོ་རྗེ་ཀུན་དུ་
འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པས་འགེམས་སོ། །འཇམ་དཔལ་ཆར་མི་འབབ་ན་ཡང་གཟུངས་སྔགས་འདི་དག་བཀླག་པར་བྱའོ། །ཕ་རོལ་གྱི་དམག་ཚོགས་འོང་ན་ཡང་བཀླག་པར་བྱའོ། །མི་ནད་ཀྱི་གནོད་པ་བྱུང་བ་ལ་ཡང་བཀླགས་ན་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ་
དེའི་མོད་ལ་ཞི་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་དང་གསང་བ་
བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་
ཞུགས་པ་དང་གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའི། གང་དག་གི་བྱང་
ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་ལྟར་མི་གཞུག་གོ། །དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །འཇམ་དཔལ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་འདི་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཕྱག་
རྒྱ་ཆེན་པོ་གང་བཅིངས་པ་ཙམ་གྱིས་ཐམས་ཅད་བྱིན་གྱིས་བརླབས་པར་འགྱུར་བ་བཤད་ཀྱིས་ཉོན་ཅིག །ལག་པ་གཉིས་སྦྱར་ལ་གཡས་པའི་གུང་མོ་བཀུག་པ་ནི་གཟུངས་སྔགས་ཐམས་ཅད་འདྲེན་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐ་

ཨཱ་གཙྪ་པུ་ནིཏྟི། བ་རི་པཱུ་ར་ཎི། ས་མི་ས་མི། མྃ་ག་ལི་མྃ་ག་ལི་ཧཱུྃ་ཕཊ། དེ་ཉིད་ཀྱི་གུང་མོ་སྔ་མ་བཞིན་དུ་བཞག་ན་དཀྱིལ་འཁོར་དུ་གཟུངས་སྔགས་རྣམས་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི། ལག་པ་གཉིས་ཁུ་
ཚུར་བཅངས་ལ་མཛུབ་མོ་གཉིས་བཀུག་ན་ཐམས་ཅད་དྲངས་པར་འགྱུར་རོ། །དེའི་གསང་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཏ་ཐཱ་ག་ཏ། བོ་དྷི་སཏྭ་མ་དྷ་རི། ཨཱ་གཙྪ་ཨཱ་གཙྪ། ས་ནི་ད་དྷྃ། ཀུ་རུ་ཀུ་རུ། ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་མཆོད་པ་མཆོག་
འབྱུང་བའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་སྦྱར་ནས་མཛུབ་མོ་གཉིས་བཀྱེད་པ་ནི་མཆོད་པ་འབྱུང་བའི་ཕྱག་རྒྱ་སྟེ། འདི་མཆོད་པའི་མཆོག་བྱིན་གྱིས་བརླབ་པར་བྱའོ། །གསང་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། མ་ཧཱ་བཱུ་ཛ། པྲ་བརྟ་
ནི། ཧཱུྃ་ཕཊ། པྲ་བརྟ་ཡ་པྲ་བརྟ་ཡ། །སརྦ་ཏ་ཐཱ་ག་ཏ་ས་མ་ཡེ་སྭཱ་ཧཱ། འཇམ་དཔལ་དེ་ནས་སློབ་དཔོན་གྱིས་ཆོ་ག་སྔ་མ་བཞིན་དུ་སློབ་མ་ཡོངས་སུ་གཟུང་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གྲུབ་པ་ལ་དཀྱིལ་འཁོར་འདི་དང་ཕྱག་རྒྱ་བསྟན་པར་བྱའོ། །དེ་མ་ཡིན་པ་གཞན་པ་ལ་ནི་
གླེགས་བམ་ཡང་བལྟར་གཞུག་པར་མི་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དམ་ཚིག་མི་ཤེས་པའི་སེམས་ཅན་ལ་དཀྱིལ་འཁོར་བསྟན་ཏམ་ཕྱག་རྒྱ་བསྟན་ན། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
བསླུས་བར་འགྱུར་རོ། །མཚམས་མེད་པ་ལྔ་ཡང་བྱེད་པར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔས་མཚམས་མེད་པ་ལྔ་བྱས་པ་ནི་སླའི། དམ་ཚིག་མི་ཤེས་པ་དང་ལུས་ཡོངས་སུ་མ་སྦྱངས་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་མ་གྲུབ་པ་ལ་སྟོན་པ་ནི་དེ་ལྟ་མ་ཡིན་ཏེ། འཇམ་
དཔལ་སེམས་ཅན་དེ་དག་གི་མདུན་དུ་ནི་ནམ་ཡང་ཚིག་ཏུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྡིག་ཅན་དེ་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དྲིན་དུ་མི་གཟོ་བ་དང་། དད་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སེམས་

དེ་ལ་ཡ་མཚན་དུ་འཛིན་པར་གྱུར་ཏེ། སངས་རྒྱས་ཀྱི་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་བོ་སྙམ་ནས། ཅང་མི་ཟེར་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གཟུངས་སྔགས་འདི་དག་མཉན་པ་དང་དཀྱིལ་འཁོར་དུ་འཇུག་པ་དང་ཀློག་པ་དང་དྲན་པར་བྱེད་པ་དང་། ཆུང་ངུ་ནི་རྣ་ལམ་དུ་གྲག་པ་ཙམ་དུ་གྱུར་པ་དེ་ཡང་ཤིན་ཏུ་དཀའ་བ་ཡིན་ནོ། །ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། འཇམ་དཔལ་
གང་དག་གཟུངས་སྔགས་འདི་ལ་མཆོད་པ་བྱེད་པ་དང་ཡི་གེར་འདྲི་བའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་པར་རིག་པར་བྱའོ། །སུ་གྲོ་གའམ་གཞན་ལ་བྲིས་ནས་ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་འཆང་ན་དེ་ལ་འཇིགས་པ་ཐམས་ཅད་མི་འབྱུང་ཞིང་སྡིག་པ་ཐམས་ཅད་ལས་གྲོལ་བར་
འགྱུར་ཏེ། དེའི་དགེ་བའི་རྩ་བ་ཉིན་གཅིག་བཞིན་དུ་སངས་རྒྱས་སྟོང་ལས་བསགས་པར་འགྱུར་རོ། །འཇམ་དཔལ་ཕྱོགས་གང་ན་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བསྟན་པ་འདི་གནས་པའམ། གང་གི་ལག་ན་ཡོད་པའི་ས་ཕྱོགས་དེ་ནི་མཆོད་རྟེན་ལྟ་བུར་འགྱུར་རོ། །དེ་ནས་
འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་འདི་དག་འཆང་བ་དང་ཀློག་པ་དང་ཁ་ཏོན་བྱེད་པ་གང་ཡིན་པ་དེ་ལ་ནི། ཁོ་བོས་མཆོད་པ་དང་བསྙེན་བཀུར་བྱའོ། །དེའི་ཕྱི་བཞིན་དུ་ཡང་རྟག་
ཏུ་འབྲང་བར་བྱའོ། །གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་ན་ཡང་ཁོ་བོས་དེའི་དགེ་བའི་བཤེས་གཉེན་བྱ་སྟེ་རྟག་ཏུ་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པར་བྱའོ། །འཇམ་དཔལ་ལེགས་སོ་ལེགས་སོ། །ཚིག་འདི་ནི་ལེགས་པར་སྨྲས་སོ། །འཇམ་དཔལ་ཁོ་བོས་ཀྱང་དེ་ལ་མཆོད་པ་བྱའོ། །
རྟག་ཏུ་དེའི་ཕྱི་བཞིན་དུ་ཡང་འབྲང་བར་བྱའོ། །རྟག་ཏུ་བསྲུང་བར་ཡང་བྱའོ། །འཆི་བའི་ཚེ་ན་ཡང་དེ་ལ་ལུང་བསྟན་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གང་

