Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 086_རྒྱུད་འབུམ།_ཐ

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
།ནོར་རྒྱས་བུ་ཡིས་སྐ་རགས་བྱས། །ཐོད་པ་རློན་པའི་ཕྲེང་བ་ནི། །མཆོད་ཕྱིར་ཐོགས་སུ་སྤྲས་པ་ནི། །དཔའ་བོ་ན་བཟའ་ངུར་སྨྲིག་བསྣམས། །རིན་ཆེན་རྡོ་བའི་སྟེང་དུ་ནི། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །
འོག་ཏུ་བགེགས་ནི་བྲི་བར་བྱ། །བསྲེགས་པས་འབར་བར་གྱུར་པ་ཡིས། །མྱོགས་པོ་རུ་ནི་གྱུར་པའོ། །རྩ་དང་རྒྱུ་མ་རྣམ་པར་འབྱུང་། །ཁྲག་འཛག་ལྟ་བུར་གནས་པ་ཡིན། །འོག་ཏུ་བློ་ལྡན་སྒྲུབ་པ་པོ། །པུས་མོ་དག་ནི་ས་ལ་བཙུགས། །སྤོས་ཀྱི་སྣོད་ཀྱིས་བྲེལ་བའི་བདག །
མཆོད་ཡོན་སྣོད་ནི་འཛིན་པར་བརྩོན། །འདི་ནི་རས་བྲིས་རབ་མཆོག་ཏུ། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་གསུངས། །རས་བྲིས་འདི་ཡིས་དེ་མ་ཐག །སྔགས་པའི་མ་གྲུབ་པ་ཡང་འགྲུབ། །ཁྲོ་བོའི་རྒྱལ་པོ་ངོ་མཚར་བ། །ཐམས་ཅད་གདུང་བྱེད་ཡང་དག་བྲི། །ཤེས་རབ་
ཆེན་པོས་རི་མོ་མཁན། །སྟོན་མོ་དྲངས་ཏེ་ཡོན་ཡང་སྦྱིན། །པིར་ནི་སར་པའི་མཚན་མ་དང་། །རྫ་མཁན་སྣོད་ནི་སར་པ་སྟེ། །མཚན་མ་བྱེ་བྲག་ཕྱེད་པའོ། །ཡང་ན་ཐམས་ཅད་འབྱུང་བ་ཡིན། །དེ་ལྟར་ཐམས་ཅད་གྱུར་བལྟས་ནས། །དྲི་ཡི་རས་ཀྱིས་དགབ་པར་བྱ། །

ས་སྟེངས་ཤིན་ཏུ་གསང་བ་སྟེ། །སུ་ལའང་བསྟན་པར་མི་བྱའོ། །གང་གིས་ཁྲོ་བོ་འདི་མཐོང་བ། །མི་ཤེས་དྲན་པ་འཁྲུལ་བར་འགྱུར། །སྐྱེ་བོ་ནད་ཀྱིས་འཁྲིགས་ནས་ནི། །དེ་མ་ཐག་ཏུ་བརླག་པར་འགྱུར། །སྔགས་པ་དངོས་གྲུབ་འདོད་པ་ཡིས། །རྟག་ཏུ་བག་ཡོད་པར་གྱུར་
པས། །སྔགས་པས་རྟག་ཏུ་རས་བྲིས་འདི། །རྟག་པར་རྒྱུན་དུ་བསྲུང་བར་བྱ། །སྔགས་ཀྱི་སློབ་དཔོན་དག་གིས་བཤད། །རྫོགས་པའི་སངས་རྒྱས་དཔའ་བོ་རྣམས། །འདི་རྣམས་བསམ་གྱིས་མི་ཁྱབ་པའི། །ཡོན་ཏན་རབ་ཏུ་སྒྲུབ་པར་བྱེད། །ས་སྟེངས་དཀྱིལ་འཁོར་རྩ་བའི་
སྔགས། །ཡོན་ཏན་གནས་སུ་གྱུར་པ་ཡིས། །དེ་དག་ཐམས་ཅད་བསྒྲུབ་པར་བྱ། །གསང་སྔགས་མ་ལུས་བསམ་མི་ཁྱབ། །བསམ་གྱིས་མི་ཁྱབ་འབྲས་བུ་འབྱུང་། །གསང་སྔགས་སྐུ་ཆེན་ཁྲོ་བོ་འདི། །བཅོམ་ལྡན་ཐུབ་པ་ཞེས་ནི་བྱ། །ཁྲོ་བོའི་རྒྱལ་པོ་བློ་ལྡན་གྱིས། །
གསང་སྔགས་འདི་ནི་བཀླགས་པས་འགྲུབ། །ཁྲོ་རྒྱལ་འདི་ནི་བསམ་མི་ཁྱབ། །སྔགས་ཀྱང་བསམ་གྱིས་མི་ཁྱབ་འདོད། །ཐམས་ཅད་བསམ་མེད་གོ་འཕང་འཐོབ། །བཀླགས་པས་འགྲུབ་པར་གསུངས་པ་ཡིས། །སྔགས་པ་བདག་གིས་མི་ནུས་སོ། །སྔགས་པ་བློ་དང་
ལྡན་པ་ནི། །གལ་ཏེ་མཚམས་མེད་ལྔ་བྱས་ཀྱང་། །སྐྱེ་བོ་དེ་ཡི་བསམ་པ་ནི། །ཡོངས་སུ་རྫོགས་པར་བྱེད་པ་ཡིན། །དེ་བས་རྣམ་པ་ཐམས་ཅད་དུ། །སྔགས་འདི་འབྲས་བུ་བསམ་མེད་འབྱུང་། །རྟག་ཏུ་མངོན་པར་སྦྱངས་གྱུར་ན། །སྔགས་པའི་འབྲས་བུ་བསམ་མེད་འབྱུང་། །
རས་བྲིས་གཉིས་པར་གྱུར་པ་ནི། །བཤད་ཀྱིས་ཕན་པའི་སེམས་ཀྱིས་ཉོན། །ཡོན་ཏན་རྒྱ་ཆེ་བསམ་མི་ཁྱབ། །རྫོགས་སངས་རྒྱས་ཀྱིས་ཡང་དག་གསུངས། །ངུར་སྨྲིག་རས་ནི་བླངས་ནས་སུ། །དྲི་ཡི་ཆུ་ཡིས་ཡོངས་སུ་དགང་། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །གསོ་སྦྱོང་
སྨྱུང་བ་ལ་སོགས་མེད། །རི་མོ་མཁན་བཟང་བཙལ་ནས་སུ། །མཁས་པས་རི་མོ་བྲི་བར་བྱ། །སངས་རྒྱས་མགོན་པོ་རྫོགས་སངས་རྒྱས། །ཏིང་ངེ་འཛིན་རྣམས་རིམ་བྲལ་བ། །འཁོར་ལོས་སྒྱུར་བར་གྱུར་པའི་སྐུ། །འོད་ཟེར་སྣ་ཚོགས་ཉམས་པའི་འོད། །བྱང་ཆུབ་དཔག་

བསམ་ཤིང་དང་ནི། །གདུགས་དང་རྒྱལ་མཚན་རྣམ་པར་བརྒྱན། །ལོགས་སུ་འདབ་ཆགས་རྒྱལ་པོ་ནི། །སྙིམ་པ་མེ་ཏོག་གིས་བཀང་བྱ། །གཡས་ན་བཞུགས་པའི་དཔའ་བོ་ནི། །ཐུབ་པ་ཆེན་པོ་འཇིག་རྟེན་གཙོ། །སྣ་ཚོགས་པ་ཡི་རྒྱན་གྱིས་བརྒྱན། །བླ་
གོས་ཕྲག་པ་གཅིག་ཏུ་གཟར། །ཐལ་མོ་སྦྱར་ཏེ་འདུད་པ་ནི། །རྟག་ཏུ་བཞུགས་པ་བལྟ་བར་བྱ། །གཡོན་གྱི་དྲུང་ན་བཞུགས་པ་ནི། །སྙེམས་ཚུལ་དང་བཅས་ཞལ་བཞད་པ། །གཡས་ཀྱི་ཕྱག་གིས་སྤྱི་བོར་ནི། །རྡོ་རྗེ་འདི་ནི་རབ་འབར་བསྣམས། །དཔའ་བོ་ཆེན་པོ་ཅོད་པན་
ཅན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རས་བྲིས་ཆ་ཡི་མཚན་མ་ནི། །བསམ་པ་ཐམས་ཅད་རྫོགས་པར་བྱེད། །འོག་ཏུ་ཁྲོ་བོ་མི་གཡོ་བ། །རལ་གྲི་ཞགས་པས་རྣམ་པར་བརྒྱན། །རྡོ་བ་དམར་པོའི་གདན་སྟེང་ན། །འོད་ཟེར་ཚོགས་ཀྱི་ནང་ན་བཞུགས། །འབར་
བའི་འོད་ཀྱིས་ཁོར་ཡུག་བསྐོར། །མཆུ་ཡིས་མཆུ་མནན་ཟུར་མིག་གཟིགས། །བགེགས་ཀུན་སྲེག་པར་གྱུར་པ་ནི། །དུས་ཟད་མེ་འོད་ལྟ་བུར་འབྱུང་། །སྒྲུབ་པ་པོ་ནི་དངོས་སོང་བལྟ། །སྤོས་ཀྱི་ཁང་བུ་ལག་ན་ཐོགས། །པུས་མོ་གཉིས་ནི་ཡང་དག་བཙུགས། །རྒྱལ་བའི་སྲས་
ལ་སེམས་སོང་བ། །དེ་ཡི་འོག་ཏུ་ཁྲོ་བོ་གཙོ། །ཁམས་གསུམ་བརྟན་པར་རྣམ་པར་གནོན། །བཀའ་གནང་བ་ཡི་ལམ་གྱུར་ཅིང་། །དེ་བཞིན་གཤེགས་པ་ལ་གཟིགས་པ། །རིན་ཆེན་སྣ་བདུན་རང་བཞིན་དང་། །སྡོང་བུ་རྒྱས་ལ་ཟེ་བར་བཅས། །འཛིན་པའི་ཀླུ་ཡི་བུ་མོ་ནི། །
དེ་བཞིན་གཤེགས་པ་ལྟ་བུར་འགྱུར། །པདྨ་དཀར་པོ་མགོན་པོ་ནི། །འཇིག་རྟེན་གཙོ་བོ་ཐུགས་རྗེའི་བདག །པདྨ་དམར་པོ་ཡང་དག་བཤད། །བདེ་གཤེགས་ལས་བྱུང་རྡོ་རྗེ་ཅན། །དེ་ལྟར་འདི་དག་ཀུན་བྱས་པའི། །རས་བྲིས་རྒྱལ་པོ་རྫུ་འཕྲུལ་ཆེ། །རས་བྲིས་འདི་ནི་མཐོང་
བ་ཡིས། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །རྟོག་པའི་ཞགས་པ་འཇིགས་པས་འཁྲིགས། །ངན་སོང་རྣམས་ནི་རྒྱུན་ཆད་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །རྒྱལ་བ་སྐྱེས་མཆོག་འབྱུང་བར་འགྱུར། །གཟའ་རྣམས་ཀུན་གྱིས་གཟུང་བ་དང་། །ནད་རྣམས་

ཀུན་གྱིས་ཉེན་པ་དང་། །འཇིགས་པ་ཀུན་གྱིས་འདིར་ཟིན་རྣམས། །ཆོ་ག་མཐོང་བས་གྲོལ་བར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བར་འགྱུར། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །རྟག་ཏུ་རས་བྲིས་བལྟ་བར་བྱ། །རྟག་ཏུ་བག་
ཡོད་པར་གྱུར་ནས། །གཙང་ཞིང་ཚུལ་ཁྲིམས་རྣམ་པར་བརྒྱན། །རས་བྲིས་ཡང་དག་མཆོད་བྱས་ནས། །དེ་ཡི་ཚེ་ན་སངས་རྒྱས་འཐོབ། །དེ་ནས་རྡོ་རྗེ་འཆང་ཆེན་བདག །ཐུགས་ནི་རྣལ་འབྱོར་གཅིག་པུར་བཞུགས། །སེམས་ཅན་བདེ་བ་སྟེར་བ་ཡི། །འདོད་པར་གྱུར་པའི་རྟོག་པ་
གསུངས། །ཞི་བ་དང་ནི་རྒྱས་པ་དང་། །དབང་དུ་བྱ་དང་མངོན་སྤྱོད་དེས། །ལས་འདི་མདོ་རུ་བསྡུས་ནས་ནི། །སྔགས་པས་ས་སྟེངས་དཀྱིལ་འཁོར་དུ། །རས་བྲིས་སྒྲུབ་པར་འདོད་པ་ནི། །རྫུ་འཕྲུལ་ཆེ་དེ་རྟག་ཏུ་ཉོན། །དཔའ་བོ་གཅིག་གི་བདག་ཉིད་ཆེ། །གཙོ་བོ་བསྟན་པའི་དོན་
མཛད་པའི། །ལུས་ཅན་ཀུན་ལ་གསུངས་པ་ཡི། །དེ་ཡི་རྟོག་པ་ཡང་དག་བཤད། །མགོན་པོ་འཕྲལ་དུ་ལས་མཛད་པ། །རྟག་ཏུ་གདུལ་དཀའ་འདུལ་མཛད་པ། །རྒྱལ་པོ་ངན་པར་བཤད་པ་དང་། །བསྟན་ལ་གནོད་པ་བྱེད་པ་ཅན། །དེ་རྣམས་བརླག་པར་བྱ་བའི་ཕྱིར། །
ཁྲོ་བོ་འདི་ནི་རབ་ཏུ་སྦྱར། །གང་ཡང་འདི་རུ་གསུངས་པ་གཞན། །བསྟན་པ་ལ་ནི་གནོད་བྱེད་པ། །གནོད་སྦྱིན་སྲིན་པོ་གྲུལ་བུམ་དང་། །ལྷ་སོགས་མིའམ་ཅིར་བཅས་པ། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ནད་རྣམས་ཐམས་ཅད་རབ་ཏུ་
གྲོལ། །ཕ་རོལ་ཡུལ་འཁོར་རྣམ་པར་འཇོམས། །འདི་ན་དམག་དཔུང་བྱེད་འགྱུར་བ། །གདུག་པའི་སེམས་ཅན་བདུད་རྣམས་ལ། །ཁྲོ་བོའི་རྒྱལ་པོ་རབ་སྦྱར་ན། །བསམ་མི་ཁྱབ་པའི་སྟོབས་གནོན་ཏོ། །བསྐྲད་པ་དང་ནི་གསོད་པ་ཉིད། །འཇིག་རྟེན་གསུམ་པོ་བརླག་པའམ། །
རྟག་ཏུ་སྨྱོ་བར་བྱེད་པ་ན། །འདི་ནི་རྟག་ཏུ་སྦྱར་བར་བྱ། །མགོན་པོའི་རས་བྲིས་མཆོག་གང་གི། །ལག་ཏུ་ཆུད་པར་གྱུར་པ་ན། །དེ་ནི་ས་སྟེངས་སྙིང་པོ་རུ། །ལུས་ཅན་འཚོ་བ་འབྲས་བུ་བཅས། །དེ་ཚེ་དཀྱིལ་འཁོར་རབ་ཏུ་བཞུགས། །ཕྱག་རྒྱའི་ལས་ནི་རྣམ་པར་སྦྱར། །

གུས་པར་འཛིན་པའི་སྔགས་པ་ནི། །གཙང་ཞིང་ངང་ཚུལ་རྣམ་པར་བརྒྱན། །བླ་མ་མཉེས་པར་ཡང་དག་བྱེད། །ཆོ་གའི་རིམ་པ་ཡོན་ཕུལ་བ། །གསང་སྔགས་གང་ཡང་རུང་གཟུང་ནས། །ཕྱག་རྒྱ་སྦྱིན་པ་ཡོངས་སུ་གཟུང་། །བླ་མ་ལ་ནི་རྗེས་གནང་ཐོབ། །
ས་སྟེངས་སྒྲུབ་པ་བརྩོན་པར་བྱེད། །དུར་ཁྲོད་དང་ནི་རི་བོའི་རྩེ། །ལམ་གྱི་བཞི་མདོ་འམ་མཚན་མ་གཅིག །གང་དུ་ཡིད་ནི་ཉམས་དགའ་བའི། །གནས་དེ་ཉིད་དུ་བརྩམ་པར་བྱ། །སློང་མོ་གཅིག་པུའི་ཟས་ཟ་འམ། །ཡང་ན་རྩ་བ་འབྲས་སོགས་ཟ། །དབེན་ཞིང་ཅ་ཅོ་མེད་པའི་སར། །
དེ་རུ་འབུམ་ཕྲག་གཅིག་བཟླས་བྱ། །འབུམ་ཕྲག་ཡོངས་སུ་རྫོགས་ནས་ནི། །ཨ་པ་མརྒའི་ཡམ་ཤིང་སོགས། །མངར་གསུམ་དང་ནི་ལྡན་པར་བསྲེག །འབུམ་ཕྲག་གཅིག་ཏུ་ཚང་བ་ན། །དེ་ནས་ཟླ་བ་ཉ་ཡི་ནི། །དུས་ཚིགས་ཀྱི་ནི་སྔོན་དུ་བསྡད། །སྒྲུབ་ཐབས་འདི་ནི་
རྟོགས་པ་ཡིས། །བསྲུང་བའི་ཆོ་ག་ཚུལ་བཞིན་བྱ། །རལ་གྲི་ལ་སོགས་མཚོན་ཆ་གསུངས། །ཡང་ན་གང་ཡང་རུང་བ་གསུངས། །དེར་གནས་འདི་ནི་རབ་ཏུ་ཞུགས། །སྒྲུབ་པ་པོ་ཡི་གང་ཟག་བཞུགས། །ནམ་ཕྱེད་སྒྲ་ནི་བྱུང་བ་ན། །རས་བྲིས་མདུན་དུ་བཞུགས་སུ་གསོལ། །
གསང་སྔགས་བཟླས་ཏེ་ཐུན་གཞག་ལ། །འདི་ནི་ནང་གི་རྣམ་དག་གནས། །དེ་ནས་དེ་ཡི་མཚན་མ་ནི། །དེར་ནི་དུ་མ་འབྱུང་བར་འགྱུར། །སྙན་པའི་རྔ་ཡི་སྒྲ་མང་ནི། །ཡང་ན་མེ་ཏོག་ཆར་དུ་འབབ། །གནས་སུ་ལྷ་ཡི་བུ་འོངས་ཏེ། །སྣ་ཚོགས་རྔ་ཡི་སྒྲ་དང་ཡང་། །མིའམ་
ཅིས་ནི་རྣམ་བརྒྱན་པ། །གླུ་ནི་སྙན་པར་ལེན་པར་བྱེད། །ཚངས་དང་བརྒྱ་བྱིན་ལ་སོགས་ལྷ། །རྫུ་འཕྲུལ་ཆེན་པོ་དེར་འོངས་ནས། །མེ་ཏོག་གི་ནི་ཆར་ཡང་འབེབས། །འདུད་ཅིང་ཤིན་ཏུ་བཀའ་སྩོལ་ཞུ། །རིག་པ་འཛིན་པས་མེ་ཏོག་གི། །ཆར་པས་ས་སྟེངས་ཁེངས་པར་ཕབ། །
སྣ་ཚོགས་རྔ་ཡི་སྒྲ་དང་ནི། །རབ་ཏུ་བདེ་ཞིང་ཡིད་འཕྲོག་པ། །ས་སྟེངས་དེ་རུ་ཀུན་ཁེངས་པར། །གླུ་སྙན་པ་ཡི་སྒྲ་ཡང་ལེན། །བྱང་ཆུབ་སེམས་དཔའ་ཆེན་པོའི་བདག །ས་བཅུའི་གནས་ཀྱི་དབང་ཕྱུག་རྣམས། །བྱང་ཆུབ་སེམས་དཔའ་བློ་ལྡན་པས། །ཐུགས་རྗེ་ཅན་བདག་

