Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
་རོལ་གྱི་སྟེང་དུ་ཧ་ཅང་ཡང་མི་རིང་བར། དེ་ བཞིན་གཤེགས་པ་དྲི་ཞིམ་སྣང་དཔལ་པདྨ་དཀར་པོ་ལ་སྐྱིལ་མོ་ཀྲུང་དུ་བཞུགས་པ། མཚན་ཐམས་ཅད་དང་ལྡན་པ་རིག་པའི་རྒྱལ་པོ་དབུགས་འབྱིན་པར་མཛད་པར་བྲིའོ། །གཡོན་རོལ་དུ་དེ་བཞིན་གཤེགས་པ་རྡོ་རྗེ་སྲ་བས་རབ་ཏུ་འཇོམས་པ་དབུགས་འབྱིན་པ་སྔ་མ་ བཞིན་ནོ། །ལག་ན་རྡོ་རྗེའི་འོག་གཡས་རོལ་དུ་ཕྱག་བརྙན་སོག་མའི་དུ་བའི་མདོག་ལྟ་བུའི་གོས་དྲི་མ་ཅན་གྱོན་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། མིག་དམར་བ། དཔྲལ་བ་ཁྲོ་གཉེར་གྱི་རིམ་པ་དང་བཅས་པ། ལག་ན་ཞགས་པ་དང་རལ་གྲི་ཐོགས་པ། བཀའ་ནོད་ པ་ལྷུར་ལེན་པ་པུས་མོ་གཉིས་བཙུགས་པ་བྲིའོ། །གཡོན་རོལ་དུ་ཕྱག་བརྙན་མ་པུས་མོ་བཙུགས་པ་མདོག་སྔོ་བ་སངས་རལ་གྲི་སོ་གཅིག་པ་ཡུ་བ་ཅན་དང་། ཞགས་པ་ལག་ན་ཐོགས་པ་སྔ་མ་བཞིན་དུ་བྲི་བར་བྱའོ། །དབེན་པ་དུགས་མེད་པ་དེའི་མདུན་དུ་ཟས་དཀར་གསུམ་བཟའ་ ཞིང་གོས་དུས་གསུམ་དུ་བརྗེས་ལ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་ཨ་ག་རུའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་ལ་སྨྱུགས་པས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན། ནམ་ཕྱེད་དམ་ཉི་མ་ཤར་ཀར་རི་མོའི་གཟུགས་ལས་འོད་ཟེར་དག་འབྱུང་ངོ་། །ཡང་ན་རི་ མོའི་གཟུགས་འགུལ་ལོ། །ཡང་ན་མེ་ཏོག་གི་ཕྲེང་བ་འགུལ་ལོ། །སྔ་མ་བཞིན་དུ་གྲུབ་པར་འགྱུར་ཏེ། ལས་ཐམས་ཅད་ཀྱང་བྱེད་དོ། །རྟག་ཏུ་རི་མོའི་གཟུགས་ཀྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་སྐལ་བ་བཟང་པོའི་མཆོག་དང་ལྡན་ཞིང་ནད་ཐམས་ཅད་ལས་ཐར་ བ་དང་། འཇིགས་པ་ཐམས་ཅད་རྣམ་པར་སྤངས་པར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་འཇིག་པའི་མེའི་སྙིང་པོ་ཆེན་པོ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ལྷ་དང་། ལྷ་མ་ཡིན་པས་མཆོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས། སྨྱུང་བ་ཡང་མི་དགོས་པར་རིའི་རྩེ་མོར་སོང་ལ་ལན་སུམ་འབུམ་ བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་སྐེ་ཚེའི་འབྲུའི་སྲེག་བླུགས་དུག་དང་། ཁྲག་དང་། ལན་ཚྭ་དང་བསྲེས་པ་ལན་སུམ་འབུམ་སྦྱིན་སྲེག་བྱས་ན། མཚན་མོ་ཧཱུཾ་ཞེས་བྱ་བའི་སྒྲ་ཆེན་པོ་གྲག་ཅིང་སྔ་མ་བཞིན་དུ་འགྲུབ་པར་འགྱུར་ཏེ། གྲུབ་ནས་ཀྱང་འཇིག་རྟེན་ གྱི་ཁམས་དུ་མར་རྒྱུ་བ་དང་། ཡིད་ལྟར་མགྱོགས་པ་དང་། གཟི་བརྗིད་མཚུངས་པ་མེད་པར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་དེ་ལས་ལྷག་པར་སུ་ཡང་མེད་དོ། །རྟག་ཏུ་བཟླས་བརྗོད་བྱས་ན། འབྱུང་པོ་ཐམས་ཅད་ཀྱིས་མི་ཐུབ་པར་ འགྱུར་རོ། །ལྷ་མ་ཡིན་གྱི་ཁུང་གི་སྒོར་སོང་ནས་ཁྲོས་ཏེ་ལན་ཁྲི་བཟླས་བརྗོད་བྱས་ཤིང་སྦྱིན་སྲེག་ཀྱང་སྔ་མ་བཞིན་དུ་བྱས་ན། ལྷ་མ་ཡིན་གྱི་གནས་ཐམས་ཅད་གཏན་མེད་པར་འགྱུར་ཏེ། ཅི་འདོད་པ་བཞིན་དུ་ཡོངས་སུ་སྤྱོད་ཅིང་འདོད་པ་བཞིན་དུ་རང་འབྱུང་བར་ འགྱུར་རོ། །ལས་ཐམས་ཅད་བྱེད་དོ། །ཅི་སྟེ་གཏེར་ཆེན་པོ་འབྱུང་བར་འདོད་ན་ཟས་མི་བཟའ་བར་སྙིང་པོ་འདི་ལན་ཁྲི་བཟླས་བརྗོད་བྱས་ལ་ཐ་མར་ཤིང་ཀ་ར་བཱི་རའི་ལྕུག་མས་ལན་གསུམ་བསྣུན་ན་རང་འབྱུང་ངོ་། །རྟག་ཏུ་རྗེས་སུ་དྲན་པར་བྱེད་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། ། ཁྲོས་པའི་མདུན་དུ་ཕྱག་རྒྱ་བཅིངས་ལ་ལན་ཉི་ཤུ་རྩ་གཅིག་བརྗོད་ན་དང་བར་འགྱུར་རོ། །བྱིས་པ་གདོན་གྱིས་ཟིན་པ་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་ཐར་བར་འགྱུར་རོ། །གདོན་ཆེན་པོ་ཐམས་ཅད་ལ་ནི་གཟུགས་བྱས་ལ་རྐང་པ་གཡོན་པས་མནན་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་ བརྗོད་བྱས་ན་གདོན་དེ་ཚིག་ཅིང་སྒྲ་འབྱིན་ཅིང་འབྲོས་པར་འགྱུར་རོ། །དྲིས་པ་མྱུར་དུ་སྨྲ་བར་འགྱུར་རོ། །ཅི་སྟེ་ཕ་རོལ་ལ་གནོད་པ་བྱེད་པར་འདོད་ན་བ་རུ་རའི་ཤིང་བུ་སོར་དྲུག་པ་དག་གཅིག་ལ་མིང་ནས་བརྗོད་ཅིང་སྔགས་ལན་བརྒྱ་རྩ་བརྒྱད་བསྔགས་ལ། ནམ་ཕྱེད་ན་ཁང་སྟེང་ངམ་སྒོའི་ ནང་དུ་བཙུགས་ན་ཁྱིམ་དུ་གནོད་པ་ཆེན་པོ་འབྱུང་ངོ་། །ཡམས་ཀྱི་ནད་ཆེན་པོ་ཡང་འབྱུང་ངོ་། །ཡིད་ཀྱིས་ནི་ཞི་བར་བྱེད་དོ། །ཅི་སྟེ་རི་མོའི་སྐུ་གཟུགས་བསྒྲུབ་ན་རས་ལ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་འོད་ཀྱི་ཁ་དོག་དབྱར་གྱི་སྤྲིན་འདྲ་བ། རྒྱན་མེད་པ། མིག་དམར་བ། ཁྲོས་པ། མ་མཆུ་སོས་མནན་པ། དཔྲལ་བ་ཁྲོ་གཉེར་གྱི་རིམ་པ་འཆས་པ། རྐང་པ་གཡོན་པས་ས་མནན་ཏེ་འདུག་པ། རྐང་པ་གཡས་པའི་རྡོག་པས་བསྣུན་པ་ལྟར་འདུག་པ། ལག་པ་གཡོན་པའི་མཛུབ་མོས་བསྡིགས་པ་ལྟར་བྱེད་པ། ལག་པ་གཡས་པ་ཁྲོ་བོའི་རྡོ་རྗེ་མི་བཟད་པ་འཕེན་པ་ ལྟར་འདུག་པ་བྲི་བར་བྱ་སྟེ། བསྲུང་བ་བྱས་པ། རྡོ་རྗེ་གཙུག་ཏོར་གྱི་གཟུགས་སུ་བསྒྱུར་བ། རྟག་ཏུ་མཉམ་པར་གཞག་པ། སྙིང་རྗེ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དུ་གྱུར་པས་ས་ཕྱོགས་དབེན་པ་དུགས་མེད་པར་མཆོད་པ་རྒྱ་ཆེར་བྱས་ལ་རི་མོ་མཁན་གསོ་ སྦྱོང་བཟུང་བ་འདྲིར་གཞུག་གོ། །རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དམ་ཚིག་ཐོབ་པ། སྤྲོ་བ་དང་བཅས་པ་འདྲིར་གཞུག་གི །གཞན་ནི་གང་གིས་ཀྱང་མ་ཡིན་ནོ། །ཞི་བའི་བློ་གྲོས་དམ་ཚིག་མི་ཤེས་པ་དཀྱིལ་འཁོར་མ་མཐོང་བ་གང་ལ་ལ་ཞིག་གིས་རི་མོའི་ གཟུགས་མཐོང་ན། དེའི་མོད་ལ་དེ་ནད་རྣམ་པ་གཉིས་ཀྱིས་བཏབ་པར་འགྱུར་རོ། །གཉིས་གང་ཞེ་ན་འདི་ལྟ་སྟེ། རིམས་དྲག་པོ་དང་གཅོང་ཆེན་པོར་འགྱུར་རོ། །ཞི་བའི་བློ་གྲོས་ཀྱིས་སྨྲས་པ། འཇམ་དཔལ་ཀྱེ་མ་གང་གིས་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་བསྟན་པའི་ སྙིང་པོ་མཆོག་དོན་ཆེན་པོ་དང་ལྡན་པ། མཐུ་ཆེན་པོ་དང་ལྡན་པ་འདི་ངོ་མཚར་ཏོ། །འཇམ་དཔལ་གྱི་སྙིང་པོ་མཆོག་འདི་ནི། གང་ཞིག་འདིའི་མིང་ཅི་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྲ་བའི་ཡོན་ ཏན་རྣམས་དང་མཐུ་ལ་ནི་མཐའ་མེད་དོ། །ཞི་བའི་བློ་གྲོས་ལག་ན་རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིགས་པའི་མེ་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་སྟེ། མ་དུལ་བ་ཐམས་ཅད་འདུལ་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ། བསྟན་པ་མཆོག་ཏུ་ཀུན་དུ་བསྲུང་བར་སྨོན་ལམ་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པ། འཇིག་རྟེན་གྱི་ཁམས་མཐའ་ཡས་རྒྱ་མཚོ་རབ་འབྱམ་ རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་སྒྲོགས་པའི་སྒོ་ལ་འཇུག་པ། ཐམས་ཅད་དུ་སྔོན་དུ་རྒྱུག་པའོ། །དེའི་མདུན་དུ་ཅི་འབྱོར་པས་མཆོད་དེ་གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་འབུམ་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་ཏེ། གང་འདོད་པ་ དེ་བྱེད་དོ། །རིའི་རྩེ་མོའམ་རྒྱ་མཚོའི་ངོགས་སུ་སོང་སྟེ། རི་མོའི་གཟུགས་བྲིས་ལ་སློང་མོའི་ཟས་སམ། བསླངས་པ་མ་ཡིན་པའི་ཟས་བཟའ་ཞིང་། མིད་པ་ནུབ་པ་ཙམ་དུ་ཆུར་ཞུགས་ལ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་ལ་ རལ་གྲིའམ་འཁོར་ལོ་ལག་ན་ཐོགས་ཤིང་། དུག་དང་། ཁྲག་དང་། ཡུངས་ཀར་བསྲེས་པས་ལན་སུམ་ཁྲི་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །རྒྱ་མཚོ་ལས་སྒྲ་འབྱུང་ཞིང་བསྐམས་པར་འགྱུར་རོ། །རིའང་འགུལ་བའམ་འགྲུམ་པར་འགྱུར་རོ། ། ལས་ཐམས་ཅད་ནུས་པར་འགྱུར་རོ། །རྫི་ཆར་རམ། ལྕེ་འབབ་པ་ལ་ཡང་ལན་ཅིག་བསྡིགས་པ་ཙམ་གྱིས་མེད་པར་འགྱུར་རོ། །འཆིང་བ་ཐམས་ཅད་དང་ནད་འགོ་བ་ཐམས་ཅད་དང་། གནོད་པ་འབྱུང་བ་ཐམས་ཅད་ལ་ལམ་གྱི་བཞི་མདོ་འམ། ཤིང་དྲུང་གཅིག་ ཡོད་པའམ། འབབ་ཆུའི་ངོས་སམ། མཚན་མ་གཅིག་ཡོད་པ་འམ། གྲོང་ཁྱེར་གྱི་སུམ་མདོར་རི་མོའི་གཟུགས་བྲིས་ལ། རྒྱ་ཆེར་མཆོད་ལ་སྤོས་དང་མེ་ཏོག་གིས་མཆོད་པའི་བུམ་པ་ཡུངས་ཀར་གྱིས་བཀང་ལ། འཁོར་ལོས་སྒྱུར་བའི་སྔགས་བཟླས་བརྗོད་བྱས་ ཏེ་སྙིང་པོ་སྙིང་གར་གཞག་ལ་རི་མོའི་གཟུགས་དེ་ལ་ཤིས་པ་སྙན་པ་རྒྱ་ཆེན་པོ་བརྗོད་པས་མངོན་སུམ་དུ་དགའ་བར་བྱ་སྟེ། དབང་བསྐུར་བར་བྱའོ། །ཡུངས་ཀར་དེ་དག་གིས་ནི་གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་དང་། འཆི་བ་ཐམས་ཅད་སེལ་ཏོ། ། སེམས་ཅན་དཔག་ཚད་ཙམ་ན་འདུག་པ་ཐམས་ཅད་ཀྱིས་རི་མོའི་གཟུགས་དེ་མཐོང་ན་ཡང་དེའི་མོད་ལ་ཞི་བར་འགྱུར་རོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བདུན་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་ དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་རིག་པའི་རྒྱལ་པོ་འདི་དག་གི་སྤྱིའི་བསྒྲུབ་པའི་རིམ་པར་ཕྱེ་བ་ཉོན་ཅིག། ཞི་བའི་བློ་གྲོས་དེ་ལ་སྒྲུབ་པ་པོ་རིག་པའི་རྒྱལ་པོ་གང་ཡང་རུང་བ་བསྒྲུབ་པར་འདོད་པས་རིག་སྔགས་གདོན་པར་བྱ་སྟེ། ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་བཟང་པོ་ལ་སྨྱུང་བ་བྱས་ལ། མར་གྱི་མར་མེ་བུས་ཏེ་ཅི་འབྱོར་པས་མཆོད་པ་བྱས་ལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་མདུན་དུ་རིག་པའི་རྒྱལ་པོ་འཇིགས་མེད་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །ནང་པར་ཁྲུས་བྱས་ ལ་དྲི་ཞིམ་པོས་བསྐུས་ཏེ་གོས་གཙང་མ་བགོས་ལ་ཟས་དཀར་གསུམ་ཟོས་ལ་དབང་པོ་གསལ་བ་དང་། ཉམས་ཐ་མལ་བར་གནས་པ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དང་། སྙིང་རྗེ་དང་ལྡན་པའི་སློབ་དཔོན་བླ་ན་མེད་པའི་སྦྱིན་གནས་ལ་ཐལ་མོ་སྦྱོར་ཏེ་པུས་མོ་ བཙུགས་ལ་གསོལ་བ་བཏབ་སྟེ། སློབ་དཔོན་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བགྱི་བའི་སླད་དུ་རིག་པའི་རྒྱལ་པོ་བདག་ལ་སྩལ་དུ་གསོལ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བགྱིའོ་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཀྱང་ཐམས་ཅད་དུ་སྙིང་རྗེ་བ་དང་སེར་སྣ་མེད་ པར་བྱས་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེ་ལྟར་རིག་སྔགས་དང་དམ་ཚིག་མནོས་ནས་ཅི་སྐད་བསྟན་པ་ལྟ་བུའི་ས་ཕྱོགས་རྣམས་སུ་དེ་དང་མཐུན་པའི་ཆ་བྱད་དུ་བསྒྱུར་ལ། རིའི་རྩེ་མོའམ། འབབ་ཆུའི་ངོགས་སམ། ནགས་ཁྲོད་དམ། ཆུ་མིག་གི་དངོའམ། ཡིད་དུ་འོང་བ་ དབེན་པ་དེར། ཟས་དཀར་གསུམ་བཟའ་བའམ། འོ་མ་བཏུང་ཞིང་ལན་ས་ཡ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་རལ་གྲིའམ། རྡོ་རྗེའམ། མདུང་ཐུང་ངམ། བེ་ཅོན་ནམ། མདུང་རྩེ་གསུམ་པའམ། ལྕགས་སྣ་གསུམ་གྱི་འཁོར་ལོ་ བླངས་ལ། བའི་རྣམ་ལྔས་བསྐུས་ཏེ་བ་ལང་གི་ལྕི་བའི་ཕུང་པོའི་སྟེང་དུ་གཞག་ལ་རྡོ་རྗེ་དྲག་པོ་ཆེན་པོའི་སྙིང་པོས་བསྲུང་བར་བྱའོ། །དེ་ནས་ཟླ་བ་ཚེས་ནས་བཟུང་སྟེ་ཉའི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་གང་ཡང་རུང་བ་ཞིག་བླངས་ལ་སྤོས་ཆུས་བཀྲུས་ཏེ། བ་ལང་གི་ ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ། སྔ་མ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ་ཅི་འབྱོར་པས་མཆོད་ལ་ཤིང་ཨ་ཤྭཏྠའི་ལོ་མའི་སྟེང་དུ་གཞག་སྟེ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ་ཉི་མ་ཤར་ཀར་ངེས་པར་འབར་ཞིང་རིག་སྔགས་འཆང་ཐམས་ཅད་ འདུས་ཏེ་དེ་དག་གི་བསོད་ནམས་ཇི་ལྟ་བ་བཞིན་དུ་དབང་བསྐུར་ནས་རིག་སྔགས་འཆང་དུ་འགྱུར་ཏེ། འདོད་པའི་གཟུགས་འཆང་བ་དང་། འཇིག་རྟེན་གྱི་ཁམས་དུ་མར་རྒྱུ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ལ་བརྟུལ་ ཞུགས་མ་ཉམས་ན་དེ་བཞིན་དུ་ལན་གསུམ་དུ་བསྒྲུབ་པ་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་ངེས་པར་འགྲུབ་བོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་རིང་བར་འགྱུར་རོ། །སྨན་ལ་བཟླས་བརྗོད་བྱས་ལ་འཐུངས་ན་ནད་མེད་པར་འགྱུར་རོ། །མར་ལ་སྔགས་ཀྱིས་ བཏབ་སྟེ་ཟན་ཟ་ཀར་སྔར་འཐུངས་ན་ལོ་ཁྱུད་འཁོར་དུ་ལུས་བརྟན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱི་མདུན་དུ་མིག་བཙུམས་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པའི་སྐུའི་གཟུགས་ཀྱིས་དགེ་བ་དང་མི་དགེ་བ་བརྗོད་དོ། །དེ་བཞིན་ དུ་རྣ་བ་བཀབ་སྟེ་བཟླས་བརྗོད་བྱས་ན་ཡང་ཐམས་ཅད་ཐོས་པར་འགྱུར་རོ། །ཉལ་ཀར་མལ་དུ་ཞུགས་ལ་མིག་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ་ཉལ་ན་སྣང་བ་དང་ཐམས་ཅད་མཐོང་བར་འགྱུར་རོ། །ཉིན་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན་ནོ། །སོ་ཤིང་ལ་ལན་ཅིག་བསྔགས་ ཏེ་འཆོས་ནམ་བསླངས་པར་ཟས་རྙེད་དོ། །ལིག་བུ་མིག་དང་གི་ཝང་ལ་སྔགས་ལན་ཅིག་བསྔགས་ཏེ་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །སྤོས་ལ་བཟླས་བརྗོད་བྱས་ཏེ་བསྐུས་ན་གང་དག་གིས་དྲི་ཚོར་བ་དེ་དག་དབང་དུ་འགྱུར་རོ། །དགྲ་མཐོང་ན་ཕྱག་ རྒྱས་བཅིངས་ལ་ལན་ཅིག་བརྗོད་ན་དགྲ་དང་བྲལ་བར་འགྱུར་རོ། །སྤོས་དང་མེ་ཏོག་ལ་སོགས་པ་ལ་སྔགས་ཀྱིས་ལན་ཅིག་བཏབ་སྟེ་གང་ལ་བྱིན་པ་དེ་དབང་དུ་བྱེད་པར་འགྱུར་རོ། །ཅི་སྟེ་གཡུལ་ངོར་འཇུག་པར་འདོད་ན་སྐྱེས་བུ་བཅིང་བར་བྱས་ལ་གཡུལ་ངོར་ཞུགས་ན་གཡུལ་ རྒྱལ་བར་འགྱུར་རོ། །ཅི་སྟེ་དམག་རེངས་པར་བྱ་བར་འདོད་ན། བེ་ཀངྐ་ཏའི་ཤིང་གི་མེ་ཕུས་ལ་གྲུ་ཚལ་གྱི་ཡམ་སྲེག་ཤིང་གིས་ལན་ཁྲིར་སྦྱིན་སྲེག་བྱས་ན་དམག་རེངས་པར་བྱས་པར་འགྱུར་རོ། །གནོད་པ་ཐམས་ཅད་ལ་མངར་གསུམ་གྱི་སྲེག་བླུགས་ལན་སུམ་ཁྲི་སྦྱིན་སྲེག་ བྱས་ན་ཞི་བར་འགྱུར་རོ། །ཐལ་བས་ནི་རྫི་ཆར་གཅོད་དོ། །ཤིང་བུའམ་ཚོན་གྱིས་ནི་ལྕེ་འབབ་པ་བཟློག་གོ། །སྐུད་པ་སྔོན་པོས་ནི་འབྱུང་པོའི་གདོན་ཞི་བར་བྱེད་དོ། །གཟུགས་བྱས་པ་ཐལ་བའམ་ཤིང་ཀ་ར་བཱི་རའི་ལྕུག་མས་བསྣུན་ན་གཏོང་བར་འགྱུར་རོ། གདོན་ཆེན་པོ་ ལ་ཡང་དེ་བཞིན་དུ་བྱའོ། །བྱིས་པ་གདོན་གྱིས་ཟིན་ན་འབྲས་སཱ་ལུ་བཏགས་པ་ལས་གཟུགས་བྱས་ལ་སྐེ་ཚེའི་འབྲུ་དང་ལན་ཚྭ་དང་བསྲེས་ཏེ་ཐུབ་མའི་མེ་བུས་པའི་ནང་དུ་སྦྱིན་སྲེག་བྱས་ན་དུས་ཐམས་ཅད་དུ་མིང་ཙམ་གྱིས་གདོན་ཐམས་ཅད་འབྲོས་པར་འགྱུར་རོ། །རིམས་ཀྱིས་ བཏབ་པ་ལ་ལག་པ་གཡོན་པ་ལ་སྔགས་ཀྱིས་བཏབ་སྟེ་མགོ་ལ་གཞག་ན་རིམས་ནད་སེལ་ཏོ། །ནད་ཐམས་ཅད་བསལ་བར་འདོད་ན་སྨན་ཐམས་ཅད་བསོགས་ལ་བ་རུ་རའི་ཤིང་གི་མེ་བུས་ཏེ། །ལན་ཉི་ཤུ་རྩ་གཅིག་སྲེག་བླུགས་སྦྱིན་སྲེག་བྱས་ན། དེ་ཕྱིན་ཅད་ཐམས་ཅད་ སེལ་བར་བྱེད་དོ། །ཅི་སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན་རས་སྐྲ་མེད་པ་མ་དྲས་པ་ལ་སྔ་མ་བཞིན་དུ་རི་མོ་མཁན་གསོ་སྦྱོང་བཟུང་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྣམས་ཀྱིས་རིག་པའི་རྒྱལ་པོ་འདྲིར་གཞུག་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཅོད་པན་ འགུལ་བ་ཐོགས་པ། པདྨ་དཀར་པོ་ལ་འདུག་པ། རྒྱལ་པོ་ཆེན་པོའི་ཆ་བྱད་འཛིན་པ། མེ་ལྕེ་འབར་བའི་ཕྲེང་བ་ཀུན་ནས་ལང་ལོང་དུ་གྱུར་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། གཡས་པ་དམ་པ་སྦྱིན་པ། སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞལ་ཅུང་ཟད་ འཛུམ་པ། སྒྲུབ་པ་པོ་ལ་ལྟ་བར་བྲིའོ། །དེའི་འོག་རོལ་དུ་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་ཤིང་། དེའི་གདོང་དུ་བལྟ་བ་ལ་བརྩོན་པ། ཚུལ་དང་མཐུན་པའི་ཆ་བྱད་ཅན་པུས་མོ་བཙུགས་པ་བྲིའོ། །དེའི་མདུན་དུ་ལན་ས་ཡ་བཟླས་བརྗོད་བྱས་ན་སྔ་མ་བཞིན་དུ་འགྲུབ་ པར་འགྱུར་རོ། །རིག་པའི་རྒྱལ་པོ་སྤྱིར་བསྒྲུབ་པའོ། །ཞི་བའི་བློ་གྲོས་གཞན་ཡང་ལག་ན་རྡོ་རྗེའི་བུ་མོ་སྨོན་ལམ་ཆེན་པོ་ལ་དབང་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་རྣམས་ཀྱི་སྤྱིའི་བསྒྲུབ་པ་ནི་འདི་ཡིན་ཏེ། སྔ་མ་བཞིན་དུ་འཁོར་ལོས་སྒྱུར་ བ་ཆེན་པོའི་ཆོ་གས་གསང་སྔགས་གང་ཡང་རུང་བ་མནོས་ལ་ཅི་སྐད་བརྗོད་པའི་གནས་ཀྱི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ངོགས་སུ་སོང་ལ་ལན་ས་ཡ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཚེས་ནས་བཟུང་སྟེ་རྫས་གང་བསྒྲུབ་པ་དེ་བླངས་ལ་ཟླ་བ་ཉའི་བར་ དུ་བཟླས་བརྗོད་བྱའོ། །དེ་ནས་ཅི་འབྱོར་པས་མཆོད་དེ་བ་ལང་གི་ལྕི་བས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ་བསྲུང་བར་བྱ་སྟེ། གུ་གུལ་གྱི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན། ནམ་ཕྱེད་དམ་ཉི་མ་ཤར་ཀར་ངེས་ པར་འགྲུབ་པར་འགྱུར་ཏེ་རྫས་དེ་འབར་བར་འགྱུར་རོ། །དེ་བླངས་ན་རྡོ་རྗེ་རིགས་སུ་རྡོ་རྗེ་གཞོན་ནུའི་ལུས་ཐོབ་བོ། །གཟུངས་ཆེན་པོ་འཐོབ་བོ། །འདོད་ན་མཆིའོ། །ཅི་སྟེ་མ་གྲུབ་ན་ཡང་ལས་ཐམས་ཅད་ནུས་པར་འགྱུར་རོ། །ཤི་འཕོས་ན་ཡང་ལྕང་ལོ་ཅན་ནམ་ལོངས་སྤྱོད་ཆེན་ པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ལག་ན་རྡོ་རྗེ་ལ་བལྟ་ཞིང་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །ལུས་ཐམས་ཅད་ལ་བྱབ་པ་བྱས་ཏེ་ཉལ་ན། རྨི་ལམ་ན་སངས་རྒྱས་བཅོམ་ལྡན་འདས་ རྣམས་མཐོང་ཞིང་དེ་ཉིད་དུ་གཟུངས་ཀྱང་འཐོབ་བོ། །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་སེར་མོ་མ་སྨད་སྤུ་མཐུན་གྱི་མར་བླངས་ལ་ཟངས་ཀྱི་སྣོད་དུ་བཅུག་སྟེ། ཙནྡན་གྱི་དཀྱིལ་འཁོར་བྱས་ལ་དེར་གཞག་སྟེ། ཟླ་བ་ལ་མི་བལྟ་བར་དངོས་གྲུབ་རྣམ་གསུམ་བྱུང་གི་བར་དུ་བཟླས་བརྗོད་ བྱས་ལ་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །འབར་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དུ་བ་འཐུལ་ན་མི་སྣང་བར་འགྱུར་རོ། །དྲོ་བར་གྱུར་ན་འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ། །ཅི་སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན་ཆོ་ག་སྔ་མ་བཞིན་དུ་རི་མོ་མཁན་བྱང་ ཆུབ་ཏུ་སེམས་བསྐྱེད་པས་སྦྱིན་དང་མ་འདྲེས་པའི་ཚོན་རྣམས་ཀྱིས་སྐྲ་མེད་པའི་རས་ལ་གཞོན་ནུ་གང་ཡང་རུང་བ་ཞིག་འདྲིར་གཞུག་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕུད་པུ་གསུམ་གྱིས་མགོ་བརྒྱན་པ། པདྨ་དཀར་པོ་ལ་འདུག་པ། རལ་གྲི་འོད་འབར་བའི་ དབུས་ན་འདུག་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། བཞིན་འཛུམ་པ། ལག་པ་གཡས་པས་སྒྲུབ་པ་པོ་ལ་དབུགས་འབྱིན་པ། གསེར་གྱི་ཁ་དོག་ལྟ་བུའམ། པྲི་ཡང་ཀུའི་ཁ་དོག་ལྟ་བུའི་སྔོ་བསངས་པ་བྲིའོ། །དེའི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ་བསྒྲུབ་ པ་བརྩམས་ན་སྔ་མ་བཞིན་དུ་འགྲུབ་པར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་གནོད་སྦྱིན་གྱི་དབང་པོའི་བུ་ནད་ཀུ་བེ་ར་ལག་ན་རྡོ་རྗེ་དགའ་བའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས། སྨྱུང་བ་བྱ་མི་དགོས་པར་ལག་ན་བེ་ཅོན་ཐོགས་ཤིང་ དགོན་པ་ཆེན་པོར་ཞུགས་ལ། ལམ་མི་བཟུར་མི་སྨྲ་བར་ལུས་ལ་གླང་པོ་ཆེའི་པགས་པ་བགོས་ལ། དེ་དང་མཐུན་པའི་ཆ་བྱད་དུ་བསྒྱུར་ཏེ་ལག་ན་རྡོ་རྗེ་དྲག་པོའི་སྙིང་པོའམ་འཁོར་ལོས་སྒྱུར་བ་ཆེན་པོས་བསྲུང་བ་བྱས་ལ། སློང་མོའི་ཟས་བཟའ་བའམ་ཟས་མི་བཟའ་བར་ ལན་སུམ་འབུམ་བཟླས་བརྗོད་བྱས་ན། ན་ད་ཀུ་བེ་ར་ཉིད་འོང་ཞིང་དམ་པ་སྟོབས་ཏེ། དམ་པ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ཀླུའི་མཚོར་ཞུགས་ལ་ལན་ཁྲི་བཟླས་བརྗོད་བྱས་ན་ཀླུ་བྱུང་སྟེ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ལྷ་མ་ཡིན་གྱི་ཁུང་སྒོར་ལན་འབུམ་བཟླས་བརྗོད་ བྱས་ན། ལྷ་མ་ཡིན་གྱི་བུ་མོ་ཉིད་བྱུང་ནས་འཇུག་པར་བྱེད་དེ། སྨན་བཅུད་ཀྱིས་ལེན་ལ་སོགས་པ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ཅི་སྟེ་མི་འདོད་ན་དེ་ཉིད་དུ་དེ་དག་དང་ལྷན་ཅིག་ཏུ་འདུག་ཅིང་དབང་ཕྱུག་ཐམས་ཅད་ཀྱི་བདེ་བ་ཐོབ་པ་དང་བསྐལ་པར་གནས་པར་འགྱུར་ཏེ། ལུས་དེ་ཉིད་ ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བ་དང་ཆོས་ཀྱང་ཐོས་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྐྱེ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་མཐོང་བ་ཙམ་གྱིས་སྲིན་པོ་དང་ཡི་དགས་དང་ཤ་ཟའི་གདོན་ལ་སོགས་ པ་ཐམས་ཅད་རིང་བ་བས་ཀྱང་ཆེས་རིང་བར་འབྲོས་པར་འགྱུར་རོ། །ཞི་བའི་བློ་གྲོས་མདོར་ན་ཇི་ལྟར་བསྒྲུབས་ཀྱང་རུང་། ཆོ་ག་ཞིབ་མོ་གཞན་ནས་འབྱུང་བས་བསྒྲུབས་ཀྱང་རུང་སྟེ་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བསྒྲུབ་པ་ ཡིན་ཏེ། མཚན་གཅིག་ཡོད་པའམ་དུར་ཁྲོད་དུ་ཐལ་བས་ལུས་བསྐུས་ཏེ། ལག་ན་མདུང་རྩེ་གསུམ་པའམ། རྡོ་རྗེ་ཐོགས་ལ་སློང་མོའི་ཟས་བཟའ་ཞིང་ཡུལ་རྒྱུ་བ་དང་། གནས་མེད་པར་རྒྱུ་བ་དང་། གཙང་བ་དང་། བཟོད་པ་དང་། ནང་གཙང་བར་མངོན་པར་དགའ་ བ་དང་། སེར་སྣ་མེད་པ་དང་། ལུས་དང་སྲོག་ལ་མི་བལྟ་བར་བྱས་ལ། རི་དགས་ཀྱི་དབང་པོའི་པགས་པའི་ཤམ་ཐབས་བགོས་ཏེ། སྙིང་པོ་འདི་ལན་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་མཚན་གཅིག་ཡོད་པའམ། དུར་ཁྲོད་དམ། ཡང་ན་ཤིང་ དྲུང་གཅིག་ཡོད་པར་སྔགས་པས་བསྒྲུབ་པའི་ཕྱིར་སོང་ལ། ཟླ་བ་ཉ་ལ་སྔ་མ་བཞིན། །ཁང་པའི་ནང་གི་རྣམ་དག་པར། །མཚན་གཅིག་ཐོག་ཐག་བཟླས་བརྗོད་བྱ། །ནམ་ཕྱེད་དམ་ནི་ཉི་ཤར་ཀར། །རྫས་དེས་གཞོན་ནུ་ཡོངས་འགྱུར་ཞིང་། །འོད་ནི་མེ་ལྕེ་འབར་ཕྲེང་འདྲ། ། གྲུབ་ན་ནམ་མཁའ་སྤྱོད་ཡུལ་འགྱུར། །རྣལ་འབྱོར་ཆེ་ལ་སྐལ་བར་གནས། །འཇིག་རྟེན་ཀུན་དུ་རྣམ་པར་རྒྱུ། །མཆོད་པ་ཆེན་པོ་བྱེད་པར་འགྱུར། །ཞི་བའི་བློ་གྲོས་གསང་སྔགས་གྲུབ་པ་དང་འདྲ་བ་ནི་འཇིག་རྟེན་གསུམ་པོ་དག་ན་སུ་ཡང་མེད་དོ། །མ་བསྒྲུབས་ཀྱང་ལས་ རྣམས་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་བཅིངས་ཏེ་གདོན་ཐམས་ཅད་ལ་བལྟས་ན་དེའི་མོད་ལ་གདོན་གྱིས་གཏོང་ངོ་། །རིམས་ཀྱིས་བཏབ་པ་ལ་བལྟས་ན་རིམས་ལས་སོས་པར་འགྱུར་རོ། །དགོས་པ་ཐམས་ཅད་དུ་རང་གི་ཆོ་ག་ཞི་བ་མོའི་ཆོ་གའམ། གཞན་གྱི་ཆོ་ག་ཞི་བ་མོའི་ཆོ་ གའམ་གང་ཡང་རུང་བས་བྱས་ཀྱང་ངེས་པར་འགྲུབ་པར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་ལག་ན་རྡོ་རྗེ་དགའ་བ་ཁྲོ་བོ་ཟླ་བའི་ཐིག་ལེའི་བསྒྲུབ་པ་འདི་ཡིན་ཏེ། རིའི་རྩེ་མོའམ་རྒྱ་མཚོ་ཆེན་པོར་མིད་པ་ནུབ་ཙམ་དུ་ཆུར་ཞུགས་ལ། བསླངས་པ་མ་ཡིན་པའི་ཁ་ཟས་བཟའ་ཞིང་ཤིང་ ལྟར་མི་སྨྲ་བར་བྱས་ལ། སྟག་ལྤགས་ཀྱི་ཤམ་ཐབས་བགོས་ལ། ལམ་མི་བཟུར་བར་འཁོར་ལོའམ། རལ་གྲིའམ། མདུང་རྩེ་གསུམ་པའམ། རྩེ་གསུམ་གདེངས་པ་ལག་ན་ཐོགས་ལ། ཡི་གེ་འབྲུ་གྲངས་བཞིན་དུ་ལན་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་ པས་མཆོད་དེ་ཟླ་བ་ཉ་ལ་ཐོད་ཟེའུ་ཀ་བཅིངས་ཤིང་བསྲུང་བ་བྱས་ཏེ། མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ་ཉི་མ་ཤར་ཀར་ངེས་པར་འགྲུབ་སྟེ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །གཟི་བརྗིད་མཚུངས་པ་མེད་པར་འགྱུར། གྲུབ་པ་ཐམས་ཅད་ཀྱང་དེ་ལས་ རིང་དུ་འབྱོར་པར་འགྱུར། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་པས་ཀྱང་དེ་ལ་ཟིལ་གྱིས་གནོན་པར་མི་འགྱུར་རོ། །མཁའ་འགྲོ་མས་རྒྱས་བཏབ་ན་རྒྱའི་གཟུགས་ཁམ་ཕོར་ཁ་སྦྱོར་གྱི་ནང་དུ་བྲིས་ཏེ་སྔགས་ཀྱིས་བཏབ་སྟེ་ནད་པ་ལ་བསྟན་ན་རྒྱ་བཤིག་པ་བྱས་པར་འགྱུར་ རོ། །ཚངས་པའི་སྲིན་པོའི་གདོན་གྱིས་ཟིན་ན་དུར་ཁྲོད་ཀྱི་སོལ་བས་གཟུགས་སམ་མིང་བྲིས་ལ་ཤིང་ཤ་ལ་ཏ་ཀའི་ལྕུག་མས་གཞུའོ། །ཡང་ན་བ་ལང་གི་རྔ་མའི་སྲད་བུ་ཧཱུཾ་ཞེས་བྱ་བ་དང་བཅས་པས་བསྡིགས་ན་དེའི་མོད་ལ་སྒྲ་ཆེར་ངུས་ཏེ་འབྲོས་སོ། །གང་དྲིས་པ་དེ་སྨྲའོ། །གང་ཡང་རུང་བའི་ ཆོ་གས་སྦྱོར་བ་བྱས་ཀྱང་དེ་ལྟ་བུར་གྲུབ་པར་གྱུར་ཏེ། གཞན་གྱི་ཆོ་ག་ཞི་བ་མོའི་ཚོགས་བྱས་ཀྱང་གདོན་མི་ཟ་བར་འགྲུབ་བོ། །ལན་ཅིག་བཟླས་བརྗོད་བྱས་ཀྱང་རུང་། བཟླས་བརྗོད་མ་བྱས་ཀྱང་རུང་སྟེ་རྗེས་སུ་དྲན་པ་ཉིད་ཀྱིས་འགྲུབ་བོ། །ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྟོབས་ལས་བྱུང་བ། སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ། ལག་ན་རྡོ་རྗེའི་རིགས་སུ་སྐྱེས་པ་སྟོབས་པོ་ཆེའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས་སོ། །སྨྱུང་བ་བྱ་མི་དགོས་ལ་སྦགས་ཀྱང་རུང་། །སྦགས་པ་མ་ཡིན་པ་ཡང་རུང་། ཁྲུས་བྱས་ཀྱང་རུང་། ཁྲུས་མ་བྱས་ཀྱང་རུང་། མི་ཐོད་ཀྱི་ཕྲེང་བ་ཐོགས་ཤིང་། ཁྲིའི་ཟུར་ཤིང་ཐོགས་པ་དུར་ཁྲོད་ན་གནས་པ་ཐལ་བས་ལུས་བསྐུས་ལ་གང་དུ་ཡང་རུང་བར་སྙིང་པོ་འདི་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་དེ་ཉིད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་ བསྐུས་ལ་བསྲུང་བ་བྱས་ཏེ། རྫས་གང་ཡང་རུང་བ་ཞིག་བླངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ་ཉི་མ་ཤར་ཀར་འབར་བར་འགྱུར་རོ། །དེ་ཐོགས་ནས་ཐོགས་པ་མེད་པར་འགྲོ་བའི་རིག་སྔགས་འཆང་དུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་འདིའི་ སྟོབས་ལ་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་། སྤྱོད་པ་ཐོབ་པའི་རིག་སྔགས་འཆང་གྲུབ་པ་རྣམས་མ་གཏོགས་པར་འདི་དང་མཚུངས་པ་སུ་ཡང་མེད་དོ། །རྟག་ཏུ་རྗེས་སུ་དྲན་པར་བྱེད་ན་སྟོབས་དང་ལྡན་པར་འགྱུར་རོ། ། གདོན་ཐམས་ཅད་དང་གནོད་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་དུ་ཡང་དྲན་པ་ཉིད་ཀྱིས་ཐམས་ཅད་ཞི་བར་བྱེད་དོ། །ལྷ་མ་ཡིན་གྱི་ཁུང་དུ་འཇུག་པར་འདོད་པས་ཤིང་ཤ་མེའི་བེ་ཅོན་ཐོགས་ལ། ལྷ་མ་ཡིན་གྱི་ཁུང་སྒོར་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ ཅི་འབྱོར་པས་མཆོད་ལ་དུག་དང་ཁྲག་དང་སྐེ་ཚེའི་འབྲུ་བསྲེས་ལ། ལན་ཁྲི་སྦྱིན་སྲེག་བྱས་ན་ལྷ་མ་ཡིན་གྱི་གནས་ཐམས་ཅད་དུ་བསྐལ་པའི་མེ་ལྟར་འབར་བར་འགྱུར་རོ། །བེ་ཅོན་དེ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ། སྒོ་དེ་ལ་བསྣུན་ན་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་འབྱུང་སྟེ། དེ་དག་ གིས་སྒྲུབ་པ་པོ་དེ་རང་གི་ཁྱིམ་དག་ཏུ་འཇུག་པར་བྱེད་དོ། །སྨན་བཅུད་ཀྱིས་ལེན་ལ་སོགས་པ་ཐམས་ཅད་ཀྱང་སྦྱིན་པར་བྱེད་དོ། །གང་འདོད་པ་དེ་བྱེད་དེ་གཞན་གྱི་ཆོ་ག་ཞིབ་མོའི་ཆོ་གས་ཀྱང་འགྲུབ་བོ། །ཁྲོ་བོའི་རྒྱལ་པོ་འདི་ནི་རང་བཞིན་གྱིས་གྲུབ་པ་སྟེ། བཟླས་བརྗོད་བྱས་པ་ ཙམ་གྱིས་ཐམས་ཅད་བྱེད་དོ། །ཞི་བའི་བློ་གྲོས་གཞན་ཡང་ཕྱག་བརྙན་ཐམས་ཅད་སྤྱིའི་བསྒྲུབ་པ་འདི་ཡིན་ཏེ། མཚན་མོ་ཟས་ཟ་བ། གོས་དྲི་མ་ཅན་གྱོན་པ། ང་རྒྱལ་བཅག་པ། བརྙས་པར་གྱུར་པ། སྨྱོན་པའི་ཆ་བྱད་འཛིན་པ། བགད་པ་དང་། གར་བྱ་བ་དང་། སིལ་སྙན་རྣམས་ལ་མཁས་པས་ཁང་སྟོང་ངམ། ཤིང་དྲུང་གཅིག་ཡོད་པར་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། གླུ་ལེན་ཡང་རུང་། གར་བྱེད་ཀྱང་རུང་སྙིང་པོ་འདི་དག་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་བ་ལང་གི་ལྕི་བ་ས་ལ་མ་ ལྷུང་བས་དཀྱིལ་འཁོར་བསྐུས་ལ་མེ་ཏོག་བཀྲམ་སྟེ་ཅི་འབྱོར་པས་མཆོད་དོ། །ལྕགས་ཨུར་མོ་ལས་རལ་གྲི་བྱ་རོགས་སོ་བྱས་པ་དང་། མིའི་སྐྲའི་ཞགས་པ་ཁྲུ་བཅུ་གཉིས་པའམ། ཁྲུ་གསུམ་པའམ། ཁྲུ་གང་པ་ཐོགས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ་ཉི་མ་ ཤར་ཀར་ངེས་པར་འབར་བར་འགྱུར་རོ། །དེ་ཐོགས་ན་རིག་སྔགས་འཆང་དུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པར་འགྱུར། འདོད་པའི་གཟུགས་འཆང་བར་འགྱུར་ཏེ་འཇིག་རྟེན་གསུམ་པོ་ཡང་བཅིངས་ནས་ཁྲིད་དེ་འོངས་ན་སེམས་ཅན་ཕལ་ པ་རྣམས་ལྟ་ཅི་སྨོས། །རྟག་ཏུ་རྗེས་སུ་དྲན་པར་བྱེད་ན་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར། བསྒོ་བ་བཞིན་བྱེད་པར་འགྱུར། ཤི་འཕོས་ནས་ཀྱང་ལྷའི་ནང་དུ་སྐྱེ་བར་འགྱུར་རོ། །ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་ཕྱག་བརྙན་མ་ལག་ན་རྡོ་རྗེའི་ རིགས་སུ་སྐྱེས་པ་རྣམས་ཀྱི་སྤྱིའི་བསྒྲུབ་པ་ནི་འདི་ཡིན་ཏེ། །གཅིག་པུ་གཉིས་སུ་མེད་པར་ཁང་སྟོང་ངམ། གནས་ཁང་ངམ། ཕུག་དབེན་པའམ། ལྷུགས་མེད་པར་ཕྱག་བརྙན་མ་གང་ཡང་རུང་བ་ཞིག་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། གྲི་བྱ་རོག་གི་སོ་ལྟ་བུའི་ཡུ་བ་ཅན་དང་། ཞགས་པ་ལག་ན་ཐོགས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ་ཉི་མ་ཤར་ཀར་འགྲུབ་པར་འགྱུར་ཏེ། རིག་སྔགས་འཆང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་། འདོད་པའི་གཟུགས་ འཆང་བར་འགྱུར་རོ། །ལན་ཚྭ་ལས་གཟུགས་བྱས་ལ་སྤོས་དང་། མེ་ཏོག་དང་། བདུག་པས་མཆོད་དེ། གནས་དབེན་པ་ལྷུགས་མ་མེད་པར་གཞག་ལ་གཅིག་པུ་མཚན་ཐོག་ཐག་ལག་པས་བྲང་དུ་བསྣུན་ཅིང་བཟླས་བརྗོད་བྱས་ན་དེ་བཞིན་དུ་ངེས་པར་འགྲུབ་སྟེ་གང་འདོད་ པའི་དམ་པ་དེ་སྦྱིན་པར་བྱེད་དོ། །ཚེར་མ་ཨ་པ་མར་གའི་སོ་ཤིང་ལ་ལན་ཅིག་སྔགས་ཀྱིས་བཏབ་སྟེ་འཆོས་ནམ་བསླངས་པར་ཟས་རྙེད་པར་འགྱུར་རོ། །མདོར་ན་ཆོ་ག་གང་དང་གང་གིས་བསྒྲུབ་པ་དེ་དང་དེ་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །འདི་དག་ནི་རང་བཞིན་གྱིས་གྲུབ་པ་སྟེ་འདོད་ པ་ཙམ་གྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །ཞི་བའི་བློ་གྲོས་གཞན་ཡང་ཕོ་ཉ་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པ་ནི་འདི་ཡིན་ཏེ། སློང་མོའི་ཟས་བཟའ་ཞིང་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ། ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་ལ་དེ་བཞིན་ དུ་ཤིང་ཀ་ར་བཱི་རའི་མེ་ཏོག་མར་ལ་སྨྱུགས་པ་ལན་ཁྲི་སྦྱིན་སྲེག་བྱས་ན་གྲུབ་པར་འགྱུར་ཏེ་གང་འདོད་པ་དེ་བྱེད་དོ། །གཞན་ཡང་བསྒྲུབ་པ་ནི་འདི་ཡིན་ཏེ། མར་སར་ལས་གཟུགས་བྱས་ལ་སྤོས་དང་མེ་ཏོག་གིས་མཆོད་དེ། ཟླ་བ་ཉ་ལ་ཙནྡན་གྱིས་དཀྱིལ་འཁོར་བསྐུས་ཏེ། ཟླ་ བ་ལ་མི་བལྟ་བར་འབར་གྱི་བར་དུ་བཟླས་བརྗོད་བྱས་ལ་དེ་བླངས་ན་རིག་སྔགས་འཆང་དུ་འགྱུར་རོ། །ཅི་སྟེ་དུ་བ་འཐུལ་བ་འཐུངས་ན་མི་སྣང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་འདོད་པའི་གཟུགས་འཛིན་པར་འགྱུར་རོ། །དྲོ་ བར་གྱུར་ཏེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་ཏེ། ཐོས་པ་ཐམས་ཅད་འཛིན་པའི་གཟུངས་ཐོབ་པར་འགྱུར་རོ། །ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །མཆོག་ཏུ་སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ། །འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ཤི་འཕོས་ནས་ཀྱང་ལྷའི་ནང་ ངམ་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་རོ། །ཞི་བའི་བློ་གྲོས་རང་བཞིན་གྱིས་གྲུབ་པ་དག་སྟེ། འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་བཀླགས་པས་འགྲུབ་བོ། །ཞི་བའི་བློ་གྲོས་གཞན་ཡང་ཕོ་ཉ་མོ་འགྲོ་བ་མཐའ་དག་གི་དོན་བྱེད་པ་རྣམས་ཀྱི་སྤྱིའི་བསྒྲུབ་པ་འདི་ཡིན་ཏེ། གྲོག་མཁར་གྱི་ སའམ་ངོགས་གཉིས་ཀའི་ས་ལས་གཟུགས་བྱས་ལ། སྐྱེད་མོས་ཚལ་དབེན་པ་ལྷུགས་མེད་པ་ཅི་འབྱོར་པས་མཆོད་དེ་རིག་པ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཟླ་བ་ཉ་ལ་གཏོར་མ་རྒྱ་ཆེར་བྱས་ལ་ལིག་བུ་མིག་གམ་གི་ཝང་ངམ་ལྡོང་རོས་སྤོས་ཆུས་བསྐུས་ཏེ། དེའི་ ལག་ཏུ་གཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །འབར་ན་རིག་སྔགས་འཆང་དུ་འགྱུར་རོ། །དུ་བ་འཐུལ་ན་མི་སྣང་བར་འགྱུར་རོ། །དྲོ་བར་གྱུར་ན་དབང་དུ་འགྱུར་རོ། །སྟོང་གི་འཇིག་རྟེན་གྱི་ཁམས་སུ་རྣམ་པར་རྒྱུ་བ་དང་། ཉི་མ་ཤར་བ་ལྟ་བུའི་མདོག་ཅན། རླུང་ལྟར་རྒྱུ་ བ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། དམ་པའི་ཆོས་འཛིན་པར་འགྱུར་རོ། །མ་བསྒྲུབས་པར་ཡང་ལས་སུ་འགྱུར་རོ། །གི་ཝང་ལ་ལན་ཅིག་སྔགས་ཀྱིས་བཏབ་སྟེ་གདོང་ལ་བྱུགས་ན་སྐལ་བ་བཟང་པོར་འགྱུར་རོ། །ལིག་བུ་མིག་ལ་སྔགས་ཀྱིས་བཏབ་ནས་མིག་ལ་ བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ཁ་ལ་སྔགས་ཀྱིས་བཏབ་ན་གང་དང་སྨྲ་བ་དེ་དབང་དུ་འགྱུར་རོ། །མེ་ཏོག་དང་སྤོས་ལ་སོགས་པ་ལ་སྔགས་ཀྱིས་བཏབ་ལ་སུ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །དབེན་པར་ལམ་དུ་འདུག་སྟེ་གང་དབང་དུ་བྱ་བར་འདོད་པ་དེའི་མིང་ ནས་བརྗོད་དེ་ལག་པ་སྙིང་གར་བཅར་ལ་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་བདུན་ན་དབང་དུ་འགྱུར་རོ། །ཆུ་ལ་སྔགས་ཀྱིས་བཏབ་སྟེ་གདོང་བཀྲུས་ན་སྐལ་བ་བཟང་པོར་འགྱུར་རོ། །ལན་ཚྭའི་སྲེག་བླུགས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན། སྐལ་བ་བཟང་པོ་མཆོག་ ཏུ་འགྱུར་རོ། །ཕྱུགས་ཆུང་འདོད་ན་ཤིང་ཀ་ར་བཱི་རའི་མེ་ཏོག་ཨ་ག་རུས་བདུག་པ་ལ་སྔགས་ལན་རེ་བཏབ་ནས་ཞག་བདུན་དུ་རྒྱ་མཚོར་འབབ་པའི་ཆུར་བོར་ན་ངེས་པར་རྙེད་པར་འགྱུར་རོ། །རའི་འོ་མ་ལ་སྔགས་ཀྱིས་བཏབ་སྟེ་འཐུངས་ན་ཡང་དེ་བཞིན་དུ་རྙེད་པར་འགྱུར་རོ། ། བུ་འདོད་ན་ཐང་ཤིང་གི་ཡམ་སྲེག་ཤིང་བ་སེར་མོའི་མར་ལ་སྨྱུགས་པས་ཞག་བདུན་སྦྱིན་སྲེག་བྱས་ན་བུ་ཡོད་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་ལྟར་ན་རྣམ་གྲངས་འདིས་ལས་སྟོང་བྱེད་དེ་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དེ་དཔལ་ཡང་སྐྱེད་པར་བྱེད་དོ། །རྡོ་རྗེ་ཕོ་ཉ་མོ་ཆེན་པོ་འདི་དག་ ནི་བཀླགས་པས་འགྲུབ་བོ། །ཞི་བའི་བློ་གྲོས་གཞན་ཡང་རྡོ་རྗེའི་རིགས་ལས་བྱུང་བའི་བྲན་རྣམས་ཀྱི་བསྒྲུབ་པ་ཉོན་ཅིག །གཙུག་ལག་ཁང་ངམ། དགོན་པའམ། གྲོང་ངམ། གྲོང་ཁྱེར་གར་བབ་བབ་དུ་ཉལ་བ། སུས་བཅོས་ཀྱང་ང་རྒྱལ་བཅག་པ། བྲན་ གྱི་གཟུགས་འཛིན་པ། གོས་དྲི་མ་ཅན་གྱོན་པ། སྒྲ་ཤིག་ཤིག་པོར་འདུག་པ། ཁྲུས་མི་བྱེད་པར་དྲི་མ་ཅན་གྱི་མདོག་ཅན་གྱི་སྙིང་པོ་གང་ཡང་རུང་བ་ཞིག་གྲོང་ཁྱེར་ཆེན་པོའི་སུམ་མདོའམ་མོའི་ཁྱིམ་དུ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་དེ་ཉིད་ དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བསྐུས་ལ། ཅི་འབྱོར་པས་མཆོད་དེ། ལྕགས་སྣ་གསུམ་གྱི་མཆིལ་ལྷམ་མམ་ལྕེ་འབབ་པས་བཅག་པའི་ཤིང་གི་མཆིལ་ལྷམ་བླངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ་ཉི་མ་ཤར་ཀར་ངེས་པར་འབར་ ཞིང་འགྲུབ་པར་འགྱུར་ཏེ། ཤིང་གི་མཆིལ་ལྷམ་གྱོན་ན་གར་འདོད་པ་དེ་ཉིད་དུ་འགྲོའོ། །འདོད་པའི་གཟུགས་འཛིན་ཅིང་རླུང་ལྟར་འགྲོ་བར་འགྱུར་རོ། །མ་གྲུབ་ཀྱང་ལས་སུ་འགྱུར་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་རོ། །རིམས་ ཀྱིས་བཏབ་པ་ལ་སྐུད་པ་ནག་པོས་བཅིངས་ན་རིམས་ལས་སོས་པར་འགྱུར་རོ། །ནད་ཐམས་ཅད་དང་གནོད་པ་ཐམས་ཅད་ལ་ཡུངས་ཀར་རམ་སྤོས་ཆུས་བྱབ་པ་བྱས་ན་སོས་པར་འགྱུར་རོ། ལག་ན་རྡོ་རྗེའི་མདུན་དུ་ཏིལ་ནག་པོ་ཞོ་དང་སྦྲང་རྩི་དང་མར་དང་བསྲེས་པ་ལན་ སུམ་ཁྲི་སྦྱིན་སྲེག་བྱས་ན་སྡིག་པ་བྱེད་པ་ཡང་ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །ཞི་བའི་བློ་གྲོས་བྲན་རྣམས་ནི་གང་མི་བྱེད་པ་ཅི་ཡང་མེད་དེ། དམ་ཚིག་རྗེས་སུ་སྲུང་བར་བྱེད། བསྟན་པའི་དོན་བྱེད། བསྒྲུབ་པ་ན་ དངོས་གྲུབ་རྣམ་པ་སྣ་ཚོགས་ཀྱི་སྒོ་སྟོན་པར་བྱེད་དོ། །གཞན་གྱི་ཆོ་ག་ཞིབ་མོའི་ཆོ་གའམ་ཅི་ལྟར་འབྱོར་པ་བྱས་ཀྱང་ངེས་པར་འགྲུབ་པར་འགྱུར་རོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་ གྲོས་ལག་ན་རྡོ་རྗེ་དགའ་བའི་སྙིང་པོར་གྱུར་པ། གསང་བ་དང་བཅས་པའི་བྲན་མོ་རང་བཞིན་གྱིས་གྲུབ་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། ལས་སྣ་ཚོགས་བྱེད་པ། ལས་གང་དག་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་མི་འབྱུང་བ་དག་ཡོད་དེ། དེ་དག་གི་བསྒྲུབ་པ་འདི་ཡིན་ཏེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས། སྨྱུང་བ་བྱ་མི་དགོས་པར་མཚན་མོ་ཟས་ཟ་བ་བསླངས་པ་མ་ཡིན་པ་ཟ་བ་དེ་དང་མཐུན་པའི་ཆ་བྱད་འཛིན་པས་རལ་གྲི་སོ་གཅིག་པ་ཡུ་བ་དང་བཅས་པ་ལག་ན་ཐོགས་པ། རྒྱ་མཚོར་འབབ་པའི་ ཆུར་རྐེད་པ་ནུབ་ཙམ་དུ་ཞུགས་ཏེ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་དེ་ཉིད་དུ་ཅི་འབྱོར་པས་མཆོད་དེ་ཡུངས་ཀར་དང་གུར་གུམ་བསྲེས་པས་མཚན་ཐོག་ཐག་ལན་སུམ་འབུམ་སྦྱིན་སྲེག་བྱས་ན་ནམ་ཕྱེད་དམ་ཉི་མ་ཤར་ཀར་ངེས་པར་འགྲུབ་པར་འགྱུར་ཏེ། དེ་ཐོགས་པས་ ཡིད་ལྟར་མགྱོགས་པ་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་དུ་མར་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པ་ཆེན་པོ་བྱེད་པ་དང་། ཐོགས་པ་མེད་པར་འགྲོ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་དང་། བསམ་པ་ཐམས་ཅད་ ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བསྒྲུབ་པ་གཞན་ཡང་ཡོད་དེ་རིའི་རྩེ་མོར་སོང་ལ་དེ་བཞིན་དུ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་འོ་མའི་སྲེག་བླུགས་ལན་སུམ་འབུམ་སྦྱིན་སྲེག་བྱས་ན་སྡིག་པ་བྱེད་པ་ཡང་ངེས་པར་འགྲུབ་པར་འགྱུར་རོ། ། རི་མོའི་གཟུགས་དང་སྐུ་གཟུགས་མེད་པར་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་མཐོང་བ་བླ་མས་གནང་བ། སེར་སྣ་མེད་པ། དད་པ་དང་ལྡན་པ། དཀོན་མཆོག་གསུམ་ལ་གཞོལ་བ། སྤྲོ་བ་དང་ལྡན་པ། ཡི་དམ་ལ་བརྟན་པ། རྟག་ཏུ་ མཉམ་པར་གཞག་པ། གསང་སྔགས་ཀྱི་དེ་ཁོ་ནའི་དོན་ལ་མཁས་པ། བླ་མ་ལ་གུས་བ་ལ་གྲུབ་པར་འགྱུར་རོ། །གཞན་དུ་ན་ནི་བརྒྱ་བྱིན་བདག་ཉིད་ཆེན་པོས་བསྒྲུབས་ཀྱང་། གསང་སྔགས་ཀྱི་དངོས་གྲུབ་སྦྱིན་པར་མི་བྱེད་དེ། ཡོན་ཏན་ཅི་སྐད་བརྗོད་པ་དང་ལྡན་པ་ལ་ ངེས་པར་འགྲུབ་བོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་བྲན་ཕོ་དང་། བྲན་མོ་དང་། ཕྱག་བརྙན་དང་། ཕྱག་བརྙན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་ལ་སོགས་པ་འདི་དག་གི་མི་སྣང་བར་ འགྱུར་བའི་ཡོན་ཏན་འདི་སྐད་དུ་བརྗོད་པ་གཞན་ཡོད་ཀྱིས། ལེགས་པར་རབ་ཏུ་ཟུང་ཤིག་དང་ཁོ་བོས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ འདི་ནི་དུས་ཡིན། འདི་ནི་ཚོད་ཡིན་ཏེ་འཇམ་དཔལ་དེའི་དུས་ལ་བབ་པར་ཤེས་ན་ཤོད་ཅིག །ཞི་བའི་བློ་གྲོས་དེ་ལ་ཆོ་ག་སྔ་མ་བཞིན་དུ་སྔར་སྤྱད་པ་བྱས་པའི་རིག་པའི་བརྟུལ་ཞུགས་སྤྱད་པས་སྤང་མའམ། བ་བླའམ། ལྡོང་རོས་གང་ཡང་རུང་བ་ཞིག་བླངས་ལ། ཟངས་ ཀྱི་གའུར་བཅུག་སྟེ་ངད་མ་ཤོར་བར་བྱས་ལ། ཟླ་བ་མར་གྱི་ངོ་ལ་ཞག་གསུམ་སྨྱུང་བ་བྱས་ལ་ལྷ་ཆེན་པོའི་གནས་སུ་ལྷ་ཆེན་པོའི་གཡས་རོལ་གྱི་ལུས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ་དུ་བ་འཐུལ་གྱི་བར་དུ་བྱའོ། །དེས་ལུས་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །བུ་བཙས་ པའི་ཁྱིམ་ནས་ཐལ་བ་བླངས་ལ་སྙིམ་པར་བཅུག་སྟེ། དེ་བཞིན་དུ་ཟླ་བ་མར་གྱི་ངོ་ལ་ལྷ་ཆེན་པོའི་གློ་གཡས་རོལ་གྱི་ལུས་ལ་བཟླས་བརྗོད་བྱ་སྟེ་དུ་བ་འཐུལ་གྱི་བར་དུའོ། །དེས་སུམ་རིས་བྱས་ན་མི་སྣང་བར་འགྱུར་རོ། །ཟླ་བ་མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་སྐར་མ་རྒྱལ་ དང་གཟའ་ཟླ་བ་ལ་བབ་པའི་ཚེ་སྐྱེས་པ་ཤི་བ་དུར་ཁྲོད་དུ་བསྲེགས་པའི་མེའི་ནང་དུ་བ་རུ་རའི་ཤིང་བཅུག་ལ་ཚིག་པ་དང་། རང་གི་ཁྲག་གིས་བསད་དེ། དེའི་སོལ་བ་ཐོགས་ལ་ཁང་སྟོང་དབེན་ཞིང་ལྷུགས་མེད་པར་བ་ལང་གི་མཁྲིས་པས་ཐིག་ལེར་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ ན་མི་སྣང་བར་འགྱུར་རོ། །ལིག་བུ་མིག་བླངས་ཏེ་ཆོ་ག་སྔ་མ་བཞིན་དུ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་བ་སེར་མོའི་མར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱ་སྟེ། དེ་ནས་ཟླ་བ་ཉ་ལ་གྲུབ་ཀྱི་བར་དུ་བཟླས་བརྗོད་བྱས་ལ་དེས་མིག་བསྐུས་ན་སྐྱེ་བོ་ཐམས་ཅད་ ཀྱིས་ལུས་མི་མཐོང་བར་འགྱུར་རོ། །ཞི་བའི་བློ་གྲོས་ཡང་ལྡུམ་བུ་ཨདྨ་གུཔྟའི་རྩ་བ་ཆོ་ག་སྔ་མ་བཞིན་དུ་བླངས་ཏེ་ལན་སུམ་འབུམ་བཟླས་བརྗོད་བྱས་ལ། ཟླ་བ་མར་གྱི་ངོ་ལ་ལྷ་རྟེན་དུ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །ཤུ་དག་དཀར་པོའི་རྩ་བ་དང་ རྒྱ་སྤོས་ཀྱི་རྩ་བ་ལ་སྔ་མ་བཞིན་དུ་མི་སྣང་བར་འགྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །སྐར་མ་རྒྱལ་གྱི་ཚེ་ཨུཏྤལ་སྔོན་པོ་བླངས་ལ་རའི་འོ་མ་དང་བཏགས་ཏེ། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་ཟངས་ཀྱི་སྣོད་དམ། ཤིང་ཨ་ཤྭཏྠའི་ལོ་མ་ཁ་སྦྱོར་བའི་ནང་དུ་བཅུག་སྟེ་ཟླ་བ་བཏང་གི་བར་དུ་བཟླས་ བརྗོད་བྱས་ལ་དེ་འཐུངས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་གུར་གུམ་དང་། དུ་རུ་སྐ་དང་། པདྨའི་ཟེ་བ་བ་སེར་མོ་མ་སྨད་སྤུ་མཐུན་པའི་མར་དང་བཏགས་ལ། སྔ་མ་བཞིན་དུ་ཟླ་བ་སྦྱང་གིས་ཟིན་པའི་ཚེ་ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ་དེ་འཐུངས་ ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས་ཤིང་ཨ་ས་ནའི་མེ་ཏོག་དང་ཤིང་དེ་བའི་མེ་ཏོག་རི་དགས་ནག་པོའི་ཁྲག་དང་བཏགས་ལ། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ་དེ་འཐུངས་ཤིང་ལུས་ལ་ཡང་བསྐུས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་ གྲོས་གཞན་ཡང་ཨ་ག་རུ་ནག་པོ་བླངས་ལ་སྦྲུལ་ནག་པོའི་མིག་དང་། སྔ་མ་བཞིན་དུ་ལྷ་ཆེན་པོའི་གློ་གཡས་རོལ་གྱི་ལུས་ལ་བཟླས་བརྗོད་བྱས་ཏེ་དེ་དུ་བ་འཐུལ་གྱི་བར་དུའོ། །དེས་ཐིག་ལེར་བྱས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་ཀླུའི་རྒྱལ་པོ་ཁ་གཉིས་པས་བཟུང་བ་ལ་ཏིལ་ནག་པོ་དང་ ལྷན་ཅིག་བཏགས་ཏེ། ཟླ་བ་མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ་འབྲུ་མར་དེས་དུ་བ་ཆགས་པར་བྱས་ལ་དེ་ལ་སྔགས་ཀྱིས་བཏབ་སྟེ་མིག་བསྐུས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་ཨ་རུ་རའི་རུས་པའི་རྐང་ཕྱུང་སྟེ། སྦྲང་རྩི་དང་ནི་ལྷན་ཅིག་ བཏགས། །ཨ་ཤྭད་ལོ་མ་འབར་བཅུག་ལ། །མཁས་པས་ཆུ་འདུས་ག་ལ་བར། །ཁོང་པ་ན་ང་གི་རྣམ་དག་པར། །མཚན་གཅིག་ཐོག་ཐག་བརྗོད་བྱས་ན། །ནམ་ཕྱེད་དུས་ན་འགྲུབ་འགྱུར་ཏེ། །དེ་ལ་ཐེ་ཚོམ་ཡོད་མེད་དོ། །ཡིད་གཞུངས་པས་ནི་ཐིག་ལེ་བྱས། །དེ་ཚེ་ལུས་ནི་མི་སྣང་འགྱུར། ། ལིག་པུ་དང་ནི་སྤང་མ་དག །རིན་ལ་མི་བརྩེགས་ཉོས་ནས་སུ། །ཟངས་སྣོད་ཁ་སྦྱོར་ནང་བཅུག་ལ། །ཆོ་ག་བཞིན་དུ་སྔགས་བརྗོད་ན། །ནམ་ཕྱེད་དུས་སུ་འགྲུབ་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཡོད་མེད་དོ། །ལུས་ལ་བསྐུས་པ་བྱས་ན་ཡང་། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །འཇིག་རྟེན་དྲུག་ཆ་ ཕྲོགས་ནས་སུ། །དེ་ཚེ་བསོད་ནམས་ལས་སུ་འགྱུར། །རིལ་བུ་བསྒྲུབ་པ་བཤད་པར་བྱ། །ཞི་བའི་བློ་གྲོས་དེ་ཉོན་ཅིག །མཚལ་དང་དེ་བཞིན་སྤང་མ་དང་། །ཨདྨ་གུཔྟའི་རྩ་བ་དང་། །ཀུརྱ་ཚང་མའི་མཇུག་མ་དག །མཁས་པས་གཅིག་ཏུ་བསྲེས་ནས་སུ། །རྒྱ་ཤུག་ཚིག་གུ་ཙམ་བྱས་པའི། ། རིལ་བུ་བླངས་ལ་བསྒྲིམས་ནས་སུ། །སྔགས་པ་སྔགས་ཀྱི་ཚུལ་གནས་ཏེ། །སྣ་གསུམ་ལྕགས་ཀྱིས་དཀྲི་བར་བྱ། །དུར་ཁྲོད་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་མདུན་དུ་ཅི་འབྱོར་པས་མཆོད་པ་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དུས་སམ་ཡང་ན་ནི། །ཉི་མ་ཤར་ཀའི་ དུས་ཀྱི་ཚེ། །རྫས་དེ་གཞན་དུ་ཡོངས་གྱུར་ཏེ། །མེ་ལྕེ་འབར་ཕྲེང་ལང་ལོང་འགྱུར། །སྔགས་པས་དེ་ཡི་ཁར་བཅུག་ན། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །ཉི་མ་འཆར་འདྲའི་མདོག་ཅན་དང་། །འདོད་པའི་གཟུགས་ཅན་འཇིགས་མེད་པ། །འབྱུང་པོ་ཀུན་གྱིས་མི་ཚུགས་ཤིང་། །བསྐལ་པར་གནས་ལ་གཟི་ཆེན་ འགྱུར། །བསྟན་པའི་དོན་བྱེད་དཔལ་ལྡན་ཞིང་། །རྒ་དང་འཆི་བ་རྣམ་པར་སྤངས། །ཞི་བའི་བློ་གྲོས་རིལ་བུ་གཞན་ཡང་ཡོད་དེ། བཀྐུལ་ཡི་སྙིང་བླངས་ལ། །བློ་ལྡན་དོང་ཀའི་མེ་ཏོག་དང་། །ལིག་བུ་མིག་དང་སྤང་མ་དང་། །ཆ་ཤས་མཉམ་པར་བྱས་ནས་ སུ། །སྣ་གསུམ་ལྕགས་ཀྱིས་དཀྲིས་བྱས་ལ། །མཚན་གཅིག་ཡོད་པའང་དུར་ཁྲོད་དམ། །ཤིང་དྲུང་གཅིག་པའམ་ཕུག་རྣམས་སུ། །དབྱར་སྲུངས་འཇུག་ཚེ་བསྒྲུབ་པར་བྱ། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའི་སྤྱད་པའི་གསང་སྔགས་ཀྱི་སྒོ་སྤྱོད་པའི་ བྱང་ཆུབ་སེམས་དཔས་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ། ཅི་འབྱོར་པས་མཆོད་དེ་དབུས་སུ་རྡོ་རྗེ་གཞག་ལ། དེའི་སྟེང་དུ་ཤིང་ཨ་ཤྭཏྠའི་ལོ་མའི་སྟེང་དུ་རིལ་བུ་གཞག་སྟེ། །རྡོ་རྗེ་དྲག་པོ་ཆེན་པོའི་སྙིང་པོའམ། རྡོ་རྗེ་གཙུག་ཏོར་གྱིས་བདག་དང་རྫས་ བསྲུང་བར་བྱས་ལ། བ་དམར་སེར་གྱི་མར་དང་སྦྲང་རྩི་བསྲེས་པ་ལ་ལན་སྟོང་རྒྱུན་མི་འཆད་པར་སྦྱིན་སྲེག་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། དེ་ནས་དེས་ནམ་ཕྱེད་དམ་ཉི་མ་ཤར་ཀར་རྫས་དེ་གྱུར་ཏེ། དེ་ཁར་བཅུག་ན་ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང་། བསྐལ་ པར་གནས་པ་དང་། རྒ་བ་དང་། འཆི་བ་རྣམ་པར་སྤངས་པ་དང་། འཇིག་རྟེན་གྱི་ཁམས་གཞན་དུ་མར་རྣམ་པར་རྒྱུ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །ཕྱུང་ན་མི་སྣང་བར་འགྱུར་ཞིང་ཡིད་ལྟར་མགྱོགས་པ་དང་། ཤི་འཕོས་ནས་ཀྱང་འཇིག་རྟེན་ གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། བ་ལ་ཨ་ཏི་བ་ལི་རྩ། །དེ་བཞིན་གསེར་དང་དངུལ་དང་ནི། །ལིག་བུ་མིག་དང་ཤུ་དག་དང་། །དེ་བཞིན་དུ་ནི་མཐིང་ཤུན་དང་། །དེ་དག་ཆ་ཤས་བསྙམས་ནས་སུ། །ཕྱེ་མ་སྐམ་པོར་བྱས་ པ་དག །ཆར་པའི་ཆུ་ཡིས་སྦྲུས་ནས་སུ། །རིལ་བུ་གསུམ་ཞིག་བྱས་པ་ལ། །ཟངས་ཀྱི་ལེབ་མས་དཀྲིས་ནས་སུ། །སྔགས་པས་སྔ་མ་བཞིན་དུ་གཞག །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ། །ཞག་གཅིག་སྨྱུང་བ་བྱས་ནས་སུ། །གྲུབ་པ་དེ་ནི་ཁར་བཅུག་ལ། ། རྟག་ཏུ་མི་སྣང་གྱུར་པ་ཡིན། །རིལ་བུ་གཞན་ཡང་ཡོད་དེ། ཤིང་ཏིལ་ཀའི་མེ་ཏོག་དང་། བྱི་ལ་ནག་པོའི་སྙིང་དང་། ཕ་བང་གི་སྙིང་སྐམ་པོ་བཏགས་ལ། ཆར་བས་སྦྲུས་པའི་རིལ་བུ་ཡང་སྔ་མ་བཞིན་ཏེ་མི་སྣང་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། ཤིང་པ་ན་སའི་ས་བོན་ དང་། ཛི་བན་ཏའི་ས་བོན་དང་། ཤིང་ཨ་གསྟའི་མེ་ཏོག་དང་། བྱི་རུ་དང་། སྟོང་ཟིལ་དང་། ཤིང་ཀཉྩ་ནའི་མེ་ཏོག་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ་མི་སྣང་བར་འགྱུར་རོ། །ཤེལ་དང་། ལྷང་ཚེར་དང་། ཤིང་བ་རུ་ཎའི་ས་བོན་དང་དྲི་སན་ཏའི་ས་བོན་རྣམས་ཆ་བསྙམས་ བ་ཡང་སྔ་མ་བཞིན་ཏེ་མི་སྣང་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། དུང་གི་ལྟེ་བ་དང་། ཨ་ག་ནི་ཛ་ལ་དང་། ལྡོང་རོས་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ་མི་སྣང་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། དུག་དང་། བོང་བ་དང་། ལངྐ་ལི་དང་། དུ་ རུ་སྐའི་རྩ་བ་དང་དེ་དག་ཆ་བསྙམས་པ་ཡང་སྔ་མ་བཞིན་དུ་གྲུབ་པར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། ཤིང་མ་དུ་ཀའི་སྙིང་པོ་དང་། ཤིང་སཱ་ལ་སེར་པོའི་སྙིང་པོ་དང་། ཁབ་ལོང་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས་འདི་ དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་གསུངས་ཤིང་བྱིན་གྱིས་བརླབས་པའོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ལ་ལ་ཞིག་རིལ་བུ་འདི་དག་བསྒྲུབ་པའི་ཕྱིར་རྟག་ཏུ་མངོན་པར་བརྩོན་པར་བྱེད་པ་དེའི་ཚེ་འདི་ལ་ཆོས་གཉིས་རེ་བར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་བ་དང་། ཡོངས་སུ་མི་ཉམས་པའི་ཆོས་ཉིད་དུ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །གཞན་ཡང་ཆོས་གཉིས་ཏེ་ཚེ་འདི་ལ་དངོས་གྲུབ་ལ་ངེས་པར་གཞོལ་བར་གྱུར་པ་དང་། ཤི་འཕོས་ནས་ཀྱང་རྡོ་རྗེའི་རིགས་སུ་གཞོན་ནུའི་ལུས་ཐོབ་པར་འགྱུར་རོ། །ཡང་གཉིས་ཏེ་འདི་ལྟ་སྟེ། ནད་ཐམས་ཅད་ལས་ ཐར་བར་འགྱུར་བ་དང་སྡིག་པ་དང་བྲལ་བར་འགྱུར་རོ། །ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་སྤྱོད་ཡུལ་ལ་བརྩོན་པ་དང་། ཡིད་ གཉིས་དང་། ཐེ་ཙོམ་དང་བྲལ་བ་དང་། ཡང་དག་པའི་ལྟ་བ་ཅན་དང་། བྱམས་པ་དང་ལྡན་པ་དང་། སྙིང་རྗེ་ཅན་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དུ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་ པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན། །ཇི་ལྟར་བརྟུལ་ཞུགས་ལ་གནས་པ་ཡིན། ཇི་ལྟར་སྤྱད་པ་སྤྱོད་པ་ཡིན། འཇམ་དཔལ་བྱང་ཆུབ་སེམས་དཔའི་ སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་དུ་གནས་པ་དེ་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་བ་དང་། གསང་སྔགས་རྣམས་ལ་དངོས་གྲུབ་ཐོབ་པ་དང་། ཐེག་པ་ཆེན་པོ་ལས་ཡོངས་སུ་མི་ཉམས་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་ གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་ལེགས་སོ་ལེགས་སོ་ལེགས་སོ་ཡང་ལེགས་སོ། །ཞི་བའི་བློ་གྲོས་ཁྱོད་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁོ་བོས་ཁྱོད་ལ་བཤད་དོ། །ཞི་བའི་བློ་གྲོས་གང་གི་ཚེ་བྱང་ ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་ལ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས། ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ། ཞི་ བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །གང་གི་ཚེ་དེས་ལྟས་བསྟན་པ་དེའི་ཚུལ་དང་མཐུན་པར་བྱ་བ་བྱེད་པ་དང་། དེའི་རྣམ་པ་བསྟེན་པ་དང་། རྣལ་འབྱོར་ལ་ བརྩོན་པ་དེའི་ཚེ་བརྟུལ་ཞུགས་ལ་གནས་པ་ཡིན་ནོ། །གང་གི་ཚེ་བརྟུལ་ཞུགས་དེ་ལ་བཟླས་བརྗོད་དང་། སྦྱིན་སྲེག་ལ་སོགས་པའི་ལས་སྤྱོད་པ་དེའི་ཚེ་སྤྱད་པ་སྤྱོད་པ་ཡིན་ནོ། །ལྷའི་གཟུགས་དེ་དང་ཐ་མི་དད་པའི་རྣལ་འབྱོར་ལ་བརྩོན་ཞིང་གང་གི་ཚེ་བསླབ་པའི་གཞི་རྣམས་ཀྱང་ཡོངས་སུ་བཟུང་ སྟེ། ཐེག་པ་ཆེན་པོ་ལ་སྤྱོད་པ་དེའི་ཚེ་གསང་སྔགས་རྣམས་ལ་དངོས་གྲུབ་འཐོབ་བོ། །ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་མཚན་མ་མེད་པ་ལ་གནས་པར་བྱའོ། །ཞི་བའི་བློ་གྲོས་བྱང་ཆུབ་ སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་ལ་ཅི་ལྟར་མཚན་མ་མེད་པ་ལ་གནས་པ་ཡིན་ཞེ་ན། ཞི་བའི་བློ་གྲོས་བྱང་ཆུབ་ཀྱི་སེམས་བསྒོམས་ན་མཚན་མ་མེད་པ་ལ་གནས་པ་ཡིན་ཏེ། ཞི་བའི་བློ་གྲོས་གང་ལ་མཚན་མ་རྣམས་མི་འབྱུང་ཞིང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་དམིགས་ སོ། །ཞི་བའི་བློ་གྲོས་སེམས་མི་དམིགས་པའི་ཕྱིར་སེམས་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔས་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བའི་ ཕྱིར་བརྩོན་པར་བྱའོ། །སེམས་ཅན་རྣམས་ལ་ཕན་བཞེད་པས། །རྫོགས་སངས་རྒྱས་ཀྱིས་བཅས་པ་ཡི། །བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང་། །སྤྱོད་དང་བསླབ་པའི་གཞི་རྣམས་ལ། །གང་ཚེ་གནས་ན་དེ་ཡི་ཚེ། །སྔགས་པས་འདི་ལྟར་སྔགས་གྲུབ་བོ། །རྟོག་དང་ བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བས་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། །གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ་། ། དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར། བྱིས་པ་རྩེ་བའི་སྤྱོད་པའི་གར་རྣམ་པར་ དག་པའི་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག ། འཇམ་པའི་དབྱངས་ཅན་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་པ། །སྔགས་དང་གསང་སྔགས་སྤྱོད་པ་དང་། །རྣམ་པ་ཀུན་དུ་བྱིས་རྩེན་དང་། །ཏིང་ངེ་འཛིན་དང་གཟུངས་རྣམས་དང་། །བསམ་གཏན་བསམ་གཏན་བྱེད་རྣམས་ཀུན། ། བདག་ཅག་རྣམས་ལ་ཐུགས་བརྩེའི་ཕྱིར། །ལག་ན་རྡོ་རྗེ་དབང་བསྐུར་བ། །གསང་སྔགས་ཤེས་པ་ཆེ་འབྱུང་བ། །དཀྱིལ་འཁོར་ཆེན་པོ་གཙོར་གྱུར་པ། །སྤྱོད་པ་ཀུན་དུ་བསྟན་པའི་གཞི། །དཀྱིལ་འཁོར་འདི་ནི་བཤད་དུ་གསོལ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་ པས། གཟོད་མ་ནས་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་སྙིང་པོ་རྡོ་རྗེ་ཆེན་པོའི་ཡི་གེ་སྨྲས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་བ་རད་བཛྲ་མྃ། དེ་ནས་དམ་པ་སྦྱིན་པའི་རྡོ་རྗེའི་སྙིང་པོ་ཆེན་པོ་འདི་སྨྲས་མ་ཐག་ཏུ་ཐམས་ ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། མགྲིན་གཅིག་ཏུ་ཀྱེ་མ་དམ་པ་སྦྱིན་པའི་རྡོ་རྗེ་འདི་ནི་སྔོན་གྱི་སྤྱོད་པ་ལས་བྱུང་བའོ་ཞེས་སྨྲས་སོ། །ཡང་འཇམ་དཔལ་གྱིས་རང་གི་དམ་བཅས་པའི་རྡོ་རྗེའི་ཡི་གེ་སྨྲས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཧེ་ཧེ་ཀུ་ མཱ་ར་ཀ །བཛྲ་བཛྲ་སྨ་ར་སྨ་ར་པྲ་ཏི་ཛྙཱ་སྭཱ་ཧཱ། འཇམ་དཔལ་གྱིས་ཡང་རང་གི་ངག་ཡང་དག་པར་གྲུབ་པའི་གཞིའི་གསང་སྔགས་སྨྲས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་བཱ་ཀྱེ་ད་ཏཱ་རེ་ཀུ་མཱ་ར་རཱུ་པ་དྷ་ར་སྭཱ་ཧཱ། ཡང་འཇམ་དཔལ་གྱིས་རང་གི་ངག་ཡང་ དག་པར་གྲུབ་པའི་སྒོའི་གསང་སྔགས་སྨྲས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཱ་ཀྱེ་ད་བཛྲ་ཧེ་སྭཱ་ཧཱ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས། རང་གི་ངག་གི་དོན་སྒྲུབ་པར་བྱེད་པའི་གསང་སྔགས་སྨྲས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་ བྷྱཿ། སརྦ་ཐཱ་བཱ་ཀྱེ་ད་བཛྲ་ཀོ་བི་ད་སྭཱ་ཧཱ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་མཐའ་དང་བྲལ་བ་སྨྲས་པ། ནམཿསརྦ་ཏ་ཐ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐ་ཏཾ་བཛྲ་ཧཱི་སྭ་ཧ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་ཕོ་ཉ་མོའི་ཚོགས་ཀྱི་ སྙིང་པོ་སྨྲས་པ། ནམཿསརྦ་ཏ་ཐ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་བ་ཛྲོབ་ཀི་ཥི་ནི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་བཛྲོ་ཏ་ཀྲ་ཀེ་ཤི་ཎི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་སུ་མ་ཏི་བཛྲཱི་ཎི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ མུ་ཁེ་བྷྱཿ། སརྦ་ཐཱ་ཙི་ཏྲཱ་ཀྵི་བཛྲི་ཎཱི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་ཨཱ་ཀཪྵ་ཎི་བཛྲོ་ཏ་གི་སྭཱ་ཧཱ། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་རྡོ་རྗེ་མཆོག་གི་དཀྱིལ་འཁོར་སྨྲས་པ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ནི། །ཀུན་དུ་གྲུ་བཞི་ལྷམ་ པ་ལ། །རྡོ་རྗེ་མཚན་རྟགས་མཚན་མ་ཅན། །དེ་ཡི་དབུས་སུ་བྱ་བ་ནི། །གྲུ་གསུམ་རྣམ་པར་གནས་པ་སྟེ། །གྲུ་གསུམ་ལྟ་བུར་གཞག་པར་བྱ། །མེ་ལས་བྱུང་བའི་དཀྱིལ་འཁོར་བྲི། །ཚོན་ནི་ཀུན་དུ་དམར་པོ་སྟེ། །རྡོ་རྗེ་འབར་བཅས་མཚན་མ་ཅན། །དེ་ཡི་ཆ་གསུམ་གཞག་ ནས་སུ། །ཨུཏྤལ་ཡི་གཟུགས་བྲིས་ཏེ། །དེ་ཡི་སྟེང་དུ་རྡོ་རྗེ་བྲི། །འབར་དང་བཅས་ཤིང་ཐིག་ལེར་མཛེས། །ཐ་མ་ཐོག་ཐག་བྱ་བ་ནི། །ཨུཏྤལ་གཟུགས་ཀྱི་ཕྲེང་བའོ། །སྔགས་པས་དེ་ཡི་དབུས་སུ་ནི། །གཞོན་ནུ་བྱིས་པའི་གཟུགས་ལྡན་པ། །མགོ་ལ་ཕུད་པུ་ ལྔ་གཞག་པ། །ཤ་མདོག་གུར་གུམ་འདྲ་བ་བཞག །ལག་པ་གཡོན་པ་ན་ཨུཏྤལ་རྡོ་རྗེ་དང་བཅས་པ་ཐོགས་ཤིང་གཡས་པས་དམ་པ་སྦྱིན་པའོ། །ཡང་ན་ཕྱག་རྒྱའི་གཟུགས་སོ། །ཡང་ན་ཡི་གེའོ། །དེ་ཡི་ཕྱག་རྒྱ་བྲི་བ་ནི། །ཨུཏྤལ་རབ་ཏུ་བཟང་པོ་སྟེ། །དེ་ཡི་ སྟེང་དུ་རྡོ་རྗེ་བྲི། །འབར་དང་བཅས་ཤིང་ཐིག་ལེས་མཚན། །དེའི་གཡས་རོལ་དུ་སྙིང་པོ་རྣམས་གཞག་གོ། །གཡོན་རོལ་དུ་ཕོ་ཉ་མོ་རྣམས་གཞག་གོ། །འོག་རོལ་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་མཐའ་དང་བྲལ་བའོ། །ལྷོ་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བའོ། །ནུབ་ཕྱོགས་སུ་ནི་ནམ་མཁའི་སྙིང་པོའོ། །བྱང་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འཁོར་དང་བཅས་པ་སྟེ། ཆ་བྱད་ཇི་ལྟ་བ་བཞིན་དུ་གཞག་པའོ། །ཡང་ན་ཕྱག་རྒྱ་རྣམས་སོ། །ཡང་ན་ཡི་གེའོ། །དེ་ནས་འཇམ་དཔལ་ གཞོན་ནུར་གྱུར་པས་སྙིང་པོ་མཆོག་འདིའི་བསྒྲུབ་པ་སྨྲས་པ། དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ། དབང་བསྐུར་བ། དཀྱིལ་འཁོར་དུ་ཞུགས་པ། སྡོམ་པ་བླངས་པ། རིག་པའི་བརྟུལ་ཞུགས་སྤྱོད་པས་གནས་ཁང་ངམ། ཕུག་དབེན་པའམ། ལྷུགས་མེད་པར་སྙིང་པོ་ འདི་ལན་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཨུར་མོའམ། ལྕགས་སྣ་གསུམ་མམ། ཙནྡན་ལས་བྱས་པའི་རལ་གྲིའམ། འཁོར་ལོའམ། ལྕགས་ཀྱུའམ། བེ་ཅོན་ནམ། དགྲ་སྟའམ། མདུང་ཐུང་ངམ། ཞགས་པའམ། མདའ་བོ་ཆེ་གང་ཡང་ རུང་བ་ཞིག་བའི་རྣམ་ལྔས་བཀྲུས་ལ་ཡང་སྤོས་ཆུས་བཀྲུས་ཏེ། བ་ལང་གི་ལྕི་བའི་ཕུང་པོའི་སྟེང་དུ་གཞག་ལ་འཁོར་ལོས་སྒྱུར་བ་ཆེན་པོས་བསྲུང་བར་བྱའོ། །ཐ་མར་དེ་ཉིད་དུ་མཆོད་པ་རྒྱ་ཆེར་བྱས་ལ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་ལ་བསྐུས་ལ། དམ་པ་ སྦྱིན་པའི་རྡོ་རྗེའི་དཀྱིལ་འཁོར་ལ་གནས་པས། ཨ་ག་རུའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་ལས་སྨྱུགས་པས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན། ནམ་ཕྱེད་དམ་ཉི་མ་ཤར་ཀར་མཚན་མ་ཆེན་པོ་དག་འབྱུང་ཞིང་རྫས་ཀྱང་འགྱུར་ཏེ་འགྲུབ་པར་འགྱུར་རོ། །དེ་ཐོགས་ནས་རིག་སྔགས་ འཆང་དུ་གྱུར་ཏེ། ཡིད་ལྟར་མགྱོགས་པ་དང་། འཇིག་རྟེན་གྱི་ཁམས་གཞན་དུ་མར་རྣམ་པར་རྒྱུ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་གཟུངས་ཐོབ་པ་དང་། ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང་། རྒ་བ་ དང་འཆི་བ་རྣམ་པར་སྤངས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །སྨོན་ལམ་གྱི་དབང་མ་གཏོགས་པར་ལུས་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ས་གནོན་ནོ། །རིག་སྔགས་འཆང་གཞོན་ནུའི་གཟུགས་དང་ལྡན་པ། དམ་པ་སྦྱིན་ པའི་རྡོ་རྗེའི་མཚན་མ་ཅན་ལྷ་ལ་སོགས་པ་ཐམས་ཅད་ཀྱིས་ཕྱག་བྱས་པའམ། མ་དུལ་བ་འདུལ་བ་སྣ་ཚོགས་གཟུགས་ཅན་གྱི་ནོར་བུ་དང་འདྲ་བ། རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་གཡོག་འཁོར་དང་བཅས་པར་ཡིད་ལས་བྱུང་བའི་ཁང་པ་ཆེན་པོ་ན་ གནས་པ། དེ་མཐོང་བས་རིག་སྔགས་འཆང་རྣམས་མི་དབུལ་པོ་དང་འདྲ་བར་སེམས་ཤིང་བདག་ཅག་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་འགྱུར་རོ། །མ་བསྒྲུབས་ཀྱང་ལས་སུ་འགྱུར་ཏེ། ཉིན་གཅིག་བཞིན་དུ་རྗེས་སུ་དྲན་པར་བྱེད་ན། མཚམས་མེད་ པ་ལྔ་ལ་སོགས་པའི་ལས་རྣམས་ཀྱང་བྱང་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་ཉི་མ་ཤར་ཀར་ཕྱག་རྒྱ་བཅིངས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཟླ་བ་དྲུག་ན་ཡུལ་གྲུ་སྦྱིན་པར་བྱེད་དོ། །ཤིང་ཀ་ར་བཱི་རའི་མེ་ཏོག་དག་ལ་སྔགས་ལན་རེ་རེ་བཏབ་སྟེ། ཉི་མའི་ གཟུགས་ལ་བསྣུན་ན་ཟླ་བ་གཅིག་ན་གྲོང་དམ་པ་བརྒྱད་སྦྱིན་པར་བྱེད་དོ། །པདྨའི་རྫིང་བུར་སོང་སྟེ་པདྨ་དག་ལ་ལན་འབུམ་སྔགས་ཀྱིས་བཏབ་ནས། བཅོམ་ལྡན་འདས་དམ་པ་སྦྱིན་པའི་རྡོ་རྗེ་ལ་ཕུལ་ལ་སྙིང་པོ་མཆོག་དེ་ཉིད་ཀྱིས་འབྲས་ཀྱི་འོ་ཐུག་གིས་ལན་འབུམ་སྦྱིན་ སྲེག་བགྱིས་ན་རྒྱལ་སྲིད་སྦྱིན་པར་བྱེད་དོ། །གདོང་ལ་སྔགས་ཀྱིས་བཏབ་ནས་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ཁྲོས་པ་ལ་ཕྱག་རྒྱ་བཅིངས་ཏེ་སྙིང་པོ་དྲན་པར་བྱས་ན་དང་བར་འགྱུར་རོ། །ཆུ་ཀླུང་ཆུ་སྲིན་འཛིན་ཁྲིས་གང་བ་མཐོང་ན་བོང་བ་ལ་སྔགས་ཀྱིས་བཏབ་ སྟེ་འཕངས་ན་ཆུ་ན་རྒྱུ་བ་ཐམས་ཅད་རེངས་པར་འགྱུར་རོ། །གོས་ཀྱི་མཐའ་མར་མདུད་པ་བོར་ཏེ་གོས་བགོས་ན་ཁ་བཅིངས་པ་བྱས་པར་འགྱུར་རོ། །དེ་བཞིན་དུ་འབྲོག་དགོན་པའམ་ཆོམ་རྐུན་གྱི་འཇིགས་པ་ཡོད་པར་ཡང་དེ་ལྟར་མདུད་པ་བོར་ན་རེངས་པ་བྱས་པར་འགྱུར་རོ། ། གདུག་པས་ཟིན་པ་ལམ་གོའམ་མགུལ་པར་བཀོད་ན་དུག་མེད་པར་འགྱུར་རོ། །སྙིང་པོ་དམ་པ་ཐིག་ལེ་དང་བཅས་པར་རྐང་མཐིལ་ཡན་ཆད་དུ་བསམས་ན་དུག་མེད་པར་འགྱུར་རོ། །མཁའ་འགྲོ་མས་རྒྱས་བཏབ་པ་ལ་རང་གི་སྙིང་གར་བསམས་ལ་ནད་པའི་མགོ་ལ་རང་གི་ གཟུགས་སུ་བསམས་ན། དེའི་མོད་ལ་སོས་པར་འགྱུར་རོ། །གདོན་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་ཡང་དེ་བཞིན་དུ་ཕྱག་རྒྱ་བཅིངས་ལ། ཐལ་བའམ་ཡུངས་ཀར་ལ་སྔགས་ལན་བདུན་བཏབ་སྟེ་མགོ་བོར་བསྣུན་ན་ཐམས་ཅད་འབྲོས་སོ། །རླུང་ཆེན་ པོ་ལྡང་བ་མཐོང་ན་ཆུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་དེའི་མོད་ལ་ཞི་བར་འགྱུར་རོ། །ལྕེ་འབབ་པ་མཐོང་ན་ལག་པ་གཡོན་པའི་མཛུབ་མོ་ལ་སྔགས་ཀྱིས་བཏབ་སྟེ་བསྡིགས་ན་ཟློག་པར་འགྱུར་ཏེ་ཐེ་ཙོམ་མེད་དོ། །ཅི་སྟེ་འཆི་བྱེད་ལ་ཕུར་བུས་བཏབ་པར་འདོད་ན་སེང་ལྡེང་གི་ཕུར་བུའམ་ ལྕགས་ཀྱི་ཕུར་བུ་ལ་རབ་ཏུ་དྲག་པོའི་སྙིང་པོ་དམ་པས་ལན་བརྒྱད་བརྒྱས་སྔགས་ཀྱིས་བཏབ་ལ་ངོགས་གཉིས་ནས་ས་བླངས་ཏེ། གཟུགས་སོར་བརྒྱད་པའི་ཚད་དུ་བྱས་ལ་མི་རོ་བཞག་པའི་ཁྲི་ལས་སྲད་བུ་བཀོད་དེ། དེའི་ཡན་ལག་དང་ཉིང་ལག་རྣམས་བཅིངས་ལ་སྙིང་གར་ཕུར་བུ་ དེས་བཏབ་ན་ཕུར་བུས་བཏབ་པར་འགྱུར་ཏེ་ཅི་ཡང་མི་བྱེད་དོ། །དགྲོལ་ན་ཕུར་བུ་ཕྱུང་ལ་མར་དང་སྦྲང་རྩིས་བཀང་ན་ཕུར་བུ་ཕྱུང་བར་འགྱུར་རོ། །རཱ་ཛཱ་ནམ་བ་ཤི་ཀ་རྟུ་ག་མོ་ལ་བཎ་མ་ཡིཾ་པྲ་ཀྲྀ་ཏྲི་ར་ཀྲྀཏྟྭ་ར་ཧཱ་ས་བ་བིག་ཏ་པཪྤ་ཏ་ཨཱ་ཀྲེ་བ་ཏ་ཀྵི་ཎ་ཙ་ར་ནད་ཨ་བརྦྷྱཿ། ཡ་ཐཱ་བི་བོ་ཐཱ་པཱུ་ཛ། ཀྲྀཏྟ་ ཚིཏྟྭ་ཛུ་སཱུ་ཡཏྟྲྀ་ཏྶ་བད་ཧ་རཱ་ཛས་པ་རི་བཱ་རོ་བ་ཤྃ་ཨ་གཙྪ་ཏི། སྐལ་བ་བཟང་པོར་བྱ་བར་འདོད་ན་ཉི་མ་ཉི་ཤུ་རྩ་གཅིག་གི་བར་དུ་ཉིན་གཅིག་བཞིན་ལན་ཚྭའི་སྲེག་བླུགས་སྦྱིན་སྲེག་བྱས་ན། རྐང་གཉིས་པ་དང་རྐང་བཞི་པ་ཐམས་ཅད་ཀྱི་ནང་ན་སྐལ་བ་བཟང་པོ་མཆོག་ཏུ་བཟང་པོར་འགྱུར་རོ། ། ཁ་ཟས་ཀྱི་སྦྱིན་སྲེག་བྱས་ན་ཁ་ཟས་འབྱུང་ངོ་། །དམ་པ་སྦྱིན་པའི་རྡོ་རྗེ་ལ་བལྟ་ཞིང་ཟས་མི་བཟའ་བར་བཟླས་བརྗོད་ལན་འབུམ་བྱས་ན་གང་འདོད་པའི་དམ་པ་དེ་སྦྱིན་པར་བྱེད་དོ། །ཤིང་ནྱ་གྲོ་དྷའི་དྲུང་དུ་དཀྱིལ་འཁོར་བྱས་ལ་མེ་ཏོག་བཀྲམ་པ་བསྲུང་བ་བྱས་ལ། །ཨ་ག་རུའི་ བདུག་པ་བསྲེག་ཅིང་ཟས་མི་ཟ་བར་གནོད་སྦྱིན་མོ་ཡིད་ལ་བྱས་ཏེ་ལན་འབུམ་བཟླས་བརྗོད་བྱས་ན་གནོད་སྦྱིན་མོ་ཡང་འོང་བར་འགྱུར་ཏེ། གང་བླངས་པ་དེ་སྦྱིན་པར་བྱེད་དོ། །ཉིན་གཅིག་བཞིན་དུ་མཆོད་པ་བྱས་ཤིང་ནོར་བུ་བཟང་གི་ལག་ནས་བཟུང་སྟེ། ལན་བརྒྱ་རྩ་བརྒྱད་བཟླས་ བརྗོད་བྱས་ན་ཟླ་བ་དྲུག་གིས་ཏི་ན་ར་བརྒྱ་སྦྱིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོ་བཟུང་ལ་ཉི་མ་ཤར་ཀ་ནས་ནུབ་ཀྱི་བར་དུ་མིག་ཕྱེ་སྟེ། བཟླས་བརྗོད་བྱས་ན་ཐོག་མ་མེད་པའི་དུས་ཀྱི་སྔོན་གྱི་ལས་རྣམས་འབྱང་བར་འགྱུར་རོ། །དམ་པ་སྦྱིན་པའི་རྡོ་རྗེ་ལ་བལྟ་ ཞིང་མིག་མི་འཛུམས་པར་བཟླས་བརྗོད་བྱས་ན་ཚེ་རིང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བལྟ་ཞིང་ཉིན་གཅིག་བཞིན་དུ་དུས་གསུམ་དུ་རྟག་ཏུ་དྲན་པར་བྱེད་ན་དམ་པ་སྦྱིན་པར་བྱེད་དོ། །ལག་ན་རྡོ་རྗེའི་ལག་ན་ཡོད་པའི་རྡོ་རྗེ་ལ་འཇུས་ཏེ། ཁ་ཟས་མི་ བཟའ་བར་ལན་སུམ་འབུམ་བཟླས་བརྗོད་བྱས་ན་རང་གི་གནས་སུ་ཁྲིད་པར་འགྱུར་རོ། །རྡོ་རྗེའི་རིགས་གཞོན་ནུའི་ལུས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཀུན་དུ་བཟང་པོ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བལྟས་ཏེ། ཟས་མི་བཟའ་བར་ལན་སུམ་ འབུམ་བཟླས་བརྗོད་བྱས་ན་རང་རང་གི་གནས་སུ་ཁྲིད་པར་འགྱུར་རོ། །ཆར་མི་འབབ་ན་གླ་བའི་ཡམ་སྲེག་ཤིང་འོ་མ་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཆར་པ་འབབ་པར་འགྱུར་རོ། །བདག་གི་དབུགས་བཀག་ལ་ཆུའི་ནང་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཟླ་བ་དྲུག་གིས་ གཟུངས་ཐོབ་པར་འགྱུར་རོ། །ཉི་མའི་ཕྱི་བཞིན་ཕྱོགས་ཤིང་ལན་སུམ་འབུམ་བཟླས་བརྗོད་བྱས་ན། བློན་པོ་ཆེན་པོའི་ཐབས་སམ་གཏེར་ཆེན་པོ་འཐོབ་པར་འགྱུར་རོ། །ལག་ན་མདུང་རྩེ་གསུམ་པ་ཐོགས་ལ་སློང་མོའི་ཟས་བཟའ་ཞིང་མ་མོའི་ཁྱིམ་དུ་ཅི་འབྱོར་པས་མཆོད་ པ་བྱས་ཏེ། ལན་སུམ་འབུམ་བཟླས་བརྗོད་བྱས་ན་མ་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ་གང་འདོད་པ་དེ་བྱེད་དོ། །གུ་གུལ་གྱི་བདུག་པས་གདོན་ཐམས་ཅད་སེལ་ཏོ། །འབྲུ་མར་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་པས་ལྟོ་ན་བ་སེལ་ཏོ། །རབ་ཏུ་འཁྲུ་བ་ལ་སྲད་བུ་ སྔོན་པོ་ལ་སྔགས་ཀྱིས་བཏབ་སྟེ་རྐེད་པར་བཅིངས་ན་རབ་ཏུ་འཁྲུ་བ་སོས་པར་འགྱུར་རོ། །ཀླད་པ་ན་བ་ལ་བིལ་བའི་འབྲས་བུ་བཏགས་ཏེ། ལན་ཉི་ཤུ་རྩ་གཅིག་སྔགས་ལ་བསྐུས་ན་སོས་པར་འགྱུར་རོ། །མིག་ན་བ་ལ་གྲོ་བའི་མེ་ཏོག་གི་ཁུ་བ་ལ་ལན་ཅིག་སྔགས་ཏེ་སྣར་བླུགས་ ན་སོས་པར་འགྱུར་རོ། །ཙནྡན་གྱི་ལྡེ་གུ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ན་ཚ་བའི་རིམས་ནད་སེལ་ལོ། །ཨ་ག་རུའི་བདུག་པའམ། གུ་གུལ་གྱི་བདུག་པས་ཞག་བཞི་པ་སེལ་ཏོ། །བནྡུ་ཀའི་ཤིང་གིས་འབྲས་ཀྱི་འོ་ཐུག་བཙོས་ཏེ་སྐྱེས་པའམ་བུད་མེད་བུ་མེད་པའི་ཆོས་ཅན་ ལ་བླུད་ན་སྐྱེས་པ་དང་མ་ཚོགས་ན་ཡང་བུ་འབྱུང་ངོ་། །ཁ་དོག་སྣ་བཞི་པའི་གཏོར་མ་བྱས་ལ་ཁ་དོག་སྣ་བཞི་པའི་བུམ་པ་བཞི་ལ་སྔགས་ལན་བརྒྱས་བཏབ་སྟེ། ལམ་གྱི་བཞི་མདོར་རམ་ཤིང་དྲུང་གཅིག་པའི་དྲུང་དུ་མ་ནིང་ངམ་མོ་གཤམ་བཀྲུས་ན་བུ་འབྱུང་ངོ་། །ཅི་སྟེ་དམག་གཞོམ་ པར་འདོད་ན་སྐྲ་ཅན་མ་དང་སྙིང་པོ་མཆོག་བསྲེས་ཏེ། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ་སྲོག་ཤིང་གི་ཕྱག་རྒྱ་བཅིངས་ཏེ། མཛུབ་མོས་བསྡིགས་ན་རེངས་པར་བྱས་པར་འགྱུར་རོ། །ཅི་སྟེ་ཕྱིར་འབབ་པར་བྱེད་འདོད་ན་བྱམས་པའི་སེམས་ཀྱིས་དམ་པ་སྦྱིན་པའི་རྡོ་རྗེ་ཕྱག་རྒྱ་མགོ་ བོར་བཅིངས་ལ་བསམས་ན་དགྲ་ལ་ཕྱིར་བཟློག་པ་འབབ་པར་བྱས་པར་འགྱུར་རོ། །ཅི་སྟེ་དགྲ་ཕུང་བར་འདོད་ན་བསྒྲུབ་པ་བྱས་ཏེ་ནམ་ཕྱེད་ན་སྐྲ་བཤིག་ཅིང་རྐང་པ་གཡོན་པས་གཡས་པ་མནན་ཏེ་ཙོག་ཙོག་པུར་འདུག་ལ། དེ་ལོགས་སུ་བལྟས་ཏེ་དུག་དང་། ཁྲག་དང་། ལན་ཚྭ་དང་། སྐེ་ ཚེའི་འབྲུ་བསྲེས་པའི་སྲེག་བླུགས་རྡོ་རྗེ་ཆེན་པོ་མཐའ་དང་བྲལ་བས་ལན་ཉི་ཤུ་རྩ་གཅིག་བིལ་བའི་ཤིང་གི་མེ་བུས་པའི་ནང་དུ་སྦྱིན་སྲེག་བྱས་ན་ཕུང་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །ལྷའམ་ཀླུའམ་མི་ཡང་རུང་། །མི་མཇེད་བདག་པོ་ཚངས་པའང་རུང་། །གནོད་སྦྱིན་བདག་པོ་ བརྒྱ་བྱིན་འང་རུང་། །འཆི་འགྱུར་འདི་ལ་ཐེ་ཚོམ་མེད། །ཞི་བའི་བློ་གྲོས་མདོར་ན་ཆོ་ག་གང་དག་གིས་བསྒྲུབས་པའི་ཆོ་ག་དེ་དང་དེ་ཉིད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད་དོ། །ཞི་བའི་བློ་གྲོས་ཁོ་བོས་བསྐལ་པ་ཉི་ཤུ་རྩ་གཅིག་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་རྒྱལ་བའི་དབང་པོ་མཉས་པར་བྱས་ནས། ཞི་བའི་བློ་གྲོས་དེས་ཁོ་བོ་ཤིན་ཏུ་དཀའ་བ་བྱེད་པར་གཟིགས་ནས་ཆེར་ཐུགས་རྗེའི་སྟོབས་ཀྱིས་བྱིན་གྱིས་བརླབས་ནས་སྙིང་པོ་དམ་པ་འདི་བྱིན་ནོ། །ཞི་བའི་བློ་གྲོས་སྙིང་པོ་ དམ་པ་འདི་ཐོབ་མ་ཐག་ཏུ་ཁོ་བོས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་ཏིང་ངེ་འཛིན་དང་། གཟུངས་ཆེན་པོ་འབུམ་ཕྲག་བཅུ་དང་། མངོན་པར་ཤེས་པ་ཆེན་པོ་འབུམ་ཕྲག་བྱེ་བ་ཕྲག་བཅུ་ཐོབ་བོ། །སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་དེ་བཞིན་གཤེགས་པ་དག་མངོན་ དུ་སྣང་བར་གཤེགས་ཏེ་དེ་བཞིན་གཤེགས་པ་དེ་དག་གིས་ཁོ་བོ་ལ་དུས་གསུམ་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །ཁོ་བོས་ཆོས་ཀྱི་རྣམ་གྲངས་དེ་འདི་ལྟ་སྟེ། སྙིང་པོ་མཆོག་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ ཙམ་ལ་བཟུང་ངོ་། །བླངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་གང་གི་ཚེ་ཁོ་བོས་སྙིང་པོ་དམ་པ་འདི་ཐོབ་པའི་སྐད་ཅིག་དེ་ལ། ཞི་བའི་བློ་གྲོས་སངས་རྒྱས་ཀྱི་དབྱངས་ཀྱིས་དབྱངས་བཀོད་པའི་རྒྱན་ལ་སོགས་པ་གཟུངས་ཀྱི་སྒོ་འབུམ་ཕྲག་གྲངས་མེད་པ་ཐོབ་བོ། །ཞི་བའི་བློ་ གྲོས་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལ་གནས་ཏེ། གསང་སྔགས་ཡང་དག་པར་སྟོན་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་སྒྲུབ་ ཅིང་། རྒ་བ་དང་། ན་བ་དང་། འཆི་བ་ལས་གྲོལ་བ་དེ་དག་ཐམས་ཅད་ཀྱང་སྙིང་པོ་དམ་པ་འདི་ཉིད་ཀྱིས་བྱིན་གྱིས་བརླབས་ནས་ཐམས་ཅད་ཁ་དོག་སྣ་ཚོགས་སུ་འགྱུར་ཏེ། གཞོན་ནུའི་གཟུགས་འཛིན་ཅིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱེད་དོ། །ཞི་བའི་བློ་གྲོས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་རྒྱལ་བའི་དབང་པོ་འདི་ཡང་། གཞོན་ནུའི་ཆོ་ག་མེད་པ་དང་། ཡོ་བྱད་མེད་པ་དང་། རི་མོའི་གཟུགས་མེད་པར་བདག་ཉིད་རང་བཞིན་གྱིས་འགྲུབ་བོ། །ཅི་ སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན་ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་བཟང་པོར་རྟོགས་པ་ལ་རིན་ལ་མི་བརྩེགས་པར་རྒྱུ་སྐུད་ཉོས་ལ། རྡོ་རྗེ་དྲག་པོ་ཆེན་པོའི་སྙིང་པོས་བསྲུང་བའི་ཆོ་ག་བྱས་པས་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ། མེ་ཏོག་བཀྲམ་པར་ ཐག་པ་ཡན་ལག་ཡོངས་སུ་ཚང་བ་དགེ་བའི་མིང་ཅན་གསོ་སྦྱོང་བཟུང་བ། ཟས་དཀར་གསུམ་ཟ་བ། དབང་པོ་དུལ་བ། ཆོས་དང་ལྡན་པ། རྟག་ཏུ་ཆོས་ལ་དགའ་བ་ཞིག་ཐགས་འཆའ་བའི་རྣམ་ལྔས་བསྐུས་པ་དག་གིས། སྐྲ་མ་ཤོར་བ་རས་ཁྲུ་ལྔའམ་དྲུག་པ་ཞིག་ འཐག་ཏུ་གཞུག་གོ། །ཁྲུས་བྱས་ཤིང་བྱུག་པས་བྱུགས་ལ་ཐོད་ཟེའུ་ཀ་བཅིངས་ཤིང་དྲི་ཞིམ་པོ་དང་། དྲི་དང་ལྡན་པར་བྱས་པས་མཆོད་པ་རྒྱ་ཆེར་བྱས་ལ། ཨ་ག་རུའི་བདུག་པ་བསྲེགས་ཤིང་ཐག་པ་ལ་ཡོན་བཟང་དུ་བྱིན་ལ་དགྲོལ་བར་བྱའོ། །བཀྲོལ་ནས་ཀྱང་འཁོར་ལོས་ སྒྱུར་བ་ཆེན་པོའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ས་ཕྱོགས་གཙང་མ་མེ་ཏོག་སིལ་མ་བཀྲམ་པ། སྤོས་དང་བདུག་པས་བདུགས་པར་སྤོས་ཀྱི་ཆུའི་ནང་དུ་བཅུག་སྟེ་ཞག་བདུན་བཞག་གོ། །དེ་ནས་ཕྱུང་ལ་ཉི་མ་ལ་སྐམ་མོ། །དེ་ནས་ག་བུར་དང་། གུར་གུམ་དང་བསྲེས་པའི་ཕྱེ་ མ་འཇམ་པོས་རས་ལ་ལན་མང་དུ་བསྒོ་བར་བྱའོ། །ཀླུ་ཤིང་དང་། ཙམ་པ་ཀ་དང་། སྐྱ་སྣར་ལ་སོགས་པའི་མེ་ཏོག་གིས་ཀྱང་བསྒོ་བར་བྱའོ། །སྨྱུང་བ་བྱས་པས་ཚེས་གྲངས་ངན་པ་དང་། མི་མཐུན་པར་འཇུག་པའི་ཉེས་པ་དང་བྲལ་ཞིང་། ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་བཟང་པོ་ལ་རོལ་མོའི་སྒྲ་སྣ་ཚོགས་མང་པོ་འབྱིན་པ། ཤིས་པ་བརྗོད་པ་ཡོད་པ་མེ་ཏོག་བཀྲམ་པའི་དཀྱིལ་འཁོར་དུ་མཆོད་པ་རྒྱ་ཆེར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་གསོལ་བ་བཏབ་སྟེ། སྔ་མ་བཞིན་དུ་རི་མོ་མཁན་རྡོ་རྗེ་ཆེན་པོའི་ དཀྱིལ་འཁོར་དུ་ཞུགས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེ་དང་ལྡན་པ། །མཁས་པ་སྙོམ་ལས་མེད་པ། དད་པ་དང་ལྡན་པ། གོས་གཙང་མ་བགོས་པ། ཁ་ཟས་རན་པར་ཟ་བ། བསྲུང་བ་བྱས་པ་ཞིག་ཚོན་པིར་སར་པ་