བསྒྲུབས་པས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་། གཟུངས་སྔགས་གང་བསྒྲུབས་ན་སྔགས་པས་ཚེ་འདི་ཉིད་ལ་ཡིད་ལ་ཅི་འདོད་པའི་
དངོས་གྲུབ་ཐོབ་པར་འགྱུར་བའི་གཟུངས་སྔགས་དེ་དག་གི་དངོས་གྲུབ་བསྒྲུབ་པའི་རིམ་པར་ཕྱེ་བ་རྒྱས་པར་ཤོད་ཅིག །དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གཟུངས་སྔགས་འདི་དག་གི་
བསྒྲུབ་པ་སངས་རྒྱས་རྣམས་ཀྱིས་ཇི་སྐད་གསུངས་པ་བཤད་ཀྱིས་ཉོན་ཅིག །ཚེས་གྲངས་དང་རྒྱུ་སྐར་དང་ཡང་སྦྱར་མི་དགོས། སྨྱུང་བ་ཡང་བྱ་མི་དགོས། བགེགས་ཀྱང་འབྱུང་བར་མི་འགྱུར་ཏེ། གཟུངས་སྔགས་བསྒྲུབ་པའི་ཚེ་ཡང་རྟག་ཏུ་སངས་རྒྱས་རྫུ་འཕྲུལ་ཆེན་པོ་ཐམས་ཅད་
ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །འཇམ་དཔལ་ཐོག་མར་རེ་ཞིག་གཟུངས་སྔགས་འདི་དག་གི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་འབྱུང་སྟེ། ཁ་ཐབས་བཞིན་དུ་རས་ཉོས་ལ་སྐྲ་ལ་སོགས་མེད་པར་བྱའོ། །དེ་ནས་བ་ལས་འབྱུང་བའི་སྣ་ལྔས་བཀྲུས་ལ་སྤོས་ཆུས་བསྐུའོ། །དེ་ནས་ཚེས་
གྲངས་དང་ཞག་ཕྱེད་པ་དང་ཡུད་ཙམ་བཟང་པོ་ལ་རི་མོ་བྲིས་ཏེ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་འདྲིར་གཞུག་གོ། །རི་མོ་མཁན་དེ་ཡང་འཁོར་ལོས་སྒྱུར་བས་བསྲུང་བར་བྱའོ། །ཉིན་གཅིག་བཞིན་དུ་ལྷ་བཤོས་དང་མཆོད་པ་ཡང་དབུལ་བར་བྱའོ། །དེ་ནས་རི་མོ་མཁན་གྱིས་དབུས་སུ་བཅོམ་
ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྲི་བར་བྱ་སྟེ། སྐྱིལ་མོ་ཀྲུང་དུ་འདུག་ལ་ཐོར་ཚུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བྱ། བཅོམ་ལྡན་འདས་མའི་གཡོན་རོལ་དུ་སོ་སོར་འབྲང་བ་ཆེན་མོ་བྲི་བར་བྱ་སྟེ། ཨུཏྤ་ལའི་རྒྱལ་པོ་ཆེན་པོ་ལ་འདུག་ཅིང་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ལ་ལྕང་ལོ་ཅན་འཕྱང་བར་བྱ། གཡས་ལོགས་སུ་རྡོ་རྗེ་མི་ཕམ་པའི་མེ་པདྨ་དཀར་པོ་ལ་འདུག་ཅིང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་ལུས་བརྒྱན་ལ། ལག་པ་གཡོན་པ་ན་འཁོར་ལོ་ཐོགས་པ། གཡས་པ་བཅོམ་ལྡན་འདས་མ་ལ་ཕྱག་འཚལ་བར་བྱ། སྟེང་གི་ཕྱོགས་སུ་ཡང་རིག་

སྔགས་འཆང་གཉིས་མེ་ཏོག་གི་ཆར་འབེབས་པ་བྲི། འོག་ལོགས་སུ་སྒྲུབ་པ་པོའམ་ལག་ན་པོག་ཕོར་ཐོགས་པ། བཅོམ་ལྡན་འདས་མ་ལ་བལྟ་ཞིང་ཡལ་ག་མེ་ཏོག་ཅན་ཐོགས་པ་སྐྱིལ་མོ་ཀྲུང་གིས་འདུག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་
སྤྱོད་པའི་བྱང་ཆུབ་སེམས་དཔའ་ས་ཕྱོགས་གཙང་མའམ། དབེན་པའམ། རིའམ་ནགས་ཚལ་ལམ། གཙུག་ལག་ཁང་ངམ། གང་ཡིད་དང་འཐད་པ་དེར་འདུག་ལ། སློང་མོའི་ཟས་ཟ་ཞིང་ནང་གི་གཙང་སྦྲ་སྤྱོད་པས་རི་མོའི་སྐུ་གཟུགས་དེའི་མདུན་དུ་གཟུངས་སྔགས་གང་
ཡང་རུང་བ་གཅིག་བཟུང་སྟེ། བཞི་འབུམ་བཟླས་བརྗོད་བྱས་ལ། ཐ་མར་ཟླ་བ་ཉ་ལ་ཅི་འབྱོར་པས་མཆོད་པ་བྱས་ཏེ། མཚན་ར་ངས་བཟླས་བརྗོད་བྱས་ན་ནང་པར་རམ་ཉི་མ་འཆར་ཀར་མཚན་མ་འབྱུང་སྟེ། སྔགས་པའི་ལུས་ལ་འོད་ཟེར་སྣང་བ་འབྱུང་ཞིང་སྐུ་གཟུགས་ལ་མེ་ཏོག་
གི་ཆར་འབབ་པར་འགྱུར། རིག་སྔགས་འཆང་རྣམས་ཅ་ཅོའི་སྒྲ་འདོན་པར་འགྱུར། འབྲུག་སྒྲ་གྲག་པར་འགྱུར། བཅོམ་ལྡན་འདས་མ་ཡང་བུ་ང་གྲུབ་ཟིན་གྱིས་ལོངས་ཞེས་ཚིག་བརྗོད་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་མཆོད་ཡོན་ཕུལ་ནས། བཅོམ་ལྡན་འདས་མ་
ལ་འདི་སྐད་དུ་བདག་གི་བསམ་པ་རྫོགས་པར་མཛོད་ཅིག་ཅེས་སྨྲོས་ཤིག །འོན་ཀྱང་བཅོམ་ལྡན་འདས་མས་རིག་སྔགས་འཆང་གི་ལག་པ་ནས་བཟུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འཇོག་སྟེ། བཅོམ་ལྡན་འདས་མའི་མཐུས་སྐད་ཅིག་ཐང་ཅིག་ཡུད་
ཙམ་ཅིག་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྒྲུབ་པར་བྱེད་ཅིང་། སེམས་ཅན་གྱི་ཁམས་ཐམས་ཅད་སྐད་ཅིག་རེ་རེ་ལ་དགའ་བར་བྱེད་དོ། །རིག་སྔགས་འཆང་གི་འཁོར་དུ་མ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །འཇམ་
དཔལ་བཅོམ་ལྡན་འདས་མའི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་རྒྱས་པའི་མདོ་འདི་ནི་དོན་ཐམས་ཅད་སྒྲུབ་པ། སྡིག་པ་ཐམས་ཅད་རབ་ཏུ་སེལ་བ། འཇིགས་པ་ཐམས་ཅད་རབ་ཏུ་སྦྱོང་བ། དུས་མ་ཡིན་པར་འཆི་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །འཇམ་དཔལ་གང་རི་མོའི་སྐུ་གཟུགས་

འདི་མཐོང་བ་དང་མཆོད་པ་བྱེད་པ་དང་སུའི་ལག་ན་འདུག་པ་དང་སུ་ཡི་གེར་འདྲི་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ལམ་སྟོན་པར་འགྱུར་ཞིང་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལས་སྐྱེས་པར་འགྱུར།
འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར། བདུད་སྡིག་ཅན་རྣམས་ཀྱིས་གཙེ་བར་མི་འགྱུར། འཆི་བའི་ཚེ་སངས་རྒྱས་མཐོང་བར་འགྱུར་རོ། །ལག་ན་རྡོ་རྗེ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་
རི་མོའི་སྐུ་གཟུགས་འདི་མཐོང་བ་དང་རི་མོར་འདྲི་བ་དང་། གང་གི་ལག་ཏུ་འདུག་པ་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཞིང་ངན་སོང་ངན་འགྲོར་ཡང་འགྲོ་བར་མི་འགྱུར། དེ་བཞིན་གཤེགས་པའི་རིགས་
སུ་ཡང་རྟག་ཏུ་སྐྱེ་བར་འགྱུར་ཏེ་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་གསོལ་བ་བཏབ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་འདི་དག་གི་སྤྱིའི་དངོས་གྲུབ་བསྒྲུབ་པའི་རིམ་པར་
དབྱེ་བ་གང་གིས་བྱང་ཆུབ་ཀྱི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་རྣམས་ཀྱིས་ཚེགས་ཆུང་དུས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱ་བར་འགྱུར་བ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་
དཀྱིལ་འཁོར་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པར་འགྱུར་བ་ཁྱོད་ཀྱིས་ཤོད་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སེམས་ཅན་རྣམས་
ལ་ཕན་གདགས་པའི་ཕྱིར་གཟུངས་སྔགས་འདི་དག་གི་སྤྱིའི་བསྒྲུབ་པའི་རྣམ་པར་ཕྱེ་བ་བཤད་གྱིས་ཉོན་ཅིག །འཇམ་དཔལ་དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཡང་རུང་སྟེ། རི་མོའི་རི་སྐུ་གཟུགས་བཞག་ལ། བཅོམ་ལྡན་འདས་མ་