བཀའ་སྩོལ་ཏེ། །དཔའ་བོ་ཆེན་པོ་བུ་ཁྱོད་ལེགས། །སྲིད་པའི་རྒྱ་མཚོ་རྣམ་པར་རྒལ། །བུ་ཁྱོད་བླ་མེད་གོ་འཕང་ནི། །རྟུལ་ཕོད་པ་ཡི་གནས་ཐོབ་པའོ། །བྱང་ཆུབ་སེམས་དཔའ་མཉམ་ཉིད་འགྱུར། །འགྲོ་ལ་གཅིག་པུ་ཕན་པར་འགྱུར། །བུ་ཁྱོད་སངས་རྒྱས་ཐམས་ཅད་དེ། །
སྐྱོན་རྣམས་ཐམས་ཅད་རྣམ་པར་སྤངས། །དེ་ནས་ཤར་གྱི་ཕྱོགས་ཆ་རུ། །གྲངས་མེད་དུ་མའི་ཚད་གྱུར་པ། །ལྷ་ཡི་བཞོན་པའི་མེ་ཏོག་ལྡན། །སླར་ཡང་དེ་ཡི་མདུན་ན་གནས། །རིན་ཆེན་གདུ་བུའི་དྲ་བ་ནི། །ཕྱོགས་ཀུན་དུ་ནི་ཀུན་དུ་གཏིབས། །མུ་ཏིག་གི་ནི་ཆུན་འཕྱང་ཅན། །
གདུགས་དང་རྒྱལ་མཚན་བ་དན་སྤྲས། །རིན་ཆེན་སྣ་ཚོགས་རང་བཞིན་གདུགས། །ཉི་མ་ལྟ་བུར་སྣང་བར་བྱེད། །སྟེང་དུ་རིན་ཆེན་བླ་རེ་ཡིས། །རི་བོའི་ཕྱོགས་དང་མཉམ་པར་ཕུབ། །བྱེ་བ་དུ་མའི་རིག་འཛིན་ནི། །ཀུན་ཀྱང་ལྷབ་ལྷུབ་རྒྱན་གྱིས་སྤྲས། །ཀུན་ནས་ཡོངས་སུ་བསྐོར་ནས་
ནི། །དེ་ཡི་མདུན་དུ་མོད་ལ་གནས། །སྔགས་པ་དངོས་གྲུབ་འདོད་པ་ཡིས། །ཕྱག་ན་རྡོ་རྗེ་དཔལ་དང་ལྡན། །དེ་ནི་མྱུར་བར་བཟླས་པར་བྱ། །རྫུ་འཕྲུལ་ཆེན་པོ་བྱོན་གྱི་བར། །བདག་ཉིད་ཆེན་པོ་དེར་བྱོན་ནས། །མཚན་མ་འདི་དག་འབྱུང་བར་འགྱུར། །ས་གཞི་རྣམ་པ་དྲུག་ཏུ་གཡོས། །
ས་གཞི་མེ་ཏོག་གཅལ་དུ་འགྲེམས། །ཆེ་བའི་བདག་ཉིད་སྣ་ཚོགས་དྲི། །ས་སྟེངས་རབ་ཏུ་ཞིམ་པོར་འགྱུར། །ཕྱོགས་བཞི་རུ་ནི་རྔ་ཡི་སྒྲ། །རོལ་མོ་ལ་སོགས་བརྡུང་བ་འབྱུང་། །ཧ་ཧ་ཞེས་སྒྲོགས་སྒྲ་ཆེན་པོ། །སྒྲ་ནི་ཕྱོགས་བཅུར་ཐོས་པར་འགྱུར། །དེར་བྱོན་བདག་ཉིད་ཆེན་པོ་ལ། །ཡིད་
ནི་དད་པར་གྱུར་པ་ཡིས། །མཆོད་ཡོན་ཞལ་བསིལ་བརྗོད་ནས་དབུལ། །དྲི་དང་མེ་ཏོག་རིམ་ཇི་བཞིན། །དེ་ནས་མྱུར་བར་བརྗོད་བྱ་བ། །ལེགས་པར་འོངས་སོ་བརྗོད་པར་བྱ། །སྡིག་པའི་དགྲ་ཡིས་ཟིན་པ་ན། །དཔའ་བོ་ཆེན་པོ་བདག་སྡུག་བསྔལ། །མགོན་ཁྱོད་བདག་ལ་བརྩེ་བར་
མཛོད། །དེ་ནས་བདག་ཉིད་ཆེན་པོ་འདི། །ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །སྔགས་པ་བློ་དང་ལྡན་པ་ལ། །སྙན་པའི་ཚིག་གིས་བཀའ་སྩལ་པ། །དཔའ་བོ་ཆེན་པོ་བུ་ཁྱོད་ལེགས། །རྙེད་པར་དཀའ་བ་ཁྱོད་ཀྱིས་མཐོང་། །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེ། །བུ་ཁྱོད་ཀྱིས་ནི་འདི་བསྒྲུབས་

པས། །ཤིན་ཏུ་སྡུག་བསྔལ་ལང་ལོང་འཁྲིགས། །འཁོར་བའི་རྒྱ་མཚོ་ལས་ཁྱོད་བརྒལ། །སླར་ཡང་སྐྱེ་བའི་འཇིགས་པ་མེད། །འཆི་བའི་འཇིགས་པ་འཇིགས་རུང་མེད། །རྫོགས་སངས་སེམས་ཅན་མཉེས་གཤིན་པ། །བདག་ཉིད་ཆེན་པོ་རྣམས་མཐོང་བ། །
ཕྱོགས་བཅུ་དག་ན་བཞུགས་པའི་མགོན། །རྟག་ཏུ་དམ་ཆོས་གསུང་བར་འགྱུར། །དེ་ལྟར་རིག་ནས་འདི་ཡིས་ནི། །བདག་ཉིད་ལག་པ་ནས་གཟུང་སྟེ། །བདག་ཉིད་ཆེན་པོའི་བཞོན་པ་ནི། །བསམ་མེད་ཡོན་ཏན་ཀུན་འབྱུང་བ། །བསྐྱོན་དེར་གནས་པར་གྱུར་ནས་ནི། །སྔགས་ཤེས་ཇི་
ཙམ་འདོད་ཀྱི་བར། །སངས་རྒྱས་ཞིང་རྣམས་སྟོན་པར་བྱེད། །སེམས་དཔའ་བསོད་ནམས་ཉེར་འཚོ་བས། །དེ་ཙམ་ཚམ་ཚོམ་མེད་པར་འགྲོ། །དེ་ནས་དེ་ཚེ་ཆེ་བའི་བདག །ལྷ་ཡི་བཞོན་པ་མཛེས་པ་ལ། །དེ་རུ་བསྐྱོན་པར་གྱུར་ནས་ནི། །དེ་ནས་རྡོ་རྗེ་ཅན་གྱུར་པ། །མི་གཡོ་རྫུ་འཕྲུལ་
ཆེ་ལྡན་ཚིམ། །དེ་ནས་ལྷ་ཡི་བཞོན་པ་བཅིབས། །རིག་པ་འཛིན་པའི་ཚོགས་ཀྱིས་བསྐོར། །གླུ་ཆེན་རྔ་ཡི་སྒྲ་དང་ནི། །རིག་པ་འཛིན་པའི་གླུ་སྒྲ་སྒྲོགས། །བྱེ་བ་དུ་མ་བསམ་མེད་པའི། །རིག་པ་འཛིན་པའི་མཁའ་ལྡིང་གིས། །དེ་ཡི་ཚེ་ན་བསྐོར་ནས་གྲོལ། །འདི་ནི་སངས་རྒྱས་
ཞིང་རྣམས་སུ། །རིག་པ་འཛིན་པ་ཐམས་ཅད་ཀྱི། །འཁོར་ལོས་སྒྱུར་བའི་མཁའ་ལྡིང་ཡིན། །བསམ་གྱིས་མི་ཁྱབ་ཡོན་ཏན་བརྙེས། །བསྐལ་པ་གྲངས་མེད་པ་རུ་འཚོ། །ཉི་མ་དང་ནི་ཟླ་བའི་འོད། །དཔལ་ལྡན་གདུལ་དཀའ་འདུལ་མཛད་པ། །བློ་བཟང་གིས་ནི་ཀུན་སྤྱད་ན། །
སངས་རྒྱས་ཞིང་ནི་གྲངས་མེད་ན། །མཆོད་གནས་འདི་ནི་སྣང་བར་བྱེད། །བསམ་མེད་པ་ཡི་དམ་ཆོས་ཉན། །བློ་ལྡན་གང་ཞིག་ཐོས་གྱུར་པས། །སངས་རྒྱས་ཡོན་ཏན་བསམ་མེད་འབྱུང་། །ཁྲོ་བོའི་རྒྱལ་པོ་བློ་ལྡན་པའི། །དངོས་གྲུབ་འདི་ནི་ཡང་དག་བཤད། །གཞན་ཡང་
གཞན་ལ་ཅི་རིགས་པར། །མཚུངས་མེད་སྲུང་བར་བྱེད་དེ་ཉོན། །རས་བྲིས་གཉིས་པ་འདི་ཡིས་ནི། །བསམ་གྱིས་མི་ཁྱབ་གྲངས་མེད་ལས། །རྫོགས་པའི་སངས་རྒྱས་ཁྱེད་ཀྱིས་མཁྱེན། །ཤཱཀྱ་ཞེས་བྱ་བས་ནི་གསུངས། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་མངོན་སྤྱོད་

དེ་བཞིན་དུ། །རས་བྲིས་གཉིས་པར་ཚུལ་བཞིན་དུ། །ཇི་ལྟར་རིགས་པར་བྱ་བ་ཡིན། །རས་བྲིས་གཉིས་པ་འདི་ཡིས་ནི། །རྒྱལ་བས་སྒྲུབ་ཐབས་གང་གསུངས་པ། །གལ་ཏེ་ས་སྟེངས་སྒྲུབ་བྱེད་ན། །འདི་ནི་ཉིད་དུ་ཆོ་གས་བསྒྲུབ། །སྒྲུབ་ཐབས་ཆོ་ག་བསམ་མི་ཁྱབ། །འདི་ནི་བསམ་མི་ཁྱབ་
པས་གསུངས། །འབྲས་བུ་བསམ་གྱིས་མི་ཁྱབ་པ། །རྫོགས་སངས་རྐང་གཉིས་མཆོག་གིས་གསུངས། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །འདི་ལས་སྨྱུང་བར་གནས་པ་མེད། །ལྷག་མ་ལྷག་མ་མིན་ཡང་རུང་། །སླར་ཡང་འབད་པས་བསྒྲུབ་པར་བྱ། །འབུམ་ཕྲག་གཅིག་ནི་བཟླས་
བརྗོད་ན། །མཚམས་མེད་ལྔ་བྱས་སྔགས་པས་ཀྱང་། །ལས་རྣམས་ཐམས་ཅད་ཀུན་ནས་སུ། །བདག་ཉིད་རྒྱལ་བའི་སྐྱེས་མཆོག་འགྱུར། །གསོ་སྤྱད་ལ་སོགས་དཱུར་བས་བྱས། །ཡང་ན་བརྗོད་དེ་བཏབ་པས་སོ། །རིམས་སོགས་ནད་ཀྱིས་བཏབ་པ་དང་། །གདུག་པ་རྣམས་གསོ་བྱེད་
པ་དང་། །ནད་རྣམས་ཀུན་གྱིས་ཟིན་པ་དང་། །གཟའ་ཀུན་གྱིས་ནི་རབ་གཟིར་བ། །རས་བྲིས་སྤྱན་སྔར་རབ་གཞག་སྟེ། །ཁྲོ་བོའི་སྔགས་ཀྱིས་བསྔགས་པའོ། །བུམ་པ་ཆུ་ཡིས་ཡོངས་བཀང་ནས། །ནད་ཀྱིས་བཏབ་པའི་མི་ཁྲུས་བྱ། །མཆོག་ཏུ་བདེ་བ་སྦྱིན་པ་ན། །དེ་རྣམས་རྣལ་
མར་སོས་པར་འགྱུར། །ས་སྟེངས་གདོན་གྱིས་ཟིན་པ་ཡི། །སྦྱིན་སྲེག་དག་ནི་ཡང་དག་གསུངས། །དཱུར་བ་མངར་གསུམ་གྱིས་བཏགས་པ། །གདོན་རྣམས་ཞི་ཕྱིར་སྦྱིན་སྲེག་བྱ། །སྲིན་པོ་ཡང་ནི་བཤད་པ་དང་། །མཁའ་འགྲོ་མ་དང་རྫུ་འཕྲུལ་ཆེ། །ཤ་ཟ་དང་ནི་གྲུལ་བུམ་དང་། །
མ་མོ་རྫུ་འཕྲུལ་ཆེ་གསུངས་པ། །གཞན་ཡང་གདུག་པ་བྱེད་པ་ཡིས། །ས་སྟེངས་སེམས་ཅན་འཚེ་བྱེད་གང་། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ནད་རྣམས་དང་ནི་གདོན་དག་ལ། །སྨན་གྱི་ཤིང་གི་ཡམ་ཤིང་ནི། །ཨ་རུ་སྐྱུ་རུ་ལ་སོགས་པས། །
སྦྱིན་སྲེག་འདི་ནི་རབ་ཏུ་སྦྱར། །རྒྱལ་སྲིད་ཐོབ་པར་འདོད་པ་ཡིས། །ས་གཞི་སྟེང་ན་གནས་པ་གང་། །དེ་ཡི་ཆོ་ག་འདི་ནི་མཆོག །པདྨའི་ཆོ་ག་སྦྱིན་སྲེག་རིམ། །པདྨ་ཆུ་ལ་འབུམ་ཕྲག་གཅིག །མངར་གསུམ་གྱིས་བཏགས་འདོད་པ་ཡིས། །རས་བྲིས་སྤྱན་སྔར་སྦྱིན་སྲེག་བྱ། །རྒྱལ་པོ་