གཟུགས་སམ། ཁ་དོག་གམ། དབྱིབས་སམ། ཡི་གེར་ཡིད་ལ་བསམས་ཏེ། ཟླ་བ་དྲུག་གི་བར་དུ་བསྒོམས་ན་ལས་ཐམས་ཅད་ནུས་པར་འགྱུར་ཏེ། དུག་ནི་མཐོང་བ་ཙམ་གྱིས་འབྲོས་པར་འགྱུར་རོ། །གདོན་གྱིས་ཟིན་པ་ནི་བསྡིགས་པ་ཙམ་གྱིས་འབྲོས་པར་འགྱུར་རོ། །
གཞན་ཅི་ཡང་རུང་བས་ཟིན་པ་ཡང་མཐོང་བ་ཙམ་གྱིས་གཏོང་བར་འགྱུར་རོ། །དཔག་ཚད་བརྒྱའི་ཕ་རོལ་ན་གནས་པ་ཡང་ལས་ཐམས་ཅད་བྱེད་དོ། །འཇིགས་པ་ཐམས་ཅད་ལ་ནི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་སྐུད་པས་བསྲུང་བ་བྱས་པར་འགྱུར་རོ། །བགེགས་
ཐམས་ཅད་ལ་ནི་ཆུས་སྲུང་བར་བྱེད་དོ། །སྒྲུབ་པོ་རྣམས་སམ་རོ་ལངས་བསྒྲུབ་པ་རྣམས་ལ་གསང་སྔགས་འདི་དག་ལས་གང་ཡང་རུང་བ་གཅིག་གིས་བདག་བསྲུང་བ་དང་། གཞན་བསྲུང་བ་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་གྱི་མཚམས་གཅད་པར་བྱའོ། །དེ་
ནས་ལུས་མི་སྣང་བར་བྱེད་འདོད་ན་སྐར་མ་རྒྱལ་ལ། ལྡོང་རོས་ཁ་ཐབས་བཞིན་དུ་ཉོས་ཏེ་རང་གི་ཁྲག་གིས་བསྒོས་ལ། དེ་ནས་ཕྱུང་སྟེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་གཞག་གོ། །དེ་ནས་ཟས་སུ་འོ་མ་དང་ཕྱེའི་འདེ་གུ་ཟ་ཞིང་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་
བརྗོད་བྱའོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཁ་ཟས་མི་ཟ་བར་ལག་པ་གཡོན་པར་བཞག་སྟེ། བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། ཐིག་ལེ་བྱས་བས་ལུས་ནི་སྣང་བར་འགྱུར་ཞིང་འདོད་དགུར་སྒྱུར་བའི་གཟུགས་ཅན་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །
བཅོམ་ལྡན་འདས་མ་མཐོང་བར་འདོད་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་རིའི་རྩེ་མོར་སོང་སྟེ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉ་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཅི་འབྱོར་པས་ལྷ་བཤོས་དབུལ་ཞིང་མཆོད་པ་བྱས་ཏེ་བཅོམ་ལྡན་འདས་
མ་ལ་བཟླས་བརྗོད་བྱའོ། །དེ་ནས་ནམ་ཕྱེད་ན་བཅོམ་ལྡན་འདས་མ་ཉིད་འོང་བར་འགྱུར་ཏེ། དེ་ལ་མེ་ཏོག་དཀར་པོ་དག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་བཅོམ་ལྡན་འདས་མས་སྒྲུབ་པ་པོའི་སྤྱི་བོར་བྱུགས་ནས་བུ་ལེགས་སོ། །ཁྱོད་ལ་མཆོག་ཅི་ཞིག་སྦྱིན་པར་བྱ་ཞེས་དེ་ཉིད་ཟེར་

བ་དང་ཅི་འདོད་པ་དེ་བསླང་བར་བྱ་སྟེ། འདོད་ན་ཞོའམ། རིག་སྔགས་འཆང་ཉིད་དམ། ལུས་མི་སྣང་བའམ། སའི་འོག་ཏུ་འགྲོ་བའམ། །གཞན་ཡང་ཡིད་ལ་གང་འདོད་པ་ཅི་ཡང་རུང་བ་དེ་ཐམས་ཅད་བསླང་བར་བྱའོ། །ཅི་སྟེ་དང་པ་བསྒྲུབ་པར་འདོད་ན་ལི་ཁྲི་
ལས་དང་པའི་གཟུགས་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ་ཀུནྡའི་མེ་ཏོག་གིས་མཆོད་པ་རྒྱས་པར་བྱས་ནས་མཚན་རངས་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ནང་པར་རམ་ཉི་མ་འཆར་ཀར་གྲུབ་པར་འགྱུར་ཏེ། དེ་ལ་ཞོན་ནས་ནམ་མཁའ་ལ་འཕགས་པ་དང་
ཚངས་པ་གཉིས་པར་འགྱུར་རོ། །ཅི་སྟེ་རྨ་བྱ་བསྒྲུབ་པར་འདོད་ན་འཇིམ་པ་ལ་རྨ་བྱའི་གཟུགས་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ་ཟླ་བ་དྲུག་ཏུ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཟླ་བ་ཉ་ལ་ཅི་འབྱོར་པས་མཆོད་པ་བྱས་ཏེ། མཚན་རངས་བཟླས་
བརྗོད་བྱས་ན་ཉི་མ་འཆར་ཀར་རྨ་བྱའི་སྐད་འབྱིན་པར་འགྱུར་ཏེ། སྐད་བྱུང་མ་ཐག་ཏུ་སྔགས་པས་བསླང་བར་བྱའོ། །དེ་བླངས་བ་ཙམ་གྱིས་སྔགས་པ་སྨིན་དྲུག་གི་བུ་དང་འདྲ་བར་འགྱུར་རོ། །ཆོ་ག་དེ་བཞིན་དུ་ས་སྲུང་གི་བུ་བསྒྲུབས་ན་བརྒྱ་བྱིན་དང་འདྲ་བར་འགྱུར་རོ། །ལུས་མི་སྣང་བ་
བསྒྲུབ་པར་འདོད་ན། མིའི་ཐོད་པ་བླངས་ལ་ཤིང་མངར་དང་ལྷན་ཅིག་ཏུ་ཞིབ་མོར་བཏགས་ཏེ། ཐ་མར་ཡར་གྱི་ངོའི་ཚེས་བརྒྱད་ལ་ཨརྒའི་ཤིང་གི་མེ་བུས་ལ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་ཕུལ་ནས་མཚན་རངས་སྦྱིན་སྲེག་བྱས་ཏེ། ནད་པར་དེའི་ཐལ་བས་སེན་མོའི་
སེན་རིས་བྱས་ན་ལུས་མི་སྣང་བར་འགྱུར་ཏེ། ལུས་མི་སྣང་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །སྦྱོར་བ་གཞན་ཡང་འབྱུང་སྟེ། ལི་ཁྲི་མར་དང་ལྷན་ཅིག་ཏུ་བསྲེགས་ལ། དེ་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ། རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་བྱས་ན་ཤེལ་བཞིན་དུ།
འབར་བར་གྱུར་གྱི་བར་དུ་མཚན་རངས་བརྗོད་པར་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་དེས་ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཏེ། ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །ཅི་སྟེ་མིག་སྨན་བསྒྲུབ་པར་འདོད་ན་སྣ་མའི་མེ་ཏོག་དང་ལིག་བུ་མིག་བླངས་ཏེ་ཞིབ་མོར་བྱས་ལ། དེ་ནས་སྔ་མ་བཞིན་

དུ་ཟངས་ཀྱི་སྣོད་དུ་བཞག་སྟེ། མཆོད་པ་བྱས་ནས་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེ་སྔོན་དུ་གྱུར་ནས་དེས་མིག་བསྐུས་ན་ཕྱོགས་གང་དུ་བལྟས་པ་དེ་ཐམས་ཅད་དབང་དུ་འགྱུར་རོ། །ཅི་སྟེ་དེས་མིག་བསྐུས་ན་རྒྱལ་པོ་དང་བློན་པོ་དང་རྒྱལ་པོའི་བཙུན་མོ་དམ་པ་
དང་རྒྱལ་པོའི་བུ་མོ་དང་གཞན་ཡང་གང་སུ་ལ་བལྟས་པ་དེ་ཐམས་ཅད་དེའི་དབང་དུ་འགྱུར་རོ། །དེ་ནས་མིག་སྨན་གྱི་མཆོག་བསྒྲུབ་པར་འདོད་ན། མར་གྱི་ངོ་ཞག་བརྒྱད་ལ་མི་རོ་རྨ་མེད་པ་བླངས་ཏེ། ཙནྡན་དམར་པོ་དང་ལྡན་པའི་ལྷ་བཤོས་ཕུལ་ལ། དེ་ནས་མི་རོའི་ལག་ཏུ་མིག་སྨན་
བཞག་ལ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱས་པ་དང་མི་རོའི་ལག་ན་མིག་སྨན་འདུག་པ་དེ་འགུལ་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ། དེས་མིག་བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །སྣ་མའི་མེ་ཏོག་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན། ལས་ཐམས་
ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ནས། བསོད་སྙོམས་ཀྱི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཡར་ཀྱི་ངོ་ཚེས་བརྒྱད་ལ་ཡང་ཡུལ་སྦྱིན་པར་འགྱུར་རོ། །ཡར་གྱི་ངོ་ཚེས་བརྒྱད་ལ་
བསོད་སྙོམས་ཀྱི་ཟས་ཟ་ཞིང་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་ཚོགས་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་ཟས་སུ་འོ་མ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་འབྱེར་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་
གཅིག་སྨྱུང་བ་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པ་བྱས་ལ་མཚན་རངས་བཟླས་བརྗོད་བྱས་ན། དེ་ནས་རི་མོའི་སྐུ་གཟུགས་ལས་འོད་ཟེར་འབྱུང་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ་ར་ཛྱྃ་ད་དཱ་ཏི་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་
གི་ནང་དུ་ཞུགས་ལ་ལན་འབུམ་བཟླས་བརྗོད་བྱས་ཏེ་ཟས་སུ་ཆུ་འཐུངས་ན། དེ་ནས་ནམ་མཁའ་ལ་རལ་གྲི་ཐོགས་པར་འགྱུར་ཏེ། དེས་མཆོད་ཡོན་ཕུལ་ལ་བླང་བར་བྱའོ། །དེས་བླངས་པ་ཙམ་གྱིས་སྐྲ་ལྕང་ལོར་འཁྱིལ་ཞིང་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་དང་འདྲ་བར་འགྱུར་ལ།

རིག་སྔགས་འཆང་དུ་མས་བསྐོར་ཅིང་སིལ་སྙན་དང་ཕེག་རྡོབ་པ་མང་པོས་རོལ་མོ་བྱེད་ཅིང་འགྲོ་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་སངས་རྒྱས་ཀྱི་ཞིང་དུ་མ་མཐོང་བར་འགྱུར་རོ། །ཐམས་ཅད་དུ་ཡང་མཆོད་པ་རྣམ་པ་སྣ་ཚོགས་ཀྱི་སྤྲིན་དག་གྲུབ་པར་བྱེད་དོ། །
གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ་ཡང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་རྣམས་སུ་སྐྱེ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ། ཅི་སྟེ་རལ་གྲི་བསྒྲུབ་པར་འདོད་ན་དགོན་པར་སོང་ལ་ཆུ་འཐུང་ཞིང་ཟླ་བ་གཅིག་བཟླས་བརྗོད་བྱས་ལ་དེའི་འོག་ཏུ་ཟླ་བ་ཉ་
ལ་ཅི་འབྱོར་པས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བྱས་ཏེ། མཚན་རངས་བཟླས་བརྗོད་བྱས་ན་དེ་ནས་རལ་གྲི་འབར་བར་འགྱུར་ཏེ། དེ་བླངས་པ་ཙམ་གྱིས་རིག་སྔགས་འཆང་དུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །ལོ་དྲུག་ཁྲིར་འཚོ་བར་
འགྱུར་རོ། །དེ་ཡང་མཆོད་པ་བྱེད་པར་འགྱུར་རོ། །འདོད་པ་བཞིན་དུ་དགོས་པ་ཐམས་ཅད་བྱེད་དོ། །གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ་ས་དང་པོ་ལ་དབང་བར་འགྱུར་རོ། །ཅི་སྟེ་ཟས་མི་ཟད་པར་འབྱུང་བར་འདོད་ན་སྤོ་མའི་རྩ་བ་བླངས་ལ། སླེ་ཏྲེས་དང་ལྷན་ཅིག་སྦྱིན་སྲེག་བྱས་
ན་ཁ་ཟས་མི་ཟད་པར་འགྱུར་རོ། །མིག་ན་ན་རྒྱམ་ཚ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀབ་ན་མིག་ནད་སོས་པར་འགྱུར་རོ། །ཀ་ལ་པིང་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་དང་བཏགས་ལ་ལྟེ་བའི་ཕྱོགས་སུ་བསྐུས་ན་བུད་མེད་བདེ་བར་བུ་བཙའ་བར་འགྱུར་རོ། །ཟླ་བ་སྦྱང་
ཀིས་ཟིན་པའི་ཚེ་བ་སེར་སྐྱའི་མར་ཟངས་ཀྱི་སྣོད་དུ་བཅུག་སྟེ་ཙི་རི་རི་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ལ་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཉེ་བའི་གསོ་སྦྱོང་བྱས་པས་ཚེས་བཅུ་དྲུག་ནས་བརྩམས་ཏེ། ཏིལ་དང་སྦྲང་རྩི་བསྲེས་པ་སྦྱིན་སྲེག་བྱས་ན་རཱ་ཛྱྃ་པྲ་ཏི་ལ་བྷྱ་ཏེ་རི་མོའི་གཟུགས་
ཀྱི་དྲུང་དུ་བྱེ་བ་ཕྲག་གཅིག་བཟླས་བརྗོད་བྱས་ན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཐོང་བར་འགྱུར་ཏེ་ཆོས་སྟོན་པར་ཡང་བྱེད་དོ། །དེ་ཐོས་པས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །ཙནྡན་དམར་པོ་ལས་རྡོ་རྗེ་བྱས་ལ་དེ་གློར་བཞག་སྟེ་འབར་བའི་བར་དུ་བཟླས་བརྗོད་

བྱས་ན་དེ་ལ་རེག་པ་ཙམ་གྱིས་གླིང་བཞིའི་རྒྱལ་པོར་འགྱུར་རོ། །ཤིང་པ་ཏའི་འབྲས་བུ་སྦྱིན་སྲེག་བྱས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། །རྒྱ་ཤུག་གི་འབྲས་བུ་རྣམས་ཀྱང་དེ་བཞིན་ཏེ་གང་གི་མིང་ནས་བརྗོད་ཅིང་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་རོ། །ཡང་ན་ནི་མ་
པའི་འབྲས་བུ་སྦྱིན་སྲེག་བྱས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། །བ་རུ་རའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་ཡུལ་ཆེན་པོ་རྙེད་པར་འགྱུར་རོ། །མ་ལི་ཀའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་ཟས་ཟད་མི་ཤེས་པར་འགྱུར་རོ། །ཀ་ར་བཱི་རའི་མེ་ཏོག་འབྲས་བུ་འབུམ་ཕྲག་
གཅིག་སྦྱིན་སྲེག་བྱས་ན་ཏི་ན་ར་འབུམ་རྙེད་པར་འགྱུར་རོ། །སྣ་མའི་མེ་ཏོག་ཁྲི་སྦྱིན་སྲེག་བྱས་ན་མདུན་ན་འདོན་མཆོག་ཏུ་འགྱུར་རོ། །བྲ་མའི་ཁུ་བ་དང་སྦྲང་རྩི་ལྷན་ཅིག་ཟངས་ཀྱི་སྣོད་ཀྱི་ནང་དུ་བཞག་སྟེ་ཏི་ན་ར་རྙེད་ཀྱི་བར་དུ་བཟླས་བརྗོད་བྱའོ། །གུ་གུལ་གྱི་སྦྱིན་སྲེག་གིས་ནི་རྒྱལ་ཕྲན་
ཐོབ་པར་འགྱུར་རོ། །ཤིང་བིལ་བའི་མེའི་མེ་བུས་ལ་མ་ལི་ཀའི་མེ་ཏོག་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །བ་རུ་རའི་ཤིང་གི་མེ་བུས་ལ་ཨ་ག་རུའི་ཡམ་སྲེག་ཤིང་ཁྲིའི་སྦྱིན་སྲེག་བྱས་ན་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་ཆེན་པོའི་གནས་
སུ་སོང་སྟེ་བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ་ཨརྒའི་མེ་ཏོག་སྟོང་རྩ་བརྒྱད་ཕུལ་ན། ལྷ་ཆེན་པོ་མཐོང་བར་འགྱུར་ཏེ་དངོས་གྲུབ་གང་འདོད་པ་སྦྱིན་པར་བྱེད་དོ། །ལྷ་ཆེན་པོའི་གནས་སུ་རི་མོའི་སྐུ་གཟུགས་བྲིས་ལ་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན། དཀའ་ཐུབ་ཟློག་
གི་ཁྱོ་མཐོང་བར་འགྱུར་ཏེ་དངོས་གྲུབ་གང་འདོད་པ་སྦྱིན་པར་བྱེད་དོ། །དུར་ཁྲོད་ཆེན་པོར་རི་མོའི་སྐུ་གཟུགས་བྲིས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་རོ་ལངས་ཆེན་པོ་མཐོང་བར་འགྱུར་ཏེ། མཆེ་བ་མི་སྡུག་པ་གཙིགས་ལ་མེ་ཕུང་ཆེན་པོ་ལྟར་བྱུང་ན་ཡང་དེ་ལ་འཇིགས་པར་མི་བྱ་བར་ཕྱག་རྒྱ་
བཅིངས་ལ་བསྣུན་ན་དེས་འགྱེལ་བར་འགྱུར་ཏེ། དེ་ལ་དམ་པ་བསླངས་ན་རྒྱལ་སྲིད་དམ་གཏེར་རམ་མི་སྣང་བའམ་ཡུལ་ལམ་རྐང་པས་རྒྱུ་བ་ཡང་རུང་སྟེ། དམ་པ་ལྔ་པོ་དག་ལས་གང་ཡང་རུང་བ་ཞིག་སྦྱིན་པར་བྱེད་དོ། །ལན་ཚྭའི་སྦྱིན་སྲེག་གིས་ནི་ལྷའི་བུད་མེད་འགུགས་པར་བྱེད་དོ། །