འདོད་པར་གྱུར་པ་ཡིས། །ཆོ་ག་ཡང་དག་ཚུལ་བཞིན་བྱ། །བློན་པོ་ཐོབ་པར་འདོད་ན་ནི། །དེ་ཡི་ཆོ་ག་འདི་ནི་བཤད། །ཀུ་མུ་ད་ནི་འབུམ་ཕྲག་གསུམ། །འབྲས་བུ་འདོད་པས་སྦྱིན་སྲེག་བྱ། །དེ་ནི་རྒྱལ་པོའི་བློན་པོ་ཉིད། །གང་ཞིག་འདོད་པས་འགྲུབ་པར་འགྱུར། །
ཨ་པ་མརྒ་འབྲས་དག་ནི། །མངར་གསུམ་གྱིས་ནི་བཏགས་ནས་སུ། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །ཡུལ་གྱི་བདག་པོའམ་གྲོང་ཁྱེར་འཐོབ། །དྲི་ཞིམ་རྫས་རྣམས་འབུམ་ཕྲག་བདུན། །རས་བྲིས་མདུན་དུ་སྦྱིན་སྲེག་བྱ། །དེ་ནས་སྔགས་པའི་ཡིད་ལ་ནི། །ཅི་འདོད་པ་
ནི་ཐོབ་པར་འགྱུར། །གལ་ཏེ་བུད་མེད་བུ་མེད་པས། །བུ་ནི་དོན་དུ་གཉེར་བྱེད་ན། །དཱུར་བ་ཏིལ་དང་འབྲས་སོགས་པས། །སྦྱིན་སྲེག་བྱས་ན་བུ་རྙེད་འགྱུར། །ཁྱོ་ནི་དབང་དུ་བྱེད་འདོད་པས། །དེ་ཡི་གཟེགས་མ་འབུམ་ཕྲག་བསྲེག །བདག་པོ་དབང་དུ་གྱུར་པ་ཡིན། །པདྨའི་ཟེ་བ་
པྲི་ཡང་ཀུ། །ཀ་ལི་ཀ་བཅས་བསྲེག་པར་བྱ། །མི་འཁྲུགས་པ་ཡི་ནོར་རྙེད་ཅིང་། །ཤིན་ཏུ་ཡིད་གཅུགས་འབྱུང་བ་ཡིན། །སོ་བའི་འབྲུ་ཡི་སྦྱིན་སྲེག་གིས། །ཡིད་འདོད་མི་ཟད་པ་རུ་བཤད། །འབྲས་ཀྱི་སྦྱིན་སྲེག་བྱས་པ་ཡིས། །མི་ཟད་པ་ཡི་ནོར་ཡང་འབྱུང་། །པདྨའི་ས་
བོན་བིལ་བའི་འབྲས། །ཀུ་མུ་ད་ཡི་འབྲས་བསྲེགས་ན། །དེ་ནི་མི་ཟད་ལོངས་སྤྱོད་འཐོབ། །འབྲས་བུ་ཐམས་ཅད་སྦྱིན་སྲེག་པས། །ས་གཞི་རྒྱལ་སྲིད་ཐོབ་པར་འགྱུར། །ཚྭ་དང་ནིམ་པའི་སྦྱིན་སྲེག་གིས། །དགྲ་བོ་དེ་མ་ཐག་ཏུ་འཆི། །དཔའ་བོ་གཅིག་པ་མཐོང་དཀའ་བའི། །
རས་བྲིས་ལེགས་པར་བཀྲམ་ནས་སུ། །དེ་ཡི་སྤྱན་སྔར་རབ་སྦྱར་བྱ། །གཉེན་པོ་གནོད་བྱེད་མངོན་སྤྱོད་ནི། །གནོད་སྦྱིན་ཆེ་དང་རྒྱལ་པོ་ཆེ། །ས་སྟེངས་རང་སེམས་སྙེམས་ཚུལ་ཅན། །མངོན་པའི་ང་རྒྱལ་ང་རྒྱལ་ཆེ། །གདུག་ཅིང་གདུག་པའི་ལས་བྱེད་པ། །དཀོན་མཆོག་གསུམ་ལ་
གནོད་བྱེད་དང་། །ཆད་རྟག་གསང་སྔགས་དམ་པ་སྤངས། །གསང་སྔགས་མཆོད་པར་མི་བྱེད་ཅིང་། །དེར་གུས་རྟེན་པ་སྨོད་པར་བྱས། །བཟླས་པས་སུན་ནི་འབྱིན་པ་སྟེ། །དེ་རྣམས་ཕ་རོལ་གནོན་པས་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེ་རྣམས་ཉིད་ལ་སྦྱར་བར་བྱ། །

སྡིག་པའི་ཡུལ་ཅན་ཆོས་མེད་པ། །འབྱུང་པོ་ཐམས་ཅད་སྲེག་པར་བྱེད། །དེ་རྣམས་ལ་ནི་ལས་སྦྱར་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །སྦྲུལ་གྱི་ཤུབས་ནི་བླངས་ནས་སུ། །དུག་དང་ལྷན་ཅིག་ཕྱེ་མར་བཏབ། །དེ་ནས་ནིམ་པའི་འདབ་བླངས་ལ། །དགྲ་བོའི་མིང་ནི་བྲི་བར་བྱ། །
དབེན་པའི་ས་ཕྱོགས་སུ་གནས་ཏེ། །དུག་གིས་རྟག་ཏུ་བྲི་བར་བྱ། །ཐོད་པ་ལྔ་ནི་བླངས་ནས་སུ། །ཡུངས་མར་གྱིས་བྱུགས་བཀང་ནས་ནི། །ནིམ་པའི་ཤིང་ལ་བློ་ལྡན་གྱིས། །ཆོ་ག་བཞིན་མེ་སྤར་བར་བྱ། །གསུམ་གྱིས་སྒྱེད་པུ་བྱས་ནས་སུ། །གཅིག་ནི་སྟེང་དུ་གཞག་པར་བྱ། །བཞི་པ་
ཡུངས་ཀར་གྱིས་བཀང་བ། །དེ་ཡི་སྟེང་དུ་གཞག་པར་བྱ། །སྦྲུལ་གྱི་ཤུབས་ནི་བླངས་ནས་སུ། །མི་དེ་ནང་དུ་གཞུག་པར་བྱ། །དུམ་བུ་རེ་རེར་གཏུབས་ནས་སུ། །ཐོད་པ་རེ་རེར་གཞུག་པར་བྱ། །བརྒྱ་རྩ་བརྒྱད་ནི་མངོན་བསྔགས་ནས། །རས་བྲིས་བྱང་དུ་ཞལ་གཟིགས་ཏེ། །སྔགས་པ་
ལྷོ་རུ་ཕྱོགས་པར་བྱ། །ཁྲོས་པས་ཙོག་ཙོག་པོར་འདུག་སྟེ། །སྐྲ་གྲོལ་བ་ཡི་ཁྲོ་བོ་ཉིད། །སྔགས་པས་གདུག་པ་གཙོ་བོར་བྱ། །ཐར་པར་གྱུར་གྱི་བར་དུ་ནི། །འདི་ནི་ཉིན་ཕྱེད་ན་བྱས་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །འཆི་ལྟས་ཀྱི་ནི་འདབ་མ་བླངས། །ཤུན་པའམ་ནི་རྩ་བར་
བཅས། །རང་གི་ཁྲག་ནི་ཉིད་དག་དང་། །ཡུངས་མར་དག་ནི་ཡང་དག་ལྡན། །ཚྭ་དང་རྒྱ་སྐྱེགས་ཉིད་དང་ནི། །འདི་དག་ཐམས་ཅད་གཅིག་བྱས་ཏེ། །དབེན་པ་ཡི་ནི་གནས་དག་ཏུ། །རས་བྲིས་བྱང་དུ་ཞལ་བསྟན་ཏེ། །སྔགས་པ་ལྷོ་ཡི་ཕྱོགས་སུ་ཕྱོགས། །མེ་ཡི་ཐབ་ཁུང་བྱས་ནས་
སུ། །ཚ་བའི་ཤིང་གིས་ཁྱད་པར་དུ། །ཡམ་ཤིང་ཡང་ནི་རབ་ཏུ་བྱ། །ཚ་བའི་ཤིང་ནི་འབའ་ཞིག་གིས། །དེ་ཉིད་ཀྱིས་ནི་སྦར་བར་བྱ། །སྟོབས་ཆེན་མེ་ཡི་ཐབ་ཁུང་དུ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །སྲེག་བླུགས་བདུན་དུ་བསྲེག་པར་བྱ། །དེ་ནི་ཁྲོ་བོའི་གཟུགས་ཅན་ཏེ། །དེ་རུ་
ཡེ་ཤེས་མེ་ནི་སྤར། །རལ་གྲིའི་ཕྱག་རྒྱ་བཅིངས་ནས་ནི། །མཁས་པས་སྔགས་ཀྱི་བཟླས་པ་བྱ། །ཁྲོས་པས་སྲེག་བླུགས་སྟོང་ཕྲག་བརྒྱད། །དེ་ཡི་ཐབ་ཏུ་དབུལ་བར་བྱ། །དང་པོ་བུ་ནི་འཆི་བར་འགྱུར། །གཉིས་པ་ལ་ནི་བཞོན་པར་བཅས། །གསུམ་པ་ལ་ནི་ཡུལ་འཁོར་ཀུན། །བཞི་

པ་ལ་ནི་རང་སྲོག་གོ། །བསྟན་པ་ཡི་ནི་ལས་འདི་ནི། །ཉི་མ་གཅིག་གིས་འབྱུང་བར་འགྱུར། །ཡང་ན་ཡུལ་འཁོར་འཇིག་པའམ། །ས་གཞིའི་བདག་པོ་འཆི་བར་འགྱུར། །རླུང་ནག་ཆར་པ་དེ་བཞིན་བདུད། །མེ་ཡིས་ཚིག་པར་ཡང་འགྱུར་ཏེ། །ཆར་ཆེན་མི་བཟད་པ་ཡི་རླུང་། །
རྡུལ་ཚུབ་ཆར་པ་འབྱུང་བར་འགྱུར། །ཕ་རོལ་དམག་ཚོགས་ཁྲོས་པས་འཚེ། །སྟག་དང་སེང་གེའི་མཆེ་བས་འདེབས། །ཕྱོགས་ཀུན་ནས་ནི་འབྱུང་བ་ཡི། །གནོད་པ་ཆེན་པོ་འབྱུང་བར་འགྱུར། །གདུག་པའི་ལས་ནི་བྱས་པ་ཡིས། །ཉི་མ་དེ་ལ་འབྱུང་བར་འགྱུར། །སྔགས་པ་དང་བ་མེད་པས་
ན། །དེ་ནི་ཞི་བར་ག་ལ་འགྱུར། །ཚངས་པ་ལ་སོགས་ལྷ་ཚོགས་དང་། །འཇིག་རྟེན་སྐྱོང་དང་རྫུ་འཕྲུལ་ཆེ། །འཇིག་རྟེན་པ་ཡི་ལྷ་ཀུན་དང་། །གང་ཡང་མ་མོར་བཤད་པ་གཞན། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་གནས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཆེན་པོ་སངས་
རྒྱས་དང་། །སྔགས་པས་ས་སྟེངས་གནས་པ་དང་། །དེ་ནི་བསྲུང་བར་མི་ནུས་ཏེ། །རྒྱལ་པོ་ཁྲོས་པར་གྱུར་པ་ཡིས། །དེ་ནི་བསྲུང་བར་མི་ནུས་སོ། །རང་གི་ཁྲག་གིས་ལན་ཚྭ་བཏགས། །ཚ་བ་ཡང་ནི་ཁྱད་པར་དུའོ། །བདག་ཉིད་ལྷོ་ཕྱོགས་སུ་བལྟས་ཏེ། །རས་བྲིས་བྱང་དུ་ཞལ་
ཕྱོགས་ལ། །མེ་ཡི་ཐབ་ཁུང་བྱས་པ་རུ། །ཚེར་མ་ཅན་གྱི་མེ་སྤར་ཏེ། །ཀུན་ནས་ཁྲོས་བཅས་གདུག་པ་ཡིས། །དེ་ནས་དགྲ་བོའི་མིང་བཟུང་ལ། །ཙོག་ཙོག་པུར་འདུག་ཡང་དག་བསྲེག །སྲེག་བླུགས་བདུན་ཕྲག་གསུམ་གཉིས་སམ། །སྟོང་ཕྲག་གསུམ་དུ་མངོན་བསྔགས་
ནས། །གདུག་པའི་ལས་ཀྱིས་སྦྱིན་སྲེག་བྱ། །དང་པོ་ལ་ནི་བུ་ཡིན་ཏེ། །གཉིས་པ་ལ་ནི་ཆུང་མར་བཤད། །གསུམ་པ་ལ་ནི་བདག་ཉིད་འགྲོ། །བཞི་པ་ལ་ནི་བཞོན་པ་དཔུང་། །ལྔ་པ་ལ་ནི་རང་གི་ཡུལ། །དྲུག་པ་ལ་ནི་རིགས་རྒྱུད་གཉེན། །བདུན་པ་ཐེ་ཙོམ་མེད་པར་ནི། །ས་
གཞིའི་སྟེང་དུ་ཐལ་བར་རློག །ཐུན་ཕྱེད་དང་ནི་དབྱུ་གུ་འམ། །ཉི་མ་ཕྱེད་ནས་ཁྲོས་པ་ཡིས། །ཐགས་ཟངས་རིས་ཀྱང་འཆི་འགྱུར་ན། །སྐྱེ་བོ་ཕྲ་མོ་ལྟ་ཅི་སྨོས། །གལ་ཏེ་བདེ་ལེགས་འགྱུར་འདོད་ན། །རང་གི་ཡུལ་འཁོར་ཕོ་བྲང་འདིར། །འོ་མའི་སྲེག་བླུགས་སྟོང་ཕྲག་གིས། །དེ་

མ་ཐག་ཏུ་རྣལ་མར་འགྱུར། །གསང་སྔགས་འཆང་བས་ས་སྟེངས་སུ། །རྟག་ཏུ་ཡུལ་མེད་བྱེད་འདོད་དམ། །དགྲ་བོ་མྱོས་པར་བྱེད་པ་འམ། །ཡང་ན་དབྱེ་བར་འདོད་པ་ན། །མི་རུས་ཕྱེ་མ་ཚྭ་དང་ནི། །སྐེ་ཚེ་དང་ནི་གནོད་སྦྱིན་འཁྲིགས། །རས་བྲིས་སྤྱན་སྔར་སྲེག་བླུགས་བྱ། །
སྲེག་བླུགས་བདུན་གསུམ་ཡང་ན་ལྷག །སྲེག་བླུགས་ལས་ནི་ཟིན་པ་ན། །ཐེ་ཚོམ་མེད་པར་མྱོས་པར་འགྱུར། །དེ་ནི་ཞི་བར་འདོད་པ་ན། །དཱུར་བའི་འདབ་མ་འོ་མས་བཏགས། །སྟོང་ཕྲག་གཅིག་ཏུ་སྲེག་བླུགས་བྱ། །གལ་ཏེ་སྔགས་པ་འདོད་པ་ན། །དེ་ཡི་ཚེ་ན་རྣལ་མར་འགྱུར། །
དུག་ཉིད་དང་ནི་ཁྲག་དང་ནི། །རུས་པའི་ཕྱེ་མ་ཡང་དག་ལྡན། །ནིམ་པའི་ས་བོན་ལྡན་པ་ནི། །ཡུངས་མར་གྱིས་བཏགས་མཉེ་བར་བྱ། །རས་བྲིས་བྱང་དུ་ཞལ་བལྟས་ལ། །མྱོས་བྱེད་ཤིང་གི་མེ་དག་ལ། །ཁྲོས་དང་ལྡན་པས་སྲེག་བླུགས་ནི། །ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱ། །བརྒྱ་
རྩ་བརྒྱད་ནི་སྔགས་བྱས་ནས། །སྟན་ལ་ཙོག་ཙོག་པུར་འདུག་ཅིང་། །སྲེག་བླུགས་ལས་ནི་རྫོགས་པ་ན། །དུ་བ་མེ་ནི་ཀུན་དུ་འཁྲིགས། །བུ་དང་ཕྱུགས་དང་གཉེན་བཅས་པའི། །དགྲ་ཡི་སྲོག་ནི་འཆད་པར་འགྱུར། །མི་ཡི་རུས་པའི་ཕྱེ་མ་བླངས། །དེ་ནས་ནིམ་པ་ལྔ་པར་བླང་། །
བདག་ཉིད་ཀྱི་ནི་ཁྲག་གམ་ནི། །ཡུངས་མར་གྱིས་ནི་བཏགས་བྱས་ལ། །རས་བྲིས་བྱང་དུ་ཞལ་ཕྱོགས་ཏེ། །སྲེག་བླུགས་བདུན་དུ་སྦྱིན་སྲེག་བྱ། །བུ་དང་ཕྱུགས་དང་ཉེ་དུར་བཅས། །དགྲ་སྲོག་དེ་མ་ཐག་ཏུ་སྐེམ། །སེམས་ཅན་གདུག་པའི་རྒྱལ་པོ་དང་། །གཞན་ཡང་ལྷ་ལ་
སོགས་པ་དང་། །མ་མོ་རྣམས་ཀྱིས་ས་སྟེངས་སུ། །སྔགས་པ་ལ་ནི་གནོད་བྱེད་པ། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །སྦྱོར་བ་འདི་ནི་བརྩམ་པར་བྱ། །སྐེ་ཚེ་དུག་གིས་དེ་བཞིན་བཏགས། །ནིམ་པའི་འབྲས་བུ་ཡང་དེ་བཞིན། །ཅི་རིགས་སྦྱིན་སྲེག་བྱས་གྱུར་ན། །དེ་མ་ཐག་
ཏུ་སྲོག་འཆད་འགྱུར། །རྩེ་གཅིག་པ་ཡི་ཡིད་ཀྱིས་སུ། །དེ་ཉིད་ཚོགས་རྣམས་མཉན་པར་གྱིས། །གང་གིས་འཕྲལ་དུ་འབྲས་བུ་འབྱུང་། །གསང་བའི་སྦྱོར་བ་བཤད་པར་བྱ། །ནིམ་པའི་འདབ་མ་དུག་གིས་བཏགས། །དེ་ལ་ཁྲག་གིས་མིང་བྲི་བྱ། །ཚ་བ་གསུམ་གྱིས་མེ་སྤར་ཏེ། །