སྣ་མའི་མེ་ཏོག་ཁམ་བྱེ་བ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། ཉིན་གཅིག་བཞིན་ཏི་ན་ར་རེ་རེ་རྙེད་པར་བྱེད་དོ། །ཅི་སྟེ་དགྲ་སྲོག་དང་བྲལ་བར་འདོད་ན། ལན་ཚྭའི་སྲེག་བླུགས་ལན་འབུམ་སྦྱིན་སྲེག་བྱས་ན་སྲོག་དང་བྲལ་བར་འགྱུར་རོ། །ཅི་སྟེ་ནམ་མཁའ་ལྡིང་
བསྒྲུབ་པར་འདོད་ན། གྲོག་མཁར་གྱིས་ལས་ནམ་མཁའ་ལྡིང་གི་གཟུགས་བྱས་ཏེ། བ་ལས་བྱུང་བའི་སྣ་ལྔས་བསྐུས་ལ། དེ་ནས་ནམ་མཁའ་ལྡིང་གི་གཟུགས་དེ་རི་མོའི་གཟུགས་ཀྱི་མདུན་དུ་བཞག་ལ་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན། དེ་ནས་གྲུབ་པར་འགྱུར་ཏེ་
དེ་ལ་ཞོན་ནས་གང་དུ་འདོད་པ་དེར་འགྲོའོ། །དེ་ལ་ཡོ་བྱད་ཐམས་ཅད་ཀྱང་སྒྲུབ་པར་བྱེད་དོ། །འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀླུ་ཐམས་ཅད་དེའི་དབང་དུ་འགྱུར་རོ། །ཇི་སྟེ་འཁོར་ལོས་སྒྱུར་བ་བསྒྲུབ་པར་འདོད་ན། ལྕགས་ཨུར་མོའི་འཁོར་ལོ་བྱས་ལ་སྤོས་
ཆུས་བཀྲུས་ཏེ་གུར་གུམ་གྱིས་བྱུགས་ལ། དེ་ནས་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་སྟེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མངོན་པར་བཞག་ལ་སུམ་འབུམ་བཟླས་བརྗོད་བྱས་ན་དེས་གྲུབ་པར་འགྱུར་ཏེ། དེ་བཟུང་བ་ཙམ་གྱིས་རིག་སྔགས་འཆང་འཁོར་ལོས་སྒྱུར་བར་འགྱུར་ཏེ།
རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ནས། ལྷའི་གཞལ་མེད་ཁང་གི་ནང་ནས་ནམ་མཁའ་ལ་འགྲོ་ཞིང་རྟག་ཏུ་མཆོད་པ་བྱེད་པར་འགྱུར་རོ། །ཅི་སྟེ་
བཅོམ་ལྡན་འདས་མ་བསྒྲུབ་པར་འདོད་ན། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཟླས་བརྗོད་དྲུག་འབུམ་བྱས་ན། བཅོམ་ལྡན་འདས་མ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། མཐོང་བ་ཙམ་གྱིས་དེ་བཞིན་གཤེགས་པའི་རྗེས་སུ་སྤྱོད་པར་འགྱུར་རོ། །ཏིང་ངེ་འཛིན་ཀྱང་ཐོབ་པར་
འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ་ཡང་འཐོབ་བོ། །ཅི་སྟེ་ཞི་བར་བྱེད་པར་འདོད་ན། པདྨ་ཁ་མ་བྱེ་བ་སྟོང་རྩ་བརྒྱད་ཕུལ་ན་སུའི་ཆེད་དུ་ཕུལ་བ་དེ་ཞི་བར་འགྱུར་རོ། །སྣ་མའི་མེ་ཏོག་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། དེའི་ནད་ཐམས་ཅད་མེད་པར་

འགྱུར་རོ། །བ་རུ་རའི་མེ་ཏོག་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། དུས་མ་ཡིན་པར་འཆི་བ་མེད་པར་འགྱུར་རོ། །དཔལ་གྱིས་ཟིན་པར་འགྱུར་རོ། །ཨ་ཏི་མུཀྟ་ཀ་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་གང་གི་ཆེད་དུ་བྱས་པ་དེ་གདོན་གང་གིས་ཟིན་པར་གྱུར་པ་དེ་ལ་བལྟས་པ་ཙམ་
གྱིས་གཏོང་བར་འགྱུར་རོ། །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་མར་ཟངས་ཀྱི་སྣོད་དུ་བཞག་སྟེ་དུ་བ་འཐུལ་གྱི་བར་དུ་བཟླས་བརྗོད་བྱས་ནས། དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཅི་སྟེ་རྨ་བྱ་བསྒྲུབ་པར་འདོད་ན། ཆུ་ངོགས་གཉི་གནས་ས་བླངས་ཏེ་ཙནྡན་དང་བསྲེས་ལ་རྨ་བྱའི་
གཟུགས་བྱས་ཏེ། དེ་ནས་རྨ་བྱ་དེ་རི་མོའི་གཟུགས་ཀྱི་མདུན་དུ་བཞག་ལ། རྨ་བྱའི་སྒྲ་འབྱིན་གྱི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །ཅི་སྟེ་རྫས་བསྒྲུབ་པར་འདོད་ན། ཀར་བཱི་རའི་མེ་ཏོག་འབུམ་ཕུལ་ན་ཉིན་གཅིག་བཞིན་ཏི་ན་ར་ལྔ་ལྔ་རྙེད་པར་འགྱུར་རོ། །མིད་
པ་ནུབ་ཙམ་གྱི་ཆུར་ཞུགས་ལ་འབུམ་བཟླས་བརྗོད་བྱས་ན་གཏེར་རྙེད་པར་འགྱུར་རོ། །སྣ་མའི་མེ་ཏོག་ཁ་མ་བྱེ་བ་འབུམ་སྦྱིན་སྲེག་བྱས་ན་བུད་མེད་གང་འདོད་པ་དེ་རྙེད་པར་འགྱུར་རོ། །ཨ་ཏི་མུཀྟ་ཀའི་མེ་ཏོག་ཁྲི་ཕུལ་ན་ལུས་ལ་ནད་ཅི་ཡོད་པ་ཐམས་ཅད་བྱབས་པས་མེད་པར་འགྱུར་ཞིང་ཕྱིས་མི་
ལྡང་ངོ་། །ཚེ་རིང་བར་ཡང་འགྱུར་རོ། །ལུས་ལ་སྐལ་བ་བཟང་པོ་འབྱུང་བར་འགྱུར་རོ། །ལོ་བརྒྱ་འཚོ་བར་འགྱུར་རོ། །ཅི་སྟེ་ཕ་རོལ་གྱི་དམག་གཞིག་པར་འདོད་ན་མཛུབ་མོ་ལ་ལན་བདུན་སྔགས་ཏེ་བསྡིགས་ན་དམག་འབྲོས་པར་བྱེད་དོ། །འཐབ་པར་འདོད་ན། འུག་པའི་སྒྲོ་འབུམ་
སྦྱིན་སྲེག་བྱས་ན་ཚེར་འཐབ་པར་འགྱུར་རོ། །དགྲ་ཕུང་བར་བྱེད་པར་འདོད་ན་སྐེ་ཚེ་འབུམ་སྦྱིན་སྲེག་བྱས་ན་དགྲ་སྲོག་དང་བྲལ་བར་འགྱུར་རོ། །རྒྱ་ཤུག་གི་འབྲས་བུ་ཚ་བ་གསུམ་གྱི་མར་དུ་སྨྱུགས་པ་ཁྲི་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཀྱིས་མི་གཙེ་བར་འགྱུར་རོ། །བ་རུ་རའི་འབྲས་
བུ་ཡུངས་ཀར་གྱི་མར་དུ་སྨྱུགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཉི་མ་ལྔས་དགྲ་ཕུང་བར་འགྱུར་རོ། །དབང་དུ་བྱ་ན་འབྲས་སྭཱ་ལུའི་ཕྱེ་མ་ལས་གཟུགས་བྱས་ལ་གཏུབ་ཅིང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུར་རོ། །ཀ་ར་བཱི་བ་རི་མེ་ཏོག་ཁམ་བྱེ་བ་སྦྱིན་སྲེག་བྱས་ན་