སྔགས་པ་རྟག་ཏུ་ལྷོ་རུ་ཕྱོགས། །རས་བྲིས་བྱང་དུ་ཕྱོགས་པས་དགྲམ། །སྟན་ལ་ཙོག་ཙོག་པུར་འདུག་སྟེ། །ཁྲོས་པའི་ཡིད་ཀྱིས་བསྲེག་པར་བྱ། །སྲེག་བླུགས་བདུན་ལ་ཉི་ཤུ་སྔགས། །རིགས་རྒྱུད་ཕྱུགས་དང་གཉེན་བཅས་པའི། །དགྲ་བོ་དེ་ཡི་ཚེ་ན་འཆི། །དབྱུག་
གུ་ཕྱེད་དམ་ཡུད་ཙམ་ཅིག །གང་དུ་ལ་ལར་གནས་ནས་ནི། །སྔགས་པའི་དགྲ་བོ་གནོད་བྱེད་ལ། །སྦྱོར་བ་འདི་ནི་བརྩམ་བྱས་ན། །དགྲ་བོ་དེ་མ་ཐག་ཏུ་འཆི། །ཚིག་འདི་གཞན་དུ་མ་ཡིན་ནོ། །རང་གི་ཁྲག་གིས་ཚ་གསུམ་བཏགས། །དགྲ་བོ་ཡི་ནི་གཟུགས་བརྙན་བྱ། །བློ་ལྡན་ནིམ་པའི་འདབ་
མ་ལ། །མིང་བྲིས་གང་དུ་གཞུག་པར་བྱ། །ས་སྟེངས་ནིམ་པའི་ཤིང་ཡང་དག །མཁས་པས་རྣམ་པར་བླངས་ནས་སུ། །ཡང་དག་ཆོ་ག་ཤེས་པ་ཡིས། །དུག་གིས་བསྒོས་ཏེ་བྱུག་པར་བྱ། །ཆོ་ག་བཞིན་དུ་དུག་བྱུགས་ལ། །སྐད་ཅིག་དེ་ལ་སྤར་བར་བྱ། །སྔགས་པ་ལྷོ་རུ་ཕྱོགས་པ་དང་། །
རས་བྲིས་རྟག་ཏུ་བྱང་དུ་ཕྱོགས། །ཙོག་ཙོག་པུར་འདུག་རྒྱུད་ཁྲོས་པ། །འབར་ཞིང་མཆེད་པའི་མེ་ལྟ་བུར། །དགྲ་བོ་ཡི་ནི་མིང་སྨོས་ན། །དེ་ཉིད་ཀྱི་ཡང་བྱ་བ་ནི། །སྲེག་བླུགས་གསུམ་དུ་སྦྱིན་བསྲེགས་ན། །དགྲ་བོ་མོད་ལ་འཆི་བར་འགྱུར། །བུ་དང་རང་གི་རིགས་རྒྱུད་བཅས། །ཆུང་མ་དང་བཅས་
བུ་དང་གཉེན། །དེ་བཞིན་གཤེགས་པས་བསྲུངས་གྱུར་ཀྱང་། །དེ་མ་ཐག་ཏུ་ཐལ་བར་ལོག །གཅིག་གིས་བདག་ཉིད་བརླག་འགྱུར་ཏེ། །གཉིས་པ་ཡིས་ནི་ཆུང་མའོ། །གསུམ་པས་བུ་དང་གཉེན་ལ་སོགས། །འདིར་ནི་འཆི་བར་ཐེ་ཙོམ་མེད། །ནིམ་པ་བདག་ཉིད་ཆེན་པོ་ཡིས། །ཡན་ལག་ལྔ་
ནི་བླངས་ནས་ནི། །རང་གི་ཁྲག་དང་དུག་ལྡན་པ། །ནིམ་པ་ལྔ་ནི་བཏགས་ནས་སུ། །དེ་ཡི་གཟུགས་བརྙན་བྱས་པ་དང་། །དགྲ་བོའི་མིང་ནི་བྲིས་པ་དག །དེ་ནི་གཏུབས་ནས་སྲེག་བླུགས་ནི། །བརྒྱད་ཉིད་ཀྱང་ནི་བསྲེག་པར་བྱ། །བུ་དང་ཕྱུགས་དང་གཉེན་དུ་བཅས། །སྐྱེ་བོ་དེ་ཡི་མོད་ལ་
འཆི། །གལ་ཏེ་དགྲ་བོ་སྐྱོབ་བྱེད་པ། །བདེ་བྱེད་དེ་ནས་ཁྱབ་འཇུག་དང་། །ཚངས་པས་ཡང་དག་བསྲུངས་གྱུར་དང་། །མ་མོས་སྲུང་བར་བྱེད་པ་དང་། །གཞན་ཡང་སྙན་པར་གྲགས་པ་ཡི། །བརྒྱ་བྱིན་ལ་སོགས་ལྷ་དབང་གིས། །སྔགས་པས་དང་བ་མེད་པས་ན། །དེ་ཆེ་བསྲུང་བར་

མི་ནུས་སོ། །ཐུགས་བརྩེ་ལྡན་པའི་ཐུགས་ཀྱིས་ནི། །སྔགས་པ་གང་ཚེ་དང་བ་ན། །དཱུར་བ་དང་ནི་བསྲེས་པ་ཡི། །འོ་མའི་སྲེག་བླུགས་དེ་ཚེ་བསྲེག །མཆོག་ཏུ་བདེ་བ་གཏད་པས་ན། །དེ་ནས་རྣལ་མ་དག་ཏུ་འགྱུར། །གོས་རློན་པ་ནི་བླངས་ནས་སུ། །རྒྱ་སྐྱེགས་ཁུ་བས་རྣམ་པར་བཏགས། །
དུང་གི་ཕྱེ་མ་ཉིད་དག་དང་། །དུག་དང་སྐེ་ཚེ་ཡང་དག་ལྡན། །དབེན་པའི་གནས་སུ་འདུག་ནས་ནི། །ནིམ་པའི་ཤིང་ལ་མེ་སྤར་ཏེ། །གསང་ཤེས་གང་ཞིག་ཁྲོས་པ་དང་། །སྔགས་ཤེས་གཏུམ་པར་གྱུར་པ་ཡིས། །ཉི་མ་ཕྱེད་ཀྱི་ཆར་གནས་ནས། །སྲེག་བླུགས་བདུན་དུ་བསྲེགས་པ་ན། །
སྔགས་པ་དོགས་མེད་གསང་བར་གནས། །དེ་ནས་བརྗོད་པས་སྦྱིན་སྲེག་བྱ། །དང་པོ་སྲེག་བླུགས་སྦྱར་བ་ཡིས། །དུག་དང་ཕོལ་མིག་རྣམ་པར་ལྡན། །གཉིས་པ་ལ་ནི་ཉིན་བཞི་པ། །གསུམ་པ་ལ་ནི་རིམས་ཆེན་པོ། །བཞི་པ་ལ་ནི་ལུས་བསྐམས་འགྱུར། །ལྔ་པ་ལ་ནི་དྲན་པ་མེད། །
དྲུག་པ་ལྷག་མ་ཅུང་ཟད་ཙམ། །བདུན་པ་ལ་ནི་སྲོག་འགྲོ་བའོ། །སྔགས་པའི་ལས་ནི་འགྲུབ་བྱའི་ཕྱིར། །གསང་བ་འདི་ནི་བཤད་པ་ཡིན། །མདོར་བསྡུས་ནས་ནི་བཤད་བྱ་ཡིས། །རྫུ་འཕྲུལ་ཆེན་པོ་རྟག་ཏུ་ཉོན། །སྔགས་པ་དང་བ་མེད་པས་ན། །གཞན་དུ་ན་ནི་འཚོ་མི་ནུས། །ཇི་སྲིད་
སྔགས་པ་དང་མེད་པར། །དེ་ནི་གང་ལས་ཞི་བར་འགྱུར། །ཇི་སྲིད་སྔགས་རྒྱལ་མཉེས་པ་དང་། །ཐུགས་བརྩེས་བརླན་པ་དེ་ཡི་ཚེ། །ཞི་བ་རུ་ནི་འགྱུར་བ་ཡིན། །དུག་དང་ནིམ་པ་སྒོག་སྐྱ་དང་། །དུང་གི་ཕྱེ་མ་ཉིད་དང་ནི། །རས་བྲིས་ཉེ་བའི་དྲུང་དུ་ནི། །ཉི་ཤུ་ཐམ་པ་བསྲེག་པར་བྱ། །
གཉེན་དང་འཁོར་དང་ཕྱུགས་བཅས་པའི། །དགྲ་བོ་རྩད་ནས་བཅད་པར་འགྱུར། །གསང་སྔགས་འཛིན་པ་མ་གཏོགས་པ། །དེ་བཞིན་དེ་ཚེ་སུ་ཡིས་ནུས། །ཚ་བ་གསུམ་དང་ལན་ཚྭ་དང་། །དུག་དང་རང་སྐྱུར་བཅས་པ་དང་། །ཡུངས་མར་དང་ནི་སྐྲ་དང་ཡང་། །སྦྲུལ་གྱི་ཤུབས་ནི་ཉིད་
དག་དང་། །ནིམ་པའི་འདབ་མ་འབྲས་བུར་བཅས། །མི་ཡི་རུས་པའི་ཕྱེ་མ་དང་། །སྐེ་ཚེ་དང་ནི་དུང་ཕྱེ་དང་། །སྒོག་བཙོང་དང་ནི་སྒོག་སྐྱ་ཉིད། །འདི་རྣམས་ཕྱེ་མར་བྱས་ནས་སུ། །ཚེར་མའི་མེ་ལ་མཉམ་གཞག་པའི། །སྔགས་པས་དེ་ནི་སྲེག་བླུགས་བྱ། །དགྲ་བོའི་མིང་ནི་མྱུར་

སྨོས་ནས། །སྲེག་བླུགས་གཅིག་ནི་བསྲེགས་གྱུར་ན། །དགྲ་བོ་དེ་ནི་མོད་དུ་བརླག །གསུམ་དང་བདུན་དང་དེ་ནས་གཅིག །དགྲ་བོ་སྲེག་བླུགས་སྦྱིན་བསྲེགས་ན། །རང་གི་ཕ་ཚན་ཡུལ་འཁོར་བཅས། །ཉེ་དུ་ཕྱུགས་རྣམས་བརླག་པར་འགྱུར། །གལ་ཏེ་མཁས་
པས་དགྲ་བོ་ནི། །སྨྱོ་བར་བྱ་བར་འདོད་པ་ཡིས། །ཡན་ལག་གཟུགས་བརྙན་བྱས་ནས་སུ། །ལྔ་ནི་འབྲས་བུར་བཅས་པ་དང་། །དྷ་དུ་ར་ཡི་སྲེག་བླུགས་བདུན། །དེ་མ་ཐག་ཏུ་སྨྱོ་བར་འགྱུར། །ཚ་བ་གསུམ་དང་ལན་ཚྭ་ཉིད། །རྟག་པ་ཉིད་དུ་བསྲེགས་གྱུར་ན། །ནད་ཆེན་པོས་ནི་ཟིན་
གྱུར་ནས། །ཤིང་སྐམ་བཞིན་དུ་བསྐམས་པར་འགྱུར། །ཛམ་བི་ར་ལི་རང་སྐྱུར་བཅས། །རྒྱུན་དུ་བསྲེགས་པ་ཉིད་གྱུར་ན། །གྲང་བའི་རིམས་ནི་ཚབས་པོ་ཆེས། །དེ་མ་ཐག་ཏུ་འཇོམས་པར་འགྱུར། །ཞི་ལ་འོ་མའི་སྦྱིན་སྲེག་གིས། །ཐམས་ཅད་དུ་ནི་བརྗོད་པ་ཡིན། །ཁྭ་ཡི་སྒྲོ་ནི་བླངས་
ནས་སུ། །ཨེ་རཎྜ་ཡི་མར་ཁུས་བཏགས། །དྷ་དུ་ར་ཡི་མེ་ལ་ནི། །སྲེག་བླུགས་ཉི་ཤུ་ཐམ་པ་བསྲེག །ཁྭ་ཏ་བཞིན་དུ་ཕྱོགས་ཀུན་དུ། །དེ་མ་ཐག་ཏུ་དགྲ་བོ་འཁྱམ། །ལན་ཚྭ་དུག་དང་ཀུན་དུ་ལྡན། །མི་ཡི་རུས་པ་སྐེ་ཚེར་བཅས། །ཡུངས་ཀར་ཀུན་དུ་ལྡན་པ་རྣམས། །ནིམ་པའི་
མེ་ནི་མི་བཟད་པར། །དགྲ་བོའི་སྲེག་བླུགས་བྱས་གྱུར་ན། །དེ་མ་ཐག་ཏུ་ཐལ་བར་རློག །བ་ལང་མཁྲིས་པ་ལན་ཚྭར་ལྡན། །རྒྱ་སྐྱེགས་ཁུ་བར་བཅས་པ་རྣམས། །བསྲེགས་ན་དགྲ་བོ་ཉམས་ནས་ནི། །དེ་མ་ཐག་ཏུ་འཆི་བར་འགྱུར། །སྒེའུ་གཤེར་གྱི་ཁུ་བར་ལྡན། །དེ་བཞིན་ལན་ཚྭ་
ཚ་བ་གསུམ། །དེ་ཡིས་གཟུགས་བརྙན་བྱས་ནས་སུ། །དུར་ཁྲོད་ཀྱི་ནི་མགལ་དུམ་བླངས། །དེ་ཉིད་ལ་ནི་མེ་སྤར་ཏེ། །མིང་ནི་གཟུགས་བརྙན་ནང་དུ་གཞུག །གང་དུ་ཅུང་ཟད་ཅི་ཡོད་པ། །རྐང་པའི་རྩེ་མོ་ཐུག་པར་བསྲེག །ཡུལ་དང་ཡུལ་འཁོར་བཅས་པ་དང་། །འདིར་ནི་བུ་ཕྱུགས་
གཉེན་དུ་བཅས། །བདག་ཉིད་དང་ནི་ཆུང་མར་བཅས། །འདིར་ནི་མོད་དུ་ཐལ་བར་རློག །མཁས་པས་སོལ་བའི་ཐལ་བ་ཡིས། །དགྲ་བོའི་གཟུགས་བརྙན་བྲིས་ནས་སུ། །རྐང་པས་རབ་ཏུ་མནན་ནས་སུ། །ཀུན་ནས་ཁྲོས་པས་བཟླས་པ་བརྩམ། །གཟེར་ཟུག་ཚབས་པོ་ཆེས་འདེབས་

ཤིང་། །ཕོལ་མིག་ཆེན་པོ་འབྱུང་བར་འགྱུར། །ས་གཞི་ཀུན་དུ་མྱོས་འགྱུར་བར། །དེ་མ་ཐག་ཏུ་འགྱུར་བ་ཡིན། །གསང་སྔགས་འཛིན་པ་མ་གཏོགས་པ། །ས་སྟེངས་གཞན་མ་སུ་ཡིས་ནུས། །འོ་མ་ཅན་ཤིང་ཡམ་ཤིང་དང་། །དཀར་གསུམ་སྦྱིན་སྲེག་བྱས་པ་ཡིས། །སྐྱེ་བོ་དེ་ནི་
རྣལ་མར་འགྱུར། །སྔགས་པའི་བཀའ་དྲིན་བཟང་པོས་སོང་། །སྤངས་པ་རབ་ཏུ་བླངས་ནས་སུ། །མཁས་པས་ཁང་པ་སྟོང་པར་བྱ། །ནིམ་པའི་འདབ་མར་དགྲ་ཡི་མིང་། །ཐམས་ཅད་དུག་གིས་བྱུགས་ནས་སུ། །སླར་ཡང་རབ་ཏུ་བསྐམ་པར་བྱ། །ནིམ་པའི་འདབ་མར་དགྲ་ཡི་མིང་། །
རང་གི་ཁྲག་གིས་བྲིས་ནས་སུ། །དེ་ཡི་ནང་དུ་བཅུག་ནས་སུ། །རྒྱུས་པས་རབ་ཏུ་བསྒྲིམ་པར་བྱ། །ཚ་བ་གསུམ་གྱིས་མེ་སྤར་ཏེ། །སྲེག་བླུགས་གསུམ་དུ་སྦྱིན་སྲེག་བྱ། །སྔགས་པས་འཇིག་རྟེན་གསུམ་བརླག་ན། །གདུག་པའི་ས་བདག་སྨོས་ཅི་དགོས། །གལ་ཏེ་ཞི་བར་བྱེད་འདོད་
ན། །སྙིང་རྗེ་ཡིས་ནི་སེམས་བརླན་ཅིང་། །འོ་མ་ཅན་ཤིང་ཡམ་ཤིང་ནི། །འོ་མས་བཏགས་ནས་ཏིལ་དང་འབྲས། །སྲེག་བླུགས་བརྒྱ་རྩ་བདུན་བསྲེགས་ན། །དེ་མ་ཐག་ཏུ་ཞི་བར་འགྱུར། །བྱ་རྒོད་ཤ་དང་དེ་བཞིན་འུག །བྱི་ལ་ཡི་ནི་ཤ་རྣམས་དང་། །ནེའུ་ལེའི་སྤུ་ནི་བླངས་ནས་སུ། །
སྤུན་པའི་མེ་ལ་བསྲེགས་གྱུར་ན། །སྲེག་བླུགས་གསུམ་ཙམ་ཉིད་ཀྱིས་སུ། །མྱུར་བ་ཉིད་དུ་དབྱེ་བར་འགྱུར། །བྱ་རྒོད་རུས་པ་སྦྲུལ་རུས་རྣམས། །མི་ཡི་ཁ་ཡི་རུས་པ་རྣམས། །འདི་རྣམས་སེར་རྩིར་གཏུབས་ནས་སུ། །ཁྱིམ་གྱི་དྲུང་དུ་སྦས་ནས་ནི། །གལ་ཏེ་བདེ་བྱེད་ཀྱིས་བསྲུངས་
ཀྱང་། །དེ་མ་ཐག་ཏུ་དགྲ་བོ་བརླག །དུག་དང་བདག་ཉིད་ཁྲག་དང་ནི། །ལན་ཚྭ་ཚ་བ་གསུམ་དེ་བཞིན། །འདི་ཡིས་གཟུགས་བརྙན་བྱས་སུ། །དགྲ་བོའི་མིང་ནི་རབ་ཏུ་གཞུག །ནིམ་པའི་ཤིང་ལ་མེ་སྤར་ཏེ། །ཁྲོ་བོའི་མེ་ནི་ཡང་དག་མཆོད། །གང་དུ་ཅུང་ཟད་ཅི་ཡོད་པ། །སྲེག་
བླུགས་གསུམ་ནི་བསྲེག་པར་བྱ། །སྲེག་བླུགས་གཅིག་ནི་བྱས་པ་ཡིས། །བདག་ཉིད་བུ་དང་ཆུང་མའོ། །གཉིས་ཀྱིས་རང་གི་གཉེན་ཚོགས་ཉིད། །གསུམ་པས་ཡུལ་འཁོར་བཞོན་དཔུང་བཅས། །རང་བྱུང་བས་ནི་བསྲུངས་གྱུར་ཀྱང་། །ཐལ་བ་ཉིད་དུ་རློག་པར་འགྱུར། །བདག་

ཉིད་ཀྱི་ནི་སྟོབས་ཀྱིས་སུ། །རས་ནི་རློན་པ་ཀུན་དུ་བྱ། །བསྒྲུབ་བྱའི་མིང་ནི་སྨོས་ནས་སུ། །དེ་འོག་དེ་བཞིན་གཟུགས་བརྙན་བྱ། །མགོ་བོ་རྡོག་པས་རབ་མནན་ཏེ། །ཁྲོས་པས་ཡ་སོས་མ་མཆུ་མནན། །བརྒྱད་ཀྱི་ཆ་ནི་བཟླས་པ་ན། །ནད་ནི་ཆེན་པོས་འདེབས་
པར་བྱེད། །རིམས་དང་བརྒྱལ་བར་འགྱུར་བ་སྟེ། །མཆེར་པའི་ནད་དང་མཚན་བར་རྡོལ། །ནད་རྣམས་ཐམས་ཅད་ཀུན་དུ་ལྡན། །ཆུ་སྲི་བས་ནི་ཟིན་འགྱུར་ཞིང་། །རིགས་རྒྱུད་ཕྱུགས་དང་གཉེན་དུ་བཅས། །དགྲ་བོ་དེ་མ་ཐག་ཏུ་འགྱུར། །གསང་སྔགས་འཆང་བ་མ་གཏོགས་པ། །
གཞན་མ་ནུས་པ་སུ་ཞིག་ཡོད། །སྐྲ་དང་རྐང་པའི་སར་གནས་པ། །དགྲ་བོ་དེ་ནི་བླང་བར་བྱ། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །དུག་དང་སྐེ་ཚེ་བཅས་པ་རྣམས། །ཚེར་མའི་མེ་ལ་སྦྱིན་སྲེག་བྱ། །དགྲ་བོ་མོད་དུ་བརླག་པར་འགྱུར། །དགྲ་བོའི་རུས་པའི་ཕྱེ་མ་ནི། །དུག་དང་
རང་སྐྱུར་ཡང་དག་ལྡན། །དགྲ་བོའི་གཟུགས་ནི་བྱས་ནས་སུ། །ནིམ་པའི་ཤིང་ནི་མེར་བསྲེགས་ན། །གསོ་བར་མི་ནུས་ནད་ཀྱིས་ནི། །སྐྱེ་བོ་དེ་མ་ཐག་ཏུ་འདེབས། །གསང་སྔགས་འཆང་བ་མ་གཏོགས་པ། །གསོ་ནུས་གཞན་མ་སུ་ཞིག་ཡོད། །ནིམ་པ་དུག་དང་ཚ་བ་གསུམ། །དྷ་
དུ་ར་ཡི་འབྲས་བུ་རྣམས། །འདི་རྣམས་གཅིག་ཏུ་བྱས་ནས་ནི། །གཟུགས་བརྙན་རབ་ཏུ་བྱ་བ་ཡིན། །དེ་ཡི་ལུས་པོ་གཏུབས་བསྲེགས་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །ཁྲག་དང་ལན་ཚྭ་དུག་དང་ནི། །དེ་ཉིད་གཅིག་ཏུ་བྱས་ནས་སུ། །ཨརྒའི་ཤིང་མེ་དེ་བཞིན་དུ། །སྲེག་བླུགས་
གསུམ་ནི་སྲེག་པར་བྱེད། །དབྱུག་གུ་གཅིག་གམ་ཐུན་ཕྱེད་ན། །དེ་མ་ཐག་ཏུ་ས་སྟེངས་འཆི། །ཡུངས་མར་གྱིས་ནི་བཏགས་བྱས་ལ། །རས་བྲིས་བྱང་དུ་ཕྱོགས་བྱས་ཏེ། །ལན་ཚྭ་ནིམ་པའི་འདབ་མ་དང་། །ཚ་བའི་མར་ཁུས་དེ་བཞིན་དུ། །སྲེག་བླུགས་ལན་བདུན་ཙམ་ཉིད་ནི། །སྔགས་
པས་གང་དུ་གནས་པས་བསྲེག །སྲེག་བླུགས་ལན་བདུན་བསྲེགས་པ་ན། །ས་སྟེངས་དེ་མ་ཐག་ཏུ་འཆི། །རང་གི་ཁྲག་དང་ཚ་བ་གསུམ། །ཡུངས་མར་དང་ནི་ཡང་དག་ལྡན། །ཚེར་མའི་མེ་ལ་བསྲེགས་གྱུར་ན། །དེ་མ་ཐག་ཏུ་ཐལ་བར་རློག །ཨརྒ་ནུ་ཧི་འོ་མ་དང་། །དེ་བཞིན་དུ་

ནི་ཕག་པའི་བྲུན། །དུར་ཁྲོད་མེ་ལ་བསྲེགས་པ་ན། །དེ་མ་ཐག་ཏུ་མོད་ལ་བརླག །བྱི་ཚེར་ཕག་པའི་སྤུ་དེ་བཞིན། །སྲེག་བླུགས་ལན་གསུམ་བསྲེགས་གྱུར་ན། །འཕྲལ་དུ་མོད་ལ་བརླག་པར་འགྱུར། །ནིམ་པའི་ལོ་མ་ན་ལེ་ཤམ། །དུག་དང་ཡུངས་མར་ཉིད་དག་ནི། །ལན་བདུན་
རབ་ཏུ་སྲེག་བླུགས་ན། །འཕྲལ་དུ་སྲོག་ནི་འཆད་པར་འགྱུར། །ཁྭ་ཡི་རུས་པ་མི་རུས་དང་། །ནེའུ་ལེ་ཡི་རུས་པ་ཉིད། །ཕྱེ་མར་བཏགས་ནས་ཞི་བར་བྱ། །ཡུངས་མར་ཡང་དག་ལྡན་པ་རུ། །ནིམ་པའི་ཤིང་གི་མེར་བསྲེགས་ན། །གྲོང་དང་གྲོང་ཁྱེར་དུ་བཅས་པའི། །དགྲ་བོ་འཕྲལ་དུ་
བརླག་པར་འགྱུར། །འུག་པའི་རུས་པ་སྟག་གི་སྤུ། །ཐོད་པའི་རུས་པ་ལེགས་པར་སྦྱར། །དགྲ་བོའི་སྒོ་རུ་བྲུས་ནས་སྦ། །དེ་མ་ཐག་ཏུ་སྐྲོད་པར་འགྱུར། །སྟག་གི་རུས་པ་ནེའུ་ལེའི་སྤུ། །དེ་བཞིན་དུ་ནི་ཁྱི་ཡི་སྤུ། །ཚེར་མའི་མེ་ལ་བསྲེགས་གྱུར་ན། །དེ་མ་ཐག་ཏུ་འབྱེད་པར་འགྱུར། །
ས་ཏིའི་མེ་ཏོག་ན་ལེ་ཤམ། །ནིམ་པའི་ལོ་མ་དེ་བཞིན་དུག །ཐམས་ཅད་གཅིག་ཏུ་བྱས་ནས་ནི། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །གང་གི་མིང་ནས་སྨོས་ནས་སུ། །བློ་ལྡན་མེ་ཡིས་བསྲེགས་པ་ན། །ས་སྟེངས་པ་ནི་མ་ལུས་པ། །འཇིག་རྟེན་དུ་ནི་འབྱེད་པར་འགྱུར། །དྷ་དུ་ར་ཡི་ས་
བོན་དང་། །དེ་བཞིན་ནིམ་པའི་འབྲས་བུ་དང་། །དུག་དང་ལན་ཚྭ་ཉིད་དག་ནི། །བརྒྱ་རྩ་བརྒྱད་དུ་བསྲེགས་ནས་ནི། །བུ་དང་ཕྱུགས་དང་ཉེ་དུར་བཅས། །ཐེ་ཚོམ་མེད་པར་ཐལ་བར་རློག །སྦྲུལ་དང་ནེའུ་ལེ་ནག་པོ་དང་། །ཁྭ་ཡི་རུས་པ་ཡང་དག་ལྡན། །རྩངས་པ་ཡི་ནི་མགོ་བོ་རྣམས། །
ཆ་ནི་མཉམ་པོར་བྱས་ནས་སུ། །རང་གི་ཁྲག་དང་བཏགས་ནས་སུ། །སྡོང་བུ་གཅིག་པུ་བྱས་པ་ཡིན། །བརྒྱ་རྩ་བརྒྱད་ནི་མངོན་བསྔགས་ནས། །དགྲ་བོའི་སྒོ་ཁར་སྤར་བར་བྱ། །བུ་དང་ཕྱུགས་དང་གཉེན་དུ་བཅས། །དགྲ་བོ་དེ་ཡི་ཚེ་ན་འཆི། །མི་ཡི་ཞག་ནི་ཉིད་དག་དང་། །ཐལ་བ་ཐོད་
པར་བླངས་ནས་སུ། །རྒྱ་སྐྱེགས་ཁུ་བ་ཡང་དག་ལྡན། །བསྡོམས་ནས་རིལ་གཅིག་རབ་ཏུ་བྱ། །ཁྲ་ཡི་རུས་པ་ནང་དུ་གཞུག །དགྲ་བོའི་སྒོ་ཁར་གཞག་པ་ན། །བདག་ཉིད་གྲོང་དང་དེ་བཞིན་བཅས། །དགྲ་བོ་དེ་ཡི་ཚེ་ན་བརླག །དྷ་དུ་ར་ཡི་བདག་ཉིད་ལྔ། །བླངས་ནས་དུག་དང་

ཚ་བ་གསུམ། །སྲེག་བླུགས་ལན་གསུམ་བསྲེགས་ནས་ནི། །དེ་མ་ཐག་ཏུ་དགྲ་འཆི་འགྱུར། །ནེའུ་ལེའི་ཤ་ནི་ཡང་དག་བླངས། །མཁས་པས་རབ་ཏུ་བསྐམ་པར་བྱ། །དུག་དང་ཚྭ་ནི་ཡང་དག་ལྡན། །སྲེག་བླུགས་ལན་གསུམ་བསྲེགས་པ་ན། །ནད་ནི་སྣ་ཚོགས་
ཀུན་བྱུང་ནས། །འཕྲལ་དུ་སྲོག་ནི་འཆད་པར་འགྱུར། །ལས་འདི་རབ་ཏུ་སྦྱར་བྱས་ན། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །སོལ་བ་དང་ནི་ལན་ཚྭ་ཉིད། །ཚ་བ་གསུམ་ནི་མཉམ་པོར་བསྒོས། །ཡུངས་མར་དང་ནི་ཡང་དག་ལྡན། །དེ་ནས་གཟུགས་བརྙན་བྱས་ནས་སུ། །ཚེར་མ་ཡི་ནི་
མེ་སྤར་ཏེ། །རས་བྲིས་བྱང་དུ་ཕྱོགས་པ་དང་། །སྔགས་པ་ལྷོ་རུ་ཕྱོགས་གྱུར་ཅིང་། །ཁྲོས་པས་མེ་ནི་རབ་འབར་འགྱུར། །སྲེག་བླུགས་ལན་གསུམ་ཉིད་དུ་ནི། །དགྲ་བོའི་གཟུགས་བརྙན་བསྲེག་པར་བྱ། །གཅིག་གིས་བུ་ནི་འཆི་བར་འགྱུར། །གཉིས་པས་ཆུང་མ་ཕྱུགས་དང་གཉེན། །
གསུམ་པས་བདག་ཉིད་ཡུལ་འཁོར་དང་། །ཕྱུགས་དང་གཉེན་དུ་བཅས་པ་རྣམས། །དེ་མ་ཐག་ཏུ་ཐལ་བར་རློག །སྔགས་པའི་བཀའ་དྲིན་མེད་པར་ནི། །སླར་ཡང་ཞི་བར་ག་ལ་ནུས། །བརྒྱ་རྩ་བརྒྱད་ལས་ལྷག་པ་ཡི། །འོ་མའི་སྲེག་བླུགས་དེ་ནས་དབུལ། །དེ་ཚེ་དེ་རུ་རང་གི་ནི། །
འཁོར་ཕྱུགས་གཉེན་འདབ་རྣམས་དང་ནི། །དེ་བཞིན་དུ་ནི་ཞི་བར་འགྱུར། །དྷ་དུ་ར་ཡི་འབྲས་བླངས་ནས། །ཁང་ས་ཀུན་དུ་བྲུ་བར་བྱ། །ནིམ་པ་ཞེས་བྱའི་ལོ་མ་འདིར། །དགྲ་བོའི་མིང་ནི་བྲི་བར་བྱ། །དུག་དང་ཁྲག་ནི་ཡང་དག་ལྡན། །དེ་ཡིས་རྟག་ཏུ་དགྲ་བོ་བྲི། །ཚ་བ་གསུམ་
དང་ལན་ཚྭ་ཉིད། །ཁྲག་གིས་གང་བར་དགང་བར་བྱ། །དེ་རུ་མིང་ནི་བཅུག་ནས་སུ། །སྐྲ་ཡིས་ཡོངས་སུ་བྲེ་བར་བྱ། །ནིམ་པའི་མེ་ལ་ཡུངས་མར་གྱིས། །ཅུང་ཞིག་ཙམ་དུ་བཙོ་བར་བྱ། །རང་གི་ཡུལ་འཁོར་ཕྱོགས་ཀུན་འཇོམས། །རང་གི་ལྷ་རུ་གྱུར་པ་གང་། །ཁམས་གསུམ་
པ་ཡི་བདག་པོ་ཡིས། །ཐེ་ཚོམ་མེད་པར་ཐལ་བར་རློག །གདུག་པའི་སེམས་ཅན་ལྟ་ཅི་སྨོས། །རྒྱལ་པོ་རྫུ་འཕྲུལ་ཆེན་པོ་ཡང་། །རང་བྱུང་བས་ནི་བསྲུངས་གྱུར་ཀྱང་། །དེ་དག་ཐམས་ཅད་བརླག་པར་འགྱུར། །སྦྱོར་བ་འདི་ལ་བརྟེན་ནས་སུ། །ཐུགས་རྗེར་གྱུར་པའི་ཡིད་

ཀྱིས་སུ། །བསྟན་པ་ཡི་ནི་དོན་བྱེད་པར། །ས་སྟེངས་འདིར་ནི་ཐེ་ཙོམ་མེད། །ཡང་དག་བསམ་མི་ཁྱབ་པ་འདི། །ཁྲོ་བོའི་རྒྱལ་པོས་རྣམ་པར་འཕྲུལ། །རྟག་ཏུ་བག་ཡོད་པར་གྱུར་པས། །ཐུགས་རྗེའི་རོ་ལ་གནས་པ་ཡིས། །བསྟན་པ་དག་ནི་བསྲུང་བའི་ཕྱིར། །དམ་པ་འདི་ནི་སྦྱར་བར་
བྱ། །ནིམ་པའི་འབྲས་བུ་ཡང་དག་བླངས། །དེ་ནས་ཚ་བ་གསུམ་གྱིས་དགང་། །ཁྱད་པར་ནིམ་པའི་འདབ་མ་ལ། །དགྲ་བོའི་མིང་ནི་བྲིས་ནས་སུ། །ལྔ་ཡི་བདག་ཉིད་ཡང་དག་བླང་། །དེ་ཚེ་ཆོ་ག་བཞིན་མེ་སྤར། །ཡུངས་མར་གྱིས་ནི་བཀང་བྱས་ཏེ། །ཐོད་པ་དང་ནི་དུག་ཉིད་ཀྱང་། །གང་
དུ་ཅུང་ཟད་གནས་ནས་ནི། །བཅུག་སྟེ་སྔགས་པས་བཙོ་བར་བྱ། །དགྲ་བོ་དེ་ནི་མོད་དུ་འཆི། །ཡུལ་འཁོར་ཕྱུགས་བཅས་དེ་བཞིན་ནོ། །ཉེ་བར་འཚེ་བ་ཐམས་ཅད་དང་། །དུག་དང་རླུང་དང་སྐྱེ་གནས་ནད། །མུ་གེ་དང་ནི་ཡུལ་འཕོ་དང་། །རླུང་གི་ཆར་དབབ་ཀུན་དུ་འཁྲིགས། །སྲིན་པོ་
འབྱུང་པོའི་ཚོགས་ཀུན་གྱིས། །ས་སྟེངས་ཀུན་དུ་ཁེངས་པར་འགྱུར། །གསང་སྔགས་འཆང་བ་མ་གཏོགས་པ། །ཅུང་ཟད་སྐྱོབ་པ་ཡོད་པ་མིན། །སྙིང་རྗེའི་སེམས་ནི་བསྐྱེད་ནས་སུ། །འགྲོ་བ་གཟིར་བ་ལ་བལྟས་ཏེ། །ཉི་ཤུ་རྩ་གཅིག་འོ་མ་ཡིས། །དགང་བླུགས་དེ་ཚེ་དབུལ་བར་བྱ། །
སྔགས་པའི་བཀའ་དྲིན་བཟང་པོ་ཡིས། །དེ་ཡི་ཚེ་ནི་ཞི་བར་འགྱུར། །སྔགས་པ་བློ་ལྡན་མ་མཉེས་ན། །གཞན་དུ་ཞི་བར་ག་ལ་འགྱུར། །སྔགས་ཀྱི་དངོས་གྲུབ་བྱ་བའི་ཕྱིར། །ཡང་དག་སྦྱོར་བ་འདི་སྦྱོར་ན། །བསྟན་པ་བསྲུང་བའི་དོན་ཕྱིར་དང་། །གདུག་པ་རྣམས་ནི་གཞོམ་ཕྱིར་དང་། །
རྒྱལ་པོ་འམ་ནི་གདུག་པ་ཅན། །བསྟན་ལ་གནོད་པ་བྱེད་པ་རྣམས། །དེ་རྣམས་ཚར་གཅད་པ་ཡི་ཕྱིར། །ཤིན་ཏུ་འགྲུབ་པར་བྱེད་པ་ཡི། །ཡང་དག་འདི་ནི་རབ་སྦྱར་ན། །དེ་མ་ཐག་ཏུ་བརླག་པར་འགྱུར། །མི་རུས་དུག་གི་ཕྱེ་མ་དང་། །ཁྱི་ཡི་རུས་པ་ཉིད་དག་དང་། །དེ་བཞིན་སྐེ་
ཚེ་རྒོད་རུས་དང་། །ཡུངས་མར་སྦྲུལ་གྱི་ཤུབས་དེ་བཞིན། །ནིམ་པ་ཡང་དག་ལྔ་བདག་ཉིད། །རྒྱ་སྐྱེགས་ལན་ཚྭ་ཉིད་དག་སྟེ། །འདི་དག་ཐམས་ཅད་གཅིག་བསྡུས་ནས། །ཚེར་མའི་མེ་ནི་མི་བཟད་པ། །བདག་ཉིད་ཁྲོ་བོ་མེ་ལྟ་བུས། །སྲེག་བླུགས་གསུམ་ནི་བསྲེག་པར་བྱ། །དེ་རུ་བདུད་