གནོད་སྦྱིན་མོ་དབང་དུ་འགྱུར་རོ། །སྣ་མའི་ལོ་མ་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་སྨྱོ་བར་བྱེད་དོ། །ཛ་ཏི་ཀ་ལི་ཀ་ནན་ལ་ཀྵྃ་ཛུ་ཧུ་ཡད་རཱ་ཛཱ་ནྃ་བ་ཤི་ཀ་རོ་ཏི། ཨ་ཏི་མུཀྟ་ཀའི་མེ་ཏོག་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཡུལ་དབང་དུ་འགྱུར་རོ། མར་གྱི་སྦྱིན་སྲེག་གིས་ཞག་
བཞི་པ་མེད་པར་འགྱུར་རོ། །སྣ་མའི་མེ་ཏོག་སྦྲང་རྩི་དང་བསྲེས་པ་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་དུ་ཏི་ནར་རེ་རེ་རྙེད་པར་འགྱུར་རོ། །དེ་ནས་ཀླུ་བསྒྲུབ་བར་འདོད་པས་མ་ལི་གའི་མེ་ཏོག་ཁ་མ་བྱེ་བ་འབུམ་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་འགྲུབ་པར་འགྱུར་ཏེ་དེ་དག་ཡོད་པ་ཐམས་ཅད་ཀྱིས་
ཅི་འདོད་པ་བཞིན་སྒྲུབ་བོ། །མྱ་ངན་འཚང་གི་མེ་ཏོག་ཁམ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན། གནོད་སྦྱིན་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཉིན་གཅིག་བཞིན་གཡོག་ལྔ་བརྒྱའི་གོས་ཟས་འབུལ་ལོ། །ཅི་སྟེ་གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་ན། ཨ་ག་རུའི་ཡམ་སྲེག་ཤིང་
འབུམ་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་དབང་དུ་འགྱུར་ཏེ། དེ་དག་ཅི་འདོད་པ་བཞིན་སྒྲུབ་བོ། །ཅི་སྟེ་ལག་ན་རྡོ་རྗེ་བསྒྲུབ་པར་འདོད་ན་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞི་འབུམ་བཟླས་བརྗོད་བྱས་ལ་ཐ་མར་ཟླ་བ་ཉ་ལ་ཨུཏྤ་ལའི་མེ་ཏོག་ཅི་འབྱོར་པས་མཆོད་པ་བྱས་ཏེ་མཚན་
རངས་བཟླས་བརྗོད་བྱས་ན་ནང་པར་རམ་ཉི་མ་ཤར་ན་ལག་ན་རྡོ་རྗེ་འོངས་ཏེ། འོངས་ནས་རིག་སྔགས་འཆང་གི་མགོ་ལ་རེག་པར་བྱེད་དེ་རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །རིག་སྔགས་འཆང་ཉིད་དམ་གཞན་ཅི་ཡང་རུང་བ་ཞིག་ཀྱང་རྙེད་པར་འགྱུར་རོ། །དེས་
ཅི་འདོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་གཟུགས་ཀྱི་མདུན་དུ་ཤིང་ཀིང་ཤུ་ཀའི་མེ་ཏོག་འབུམ་ཕུལ་ན་ཏིན་ར་སྟོང་རྙེད་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་གཟུགས་ཀྱི་ལག་པ་ནས་བཟུང་སྟེ་ཟླ་བ་གཅིག་བཟླས་བརྗོད་བྱས་ན་ཉིན་གཅིག་བཞིན་ཏི་ན་ར་རེ་རེ་སྦྱིན་པར་བྱེད་དོ། །
ཕྱག་ན་རྡོ་རྗེའི་གཟུགས་པདྨའི་འདབ་མའི་སྟེང་དུ་བཞག་སྟེ། སྣ་མའི་མེ་ཏོག་ཁ་མ་བྱེ་བ་ཁྲི་ཕུལ་ན་ཉིན་གཅིག་བཞིན་ཀཱར་ཥཱ་པ་ཎ་རེ་རེ་སྦྱིན་པར་བྱེད་དོ། །ཟླ་བ་གཅིག་ཏུ་ནམ་ཕྱེད་ན་ལངས་ཏེ་ཉིན་གཅིག་བཞིན་གི་ཝང་གིས་དཀྱིལ་འཁོར་བྱས་ལ། བཅོམ་ལྡན་འདས་མ་བཟླས་བརྗོད་

བྱས་ན་ལས་ཐམས་ཅད་ནུས་པར་འགྱུར་རོ། །བགེགས་རྣམས་ཀྱང་མི་འཚེ་བར་འགྱུར་རོ། །ཟླ་བ་གཅིག་ཏུ་ཙནྡན་དམར་པོས་དཀྱིལ་འཁོར་བསྐུས་ལ། བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་དེ་བྱེད་དོ། །རང་གི་ཁྲག་གིས་དཀྱིལ་
འཁོར་བསྐུས་ཏེ། ཟླ་བ་གཅིག་ཏུ་བཟླས་བརྗོད་བྱས་ན་མཁའ་འགྲོ་མ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །ཤུ་དག་དཀར་པོ་འབུམ་སྦྱིན་སྲེག་བྱས་ན་མ་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་དག་ཅི་འདོད་པ་དེ་ཐམས་ཅད་བསྒྲུབ་བོ། །ལི་ག་དུར་འབྲུ་སྟོང་སྦྱིན་སྲེག་
བྱས་ན་ཉིན་གཅིག་བཞིན་སྣོད་གང་བ་རྙེད་པར་འགྱུར་རོ། །སྒེའུ་གཤེར་གྱི་རྩ་བ་སྦྱིན་སྲེག་བྱས་ན། ཉིན་གཅིག་བཞིན་ཀཱར་ཥཱ་པ་ཎ་བཞི་བཞི་རྙེད་པར་འགྱུར་རོ། །ཨ་པ་མརྒའི་སྙིང་པོ་ཁྲི་སྦྱིན་སྲེག་བྱས་ན། ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་འགྱུར་རོ། །ན་ལེ་ཤམ་གྱི་འབྲུ་
སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ནས་ཐལ་བ་བླངས་ཏེ་ཐིག་ལེ་བྱས་ལ། མོན་སྲན་སྡེའུ་ལ་སོགས་པའི་ཕུང་པོའི་ནང་དུ་གཏོར་ན་དེ་མི་ཟད་པར་འགྱུར་རོ། །ཅི་སྟེ་འཇམ་དཔལ་བསྒྲུབ་པར་འདོད་ན། ཨ་ག་རུ་དང་བསྲེས་པའི་གི་ཝང་གིས་དཀྱིལ་འཁོར་བསྐུས་ལ། དེར་གཟུགས་བཞག་
སྟེ་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན། བདག་ཉིད་འཇམ་དཔལ་མཐོང་བར་འགྱུར་ཏེ་དེས་ཆོས་སྟོན་ཏོ། །དེ་མཐོང་ན་ཐོས་པ་འཛིན་པར་འགྱུར་རོ། །རིག་སྔགས་འཆང་ཉིད་ཀྱང་ཐོབ་པར་འགྱུར་རོ། །དེ་ཇི་སྲིད་འདོད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །པདྨ་དཀར་
པོ་སྟོང་རྩ་བརྒྱད་ཕུལ་ན། དེ་ལ་འཇམ་དཔལ་གྲུབ་པར་འགྱུར་ཏེ། རྒྱལ་སྲིད་དམ་པའམ། ས་འོག་ཏུ་འཇུག་པའམ། མི་སྣང་བར་བྱ་བའམ། ཐོས་པ་འཛིན་པའམ། སྨན་བཅུད་ཀྱིས་ལེན་ཡང་རུང་སྟེ། དམ་པ་ལྔ་ལས་གང་ཡང་རུང་བ་ཞིག་སྦྱིན་པར་བྱེད་དོ། །སྐྱུ་
རུ་རའི་ཡམ་སྲེག་ཤིང་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། གནོད་སྦྱིན་མོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དབང་དུ་འགྱུར་ཏེ། དེ་དག་ཅི་འདོད་པ་སྒྲུབ་པར་བྱེད་དོ། །བིལ་བའི་འབྲས་བུ་འབུམ་སྦྱིན་སྲེག་བྱས་ན། དཔལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གྲུབ་པར་འགྱུར་ཏེ།