ནི་འཚེ་འགྱུར་ཞིང་། །ནད་རྣམས་མང་པོས་ཀུན་དུ་འཁྲིགས། །བུ་ཕྱུགས་གཉེན་དུ་བཅས་པ་ཡི། །རྒྱལ་པོའང་བརླག་པར་འགྱུར་བ་ཡིན། །རྒྱལ་པོ་གདུག་པའི་སེམས་ལྡན་པ། །སྔགས་པ་ལ་ནི་འཚེ་བ་ནི། །སྦྱོར་བ་འདི་ནི་རབ་བརྩམས་ནས། །སྔགས་
པ་མོད་དུ་ཡང་དག་འགྱུར། །ཚ་བ་གསུམ་དང་ལན་ཚྭ་དུག །སྐྱེ་ཚེ་བསྲེགས་པ་ཉིད་དང་ནི། །ཚ་བ་ཚ་བའི་མར་དང་ཡང་། །རྒྱ་སྐྱེགས་ཁུ་བ་སྦྲུལ་གྱི་ཤུབས། །འདི་རྣམས་གཅིག་ཏུ་བྱས་ནས་སུ། །དེ་ཡི་ཚེ་ན་གཟུགས་བརྙན་བྱ། །ཚ་བ་ཡིས་ནི་ཀུན་དུ་དགང་། །ཚ་བའི་མེ་ནི་ཡང་དག་
ལྡན། །དེ་ཉིད་ལ་ནི་མིང་བྲིས་ནས། །མི་བཟད་མེ་ལ་བསྲེགས་གྱུར་ན། །དགྲ་བོ་དེ་ཡི་མོད་ལ་འཆི། །གང་ཚེ་སྔགས་པ་ལྟོས་མེད་ན། །གཞན་དུ་དུག་གི་མཚན་མ་དང་། །ཡང་ན་མི་བཟད་ཕོལ་མིག་དང་། །ནད་ཆེན་པོས་ནི་ཀུན་དུ་དཀྲིགས། །རིམས་དང་བརྒྱལ་ནད་འབྱུང་བར་འགྱུར། །
མེས་བསྲེགས་ཆར་པ་ཆེན་པོ་འབབ། །དེ་ནས་རྡོ་རྗེ་ཐོགས་ནས་ཀྱང་། །ནད་ཆེན་རྟག་པའི་རིམས་ཀྱིས་ནི། །བུ་དང་ཕྱུགས་དང་གཉེན་དུ་བཅས། །ཐེ་ཚོམ་མེད་པར་འཆི་འགྱུར་ཏེ། །སྔགས་པ་ཞེ་བ་གནག་པས་སོ། །གང་ཚེ་སླར་ཡང་མཉེས་ནས་སུ། །ཐུགས་རྗེ་གཏད་པའི་སེམས་
གྱུར་ན། །ནད་ཀུན་ལས་ནི་རྣམ་གྲོལ་བར། །ས་སྟེངས་དེ་མ་ཐག་ཏུ་འགྱུར། །གདུག་པའི་ལས་ནི་མདོར་བསྡུས་པ། །ངོ་མཚར་ཅན་འདི་ཡང་དག་གསུངས། །ས་སྟེངས་སྙིང་པོ་འདི་སྔགས་པའི། །མྱུར་བའི་ལས་ནི་ཡང་དག་བཤད། །ཏིང་འཛིན་ཡུལ་ནི་བསམ་མི་ཁྱབ། །
རྫུ་འཕྲུལ་ཡུལ་ཡང་བསམ་མི་ཁྱབ། །ཕ་རོལ་གནོན་པའང་བསམ་མི་ཁྱབ། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །ཀུན་ཀྱང་བསམ་གྱིས་མི་ཁྱབ་གསུངས། །ཡོན་ཏན་འདི་ནི་སུ་ཡིས་ནུས། །ཡོན་ཏན་རྨད་དུ་བྱུང་བ་སྟེ། །ཇི་སྲིད་སེམས་ནི་སྤྱོད་གྱུར་པ། །དེ་སྲིད་ལས་ནི་བསྡུས་
པ་ཡིན། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །རྫོགས་སངས་རྒྱས་ཀྱིས་ཀུན་དུ་གསུངས། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དུ་བྱ་བའི་ལས། །རྒྱུད་གཞན་ལས་ཀྱང་གསུངས་པ་ཡི། །དེ་དག་ཐམས་ཅད་འདི་རུ་བྱེད། །ཇི་སྲིད་དེ་རུ་གསང་སྔགས་ནི། །ས་སྟེངས་

དཀྱིལ་འཁོར་དེ་གསུངས་པ། །དེ་ཀུན་རྟོག་པའི་རྒྱལ་པོ་ནི། །རྫུ་འཕྲུལ་ཆེན་པོ་འདི་བསྒྲུབ་བྱ། །ཞི་བ་འོ་མ་དཱུར་བ་ཡིས། །འདབ་མ་བསྲེགས་པས་སྦྱིན་སྲེག་བྱ། །དཀར་གསུམ་མངར་རམ་སྦྱིན་སྲེག་གམ། །འབྲས་བུ་ཉིད་ཀྱང་མཉམ་བཞག་པ། །གཞན་ཡང་འབྲས་བུའི་
ཚུལ་དང་ནི། །ཡང་ན་འོ་མ་ཅན་གྱི་ཤིང་། །སོ་བ་འབྲུ་ནི་དེ་བཞིན་ནོ། །རིན་ཆེན་སྣ་ཚོགས་ལས་བྱུང་བ། །ལས་ཀྱི་ཁྱད་པར་ཆོ་ག་ནི། །ཞི་བར་གང་ཞིག་རབ་བསྒྲགས་པ། །མེ་ཐབ་དེ་བཞིན་བདག་ཉིད་དང་། །གང་ཞིག་གནས་ནི་རབ་ཏུ་གྲགས། །ཞི་བའི་ལས་རྣམས་གསུངས་པ་ཡི། །
ཕྱོགས་ནི་གང་ཞིག་ཡང་དག་གསུངས། །གང་ཞིག་ཡམ་ཤིང་གསུངས་པ་ཡི། །ཚད་ནི་གང་ཞིག་རབ་ཏུ་གྲགས། །གཞན་ཡང་གང་ཞིག་རབ་གྲགས་པ། །དེ་དག་ཐམས་ཅད་འདི་རུ་བྱ། །དེ་ལ་ཞི་བ་ཉིད་འདི་ནི། །དེ་དག་ཐམས་ཅད་འདི་རུ་སྦྱར། །གང་ཞིག་དབང་གྱུར་བཤད་པ་ནི། །
ལས་ནི་དབྱེ་བའང་དེ་ནས་ནི། །མེ་ཐབ་ཇི་བཞིན་བདག་ཉིད་དང་། །ཕྱོགས་ཀྱི་ཆ་འམ་ཡང་ན་གནས། །ཆོ་ག་སྣ་ཚོགས་ཡང་དག་འཁྲིགས། །གཞན་དུ་གང་ཞིག་གསུངས་པ་ཡི། །བདག་ཉིད་ཆེན་པོ་དབང་གི་ལས། །དངོས་གྲུབ་འདོད་པའི་སྔགས་པ་ཡིས། །དེ་དག་ཐམས་ཅད་འདི་རུ་
སྦྱར། །རྫོགས་སངས་སེམས་ཅན་མཉེས་གཤིན་པས། །རྒྱས་པ་ཡང་ནི་ཡང་དག་གསུངས། །ཆོ་ག་སྣ་ཚོགས་ཟས་དང་ནི། །སྣ་ཚོགས་ལས་ནི་ལེགས་སྦྱར་བ། །ཕྱོགས་ཀྱི་ཁྱད་པར་གསུངས་པ་དང་། །དེ་ནས་ཡང་ནི་མེ་ཡི་ཐབ། །གཞན་ཡང་ཅུང་ཟད་ཅི་གསུངས་པ། །བྱང་
ཆུབ་སྙིང་པོ་སོགས་གསུངས་པ། །བདག་ཉིད་རྙེད་པ་ལེགས་འཚོ་བ། །དེ་དག་ཐམས་ཅད་རྒྱས་པར་སྦྱར། །འདི་ཀུན་ཡང་དག་བཤད་པ་ནི། །ཁྲོ་བོའི་རྒྱལ་པོའི་རྣམ་འཕྲུལ་ཡིན། །ས་བཅུ་གནས་ཀྱི་དབང་ཕྱུག་དང་། །གང་ཡང་སུས་ཀྱང་མི་ནུས་པ། །འདི་ཀུན་མོད་ལ་མྱུར་དུ་ནི། །དྲན་
པ་ཙམ་གྱིས་ཀྱང་བསྒྲུབ་བྱ། །ཁྲོ་བོ་ཆེ་བདག་བསམ་མི་ཁྱབ། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་གསུངས། །དེ་ཡི་འབྲས་བུ་བསམ་མི་ཁྱབ། །གང་ཞིག་ལག་ཏུ་ཆུད་གྱུར་པ། །དེ་ཡི་ངན་སོང་སྟོངས་པར་འགྱུར། །འཇིགས་པ་ཐམས་ཅད་འཁྲིགས་པ་དང་། །བགེགས་ཆེན་ཡང་ནི་

འཇིགས་པར་བྱེད། །གང་ཡང་ནད་ནི་ཐམས་ཅད་འདོད། །འཇིགས་པ་འདི་ནི་ཐམས་ཅད་དང་། །སྡིག་པ་ཐམས་ཅད་ཀུན་དུ་འཁྲིགས། །འདི་ནི་དྲན་པ་འབའ་ཞིག་གིས། །དེ་དག་ཐམས་ཅད་མེད་པར་འགྱུར། །འཇིགས་པ་ཐམས་ཅད་འཁྲིགས་པ་དང་། །ཐམས་ཅད་
ལྡན་པའི་འཁོར་བལྟས་ན། །ས་སྟེངས་ཡིད་ནི་མཆོག་ཏུ་བདེ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །ངོ་མཚར་སྤྱན་རྒྱས་པ་ཕྱེ་ནས། །རྡོ་རྗེ་འཛིན་པ་བློ་ལྡན་གྱིས། །སྙན་པ་ཡི་ནི་ཚིག་གིས་གསོལ། །དཔའ་བོ་སེམས་དཔའ་ཆེན་པོ་ལེགས། །རྡོ་རྗེའི་རིགས་ལས་ཡང་དག་
འབྱུང་། །བྱས་ཤེས་ཁྱོད་ནི་སངས་རྒྱས་ཀུན། །རྫུ་འཕྲུལ་ཆེན་པོའི་སྲས་གཅིག་ཁྱོད། །བདག་ཉིད་ཆེན་པོ་མི་གཡོ་བའི། །རྟོག་པ་འདི་རུ་གསུངས་པ་གང་། །གང་གི་ལག་ཏུ་ཆུད་གྱུར་པ། །དེ་ཡི་ལག་ན་དངོས་གྲུབ་གནས། །ཡོན་ཏན་བསམ་མི་ཁྱབ་ལྡན་པའི། །བསམ་གྱིས་མི་
ཁྱབ་སྒྲུབ་པའི་ཐབས། །ངོ་མཚར་དུ་མ་དང་ལྡན་པ། །གསང་སྔགས་འདི་ནི་འཆང་བ་པོ། །བདག་ཅག་ཀྱང་ནི་དེ་བཀའ་ཉན། །ལྷ་དང་ལྷ་མིན་བཅས་པའི་ཀླུ། །རྒྱབ་ཕྱོགས་རྗེས་སུ་འབྲང་བར་ནི། །སྔགས་པ་དེ་ལ་འབྱུང་བར་འགྱུར། །སེམས་ཅན་ཐམས་ཅད་སྐལ་བཟངས་སུ། །
མཉེས་དགའ་བར་ནི་འབྱུང་བར་འགྱུར། །བགེགས་སུ་གྱུར་པ་ཐམས་ཅད་ནི། །སྔགས་པའི་བཀའ་སྒོ་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བགེགས་ཐམས་ཅད་འཇོམས་པར་བྱེད་པའི་རྡོ་རྗེ་ཀུན་དུ་འབར་བར་བྱེད་པའི་མེ་ལྕེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་རེ་ཞིག་སངས་རྒྱས་ཀྱི་ཞིང་འདི་ཉིད། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འུར་འུར། རབ་ཏུ་འུར་འུར།
ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །དེ་ནས་རེ་ཞིག་སངས་རྒྱས་ཀྱི་ཞིང་འདི་ཉིད་བགེགས་ཐམས་ཅད་དང་། ལོག་པར་འདྲེན་པ་རྣམས་དང་། གང་ཡང་ཁ་ཅིག་འདི་ན་གདུག་པའི་སེམས་དང་ལྡན་པ་གཞན་གྱི་སྲོག་འཕྲོག་ཅིང་གླགས་

ཚོལ་བའི་སྲིན་པོ་དང་། འཇིགས་པའི་གཟུགས་ཅན་ལོག་པར་འདྲེན་པ་དེ་རྣམས་རྡོ་རྗེ་གར་གྱི་དབང་ཕྱུག་གི་གཟི་བརྗིད་ཀྱིས་བསྲེགས་ཤིང་གནས་མེད་ལ། གང་ཡང་སངས་རྒྱས་ཆོས་ལ་ནི། །གུས་པ་ཡིས་ནི་སྐྱབས་སོང་བས། །གང་ཞིག་སྐྱེ་བོ་དེ་ལུས་ལ། །སྡུག་བསྔལ་ཅི་
ཡང་ཡོད་མ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སྔར་མེད་པ་ཡི་བགེགས་ཀྱི་གཟུགས། །བསྒྲུབ་བྱ་བ་ཡི་ཆོ་ག་ནི། །ཕྱག་ན་རྡོ་རྗེ་ཚུར་ལ་ཉོན། །མི་ཤེས་པ་ཡི་སེམས་བསྒྲིབས་པས། །རྒྱུད་ནི་མི་ཤེས་པར་གྱུར་པ། །དེ་ནི་
བགེགས་ཀྱིས་ཟིལ་མནན་ཅིང་། །འདིར་ནི་སྔགས་ལ་དད་ལྡན་ན། །སེལ་བ་རུ་ནི་གྱུར་པ་སྟེ། །ཡངས་པ་ཡི་ནི་མཆོག་ཏུ་འགྱུར། །ལས་ཀྱིས་རྒྱུད་དང་འབྲས་བུ་ནི། །ལེགས་བྱས་ཉེས་བྱས་དེ་བཞིན་དུ། །ལོག་པའི་རྒྱལ་པོ་ཟིལ་མནན་ཅིང་། །དེ་དག་ཐམས་ཅད་བརྙས་པ་བྱེད། །
ལོག་པའི་ཀུན་རྟོག་མང་པོ་ཡིས། །དམྱལ་བར་མྱུར་དུ་སྐྱེ་བར་འགྱུར། །ལྟས་ངན་ལས་ཀྱི་འབྲས་བུ་ཀུན། །དེ་ནས་གསོ་སྦྱོང་ཡོད་མ་ཡིན། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། བགེགས་རྣམས་ཀྱི་སྔ་ན་མེད་པའི་གཟུགས་སུ་གྱུར་པ། མ་འོངས་པའི་བྱིས་པའི་སེམས་ཅན་རྣམས་ཤེས་རབ་ཆུང་བས། བགེགས་རྣམས་སྔར་མེད་པའི་འབྱུང་བའི་རྒྱུ་མི་འཚལ་བས་ན་དེ་རྣམས་བསལ་བར་བྱ་བའི་
ཕྱིར། གཙོ་བོས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བགེགས་རྣམས་ཞགས་པས་བཅིངས་པས་ནི། །སྔོན་གྱི་ལས་ལ་རག་ལས་ཡིན། །སེར་སྣ་གོམས་པའི་སྦྱོར་བ་ཡིས། །འདོད་པའི་དངོས་པོ་ལ་གནོད་
པས། །སེམས་ནི་རྟོག་པའི་སྐྱོན་གྱིས་ནི། །སྔགས་པ་ལ་ནི་བགེགས་སྐྱེ་འགྱུར། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །སེམས་ནི་བྱང་ཆུབ་གཏད་པར་བྱ། །བགེགས་རྣམས་ཐམས་ཅད་རྣམ་པར་འཇིག །ཐོག་མ་མེད་པའི་འཁོར་བའི་ཟོམ། །གང་ཡང་སྡིག་པ་ཅུང་ཟད་པ། །

ཐོག་མེད་སྲིད་པའི་འཁོར་ལོ་ནི། །བྱང་ཆུབ་སེམས་ཀྱི་མཐུ་ཡིས་སུ། །དེ་དག་ཐམས་ཅད་ཟད་པར་འགྱུར། །བྱང་ཆུབ་སེམས་ནི་སེམས་ཆེན་པོ། །སེམས་ཀྱི་ཉེས་པ་རྣམ་པར་སྤངས། །ཐོག་མ་མེད་པའི་སྡིག་པའི་སྐྱོན། །ནགས་མཚམས་མེ་ཡིས་སྲེག་པར་
འགྱུར། །སྔགས་པས་སེམས་ལ་མཁས་པས་ན། །ལས་རྣམས་ཐམས་ཅད་བསྲེག་པར་འགྱུར། །འདི་ལྟར་བྱང་ཆུབ་སེམས་འཛིན་ན། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་བྱང་ཆུབ་སེམས་བསྐྱེད་པ། །གོས་མེད་དྲི་མ་མེད་ཅིང་བརྟན། །ཐེ་ཚོམ་མེད་པ་ཉིད་དུ་ནི། །
དེ་ཡི་དངོས་གྲུབ་ལག་ན་གནས། །བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །དད་དང་བརྩོན་འགྲུས་རྣམ་པར་སྤངས། །སྐྱེས་བུ་བཀའ་བསྒོ་བྱེད་པ་ནི། །འདིས་ནི་དངོས་གྲུབ་ཡོད་མ་ཡིན། །ཕྱག་ན་རྡོ་རྗེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དམ་ཚིག་འདིས་སྔགས་པས་སྔགས་བསྒྲུབས་
ན་བགེགས་རྣམས་བགེགས་བྱེད་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱག་ན་རྡོ་རྗེ་དེ་ནི་ལྷ་དང་འཇིག་རྟེན་པ་རྣམས་ཀྱིས་ཕྱག་བྱ་བའི་འོས་ཡིན་ནོ། །སླར་བརྗོད་ཅིང་དགོངས་ཏེ། བགེགས་དང་། ལོག་པར་འདྲེན་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཡི་དགས་དང་། ཤ་
ཟ་རྣམས་ཤིན་ཏུ་རྒྱང་རིང་པོ་ནས་ས་སྟེངས་སུ་སྔགས་འཆང་བ་མཐོང་བས་སྤྲོ་བ་བསྐྱེད་དེ་ཕྱག་བྱེད་དོ། །སྐྱོན་རྣམས་ཐམས་ཅད་རྣམ་པར་གྲོལ། །བསོད་ནམས་ཐམས་ཅད་ཤིན་ཏུ་བསགས། །བྱང་ཆུབ་ཚོགས་ནི་ཡང་དག་ལྡན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནས་ཕྱག་ན་
རྡོ་རྗེས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བགེགས་ཀྱི་སྔར་གྱི་གཟུགས་ཀྱི་གཟུགས་རྣམས་སྒྲུབ་པ་པོ་ལ་སྦྱར་བ་ལ་ཇི་ལྟར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་གང་གི་ཚེ་སྔགས་པ་བགེགས་ཀྱིས་ཟིལ་
གྱིས་མནན་པ་དེའི་ཚེ་རིམས་དང་ཚད་པའི་ནད་དང་། བཀྲེས་སྐོམ་དུ་གྱུར་ཅིང་སྙོམ་ལས་ལ་དགའ་ལ་ངེས་པ་ལོག་སྟེ་ཐེ་ཚོམ་ཟ་བར་འགྱུར་རོ། །ནད་དང་། འཚེ་བ་དང་། བདག་ཉིད་ཀྱི་ལྷ་ཁ་ཕྱིར་བལྟས་ཤིང་ལྷ་རྣམས་ནི་དམིགས་ཀྱིས་སེལ་བར་བྱེད་པ་དེའི་ཚེ་གསང་བའི་བདག་པོ་

སྔགས་པ་བགེགས་ཀྱིས་ཟིལ་གྱིས་མནན་པ་ཡིན་པར་རིག་པར་བྱའོ། །གསང་བའི་བདག་པོ་དེའི་ཚེ་སློབ་དཔོན་གྱིས་བགེགས་ཐམས་ཅད་ཟློག་པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོའི་དཀྱིལ་འཁོར་བྲིས་ཏེ། བགེགས་ཐམས་ཅད་བཅོམ་ནས་དབང་བསྐུར་བར་བྱའོ། །དེ་
ལ་གསང་བའི་བདག་པོ་དཀྱིལ་འཁོར་ནི་འདི་ཡིན་ཏེ། ཁོར་ཡུག་ཏུ་ནི་གྲུ་བཞི་སྟེ། ཁ་ཁྱེར་ཀུན་ནས་ཁོར་ཡུག་ཏུའོ། །རྡོ་རྗེ་བཅིང་བའི་སྦྱོར་བ་ཉིད། །རྡོ་རྗེ་ཕན་ཚུན་བཅིངས་སྦྲེལ་བྱ། །ཁྲུ་བརྒྱད་དང་ནི་བཞི་དང་ལྔ། །བཅུ་དང་བཅུ་དྲུག་པ་ཉིད་དམ། །ཁྲུ་གང་འམ་ནི་ཁྲུ་གཉིས་པ། །
ཇི་ལྟར་འབྱོར་པ་མཛེས་པར་བྱ། །དེ་རུ་སྒོ་གཅིག་པ་ཡིན་ཏེ། །རྡོ་རྗེའི་གུར་ནི་སྦྱར་བར་བྱ། །རྡོ་རྗེའི་ར་བ་ཀུན་དུ་བསྐོར། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །དེ་ཡི་དབུས་སུ་དཔའ་བོ་ནི། །པདྨའི་སྟེང་ན་ཡང་དག་བཞུགས། །དེ་ཡི་ཤར་དུ་སངས་རྒྱས་ཀྱི། །ཡུམ་ནི་ནམ་མཁའི་སྤྱན་ཡིན་ནོ། །
དེ་ཡི་གཡོན་དུ་བྲི་བྱ་བ། །ནམ་མཁའི་དྲི་མེད་རྡོ་རྗེ་ཅན། །གཡས་ཀྱི་ཕྱོགས་སུ་ཤུགས་ཆེན་པོ། །འཕྲོ་བ་རྡོ་རྗེ་ཕྲེང་བ་ཅན། །དཔའ་བོ་ཆེན་པོ་གཡོན་ཕྱོགས་སུ། །རྡོ་རྗེ་ཕྱག་ཅན་རྡོ་རྗེ་ཅན། །དཔའ་བོ་ཆེན་པོ་གཡས་ངོས་སུ། །ཁྲོ་ཆེན་སྙེམས་ཚུལ་ཞེས་བྱ་བ། །འོག་ཏུ་ངོས་
སུ་མགོན་པོ་ནི། །མི་གཡོ་བ་ནི་སྟོབས་ཆེན་པོ། །ཁྲོ་བོ་ཆེན་པོ་རལ་གྲིའི་ཕྱག །ཁམས་གསུམ་རྣམས་ནི་གཅོད་པར་བྱེད། །སྒོ་ཡི་ཕྱོགས་སུ་བྲི་བྱ་བ། །མཐོང་དགའ་མངོན་ཕྱོགས་དེ་བཞིན་ནོ། །དེ་ལྟར་འདི་དག་ཀུན་བྱས་ན། །ཁ་དོག་ནག་དང་དམར་པོ་རུ། །ཁྲོ་བའི་གཟུགས་
ནི་གཞག་ནས་སུ། །བུམ་པ་རྣམས་ནི་མངོན་པར་བསྔགས། །ཁ་ནི་བ་གླང་ལ་སོགས་བརྒྱན། །ཁ་ནས་ས་བོན་གྱིས་བཀང་སྟེ། །མགྲིན་པ་གོས་ཀྱིས་ཡང་དག་བཅིངས། །མེ་ཏོག་ཆུན་འཕྱང་ཉེ་བར་སྤྲས། །རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ། །སྨན་ཆེན་པོ་ནི་ཡང་དག་ལྡན། །དྲི་
ཆུ་ཡིས་ནི་རབ་ཏུ་བཀང་། །ལྷ་རྣམས་ཐམས་ཅད་དགོད་པར་བྱ། །དྲི་དང་མེ་ཏོག་སོགས་དགེ་བས། །ཇི་ལྟར་རྙེད་པས་མཆོད་པར་བྱ། །མི་གཡོ་བདག་ཉིད་ཆེན་པོ་ཡིས། །དབང་བསྐུར་བས་ནི་རབ་ཏུ་བྱ། །དེ་རུ་དཀྱིལ་འཁོར་གཉིས་པོ་ནི། །དཀྱིལ་འཁོར་མངོན་པར་ཕྱོགས་དེ་

ནས། །ཀུན་ནས་གྲུ་བཞི་པ་ཡིན་ཏེ། །ཁྲུ་དོ་པའམ་ཁྲུ་བཞི་པ། །དབུས་སུ་པདྨ་བྲི་བར་བྱ། །བར་དུ་རྡོ་རྗེ་རྣམ་འཕྲོ་བ། །རྡོ་རྗེའི་ཕྲེང་བས་ཁོར་ཡུག་ཏུ། །རྡོ་རྗེ་བཅིང་པས་བསྐོར་བར་བྱ། །དེ་ཡི་དཀྱིལ་དུ་བཞག་ནས་ནི། །འདིར་ནི་འབད་པས་དབང་བསྐུར་བྱ། །མི་གཡོ་
བདག་ཉིད་ཆེན་པོ་ཡིས། །རལ་གྲིའི་ཕྱག་རྒྱ་དེ་ནས་བཅིང་། །སྙིང་ག་ནས་ནི་སྙིང་གར་སྦྱིན། །ཀུན་ནས་འབར་བའི་ཕྲེང་བ་ཅན། །བགེགས་རྣམས་ཀུན་ལས་རྣམ་གྲོལ་ནས། །རྡོ་རྗེ་འཛིན་པའི་དངོས་གྲུབ་འཐོབ། །སྡིག་པ་ཐམས་ཅད་རྣམ་པར་གྲོལ། །བགེགས་ནི་ཐམས་ཅད་རྣམ་པར་སྤངས། །
ཆོས་ཀུན་ཡོན་ཏན་གྱིས་བརྒྱན་པ། །ཇི་བཞིན་འདོད་པའི་དངོས་གྲུབ་འཐོབ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཤད་དུ་གསོལ། ཁྲོ་བོའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་བསྒོ་མཛད་པ་ཅན་མཐུ་སྟོབས་ཆེན་པོས་གསང་
བའི་རྟོག་པ་གང་གིས་སྒྲུབ་པ་པོ་རྣམས་ལ་མ་འོངས་པའི་དུས་ན་དངོས་གྲུབ་འབྱུང་བར་འགྱུར་བ། སེམས་ཅན་མང་པོའི་དོན་དུ་ཕན་པ་དང་བདེ་བ་བྱེད་པར་འགྱུར་བ། བགེགས་ཐམས་ཅད་རྣམ་པར་སྤངས་པ་སྔགས་ཀྱང་འགྲུབ་པར་འགྱུར་བ་དེ་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་
གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་སླར་ཡང་ལེགས་སོ། །ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་ཕྱིར་དང་། མ་འོངས་པའི་
སེམས་ཅན་གྱི་དོན་གྱི་ཕྱིར་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཐམས་ཅད་དུ་ཐོགས་པ་མེད་པ། རྟུལ་ཕོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བ། ལས་ཐམས་ཅད་བྱེད་པར་ནུས་པ། དངོས་གྲུབ་སྒྲུབ་པར་བྱེད་པ་ཡོངས་སུ་འདྲི་བར་བྱེད་པ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་
ང་ཡིས་བཤད་དོ། །དེ་ལ་ལག་ན་རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས་པའི་གོ་འཕང་ལ་གནས་པས་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དེ་ལ་བཅོམ་ལྡན་དཔའ་བོ་ཆེ། །ཆོས་ནི་ཐམས་ཅད་ཡང་དག་ལྡན། །

དེ་ཡི་གཡས་དང་གཡོན་ངོས་སུ། །ནམ་མཁའ་དྲི་མེད་ཤུགས་ཆེན་པོ། །རྡོ་རྗེ་འཛིན་པ་གཉིས་བྲི་བྱ། །འོག་ཏུ་ཁྲོ་བོ་ཆེན་པོ་ནི། །མི་གཡོ་བ་ནི་སྟོབས་པོ་ཆེ། །ཕྱག་ན་རལ་གྲི་ཟུར་གྱིས་གཟིགས། །འཆི་བདག་མཐར་བྱེད་མངོན་སུམ་བཞིན། །མེ་ཡི་དཀྱིལ་འཁོར་ལ་བཞུགས་པ། །
རླུང་དང་ལྷན་ཅིག་སྦྱར་བར་བྱ། །མཁས་པས་དྲི་དང་མེ་ཏོག་སོགས། །སྔ་མ་བཞིན་དུ་མཆོད་ནས་སུ། །ངོ་མཚར་བཀྲ་ཤིས་ཐམས་ཅད་ཀྱིས། །སྔགས་པས་མངོན་པར་དབང་བསྐུར་བྱ། །ཕྱག་རྒྱ་དེ་ནི་བདག་ཉིད་ཀྱིས། །སློབ་དཔོན་བློ་དང་ལྡན་པ་ཡི། །བླ་མ་ལ་ནི་ཡོན་ཕུལ་ནས། །སྦྱིན་
སྲེག་ལས་ནི་ཡང་དག་བརྩམ། །རི་ཡི་རྩེ་མོར་གྱུར་པ་དང་། །ཕྱུགས་ལྷས་ཆུ་འགྲམ་བཞི་མདོའི་ལམ། །མེ་ནི་གནས་པ་ཉིད་དག་གམ། །དུར་ཁྲོད་དང་ནི་གཞི་གནས་སུ། །སློང་མོའི་ཟས་ནི་ཟ་བ་དང་། །ཡང་ན་འདབ་མ་བཙོས་པ་ཉིད། །དབེན་པའི་གནས་སུ་མི་སྨྲ་བས། །འབུམ་
ཕྲག་གསུམ་དུ་བཟླས་བརྗོད་པ། །སྔོན་དུ་བསྙེན་པ་བཤད་པ་ཡིན། །མཚན་མ་ཆོ་ག་བཞིན་ཤེས་ནས། །མཁས་པས་དངོས་གྲུབ་སྒྲུབ་པར་བྱེད། །རལ་གྲིའི་ཆོ་ག་བཞིན་བྱ་བ། །ཆག་གས་མེད་པ་སོར་བཞི་པ། །མཐེའུ་ཆུང་སོར་གཉིས་དང་བཅས་པ། །སྒྲུབ་པའི་རང་བཞིན་
ཤིང་ལས་བྱས། །ལྟེ་བར་རྣམ་པ་སྣ་ཚོགས་བྲི། །བ་ཡི་རྣམ་ལྔས་བཀྲུས་ནས་སུ། །དྲི་དང་མེ་ཏོག་སོགས་ཀྱིས་མཆོད། །སྔགས་པས་དཀྱིལ་འཁོར་བྲིས་ནས་སུ། །སྔ་མ་དེ་བཞིན་དེ་བསྒྲུབ་བྱ། །སྔགས་པས་པདྨའི་སྟན་གནས་ཏེ། །རལ་གྲི་ཡུ་བ་ནས་ཐོགས་པ། །
ཁྲོ་བོ་སྒོམ་པར་ལྡན་པ་ཡིས། །གསང་སྔགས་གཡེང་བ་མེད་པར་བཟླ། །མཚན་མོ་ཕྱེད་དམ་ཡང་ན་དེ། །ཉི་མ་ཤར་བའི་དུས་ཉིད་དུ། །རལ་གྲི་རབ་ཏུ་འབར་གྱུར་ནས། །ཐམས་ཅད་དུ་ནི་སྣང་བར་བྱེད། །རིག་པ་ལུས་ནི་རྗེས་ནས་སུ། །ནམ་མཁའ་སྤྱོད་ཡུལ་དག་ཏུ་འགྱུར། །
བར་གྱི་བསྐལ་པར་ཀུན་དུ་གནས། །རང་འདོད་དུས་ན་འཆི་བར་འགྱུར། །རིག་འཛིན་རྒྱལ་པོ་ཀུན་དང་ནི། །རིག་པ་འཛིན་པ་ཀུན་གྱིས་མཆོད། །ལྷ་ཡི་བཞོན་པ་སྣ་ཚོགས་པ། །ལྷ་ཡི་ཚོགས་ནི་བསྟེན་པ་ཡིན། །དེ་ནས་ཞགས་པ་སྒྲུབ་པར་འདོད་ན་སྔར་བཞིན་དུ་འབུམ་ཕྲག་