ཅི་འདོད་པ་བཞིན་དུ་སྒྲུབ་བོ། །ན་ཛྱ་དི་མ་པྲ་ཡད་ཙནྟི། བ་རུ་རའི་འབྲུ་འབུམ་སྦྱིན་སྲེག་བྱས་ན། དབྱངས་ཅན་ཐམས་ཅད་གྲུབ་པར་འགྱུར་ཏེ། དེ་དག་གྲུབ་པས་ཚིག་ཐོགས་པ་མེད་པར་འགྱུར་རོ། །པྲི་ཡང་ཀུའི་མེ་ཏོག་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་
ཉིན་གཅིག་བཞིན་ཀཱ་ར་ཥཱ་པ་ཎ་ལྔ་ལྔ་རྙེད་པར་འགྱུར་རོ། །ཅི་སྟེ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱེད་འདོད་ན། གྲོང་ཁྱེར་གྱི་བདག་པོའི་ལྷའི་གཟུགས་རི་མོར་བྲིས་པ་བྲིས་ལ། སྐེ་ཚེའི་སྦྱིན་སྲེག་བྱས་ལ་དེའི་ཐལ་བ་ཐོགས་ལ་གྲོང་ཁྱེར་དུ་སོང་སྟེ་གཏོར་ན། དེ་དག་ཐམས་
ཅད་གཉིད་ཀྱིས་ལོག་ཅིང་འདུག་པར་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །གྲོང་ཁྱེར་ལ་ཇི་ལྟ་བ་བཞིན་དུ་ཡུལ་ལ་ཡང་དེ་བཞིན་དུ་བྱའོ། །མཚེའུ་སྐམ་པར་འདོད་པས་སྐེ་ཚེའི་སྲེག་བླུགས་རང་གི་ཁྲག་དང་སྦགས་པ་ཁྲི་སྦྱིན་སྲེག་བྱས་ལ་དེའི་ཐལ་བ་བླངས་ཏེ། མཚེའུ་དེར་གཏོར་ན་མཚེའུ་སྐམ་
པར་འགྱུར་ཏེ། དེ་ན་གནས་པའི་ཀླུ་རྣམས་ཀྱིས་ཅི་འདོད་པ་བཞིན་དུ་རིན་པོ་ཆེ་རྣམས་འབུལ་ལོ། །ཨ་པ་མར་གའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་ལྷ་མོ་དཔལ་མཐོང་བར་འགྱུར་ཏེ། ས་ཙ་རཱ་ཛྱ་མ་པྲ་ཡཙྪ་ཏི། བིལ་བའི་འབྲས་བུ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན།
རྒྱལ་པོ་ཆེན་པོའི་མདུན་ན་འདོན་དུ་འགྱུར་རོ། །མྱ་ངན་འཚང་གི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན། རྐང་བཞི་པ་ཐམས་ཅད་དབང་དུ་འགྱུར་རོ། །སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་བྱས་ན། རྒྱལ་པོའི་ཕོ་བྲང་འཁོར་དུ་ཚིག་གཟུང་བར་འོས་པར་འགྱུར་རོ། །སྣ་མའི་
མེ་ཏོག་འབུམ་སྦྱིན་སྲེག་བྱས་ན། བུད་མེད་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། །སྐེ་ཚེའི་སྡོང་བུའི་ཡམ་སྲེག་ཤིང་སྦྲང་རྩི་ལ་སྨྱུགས་པ་བརྒྱ་སྦྱིན་སྲེག་བྱས་ན། གདོན་ཐམས་ཅད་དེ་ལ་ཞི་བར་བྱེད་པར་འགྱུར་རོ། །འབྲས་ཀྱི་འོ་ཐུག་དང་སྦྲང་རྩི་འབབ་ཆུའི་ནང་དུ་
གཏོར་ན། ཀླུ་མོ་ཐམས་ཅད་དེའི་དབང་དུ་འགྱུར་ཏེ། རང་རང་གི་གནས་སུ་ཡང་ཁྲིད་པར་བྱེད་དོ། །ལོག་འདྲེན་བསྒྲུབ་པར་འདོད་ན། ཨ་ཏི་མུཀྟ་ཀའི་མེ་ཏོག་འབུམ་གཏོར་ན། ལོག་འདྲེན་ཐམས་ཅད་དངོས་གྲུབ་སྦྱིན་པར་བྱེད་དོ། །ཨ་ཤྭཏྠའི་ལོ་མ་སྦྲང་རྩི་ལ་

སྨྱུགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། གནོད་སྦྱིན་མོ་ཐམས་ཅད་རིག་སྔགས་འཆང་དེ་ལ་ཉིན་གཅིག་བཞིན་སྣོད་གང་བ་ཅི་འདོད་པ་འབུལ་ལོ། །རྨ་བྱའི་སྒྲོ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། བདུད་ཀྱི་གནོད་པ་ཐམས་ཅད་བསལ་བར་འགྱུར་རོ། །ཨ་ག་རུས་
མརྡ་ནྃ་ཨསྟ་ཧ་ས་སྲན་ཛུ་ཧུ་ཡཱ་ད་རཱ་ཛ་བ་ཤོ་བྷ་བ་ཏི། པྲི་ཡང་ཀུའི་ཡམ་སྲེག་ཤིང་གིས་ནི། མ་ཧཱ་རཱ་ཛ་གྲ་མ་ཧི་ཤི་བ་ཤོ་བྷ་བ་ཏི། ཨ་ག་རུའི་ཡམ་སྲེག་ཤིང་གི་མེ་བུས་ལ་ཏིལ་འབྲུ་ཁྲི་སྦྱིན་སྲེག་བྱས་ན་ཡུལ་དབང་དུ་འགྱུར་རོ། །ཤིང་འོ་མ་ཅན་གྱི་མེ་བུས་ལ་ཏིལ་
འབྲུ་འབུམ་སྦྱིན་སྲེག་བྱས་ན། ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །ཤིང་མ་ད་ཀས་མེ་བུས་ལ་ན་ལེ་ཤམ་གྱི་འབྲུ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། འབྱུང་པོ་ཐམས་ཅད་དབང་དུ་འགྱུར་ཏེ། འབྱུང་པོའི་བདག་པོ་རེ་རེ་ལ་ཡང་ཉིན་གཅིག་བཞིན་དུ་གཡོག་
བརྒྱའི་གོས་ཟས་སྦྱིན་པར་བྱེད་དོ། །གར་འགྲོ་འདོད་པ་དེར་ཕྲག་པ་ལ་ཞོན་ཏེ་འགྲོའོ། །མོན་སྲན་གྲེའུ་འབྲུ་འབུམ་སྦྱིན་སྲེག་བྱས་ན། འབྱུང་པོ་ཐམས་ཅད་དབང་དུ་འགྱུར་ཏེ། དེ་དག་རིག་སྔགས་འཆང་དེའི་ཡོ་བྱད་ཐམས་ཅད་སྒྲུབ་བོ། །འཇམ་དཔལ་
འདི་དག་ལ་སོགས་པ་གཟུངས་སྔགས་འདི་རྣམས་ཀྱི་བསྒྲུབ་པ་དག་གི་ནང་དུ་སྦྱོར་བ་དེའི་དངོས་གྲུབ་སྦྱིན་པར་བྱེད་དེ། འདོད་པ་དང་སྦྱོར་བ་ཐ་དད་པ་དང་། སྦྱོར་བ་མང་ཡང་རུང་། ཉུང་ཡང་རུང་བས་ཀྱང་སྒྲུབ་པར་བྱེད་དོ། །འཇམ་དཔལ་གཞན་ཡང་གསང་
སྔགས་འདི་དག་འཛིན་པ་དང་སྒྲུབ་པ་རྣམས་ལ་ནི། བགེགས་རྣམས་ཀྱིས་སྐབས་མེད་དོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྫོགས་སོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་
བསྐུར་བའི་རྒྱུད་ཆེན་པོའི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་དེ་བི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་ཡུམ་སྡིག་པ་ཐམས་ཅད་བྱང་བར་མཛད་མ།
ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་མ། བགེགས་ཐམས་ཅད་རབ་ཏུ་འཇིག་པར་མཛད་མ། ཕུན་སུམ་ཚོགས་པ་ཐམས་ཅད་མཛད་མ། གཟུངས་སྔགས་ཆེན་མོའི་རྒྱལ་མོའི་མཆོག་འདི་གསུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཧེ་བུདྡྷ་མཱ་ཏ་རི། སརྦ་
པཱ་པ་ནཱ་ཤ་ནི། གརྫ་གརྫ། བྷཉྫ་བྷཉྫ། མརྡ་མརྡ། གམྦྷ་རི། གམྦྷ་རི། ཧ་ས་ཧ་ས། ད་མ་ད་མ། མ་ཐ་མ་ཐ། ཡ། བི་དྷཱ་ནྶ་ཡ། བི་དྷཱ་ནྶ་ཡ། སརྦ་ཤ་ཏྲཱུན་ཏ་ར་མ་ཏི། བི་མ་ལེ། པཱུར་ཡ་པཱུར་ཡ། པྲ་ཏི་ཛྙཱ་ན། སརྦ་བུདྡྷ་པརྱཱུ་པ་སི་ཏི། བྷ་ག་བ་ཏི། ག་ན་ག་ན། ཛ་ཧི་ཛ་ཧི།
བི་མ་ས་ནི། ཀྲ་མ་ཎི། དྷ་བ་ནི། ར་མ་ཎི། མཱ་ཏཾ་གི་སྭཱ་ཧཱ། བཅོམ་ལྡན་འདས་མ་ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན་པ་ཞེས་བྱ་བའི་གཟུངས་སོ། །ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཨ་མ་རི། ཨ་མ་རི། ཏ་ཊ། བྷཉྫ། བྷཉྫ། ཛྷ་ཛྷ། མི་ཙི་མི་ཙི། སྥོ་ཊ་
ཡ་སྥོ་ཊ་ཡ། མ་ཐ་མ་ཐ། དུརྡཱནྟ་ད་མ་ཀ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཧེ་ཧེ། ཀི་ན་དེ། སརྦ་ཏ་ཐཱ་ག་ཏ་བྷ་ནེ་ཀེ །བྷྱོ་དྷི་ན་ད་ད། ཏྲཱ་ཊ་ཏྲཱ་ཊ། ཧཱུྃ་ཕཊ་ཧཱུྃ་ཕཊ། གརྫ་གརྫ། པ་ར་མ་ཏི། བི་ཧུ་རི་ཀེ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ།
སརྦ་ཐཱ། བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏེ་ཨ། སརྦ་པཱ་པ་ཀྵ་ཡྃ་ཀ་རི་ཛྙཱ་ན་ཨརྩི་སྥ་ར་ཎི། བྷཉྫ། བྷཉྫ། མ་ཐ་མ་ཐ། ད་མ་ད་མ། ཨཱ་ན་ཡ་ཨཱ་ན་ཡ། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། སརྦ་བུདྡྷ་ཛ་ནེ་ཏྲཱི་ཡཻ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། གརྫ་གརྫ། མ་ཐ་
མ་ཐ། ད་མ་ད་མ། བྷཉྫ་བྷཉྫ། དུནྡུ་བྷི། སརྦ་ནིརྒྷོ་ཥེ། ཧ་ན་ཧ་ན། བི་དྷྭནྶ་ཡ། བི་དྷྭནྶ་ཡ། མོ་ཊ་ཡ་མོ་ཊ་ཡ། ད་ཧ་ད་ཧ། བི་ཕུ་ལ་ནིརྨ་ལ་ནི་རྫཱ་ཏེ། ཨཱ་ཧ་ར་ཨཱ་ཧ་ར། གཙྪ་གཙྪ། སརྦ་བུདྡྷ་པརྱུ་པས་ཏི་མ། མཱ་བི་ལམྦ་སྭཱ་ཧཱ། བཅོམ་ལྡན་འདས་མ་རྡོ་རྗེའི་དབྱིངས་ཀྱི་