གསུམ་བཟླས་ནས་དེ་བཞིན་དུ་གསེར་རམ་དངུལ་ལམ་ཟངས་ཀྱི་རང་བཞིན་གྱི་ཞགས་པ་བྱས་ཏེ། མཚན་མ་ཤེས་ནས་དཀྱིལ་འཁོར་བྲིས་ཏེ་བསྒྲུབས་ན་དེ་བཞིན་དུ་རིག་པ་འཛིན་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱི་བསྐལ་པར་གནས་སོ། །
དེ་ལྟར་རལ་གྲི་དང་། རྒྱལ་མཚན་དང་། ནོར་བུ་དང་། གིའུ་ཝང་དང་། གདུགས་དང་། ལྕགས་ཀྱུ་བསྒྲུབས་པར་གྱུར་ན་དེ་བཞིན་དུ་འགྲུབ་པོ། །དེ་ནས་རྒྱལ་པོ་དབང་དུ་བྱ་བར་འདོད་ན་ཀུ་ཤའི་རང་བཞིན་ལ་གཟུགས་བརྙན་བྱས་ནས་རྐང་པ་གཡོན་པས་མནན་ལ་ཇི་སྲིད་རྒྱལ་པོ་རང་
ཉིད་འོངས་ནས་འཁོར་དང་བཅས་པ་དབང་དུ་འགྱུར་བ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་ལྷ་སྒྲུབ་པར་འདོད་ན་ཐང་ཤིང་གི་རང་བཞིན་གྱི་གཟུགས་བརྙན་བྱས་ལ་ཇི་སྲིད་དུ་ལྷ་འོངས་ཀྱི་བར་དེ་སྲིད་དུ་བཟླས་པ་བྱའོ། །འོངས་ནས་སྨྲ་བ་སྒྲུབ་པར་བྱེད་དེ་སྔགས་པ་གང་འདོད་པ་དེ་གནང་བར་སྟེར་རོ། །
དེ་བཞིན་དུ་ཀླུ་སྒྲུབ་པར་འདོད་པས་ནཱ་ག་གེ་སར་གྱི་ཤིང་ལས་ཀླུའི་གཟུགས་བརྙན་བྱས་ནས་སྔར་གྱི་བཞིན་དུ་འབུམ་ཕྲག་གསུམ་བཟླས་ཏེ། ཇི་སྲིད་དུ་ཀླུ་ཐམས་ཅད་དབང་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་བཞིན་དུ་གནོད་སྦྱིན་སྒྲུབ་པར་འདོད་པས་གསེར་ལས་གནོད་སྦྱིན་གྱི་གཟུགས་
བྱས་ལ་སྔར་བཞིན་དུ་འབུམ་ཕྲག་གསུམ་བཟླས་ཏེ་ཇི་སྲིད་དུ་གནོད་སྦྱིན་ཐམས་ཅད་འོངས་ཏེ་བཀའ་བསྒོ་སྒྲུབ་པར་བྱེད་པ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱའོ། །དེ་ནས་དྲི་ཟ་སྒྲུབ་པར་འདོད་པས་འོད་མའི་རང་བཞིན་ལས་དྲི་ཟའི་གཟུགས་བརྙན་བྱས་ལ་སྔར་བཞིན་དུ་འབུམ་ཕྲག་གསུམ་བཟླས་ཏེ་ཇི་
སྲིད་དུ་དྲི་ཟ་འོངས་ནས་སྨྲ་བར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་བཞིན་དུ་ནམ་མཁའ་ལྡིང་སྒྲུབ་པར་འདོད་པས་འཇིམ་པའི་རང་བཞིན་ལས་ནམ་མཁའ་ལྡིང་བྱས་ལ་སྔར་བཞིན་དུ་འབུམ་ཕྲག་གསུམ་བཟླས་ན་ནམ་མཁའ་ལྡིང་ཐམས་ཅད་བཀའ་སྩལ་པ་བཞིན་བྱེད་དོ། །དེ་ལྟར་
སྲིན་པོ་སྒྲུབ་པར་འདོད་པས་དུར་ཁྲོད་ཀྱི་སོལ་བས་སྲིན་པོའི་གཟུགས་བྲིས་ལ་རྐང་པ་གཡོན་པས་མནན་ཏེ་ཇི་སྲིད་དུ་སྲིན་པོ་ཐམས་ཅད་སྨྲ་བ་སྒྲུབ་པར་བྱེད་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ལྟར་སྐྱེས་པ་དང་བུད་མེད་རྣམས་ཀྱང་ཀུན་དུ་སྦྱར་ན་དེ་བཞིན་དུ་འགྲུབ་པོ། །དེ་ལྟར་ལག་ན་རྡོ་རྗེ་ཇི་ལྟ་ཇི་

ལྟར་ཁྲོ་བོའི་རྒྱལ་པོ་འདི་སྦྱར་ན་དེ་ལྟ་དེ་ལྟར་ལས་ཐམས་ཅད་བྱེད་དོ། །ཐམས་ཅད་དུ་ཐོགས་པ་མེད་པའི་མཐུ་ཆེན་པོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་བར་གྱུར་པ་ལས་ཐམས་ཅད་ཡང་དག་པར་ལྡན་པ་བཀླགས་པ་ཙམ་གྱིས་འགྲུབ་པའི་ཁྲོ་བོའི་རྒྱལ་པོ་
འདི་ལ་རྟོག་པ་ཐམས་ཅད་ཀྱི་ཆོ་ག་སྦྱར་བར་བྱའོ། །བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དང་། མ་དད་པ་དང་། སོམ་ཉི་ཟ་བ་རྣམས་སྤངས་ནས་གནང་བ་ཐོབ་པར་གྱུར་པས་རྟོག་པ་ཐམས་ཅད་ཀྱི་ཆོ་ག་སྦྱར་བར་བྱའོ། །དགུག་པ་དང་། དབང་དུ་བྱ་བ་དང་། གསད་པ་དང་སྐེམ་པ་རྣམས་ལ་ཇི་
ལྟ་ཇི་ལྟར་ཀུན་དུ་སྦྱར་བ་དེ་ལྟ་དེ་ལྟར་དོན་ཡོད་པ་ཐོགས་པ་མེད་པ་འདི་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་སྒྲུབ་པའི་ཐབས་དང་ནི། །བགེགས་ཀྱི་སྔོན་གྱི་གཟུགས་བརྙན་རྣམས། །བཅོམ་ལྡན་
འདས་ཀྱིས་བཤད་དུ་གསོལ། །བསྒྲུབ་པར་བྱ་བ་པོའི་ཆོ་ག །བགེགས་ནི་སྣ་ཚོགས་པ་ཉོན་ཅིག །རྟག་ཏུ་སེམས་ནི་གཡེང་འགྱུར་ཞིང་། །གསང་སྔགས་རྣམས་ནི་ཁ་ཕྱིར་བལྟ། །བཟླས་པ་བསམ་གཏན་དགའ་བ་མིན། །གནས་དང་ལྷ་ཡི་ལས་རྣམས་དང་། །སྦྱིན་སྲེག་
དབང་བསྐུར་ལས་དང་ནི། །ལྷ་རྣམས་ཁ་ནི་ཕྱི་རུ་བལྟ། །སྔགས་པ་བགེགས་ལ་མངོན་པར་འཚེ། །ཡི་དམ་མེད་པར་གྱུར་པ་དང་། །ཡུལ་གཞན་གྱི་ནི་རྣམ་པར་རྟོག །རྣམ་རྟོག་མང་པོ་འབྱུང་བ་དང་། །དད་པ་མེད་ཅིང་སྙོམ་ལས་ཆེ། །དེ་བཞིན་ཡན་ལག་འབིགས་པར་བྱེད། །
དུས་ཀྱི་དབང་གིས་རྣམ་པར་བསྒྱིངས། །ཁྲོ་བ་ཅན་ནི་ཉིད་དུ་འབྱུང་། །ཐེ་ཚོམ་དག་ནི་སྐྱེ་འགྱུར་ཞིང་། །སླར་ཡང་དེ་ཡི་དངོས་གྲུབ་མེད། །དེ་ལ་སོགས་པའི་སྐྱོན་རྣམས་ནི། །བགེགས་ཀྱི་གཟུགས་སུ་བསྟན་པ་ཡིན། །རྩོད་དང་བྲང་འགྲོ་ཀླུ་དང་ནི། །ཡམས་ནི་འབྱུང་བར་གྱུར་པ་
དང་། །རིམས་དང་ཚ་ནད་བགེགས་ཀྱིས་ཉེན། །དེ་བཞིན་དུ་ནི་སྒྲུབ་པ་པོ། །གཟའ་ཡི་དཀྱིལ་འཁོར་དགེ་བ་རུ། །དབང་ནི་རབ་ཏུ་བསྐུར་བར་བྱ། །དེ་ལྟར་སྦྱངས་པའི་སྔགས་པ་ཡིས། །བགེགས་རྣམས་ཐམས་ཅད་འཇིགས་མེད་པར། །སླར་ཡང་རང་གི་ཡི་དམ་ལྷ། །སྦྱིན་

སྲེག་དང་བཅས་བསྒོམ་པར་བྱ། །ཏིལ་རྣམས་དང་ནི་མར་རྣམས་ནི། །མཉམ་པར་བཞག་པས་སྟོང་ཕྲག་བསྲེག །གསང་སྔགས་ཀྱིས་ནི་ཚིམ་བྱ་ཞིང་། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །མངོན་པར་འདོད་པ་བསྒྲུབ་པའི་ཕྱིར། །སླར་ཡང་མཉེས་པ་བརྩམ་པར་
བྱ། །དེ་ནས་ཡང་ནི་རྡོ་རྗེ་འཛིན། །བཅོམ་ལྡན་སླར་ཡང་བཀའ་སྩལ་པ། །བགེགས་རྣམས་སྔ་ན་མེད་པའི་གཟུགས། །ཕན་པའི་ཡིད་ཀྱིས་ཚུར་ལ་ཉོན། །དཀྱིལ་འཁོར་སྒྲུབ་པའི་ཐབས་ལ་ཡང་། །ཆོ་གའི་ལས་རྣམས་སྦྱར་བར་བྱ། །གང་ཚེ་ངོ་མཚར་ཅན་གྱི་ལས། །སྔགས་
པ་མཁས་པ་ཡིས་ནི་བྱ། །གང་གི་སྐྱོན་དང་ལྡན་པ་ཡི། །བགེགས་དང་ལོག་པར་འདྲེན་པ་རྣམས། །སེམས་ཅན་རྣམས་ལ་བགེགས་བྱེད་པ། །མི་བཟད་འཇིགས་པས་འཇིགས་པར་བྱེད། །གནས་སོགས་ཆོ་ག་ཉམས་པ་དང་། །དེ་བཞིན་ལྷ་ཉིད་གཟིར་བ་དང་། །སྔགས་
རྣམས་འགོམ་པར་བྱེད་པའི་དོན། །བདག་ཉིད་ཆེན་པོ་གཟི་བརྗིད་འབར། །གང་དུ་གཏོར་མའི་ཆོ་ག་ལས། །ཆོ་ག་བཞིན་དུ་གྱུར་པར་བྱ། །གང་དུ་མཆོད་པ་བྱས་གྱུར་དང་། །གང་ཞིག་བརྙས་པ་ཞི་བར་འགྱུར། །རླུང་ཆར་དེ་བཞིན་སོལ་བ་དང་། །ཡི་གེ་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །
གནས་གཅིག་སྔར་ནི་སྒྲ་འབྱིན་དང་། །གློག་འཁྱུག་པ་ཡི་སྒྲ་དང་ནི། །མེ་ཡིས་བསྲེག་ཅིང་ཆེར་འཇིགས་པའི། །གླང་ཆེན་མི་བཟད་སྒྲ་སྐད་འདོན། །བོང་བུ་རྔ་མོ་སྤྲེའུ་འདྲ་བ། །ཤིན་ཏུ་མི་བཟད་རོ་ལངས་རྣམས། །ཧ་ཧའི་སྒྲ་ནི་རབ་ཏུ་སྒྲོགས། །འབར་བའི་མེ་ཡིས་དཀྲིགས་པའི་
འོད། །རླུང་གི་དཀྱིལ་འཁོར་གཟུགས་ཅན་རྣམས། །ལ་ལར་མཆེད་ནས་འབར་ཞིང་བྱུང་། །སེང་གེའི་སྒྲ་ནི་སྒྲ་ཆེན་པོ། །སྣ་ཚོགས་གཟུགས་ཅན་རྣམ་པར་འཕྲུལ། །སྐྲག་པ་ཡང་ནི་སྐྱེད་པར་བྱེད། །མི་གཡོ་བ་ནི་སྟོབས་པོ་ཆེ། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ནུས་པས་ཡང་ནི་
འཇོམས་པར་བྱེད། །སྔགས་ཀྱིས་རྨོངས་པར་བྱེད་འགྱུར་ཞིང་། །མི་བཟད་པ་རྣམས་རེངས་པར་བྱེད། །ཡི་གེ་ཧ་ཡི་གཟུགས་ཅན་དབྱིབས། །མེ་ཡི་ཚུལ་ལྟར་རིགས་པ་སྟེ། །བརྩོན་ཆེན་ཐམས་ཅད་དམར་པོ་སྟེ། །སྐྱོན་རྣམས་འཇོམས་པ་རལ་གྲིའི་ཕྱག །གདུག་པ་ཐམས་ཅད་

སྡིགས་མཛུབ་པ། །གཡོན་པའི་ཕྱག་ན་ཞགས་པ་བསྣམས། །འབར་བའི་ཕྲེང་བའི་དཀྱིལ་ན་བཞུགས། །བསྐལ་པའི་མེ་ནི་བཞིན་དུ་གནས། །ཧཱུྃ་སྒྲ་ཕཊ་ཀྱི་སྒྲ་དང་བཅས། །མཆེ་བ་གཙིགས་ཤིང་ཟུར་མིག་གཟིགས། །གདུག་པ་ཐམས་ཅད་ཕྱོགས་བཅུ་རུ། །ཡི་གེ་ཧཱུྃ་ནི་ཁྲོ་
བོ་བཅུ། །ཕྱོགས་ཀུན་དུ་ནི་བརླག་པར་འགྱུར། །ཧ་ཧ་རབ་ཏུ་སྒྲོགས་པར་བྱེད། །རྡོ་རྗེའི་མེ་ཡིས་བསྲེགས་པ་དང་། །ཕན་ཚུན་དུ་ནི་འཚེ་འགྱུར་ཞིང་། །ཕྱོགས་ཀུན་དུ་ནི་བརླག་པར་འགྱུར། །བདག་ཉིད་རྣལ་འབྱོར་ལ་གནས་ནས། །དཔའ་བོ་ཆེན་པོའི་གོ་འཕང་འཐོབ། །ཁྲོ་བོའི་རྒྱལ་པོ་
རབ་ཏུ་སྦྱར། །བགེགས་དང་ལོག་འདྲེན་ཐམས་ཅད་ལ། །ཡི་གེ་ཧ་ཡི་མེ་ཡི་ཚུལ། །མངོན་སུམ་བཞིན་དུ་འཇོམས་པར་བྱེད། །ཡི་གེ་ཧཱུྃ་གི་སྒྲ་དང་ལྡན། །ལོག་པར་འདྲེན་པ་ཐམས་ཅད་འཇོམས། །ཡི་གེ་ཧཱུྃ་ནི་རླུང་གི་ཚུལ། །སྤྲིན་རུམ་གཏིབས་པ་མཉམ་པའི་འོད། །སྤྲིན་གྱི་ཡི་གེ་ཧཱུྃ་
འུར་གྱིས། །གདུག་པ་ཐམས་ཅད་འཐོར་བར་བྱེད། །ཡི་གེ་ཧ་ནི་མེ་ཡི་ཚུལ། །རབ་ཏུ་འབར་བ་རྡོ་རྗེའི་ཕྱག །ཡི་གེ་ཧཱུྃ་གི་སྒྲ་དང་ལྡན། །ལྟ་སྟངས་ཐམས་ཅད་བསྡུ་བར་བྱ། །བདག་ཉིད་ཡི་གེ་ཧར་བྱས་ནས། །ཐམས་ཅད་དམར་ཞིང་ཁྲོས་དང་བཅས། །འཇིགས་པའི་སྒྲ་ཅན་ཆེར་འཇིགས་
པ། །ཕྱག་ན་ཞགས་པ་ཁྲོས་དང་བཅས། །སྔགས་འཆང་ཞགས་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །བགེགས་རྣམས་ཐམས་ཅད་བཀུག་ནས་ནི། །བཅིངས་ནས་རབ་ཏུ་སྐྲག་པར་བྱ། །ཡང་ན་བགེགས་རྣམས་ཐམས་ཅད་ལ། །ཤིན་ཏུ་གཏུམ་ཤིང་
ཁྲོས་པ་ཡིས། །དེ་རྣམས་ཀྱི་ནི་གཟུགས་བྱས་ཏེ། །ཞགས་པའི་ཕྱག་རྒྱས་བཀུག་ནས་སུ། །བརྡེག་པར་བྱ་ཞིང་རྟོག་པར་བྱ། །གཅད་པ་དང་ནི་བསྲེག་པར་བྱ། །བགེགས་རྣམས་ཐམས་ཅད་བརླག་པར་འགྱུར། །ཚངས་པ་མདུན་ན་གནས་གྱུར་ཀྱང་། །དེ་མ་ཐག་ཏུ་བྱེར་ནས་ནི། །ཐེ་
ཚོམ་མེད་པར་འཆི་བར་འགྱུར། །ཡང་ན་བགེགས་རྣམས་ཐམས་ཅད་ནི། །གདུལ་བ་སླར་ཡང་བཤད་པར་བྱ། །ས་ལ་བགེགས་ནི་བྲིས་ནས་སུ། །མགོ་བོ་རྐང་པས་མནན་ཅིང་གཟིར། །ཉེན་ནས་རབ་ཏུ་འདར་གྱུར་ཏེ། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ཡང་ན་བགེགས་རྣམས་ཐམས་

ཅད་ནི། །ཚར་གཅད་པ་ནི་སླར་ཡང་བཤད། །འཛིན་པ་ཡི་ནི་རང་བཞིན་ལས། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །སྔགས་པས་དེ་ནི་མེས་གདུངས་ན། །འདི་ནི་མྱུར་དུ་བསྲེགས་པས་འཛིན། །བརྒྱ་བྱིན་དང་མཚུངས་བགེགས་ཀྱང་ནི། །དེ་ཡི་མོད་ལ་མྱུར་དུ་འགྲོ། །དེ་
བཞིན་ཉིད་དུ་བགེགས་གཞན་རྣམས། །ཐུན་མོང་དུ་ནི་ཡང་བཤད་བྱ། །སྔགས་པས་ཁྲོས་དང་བཅས་པ་ཡིས། །དེ་རྣམས་གཟུགས་ནི་ཡང་དག་བྱ། །སྐེ་ཚེ་དང་ནི་དུག་གིས་བསྐུས། །ལན་ཚྭས་ཀྱང་ནི་བྱུག་པར་བྱ། །མེ་ལ་ཡང་ནི་བསྲེགས་པ་ཡི། །དེ་ཡི་མོད་ལ་མྱུར་དུ་འཚིག །ཡང་
ན་བགེགས་རྣམས་ཐམས་ཅད་ནི། །ཕུར་བུས་གདབ་པ་སླར་ཡང་བཤད། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །རྡོ་རྗེ་ཕུར་བུས་གདབ་པར་བྱ། །བཏབ་པས་རབ་ཏུ་ཞི་འགྱུར་ཞིང་། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ཡང་ན་བགེགས་རྣམས་ཐམས་ཅད་ཀྱི། །རེངས་པ་ཡང་ནི་
བཤད་པར་བྱ། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ལུས་ལ་རི་རབ་རྣམ་པར་བསམ། །ལྕོག་བརྒྱད་དང་ནི་ལྡན་པ་ཡི། །རྡོ་རྗེས་ཡང་དག་མནན་པར་བྱ། །དེ་ནས་རབ་ཏུ་ཞི་འགྱུར་ཞིང་། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །ལྷ་ཚངས་པ་ཡི་བགེགས་རྣམས་ཀྱང་། །མྱུར་དུ་མི་
གཡོ་བརྟ