དབང་ཕྱུག་མ་ཞེས་བྱ་བའི་གཟུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཨོཾ་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏ་ཛ་ནི་ཀ། པཱུ་ར་ཡ་པྲ་ཏི་ཛྙཱ་ན། ཏ་ཊ་ཏ་ཊ། མརྡ་མརྡ། ཨཱ་ཧ་ར་ཨཱ་ཧ་ར། ཧཱུྃ་ཧཱུྃ་ཛ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་
བའི་གཟུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཧཱུྃ་ཧྲཱི། སརྦ་བུདྡྷ་མཱ་ཏི་རི། བྷཉྫ་བྷཉྫ། མ་ཐ་མ་ཐ། ད་མ་ནི་ད་མ་ནི། གརྒཱ་རི་གརྒཱ་རི་ཧྲཱི་སྭཱ་ཧཱ། བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་མ་ཞེས་བྱ་བའི་གཟུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་
མུ་ཁེ་བྷྱཿ། སརྦ་ཐཱ། ཏྲཱ་ཊ་ཏྲཱ་ཊ། མུ་ཧུ་མུ་ཧུ། སརྦ་པཱ་པ་བི་ཤོ་དྷ་ནི་སྭཱ་ཧཱ། བཅོམ་ལྡན་འདས་མ་སྡིག་པ་ཐམས་ཅད་སྤོང་བ་ཞེས་བྱ་བའི་གཟུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། དྷ་ཀ་དྷ་ཀ །མོ་ཊ་མོ་ཊ། ད་ཧ་ད་ཧ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ནིར་
ཛཱ་ཏེ་སྭཱ་ཧཱ། བཅོམ་ལྡན་འདས་མ་གདུལ་དཀའ་མ་ཞེས་བྱ་བའི་གཟུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཧ་ཧ་མི་ཧུ་མི་ཧུ། ད་མ་ད་མ། ཁཱ་ཧི་ཁཱ་ཧི། དྷུ་ན་དྷུ་ན། མི་ཙི་མི་ཙི། དུར་དཱ་ན་ཏ་ད་མ་ནི་སྭཱ་ཧཱ། བཅོམ་ལྡན་འདས་མ་བདུད་ཐམས་ཅད་
རྣམ་པར་འཇོམས་མ་ཞེས་བྱ་བའི་གཟུངས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། མི་ཙི་མི་ཙི། གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། ད་མ་ད་མ་སྭཱ་ཧཱ། བཅོམ་ལྡན་འདས་མ་སྒོ་མཐའ་ཡས་སྒྲུབ་པ་ཞེས་བྱ་བའི་གཟུངས་སོ། །འཇམ་དཔལ་
ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདི་གང་གི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར། འཇིགས་པ་དང་བྲལ་བར་འགྱུར། དེ་གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་
འདུག་ཀྱང་རུང་སྟེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར། ཆོམ་རྐུན་གྱིས་བཅོམ་པར་མི་འགྱུར། སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར། དེ་ལ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར། རྟག་ཏུ་དཔལ་དང་ལྡན་པར་འགྱུར། དེའི་སྡིག་པ་ཐམས་

ཅད་ཡོངས་སུ་བྱང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་དགེ་བའི་རྩ་བ་བསགས་པ་ཡང་དེ་ཉིད་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་ཟིན་པར་
འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་ན། གང་འཛིན་པ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེས་ངན་སོང་གི་སྒོ་རྣམས་བཅད་པར་འགྱུར་རོ། །དེ་ངན་སོང་དང་།
ངན་འགྲོ་རྣམས་རྒྱང་བསྲིངས་པར་འགྱུར་རོ། །གང་ཞིག་ནང་པར་ལངས་ནས་སུ། །ལན་ཅིག་ཀློག་པར་བྱེད་པའི་མི། །སྲིད་པ་ཉམ་ངར་གང་བྱས་པ། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །སྲིན་པོ་ལ་སོགས་ཆོམ་རྐུན་དང་། །མཚོན་དང་དགྲ་ཡིས་མི་ཚུགས་ཤིང་། །
དུས་མིན་འཆི་ལས་རབ་ཏུ་ཐར། །རྟག་ཏུ་དཔལ་དང་ལྡན་པར་འགྱུར། །འཆི་བའི་དུས་ཀྱི་ཚེ་ན་ཡང་། །ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང་། མི་
དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་
གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱ་ན་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཏ་ནྟྲ་ན་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་
འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་

དང་། རྡོ་རྗེ་སྡེ་དང་། རྡོ་རྗེ་ཀུན་ཏུ་འཛིན་པ་དང་། །རྡོ་རྗེ་རབ་ཏུ་འདུལ་བྱེད་དང་། །རྡོ་རྗེ་མི་བཟད་འཇོམས་དང་། རྡོ་རྗེ་གདུག་པ་ཀུན་འདུལ་དང་། རྡོ་རྗེ་དབྱིངས་ལས་རྒྱལ་བ་དང་། རྡོ་རྗེ་དགྱེས་གནས་སྐྱོབ་ལ་སོགས་པའི་འཁོར་བྱེ་བ་ཕྲག་སྙེད་རྣམས་དང་ཐབས་ཅིག་ཏུ་བཞུགས་
སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཀར་ལན་གསུམ་གསོར་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་ཆེན་པོ་འབྱུང་པོ་ཀུན་འདུལ་བར་བྱེད་ཅིང་། ས་འོག་གི་གདུག་པ་ཅན་འདུལ་བར་བྱེད་པའི་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ཆེན་པོ་བཤད་དུ་གསོལ། རྡོ་རྗེ་འཛིན་པ་ཆེན་པོ་བཤད་དུ་གསོལ་ཁྱབ་བདག་ཆེན་པོ་བཤད་དུ་གསོལ། གདུག་
པ་ཀུན་འདུལ་བར་བྱེད་པ་ཆེན་པོས་བཤད་དུ་གསོལ། མུན་པ་ཀུན་འཇོམས་པ་ཆེན་པོ་བཤད་དུ་གསོལ་ཞེས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་བོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རྡོ་རྗེ་འཆང་ཆེན་པོ་གསང་བ་པ་ཁྱོད་སེམས་ཅན་
རྣམས་ཀྱི་དོན་དུ་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུ་དང་ལ་ཞུ་བ་ལེགས་སོ། །གསང་བ་པའི་བདག་པོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ། །དེའི་ཕྱིར་ལག་ན་རྡོ་རྗེའི་རིགས་རྣམས་ཁྱེད་རྗེས་སུ་ཉོན་ལ་ཡིད་ལ་ཟུང་ཤིག །ངས་རྣམ་པར་ཕྱེ་སྟེ་རྡོ་རྗེ་ས་འོག་འབྱུང་པོ་
འདུལ་བ་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཤད་ཀྱིས་རྗེས་སུ་ཟུང་ཤིག །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཀུན་འདུལ་གྱི་ཏིང་ངེ་འཛིན་གྱིས་ས་འོག་གི་གདོན་དང་། འབྱུང་པོ་ཀུན་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཏིང་
ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོ་གདུག་པ་ཀུན་འདུལ་བར་བྱེད་པ་དུ་མ་སྤྲོས་ཏེ། ས་འོག་ས་སྟེངས་ས་བླ་གསུམ་གང་བར་མཛད་དེ། ས་འོག་གི་ཀླུ་རྣམས་ཀྱི་གནས་རྣམས་གདུག་པའི་ཧཱུཾ་སྒྲས་ཀུན་ཏུ་གང་བར་བྱས་ནས་

ཀླུའི་རྒྱལ་པོ་བརྒྱད་པོ་འཁོར་དང་བཅས་པ་བཏུལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀུག་གོ། །དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་གདུག་པའི་སེམས་ལངས་ཏེ་དབུགས་ཤིན་ཏུ་ཚ་བར་གཏོང་བར་སེམས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། གསང་བའི་
བདག་པོ་ལག་ན་རྡོ་རྗེ་ལག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཀླུ་ཐམས་ཅད་ཀྱི་ཞེ་སྡང་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་སྔགས་འདི་གསུངས་སོ། །ཨོཾ་ནཱི་ལ་བཛྲ་ཀྲོ་དྷ་ནཱ་ག་ཧཱུྃ་ཕཊ་ཅེས་བཟླས་སོ། །དེ་ནས་ཀླུ་མཐའ་ཡས་སེམས་རབ་ཏུ་ཞི་སྟེ་བྱང་