Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 086_རྒྱུད་འབུམ།_ཐ
Văn bản gốc(Tây Tạng)
Trang 18 / 20 (50.000 ký tự/trang)
འ་བྱེད་ན། །འཇིག་རྟེན་གསུམ་བཞུགས་རྫོགས་སངས་རྒྱས། །དབང་ཕྱུག་བསླུས་པར་གྱུར་པ་ ཡིན། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ངོ་མཚར་དུ་གྱུར་ནས་མིག་བལྟས་ཏེ། ཤིན་ཏུ་ངོ་མཚར་ཡིད་ཀྱིས་སུ། །འདི་སྐད་ཀྱི་ནི་ཚིག་གསོལ་ཏོ། །ཨེ་མའོ་སངས་རྒྱས་བསམ་དུ་མེད། །ཐུགས་རྗེའི་དབང་གིས་གྱུར་པ་ཡིན། །རྒྱུ་དང་མི་རྒྱུ་མི་ཤེས་ལ། །དམ་ ཆོས་འདི་ནི་རབ་ཏུ་གསུངས། །དེ་རྣམས་ཀྱི་ནི་ངན་འགྲོ་བཅད། །སྡུག་བསྔལ་ཐམས་ཅད་འཇིག་པར་མཛད། །གང་གི་ལག་ན་གནས་པ་དེ། །བསམ་མི་ཁྱབ་པར་སངས་རྒྱས་གསུངས། །བགེགས་དང་ལོག་པར་འདྲེན་པ་དང་། །སྡིག་ཅན་ཤིན་ཏུ་སྐྲག་པ་གང་། ། སྔགས་པས་དཀྱིལ་འཁོར་མཐོང་བ་ཡིས། །དེ་དག་ཐམས་ཅད་ཞི་བར་འགྱུར། །འདི་ཀུན་གང་དུ་གནས་པ་ནི། །དམ་པའི་ཆོས་ནི་གནས་མེད་དོ། །སྡིག་པ་འདི་དག་ཐམས་ཅད་དག །དེ་ཚེ་འཇིགས་པ་ལས་གྲོལ་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་ ངོ་། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཐེ་ཙོམ་མེད་པར་རབ་ཏུ་འགྱུར། །སེམས་ཅན་ས་འོག་གནས་པ་དང་། །ཇི་སྲིད་གདུག་པའི་སེམས་ཅན་རྣམས། །ས་ལ་གནས་པའི་བར་དུ་ནི། །དེ་ཀུན་དབང་དུ་བྱས་ནས་ནི། །མངག་གཞུག་དེ་དག་ཉན་པར་གནས། །ས་ གཞི་མཐིལ་གྱི་ལྷ་ལ་སོགས། །ལྷ་འམ་ལྟོ་འཕྱེ་ཆེས་འདི་ནི། །ཅུང་ཟད་གང་དུ་གནས་པ་དེར། །བདག་ཉིད་ཆེན་པོ་སྲུང་བར་བྱེད། །ཐམས་ཅད་བཀའ་བསྒོ་རབ་ཏུ་བྱེད། །ལྷ་གང་གནོད་སྦྱིན་མི་ཡི་བདག །ས་གཞི་སྟེང་གི་རྒྱལ་པོ་འདིར། །ཅི་བགྱི་ཞེས་ནི་སྨྲ་བར་གནས། ། བགེགས་ཀྱིས་ཉེ་བར་འཚེ་བ་དང་། །ནད་ཀྱིས་སྡུག་བསྔལ་གཟིར་བར་བྱེད། །རྒྱལ་པོ་གདུག་པས་སྔངས་པར་བྱེད། །ཐམས་ཅད་འཕྲོག་པར་བྱེད་པ་དང་། །མ་མོ་གདུག་པས་འདེབས་པར་བྱེད། །སེང་གེ་སྟག་དང་ཆུ་དེ་བཞིན། །ས་གཞིའི་སྟེང་འདིར་མཁའ་འགྲོ་མ། །སྲིན་ པོ་ལྟོ་འཕྱེ་འཇིགས་པ་དང་། །ཡུལ་འཁོར་དུ་ནི་མུ་གེས་ཡོག །ནད་རྣམས་ཀུན་གྱིས་འཇིགས་པར་བྱེད། །རིམས་དང་གློ་ནད་དབུགས་མི་བདེ། །ལྷོག་པ་དང་ནི་མཚན་པར་རྡོལ། །མགོ་དང་མིག་གི་ཟུག་གཟེར་དང་། །ལྟོ་བར་ཟུག་གཟེར་འདེབས་པ་དང་། །ནད་ རྣམས་ཀུན་གྱིས་འདེབས་པ་དང་། །ཉེ་བར་འཚེ་བ་ཀུན་གྱིས་གདུངས། །ཡུན་དུ་བཀྲེན་པར་གྱུར་པ་དང་། །འཐབ་དང་ཐབ་མོ་རྩོད་པ་དང་། །རྒྱལ་པོ་ཆོམ་རྐུན་ཕོ་ཉ་སོགས། །ཐ་སྙད་དུ་ནི་གྱུར་པ་ནའང་། །བསྲུང་ཆེན་འདི་ནི་ཟུང་ཅིག་པར། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། ། གནོད་སྦྱིན་ལ་སོགས་ལྷ་ཡི་བདག །འབྱུང་པོ་གནོད་སྦྱིན་མིའམ་ཅི། །གང་ཡང་ས་སྟེངས་གནས་པ་ཡི། །དམ་ཚིག་ལ་ནི་གནས་པ་ཀུན། །དམ་ཚིག་དགུར་ནི་གསུངས་པ་ལས། །དེ་རྣམས་ཐམས་ཅད་མི་འདའོ། །རྫོགས་སངས་རྐང་གཉིས་མཆོག་གིས་ནི། །གསུངས་པའི་ བསམ་མི་ཁྱབ་པ་ཀུན། །བསམ་མི་ཁྱབ་པའི་ལས་གསུངས་པ། །འབྲས་བུའང་བསམ་མི་ཁྱབ་པར་འབྱུང་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཁོར་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །བདུད་ཐམས་ཅད་ཀྱིས་འདའ་བར་མི་བྱ་བའི་སེམས་ཅན་ཐམས་ ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཚིག་འདི་ཤིན་ཏུ་ངོ་མཚར་ཏོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཡིད་ནི་མགུ་བར་གྱུར་པ་ཡིས། །སྙན་པ་ཡི་ནི་ཚིག་གསུངས་པ། །རྡོ་རྗེ་དག་ནི་ཆེན་པོ་བྱུང་། །ལེགས་སོ་དཔའ་བོ་ཡེ་ཤེས་ཆེ། །སླར་ཡང་རྡོ་རྗེ་འཛིན་ཁྱེད་ལེགས། ། བསམ་མི་ཁྱབ་པའི་ལས་སྣ་ཚོགས། །རྒྱལ་སྲས་ཁྱེད་ལ་བཤད་པར་བྱ། །རྒྱལ་མཆོག་གཙོ་བོས་གསུངས་པ་ཡི། །བསམ་མེད་ཡེ་ཤེས་རྟུལ་ཕོད་པ། །གང་གིས་ངེས་པ་འགྲུབ་པ་ཡི། །དེ་དག་ཐམས་ཅད་སྤྱད་པར་བྱ། །དཀྱིལ་འཁོར་དུ་ནི་འཇུག་པ་དང་། །མཆོད་པའི་ལས་ དང་གཏོར་མ་དང་། །དྲི་དང་མེ་ཏོག་ལ་སོགས་དགེ། །བཤད་ཀྱིས་བུ་ཁྱོད་ཚུར་ལ་ཉོན། །གང་གིས་ཡང་དག་བསམ་མི་ཁྱབ། །བླ་ན་མེད་པའི་གོ་འཕང་འཐོབ། །ནང་གི་སངས་རྒྱས་རང་བཞིན་གནས། །ཕྱོགས་བཞི་རུ་ནི་ཁོར་ཡུག་ཏུ། །སྐུ་ནི་སྣ་ཚོགས་མངའ་བ་ཡི། །བྱང་ཆུབ་ སེམས་དཔའ་མདུན་བདར་ཏེ། །ཇི་སྙེད་ནམ་མཁའི་མཐས་གཏུགས་པ། །དེ་སྙེད་སེམས་ཀྱི་སྤྱོད་ཡུལ་ཡིན། །མངོན་གསུངས་བཞིན་དུ་ཡང་དག་བལྟ། །ཡོན་ཆབ་དབུལ་ལ་མདུན་བྱས་ཏེ། །སངས་རྒྱས་ཐམས་ཅད་སྙན་གསན་དབབ། །བྱང་ཆུབ་སེམས་དཔའ་ཉན་ཐོས་བཅས། ། གཞན་ཡང་བྱ་བ་བྱས་པ་དང་། །འཇིག་རྟེན་པ་ཡི་ཆོ་གའི་རིམ། །མཆོད་པའི་ཆོ་ག་རྒྱས་པ་རུ། །ཡང་དག་ཆོ་ག་ཤེས་པར་བྱ། །ཇི་སྲིད་སྐུ་ཡི་དཀྱིལ་འཁོར་ནི། །ཡང་ནི་ཕྱིར་ཞིང་བལྟས་ནས་ནི། །བསམ་མི་ཁྱབ་པའི་མཆོག་སྩོལ་ལ། །ཕྱོགས་བཅིང་བ་ནི་རབ་ཏུ་བྱ། །ཐུགས་རྗེའི་ ཐུགས་ཅན་གྱུར་པ་དང་། །བསམ་མི་ཁྱབ་པའི་འབྲས་སྩོལ་བ། །ཐམས་ཅད་སེམས་ཀྱིས་བཞུགས་པར་ནི། །འཇིག་རྟེན་མགོན་པོས་སླར་ཡང་ནི། །དེ་ལྟར་སེམས་ཀྱིས་བསམས་ནས་ཀྱང་། །དྲི་དང་མེ་ཏོག་དབུལ་བར་བྱ། །ཁྱད་པར་དུ་ཡང་གཏོར་མ་ནི། །ཆོ་ག་བཞིན་དུ་དབུལ་ བར་བྱ། །བྱིན་ནས་སྟེང་གི་སངས་རྒྱས་རྣམས། །ཐུགས་རྗེར་གྱུར་པའི་ཐུགས་མངའ་བ། །བལྟས་ནས་འཁོར་བའི་སྡུག་བསྔལ་ནི། །གཙོ་བོ་དེ་རུ་བལྟ་བར་བྱ། །དེ་ནས་ལག་པས་མེ་ཏོག་དང་། །བདུག་པ་བླངས་ནས་སྙིང་གར་གཞག །དེ་ལ་གསོལ་བ་གདབ་ པར་བྱ། །ཐུགས་རྗེའི་རོ་གཅིག་ཏུ་གྱུར་པ། །འགྲོ་བ་ཕན་པར་མཛད་པ་ཡི། །ཇི་སྙེད་རྫོགས་སངས་རྒྱས་བཞུགས་པ། །དེ་སྙེད་བདག་གིས་འདོད་པ་ཡི། །འབྲས་བུ་ཡང་དག་ཐོབ་པར་མཛོད། །དེ་ལྟར་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བའི་གནས་སུ་གསོལ་བ་གདབ། །དེ་ ནས་ཡང་དག་བསམ་བྱས་པའི། །རྗེས་སུ་རྒྱལ་བའི་སྲས་པོ་ཡང་། །ཡོན་ཆབ་ལ་སོགས་ཆོ་ག་ཡིས། །དྲི་དང་མེ་ཏོག་སོགས་སླར་ཡང་། །མངོན་སུམ་བཞིན་དུ་སྐྱོབ་བ་ནི། །མཉམ་གཞག་གྱུར་པས་མཆོད་པར་བྱ། །རང་གི་སྐུར་གྱུར་ཐམས་ཅད་ནི། །དེ་བཞིན་རང་གི་མཚོན་ ཆར་ལྡན། །རང་གི་ཆ་བྱད་མཚོན་ཆར་ལྡན། །འཇིགས་པ་མེད་པར་བསམ་པར་བྱ། །འདི་དག་ཐམས་ཅད་མཆོད་སྦྱིན་ཕྱག །ཅོད་པན་མགོ་བོར་གནས་པར་བཤད། །བསམ་པ་ཐམས་ཅད་རྫོགས་མཛད་པ། །སྐལ་བ་ཆེན་པོ་བསམ་པར་བྱ། །དེ་ལྟར་དཀྱིལ་འཁོར་མགོན་པོ་ ནི། །མཆོད་སྦྱིན་བདག་ཉིད་བསམ་པར་བྱ། །གཙོ་བོ་བསྟན་ལ་སྨན་མཛད་པ། །རྣམ་པ་ཀུན་དུ་བསམ་པར་བྱ། །དེ་ནས་མཁས་པས་མར་མེ་དང་། །མཆོད་ཡོན་ཞལ་བསིལ་ཤིན་ཏུ་མཛེས། །དྲི་དང་མེ་ཏོག་མར་མེ་དང་། །བདུག་པ་གཏོར་མ་དེ་བཞིན་དུ། །ཞལ་ཟས་དེ་ལ་ དབུལ་བར་བྱ། །ཆན་དང་འོ་ཐུག་དེ་བཞིན་ནོ། །རས་ཀྱིས་མགྲིན་པ་བཅིངས་པ་ཡི། །བུམ་པ་བཅུ་དྲུག་གཞག་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །རྟ་དང་གླང་པོ་བཞོན་པའི་མཆོག །དྲིལ་བུའི་སྒྲ་ནི་རབ་ཏུ་སྙན། །རོལ་མོ་རིན་ཆེན་ཁྱད་པར་དུ། །བྱེ་བ་གྲངས་ནི་ མེད་པ་ཡི། །མཆོག་ཉིད་ཀྱང་ནི་དབུལ་བར་བྱ། །ཁྱད་པར་དུ་ཡང་སྙན་པའི་སྒྲ། །དབྱངས་གླུ་སོས་དལ་ཡིད་འཕྲོག་པ། །དྲིལ་བུའི་རོལ་མོ་ཁྱད་པར་དུ། །དཀྱིལ་འཁོར་དགེ་བ་མཆོད་པར་བྱ། །དེ་ལྟར་ཆོ་ག་བཞིན་མཆོད་ནས། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །སྨོན་ལམ་ རབ་ཏུ་འཕེལ་བྱའི་ཕྱིར། །རྒྱལ་མཆོག་ལ་སོགས་རབ་ཏུ་འདུད། །དེ་ནས་དེ་བྱུང་སློབ་མ་ནི། །བློ་ལྡན་དཀྱིལ་འཁོར་དུ་བོས་ཏེ། །དེ་ཚེ་གསུམ་ལ་སྐྱབས་འགྲོ་སྦྱིན། །དཀོན་མཆོག་གསུམ་ལ་གུས་པར་ལྡན། །བྱང་ཆུབ་སེམས་ནི་རྣམ་དཔྱད་པ། །མ་ལུས་པར་ནི་གཟུང་བར་ བྱ། །རྟག་ཏུ་བླ་མ་ལ་གུས་ཤིང་། །བློ་གྲོས་ཟབ་མོ་ཡང་དག་ལྡན། །སྤྲོ་ཆེན་བློ་གྲོས་ཕུན་སུམ་ཚོགས། །བཟླས་ལ་དགའ་ཞིང་ཆེད་དུ་བྱེད། །བསྔགས་ཤིང་ཚུལ་ཁྲིམས་ཕུན་སུམ་ཚོགས། །གཏོང་ལ་དགའ་ཞིང་ཤིན་ཏུ་བརྩོན། །དབང་པོ་དྲུག་ནི་རབ་ཏུ་ལྡན། །སྒྱུ་རྩལ་ ཆོ་ག་རྣམ་པར་མཁས། །སྤྲོ་བ་ཆེ་དང་སེམས་དཔར་ལྡན། །བྱས་པ་ཤེས་ཤིང་བྱས་པ་གཟོ། །ཕ་དང་མ་ལ་ཤིན་ཏུ་གུས། །དཀོན་མཆོག་གསུམ་ལ་ཤིན་ཏུ་ངེས། །སངས་རྒྱས་ཉན་ཐོས་ཆོས་རྣམས་དང་། །འཇིག་རྟེན་པ་རྣམས་མཆོད་པར་བྱེད། །དད་པ་དང་ནི་ཐུགས་རྗེར་ལྡན། ། ནད་མེད་དབང་པོ་མ་ཚང་མེད། །སེམས་ཅན་ཕན་པར་ཡང་དག་ལྡན། །སྡིག་པའི་སྒྲ་ནི་རབ་ཏུ་འཇོམས། །ལོག་པའི་ལྟ་བ་རྣམ་པར་བྲལ། །ཡང་དག་ལྟ་བ་ཡང་དག་བརྟེན། །སེར་ཞིང་ལྗང་གུ་དཀར་བ་དང་། །ནག་པར་གྱུར་ཀྱང་མདངས་བཟང་བ། །གང་ཡང་ལུས་ནི་ རབ་ཏུ་དྲང་། །མགོ་བོ་ཤིན་ཏུ་རྒྱས་བཅས་པ། །སྣ་ལྡན་སྨིན་མཚམས་བར་མ་ཆད། །མིག་དང་རྫི་མ་ཡང་དག་ལྡན། །གང་ཡང་མཉམ་པ་ཉིད་དུ་རྒྱས། །དེ་བཞིན་མགོ་བོ་གདུགས་ལྟ་བུ། །རྐེད་པ་རྒྱས་ཤིང་ཡང་དག་ལྡན། །རྐང་པ་ཤིན་ཏུ་གནས་པ་དང་། །དེ་སོགས་ ཡོན་ཏན་ཡང་དག་ལྡན། །དེ་ཚེ་བླ་མས་བརྟགས་ན་ནི། །ལྔ་འམ་བརྒྱད་ནི་གཟུང་བར་བྱ། །གྲངས་མེད་ཡང་དག་འདོད་ཚད་ནི། །དེ་ནས་དེ་ལ་སྦྱིན་པར་བྱ། །གསུམ་ལ་སྐྱབས་འགྲོ་སྡིག་པ་བཤགས། །བདག་ཉིད་དབུལ་བ་དེ་དག་ལ། །སངས་རྒྱས་བྱང་ཆུབ་ཆེད་དུ་སྦྱིན། ། བྱང་ཆུབ་སེམས་ནི་མ་ལུས་པ། །བློ་གྲོས་ལྡན་པའི་མི་ཡིས་གཟུང་། །དེ་དག་མ་ལུས་ཡང་དག་བྱ། །སླར་ཡང་དམ་ཆོས་བཤད་པར་བྱ། །བསྐལ་པ་བྱེ་བ་གྲངས་མེད་དུ། །དལ་འབྱོར་ཤིན་ཏུ་རྙེད་པར་དཀའ། །ཨུ་དུམ་བཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག ། དེ་བས་ཀྱང་ནི་འཇིག་རྟེན་མགོན། །སྐྱོབ་པ་ཤིན་ཏུ་རྙེད་པར་དཀའ། །གཙོ་བོ་གསང་སྔགས་ཚུལ་ཡང་ནི། །ས་སྟེངས་སུ་ཡང་དེ་བཞིན་ནོ། །ཤིན་ཏུ་སྡུག་བསྔལ་འཇིགས་པ་ཡང་། །འཁོར་བའི་རྒྱ་མཚོ་འདི་རུ་བུ། །ས་སྟེངས་གསང་སྔགས་མ་གཏོགས་པ། ། སྐྱོབ་པ་སུ་ཡང་མ་མཐོང་ངོ་། །དེ་བས་རྣམ་པ་ཐམས་ཅད་ཀྱི། །འཁོར་བའི་སྐྱོན་ནི་སྤོང་འདོད་པས། །རྒ་དང་ན་དང་འཇིགས་པ་དང་། །འཆི་བའི་འཇིགས་པ་རྩུབ་བལྟས་ནས། །ལམ་མཆོག་འདི་ནི་བསྟེན་པ་ན། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་འགྱུར། །གདོས་ཆད་པས་ བཅིང་མཐའ་ཡས་དང་། །གཞན་ཡང་སྡུག་བསྔལ་བ་ཡི་ཚོགས། །ལམ་མཆོག་འདི་ནི་བསྟེན་པ་ན། །གང་དུ་མི་འབྱུང་ཤིན་ཏུ་དཀོན། །ཉེ་དུ་མཛའ་བོ་སྡུག་བསྔལ་དང་། །གྲོགས་པོ་གཉེན་དང་སྣག་གཉེན་མཚམས། །ལོངས་སྤྱོད་ཕུན་ཚོགས་སྡུག་བསྔལ་དང་། །ནད་ཀྱི་སྡུག་ བསྔལ་གྱིས་གདུངས་དང་། །ཟས་ཀྱིས་འཇིགས་པའི་སྡུག་བསྔལ་དང་། །གང་ཡང་ས་སྟེངས་འཁོར་གནས་པས། །ཚུལ་འདི་བསྟེན་པར་གྱུར་པ་ན། །འབྱུང་བ་རུ་ནི་མི་འགྱུར་རོ། །བཅུ་དང་བརྒྱད་དང་དེ་ནས་ལྔ། །གསུམ་ལ་སྐྱབས་འགྲོ་དུས་ཁྲིམས་ནི། །བསླབ་པ་བྱིན་ཏེ་ བླང་བར་བྱ། །སངས་རྒྱས་བསྟན་པ་ཤིན་ཏུ་དཀོན། །སྡོམ་པ་ཡང་དག་བླངས་ནས་སུ། །ལུས་ཅན་རྣམས་ཀྱི་སྲོག་བཞིན་དུ། །བསྡམས་པར་གྱུར་པ་བསྲུང་བར་བྱ། །དལ་བ་ཕུན་སུམ་ཚོགས་པ་དཀོན། །གསང་སྔགས་སྤྱོད་པ་ལས་བྱུང་བའི། །དང་པོ་ཉམས་གཅིག་ བསྟེན་པར་བྱ། །ཡིད་བཞིན་ནོར་བུ་ལྟ་བུའི་སྐུ། །ཞི་བའི་སངས་རྒྱས་གོ་འཕང་འཐོབ། །ལམ་འདི་མཆོག་སྟེ་དཔལ་དང་ལྡན། །བསམ་གྱིས་མི་ཁྱབ་འབྲས་བུ་སྩོལ། །མི་གཡོ་བས་ནི་བསྟེན་གྱུར་ནས། །བླ་ན་མེད་པའི་གོ་འཕང་འགྱུར། །འདི་ནི་མཆོག་གི་དེ་ཉིད་ཞིང་། ། སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །ཤིན་ཏུ་གུས་པ་དང་ལྡན་པ། །ཐེག་པ་ཆེན་པོ་འཐོབ་པར་འགྱུར། །དེ་བས་ཁྱོད་ཀྱིས་ཐེག་ཆེན་ལ། །སླུ་བ་མེད་པར་གུས་པར་གྱིས། །གང་གིས་ཁྱོད་ནི་འགྲོ་བ་ན། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །སེམས་ཅན་ཀུན་ ལ་ཕན་པའི་ཡིད། །བསམ་པ་ཐམས་ཅད་རྫོགས་པར་བྱེད། །ཁྱེད་ནི་ཐེག་པ་གསུམ་འཆད་པ། །ཚུལ་ལས་གནས་པ་དེ་ནས་འབྱུང་། །ཟབ་མོ་ཡི་ནི་བློ་གྲོས་ལྡན། །ཟབ་མོའི་དོན་ནི་སྟོན་བྱས་པ། །རྒྱལ་བའི་ཚུལ་ནི་སྟོན་པ་ན། །དེ་ལས་ཐེ་ཚོམ་མེད་པ་འབྱུང་། །གདོད་ ནས་ཞི་ལ་གནས་མེད་པའི། །དམ་པའི་ཆོས་ནི་དེ་ནས་བཤད། །སེམས་ཅན་སུས་ཐོས་ཐམས་ཅད་ཀྱང་། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །འདི་ན་བདག་མེད་སྲོག་ཀྱང་མེད། །དབང་ཕྱུག་ཀྱང་མེད་བྱེད་པའང་མེད། །འཇིག་རྟེན་བྱེད་པོ་སེམས་ཅན་མེད། །སྐྱེས་པ་མེད་ ཅིང་མ་ནིང་མེད། །གང་ཟག་ཀྱང་མེད་གནས་ཀྱང་མེད། །གང་དུ་ཚོར་བ་བྱེད་པ་མེད། །གཙོ་བོ་ཡོད་མིན་ཁྱབ་པའང་མེད། །ཕྲ་བ་མེད་ཅིང་གསལ་བའང་མེད། །རྒྱུ་འམ་གཞན་ཡང་མེད་པ་སྟེ། །རང་གི་ངོ་བོ་རང་བཞིན་མེད། །བདག་གི་བ་ཡི་རང་བཞིན་མེད། །ས་སྟེངས་ན་ ནི་རྟག་པ་མེད། །ཐམས་ཅད་སྒྱུ་མིའི་ལས་བྱུང་ལྟར། །བྱེད་པོ་ལ་སོགས་རྣམ་པར་སྤངས། །འདི་དག་ཐམས་ཅད་སྟོང་པར་ལྟ། །ཡེ་ཤེས་གོ་འཕང་དུ་ནི་བརྟག །བདག་དང་སྲོག་ལ་སོགས་པ་ཀུན། །བྱིས་པ་འབའ་ཞིག་གིས་ནི་བརྟགས། །འདི་ན་བདག་མེད་སེམས་ ཅན་མེད། །འདོད་མེད་འབའ་ཞིག་ལས་བྱུང་བ། །སྒྱུ་མ་དང་ནི་སྨིག་རྒྱུ་དང་། །དྲི་ཟའི་གྲོང་ཁྱེར་རྨི་ལམ་ལྟར། །དངོས་པོ་ཐམས་ཅད་སྟོང་པ་ཉིད། །ཆུ་ཤིང་ལྟ་བུར་ཡང་དག་གནས། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །དབུ་བ་ཆུ་བུར་ལྟ་བུར་གནས། །སྒྱུ་མ་སྐྱེ་བ་སྐྱེ་བ་མེད། ། ནམ་མཁའ་ལྟ་བུར་སྟོང་པ་ཉིད། །ནམ་མཁའ་ལྟ་བུར་གོས་པ་མེད། །དག་པར་ཀུན་དུ་ཡང་དག་གནས། །ཞི་བའི་མཆོག་གི་དེ་ཉིད་དེ། །རྣམ་པ་མཆོག་གིས་རྟག་ཏུ་གསུངས། །དེ་འདིར་ཡེ་ཤེས་མཆོག་ཐོབ་པའི། །དེ་བཞིན་གཤེགས་པ་འབྱུང་འགྱུར་རོ། །དེ་ནས་སྔགས་ པས་གསོལ་འདེབས་པའི། །སློབ་མ་སྡིག་དང་བྲལ་བྱེད་པ། །རལ་གྲིའི་ཕྱག་རྒྱས་བསྲུང་བ་བྱ། །དེ་ཡི་རྗེས་སུ་གོ་ཆ་བགོ། །ཆོ་ག་ཤེས་པས་བསྲུང་བར་བྱ། །སློབ་མ་ལ་ནི་ཕན་འདོད་པས། །སྔགས་ཀྱིས་ཚིམ་པར་བྱེད་པ་ཡི། །ཡི་གེ་བཅྭ་ལྔ་སྔགས་པ་ཡིས། །ཐམས་ ཅད་དུ་ནི་རབ་བརྗོད་དོ། །ཡང་དག་སྔགས་ཀྱིས་བསང་གཏོར་བྱ། །གདོང་ནི་རས་ཀྱིས་བཅིངས་ནས་སུ། །མགོ་བོ་ས་ལ་བཏུད་པར་བྱ། །དཀོན་མཆོག་གསུམ་ལ་སེམས་ཕྱོགས་ཏེ། །སྙིང་རྗེ་དང་ནི་ལྡན་པའི་སེམས། །སྐྱོབ་པ་ཐམས་ཅད་མངོན་སུམ་དུ། །གྱུར་ པར་བསམས་ཏེ་གཞུག་པར་བྱ། །ཀུན་ཀྱང་དབང་ཕྱུག་གོ་འཕང་འཐོབ། །འཛིན་པ་ཐམས་ཅད་རྣམ་པར་སྤངས། །ཇི་བཞིན་འདོད་པའི་སངས་རྒྱས་ཀྱང་། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །བླ་མ་ལ་ནི་ཡོན་ཕུལ་ནས། །དབང་བསྐུར་བར་ནི་གསོལ་བ་གདབ། །གུས་པར་གྱུར་པའི་ རང་སྲོག་གིས། །བླ་མ་ལ་ནི་འདུད་པར་བྱ། །བླ་མ་ལ་ནི་དབུལ་བའི་ཡོན། །རང་གི་ལུས་ནི་སྙན་མནན་ནས། །བདག་ཉིད་དངོས་པོ་དབུལ་བར་བྱ། །གཞན་དུ་འབྲས་བུ་མེད་པར་འགྱུར། །རིན་ཆེན་གླང་པོ་རྟ་དང་ཕྱུགས། །གཞན་ཡང་ཡིད་ལ་གང་བཞེད་པ། །སློབ་མའི་བློ་བདག་ གུས་པ་ཡིས། །དེ་དག་ཐམས་ཅད་དབུལ་བར་བྱ། །དེ་བཞིན་ན་བཟའ་རབ་ཏུ་དབུལ། །བླ་མ་གང་གིས་མཉེས་བྱས་ཤིང་། །བླ་མ་ལ་ནི་ཡོན་ཕུལ་བས། །བསམ་མི་ཁྱབ་པའི་འབྲས་བུ་གསུངས། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །རྒྱལ་བ་སྐྱེས་མཆོག་འདི་མཆོད་བྱ། ། རྫོགས་སངས་རྒྱས་སུ་དེ་འདིར་བཤད། །ས་བཅུའི་གནས་ཀྱི་དབང་ཕྱུག་དང་། །འཇིག་རྟེན་སྐྱོང་བ་ཐམས་ཅད་བཤད། །བརྒྱ་བྱིན་ལ་སོགས་བདུད་ཚོགས་བཞིན། །ཚངས་པ་ཁྱབ་འཇུག་དྲག་པོ་དང་། །ཀླུ་མོ་དུལ་བའི་སྲས་པོ་དང་། །གཟའ་དང་རྒྱུ་སྐར་ཚོགས་ཐམས་ཅད། །ཕུང་ པོ་ཡང་ནི་རྫུ་འཕྲུལ་ཆེ། །ཟག་པ་ཟད་པ་བཤད་པ་དང་། །ཐམས་ཅད་དེ་ཉིད་དུ་བརྗོད་དོ། །དཔལ་ལྡན་གདུལ་དཀའ་འདུལ་མཛད་པ། །ཕྱག་ན་རྡོ་རྗེ་ས་སྟེངས་འདི། །དཔལ་ལྡན་བསྟན་པའི་དོན་མཛད་པ། །དམ་པའི་ལམ་གྱི་གདམས་ངག་ཅན། །རྫོགས་སངས་རྒྱས་ཀྱི་ཇི་ བཞིན་སྐུ། །ཡོན་ཏན་ཀུན་གཅིག་ཡང་དག་བཤད། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་། །སྐྱོན་ནི་ནམ་ཡང་མ་ཡིན་ཏེ། །ཡོན་ཏན་བཟུང་བས་དངོས་གྲུབ་འཐོབ། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་བརླག །དེ་ཡི་གྲིབ་མ་འགོམ་པ་ནི། །མཆོད་རྟེན་བཤིག་པ་ཞེས་སུ་བཤད། ། བསམ་མི་ཁྱབ་པའི་འབྲས་སྟེར་བ། །འདི་ནི་སངས་རྒྱས་ལྟ་བུར་བལྟ། །བརྟན་དང་གཡོ་བ་ཡི་གསང་བ། །མཆོག་ནི་ཐམས་ཅད་སྟོན་བྱེད་ལ། །ཁྱེད་ཀྱིས་སློབ་དཔོན་སྨོད་པ་དང་། །རྨི་ལམ་དུ་ཡང་ཕྲད་མི་བྱ། །གང་ཡང་སློབ་དཔོན་སྨོད་པ་དེ། །བགེགས་དང་ལོག་པར་འདྲེན་ པས་འཛིན། །སྡིག་ཅན་སེམས་ཅན་ཐག་རིང་དུ། །ས་སྟེངས་སུ་ནི་སྤང་བར་བྱ། །མནར་མེད་ལ་སོགས་འཇིགས་རུང་བས། །དམྱལ་བར་ཡང་དག་བརྟན་པ་གང་། །སློབ་དཔོན་ལ་ནི་སྨོད་པ་གང་། །དེ་རུ་ཡང་དག་འཚེད་པར་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ འབྲས་བུ་འདོད་པ་ཡིས། །བསམ་གྱིས་མི་ཁྱབ་འབྲས་སྟེར་བ། །འདི་ནི་རྨད་བྱུང་གུས་པས་མཆོད། །དབང་བསྐུར་ཆོ་ག་རྒྱས་པར་ནི། །བཤད་པར་བྱ་ཡིས་བུ་ཁྱོད་ཉོན། །གང་དུ་དབང་བསྐུར་བར་གྱུར་ན། །འཇིག་རྟེན་སངས་རྒྱས་ལྟ་བུར་བལྟ། །དེ་རུ་པདྨ་འདབ་བརྒྱད་པ། ། ཁྲུ་གང་ཚད་དུ་བརྗོད་པ་ཡིན། །ནང་ན་གནས་པའི་རྡོ་རྗེ་ནི། །འོད་ཟེར་གྱིས་ནི་རྣམ་པར་བརྒྱན། །བུམ་པ་བརྒྱད་ནི་ཡོངས་རྫོགས་པར། །གཙང་མའི་ཆུ་ཡིས་རབ་ཏུ་བཀང་། །མགྲིན་པ་རས་ཡུག་བཟང་པོས་བཅིངས། །ལོ་འདབ་བཟང་པོས་ཁ་བརྒྱན་བྱས། །ཁྲོ་བོའི་རྒྱལ་པོས་ བསྔགས་ནས་ནི། །སྨན་དང་རིན་ཆེན་ཀུན་གྱིས་བཀང་། །གདུགས་དང་རྒྱལ་མཚན་བ་དན་དང་། །རོལ་མོའི་སྒྲ་སོགས་ཡིད་འཕྲོག་པ། །སྙན་ཅིང་རྒྱ་ཆེ་བ་ཡི་ཚོགས། །རབ་བསྔགས་ཀུན་དུ་མངོན་དགའ་བས། །སྔགས་པས་དེ་ཚེ་དབང་བསྐུར་ཏེ། །སྐྱོབ་པ་མངོན་སུམ་བཞིན་དུ་ བྱ། །དབང་བསྐུར་བྱས་མ་ཐག་ཏུ་ནི། །དཔལ་ལྡན་བྱང་ཆུབ་རྟོགས་ཕྱིར་སྦྱིན། །དེ་ནས་བཟུང་སྟེ་བུ་ཁྱོད་འདི། །ས་སྟེངས་སངས་རྒྱས་སྲས་པོ་ནི། །བརྟན་དང་གཡོ་བས་མཆོད་པ་རུ། །བྱང་ཆུབ་སེམས་དཔས་གཟུང་བར་བྱ། །དེ་ནི་མ་མཐོང་བར་གྱུར་པས། །བྱང་ཆུབ་སེམས་ དཔའ་བརྗོད་པ་ཡིན། །བདུད་དང་བགེགས་དང་སྦྲུལ་དང་ནི། །གཞན་ཡང་ལོག་པར་འདྲེན་པ་ཡིན། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ནི། །དེ་ཕྱིར་མཐོང་བར་མི་འགྱུར་རོ། །མ་བསྒྲུབས་པ་ཡང་མྱུར་དུ་འགྲུབ། །བདུད་རྣམས་ཐམས་ཅད་འཇོམས་པར་བྱེད། །དཀྱིལ་འཁོར་ འདིར་ནི་དབང་བསྐུར་བ། །དེ་ནི་ངེས་པར་སངས་རྒྱས་ཉིད། །འདིར་ནི་སྡུག་བསྔལ་འཇིགས་རུང་བའི། །སྡུག་བསྔལ་སླར་ཡང་འབྱུང་མི་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཡོན་ཏན་ཀུན་གྱིས་དེ་བཞིན་ བརྒྱན། །སློབ་མ་ལ་ནི་སྨན་བྱའི་ཕྱིར། །དེ་ནས་སྦྱིན་སྲེག་རབ་ཏུ་བརྩམ། །ཐབ་ཁུང་དག་ཀྱང་བྱ་བ་སྟེ། །དེ་ལ་ཁ་རན་དང་བཅས་ནས། །དེ་ཡི་དབུས་ནས་རྡོ་རྗེ་ནི། །ཞི་བ་ཆེད་དུ་རྨད་དུ་བྱུང་། །དེ་ཡི་ཐབ་ཁུང་ཁོར་ཡུག་ཏུ། །དྲིས་ཀྱང་རྗེས་སུ་བྱུག་པར་བྱ། །མེ་ཡི་ཐབ་ནི་ཁྲུ་གང་དུ། ། དེ་བཞིན་གཤེགས་པས་ཡང་དག་གསུངས། །མེ་ནི་ཀུན་དུ་འབྱུང་བའི་ཤིང་། །མེ་ཐབ་འདི་རུ་མེ་སྦར་བྱ། །དེ་ནས་མཆོད་ཡོན་ཞལ་བསིལ་བྱ། །བསང་གཏོར་ས་སྟེངས་སུ་ནི་བརྗོད། །ཀུ་ཤ་རྩེ་མོ་དགྲམ་པར་བྱ། །སླར་ཡང་རྩ་བས་བསྐོར་བར་བྱ། །དེ་ལྟར་འདི་དག་ཐམས་ཅད་བྱ། ། མར་དང་སྦྲང་རྩི་བྱུག་པས་མཛེས། །གང་ཞིག་ཡམ་ཤིང་ལས་རྣམས་ཀྱིས། །རྣམ་པར་མཁས་པས་སྦྱིན་སྲེག་བྱ། །སེམས་ནི་སྙིང་རྗེ་དང་ལྡན་པ། །སློབ་མ་རེ་རེ་བརྗོད་ནས་སུ། །དཔལ་ལྡན་སྲེག་བླུགས་བསྲེག་པར་བྱ། །ཉི་ཤུ་ཐམ་པ་ཉིད་ཀྱང་ངོ་། །འདི་དག་ཐམས་ ཅད་བྱས་ནས་སུ། །སེམས་ནི་སྙིང་རྗེ་དང་ལྡན་པ། །རྒྱལ་མཆོག་ཐམས་ཅད་རབ་བཏུད་ནས། །དེ་ནས་སྨོན་ལམ་གདབ་པར་བྱ། །བཅོམ་ལྡན་བདག་གིས་གང་བསགས་པའི། །བསོད་ནམས་གྲངས་མེད་གཞལ་མི་ལང་། །དེས་ནི་འགྲོ་བ་མ་ལུས་པ། །བླ་མེད་གོ་འཕང་ འཐོབ་པར་ཤོག །སེམས་ཅན་བྱེ་བ་གྲངས་མེད་གང་། །གཞན་ཡང་ངན་འགྲོར་གྱུར་པ་གང་། །བདག་གི་བསོད་ནམས་མཐུ་ཡིས་ནི། །ཐམས་ཅད་བདེ་དང་ལྡན་གྱུར་ཅིག །གང་ཞིག་ཡི་དགས་སྡུག་བསྔལ་དང་། །གང་ཡང་ངན་འགྲོར་གྱུར་པ་རྣམས། །བདག་གི་ བསོད་ནམས་མཐུ་ཡིས་ནི། །དེ་དག་ཐམས་ཅད་བྲལ་འགྱུར་ཤོག །ཇི་སྙེད་སེམས་ཅན་ཐམས་ཅད་ཀྱང་། །སྡུག་བསྔལ་སྣ་ཚོགས་ཉིད་དག་དང་། །དེ་དག་ཐམས་ཅད་ཞི་གྱུར་ནས། །འགའ་ཡང་སྡུག་བསྔལ་མ་གྱུར་ཅིག །ཇི་སྙེད་སེམས་ཅན་ཉེས་སྤྱད་པས། །ལུས་ དང་ངག་དང་ཡིད་ལས་བྱུང་། །སེམས་ཅན་ཐམས་ཅད་དེ་མ་གྱུར། །ཀུན་ཀྱང་བདེ་དང་ལྡན་གྱུར་ཅིག །དེ་ནས་རྒྱལ་མཆོག་ཀུན་བཏུད་ནས། །དྲི་དང་མེ་ཏོག་སོགས་ཐོགས་ཏེ། །སྟེང་དང་འོག་ཏུ་བལྟས་གྱུར་པས། །དེ་ནས་རབ་ཏུ་བསྡུ་བའི་ཕྱིར། །དེ་ནས་སླར་ཡང་བརྗོད་པར་བྱ། ། སྐྱོབ་པ་ཐམས་ཅད་མངོན་སུམ་དུ། །བདག་ལ་སླར་ཡང་བརྩེ་བའི་ཕྱིར། །བཅོམ་ལྡན་སྲས་དང་བཅས་པ་ཡང་། །ཇི་སྲིད་བདག་ནི་དོན་གྲུབ་པར། །བདག་ཉིད་ཆེན་པོ་སླར་བྱོན་མཛོད། །དེ་ནས་གཏོར་མ་མེ་ཏོག་དང་། །དྲི་དང་བཅས་པའི་རྡུལ་ཚོན་ལ། །སྔགས་པ་དངོས་གྲུབ་ མཆོག་འདོད་པས། །ལག་པས་རེག་པར་མི་བྱའོ། །དེ་ནས་རང་གིས་བྱིན་བརླབས་ཏེ། །ས་ལ་འདུག་ནས་གོས་ཕུད་པས། །འབད་པར་གྱུར་པས་བསྡུས་ནས་ནི། །ཆུ་བོ་ལ་ནི་བསྐུར་བར་བྱ། །དེ་ལྟར་རབ་ཏུ་འབད་པས་ཀྱང་། །ཉི་མ་གཉིས་པ་ཤར་བ་ལ། །དེ་ཚེ་དངོས་གྲུབ་ ཀུན་བྱེད་པའི། །ཕྱག་རྒྱ་ཤེས་རབ་ཅན་གྱིས་བསྟན། །གང་ཞིག་བཅིངས་པ་ཙམ་གྱིས་ནི། །དེ་ལ་ལྷ་ནི་ཉེ་བར་འགྱུར། །ས་སྟེངས་ཤིན་ཏུ་སྡུག་བསྔལ་གནས། །སེམས་ཅན་ཐམས་ཅད་འདུལ་བྱེད་པ། །འཇིགས་པ་བརྟན་དང་གཡོ་བ་ཡི། །འཇིག་རྟེན་ཀུན་གྱིས་མི་མཐོང་ངོ་། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཕུན་སུམ་ཚོགས་པ་ཡང་དག་ལྡན། །ཕྱག་རྒྱ་རྟག་ཏུ་འགྲུབ་པར་ནི། །ཐེ་ཙོམ་མེད་པར་འབྱུང་བར་འགྱུར། །རལ་གྲི་ཡི་ནི་ཕྱག་རྒྱ་བཤད། །དེ་ནས་དེ་ཡི་འོག་ཏུ་ནི། །གོ་ཆ་བཤད་པར་བྱ་ཡིས་ཉོན། །མགོ་བོར་ཡང་ནི་ཐོ་བར་བཅས། ། སྤྱི་བོར་རྡོ་བ་དག་དང་ལྡན། །བཀའ་རྟགས་ཕྱག་རྒྱ་སྙིང་གར་ཏེ། །ཕྱོགས་བཅིང་བར་ནི་རབ་ཏུ་བྱ། །དེ་བཞིན་མར་མེ་དྲི་ཕྱག་རྒྱ། །གཏོར་མའི་ཕྱག་རྒྱ་བདུག་པ་ཡང་། །མེ་ཏོག་ཞལ་ཟས་ཕྱག་རྒྱ་དང་། །སྤྱན་དྲང་བ་ནི་ཉིད་དང་ནི། །དེ་བཞིན་གཤེགས་པ་རྒྱལ་སྲས་དང་། །ཉན་ཐོས་ དང་ཡང་ཕོ་ཉ་སོགས། །འཇིག་རྟེན་པ་ནི་ཐམས་ཅད་དང་། །དེ་བཞིན་དྲང་སྲོང་ཚོགས་རྣམས་དང་། །སྲིང་མོ་ཡང་དག་བཤད་པ་དང་། །མ་མོ་ཡང་ནི་བདུན་ཉིད་དང་། །དེ་དག་རྣམས་ནི་མ་ལུས་པ། །ས་སྟེངས་སུ་ནི་རྒྱས་པར་ཉོན། །ཚམ་ངམ་སྐད་ཅིག་མི་གཡོ་བར། །ཕན་པའི་ དོན་དུ་བུ་ཚུར་ཉོན། །གང་ཞིག་བརྗོད་པ་ཙམ་གྱིས་སུ། །བགེགས་དང་ལོག་པར་འདྲེན་པ་འཇོམས། །མཛུབ་མོ་དང་ནི་གུང་མོ་དག །བློ་དང་ལྡན་པས་དྲང་པོར་བརྐྱང་། །སྲིན་ལག་དང་ནི་མཐེའུ་ཆུང་ཉིད། །མཐེ་བོ་ཡིས་ནི་བརྟེན་པར་མནན། །ལག་པ་གཡས་པས་དེ་ ལྟར་བྱ། །རལ་གྲི་ཡང་དག་ལྡན་བཅས་ཏེ། །རལ་གྲི་ཤུབས་སུ་བཅུག་པ་ལས། །སླར་ཡང་ཀུན་ནས་འབྱུང་བར་བྱ། །འབར་བ་ལྟ་བུར་འཇིགས་པ་ནི། །ཕྱོགས་ཀུན་དུ་ནི་བསྐོར་བར་བྱ། །འདི་ནི་དཔལ་ལྡན་རལ་གྲི་འཆང་། །ཡེ་ཤེས་རལ་གྲི་རྒྱལ་བའི་སྲས། །གང་ཞིག་མི་ཤེས་ལས་ བྱུང་བ། །ཡེ་ཤེས་རང་བཞིན་རལ་གྲིས་གཅོད། །དེ་ཕྱིར་རྣམ་པ་ཐམས་ཅད་དུ། །བགེགས་ཀྱི་རྒྱལ་པོ་ཀུན་འཇོམས་ལ། །རྒྱུན་དུ་ཉིན་རེ་དུས་གསུམ་དུ། །ཕྱག་རྒྱ་རབ་ཏུ་བཅིང་བར་བྱ། །གཡོན་པའི་ཁུ་ཚུར་དམ་པོར་བཅིང་། །མཛུབ་མོ་མཐེ་བོང་ནང་དུ་ནི། །བཅུག་པ་སྡིགས་མཛུབ་ བསྐུམས་ཡིན་ཏེ། །བཅུག་པ་དེ་ནི་ཞགས་པར་བརྗོད། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །ཞགས་པའི་ཕྱག་རྒྱ་ཞེས་སུ་གྲགས། །ས་བཅུ་གནས་ཀྱི་དབང་ཕྱུག་རྣམས། །ཀུན་ནས་རབ་ཏུ་འགུགས་འགྱུར་ན། །གདུག་པའི་སེམས་ཅན་དམྱལ་བ་ལྟར། །གང་ལས་ཅི་ཡི་ ཕྱིར་མི་བལྟ། །གུང་མོའི་སོར་མོ་ཡང་དག་སྦྱར། །ཕན་ཚུན་དུ་ནི་རྩེ་སྤྲད་དེ། །མཛུབ་མོ་དང་ནི་མིང་མེད་དག །ཀུན་ནས་ལག་པའི་ནང་དུ་བཅུག །མཐེ་བོ་དེ་ལ་ཁ་བསྟན་མནན། །མཐེའུ་ཆུང་དང་པོར་གཞག་པ་ནི། །རྫོགས་སངས་རྐང་གཉིས་མཆོག་གིས་ནི། །འདི་ནི་གོ་ཆའི་ ཕྱག་རྒྱར་གསུངས། །ཡེ་ཤེས་རལ་གྲི་སྙིང་ག་དང་། །ཡན་ལག་ལྔ་ལའང་རྣམ་པར་དགོད། །དེ་ཚེ་ཕྱག་རྒྱས་གོ་ཆ་བགོ། །ཕྱག་རྒྱ་སེམས་ཅན་སྡོམ་པ་ཡིན། །དེ་ལྟར་རབ་ཏུ་འབད་པར་བྱ། །སློབ་མ་སྡིག་དང་བྲལ་བྱེད་པ། །ཕུན་སུམ་ཚོགས་ཀུན་འགྲུབ་བྱའི་ཕྱིར། །དེ་ཚེ་ དབང་བསྐུར་སྦྱིན་པར་བྱ། །བཟླས་པའི་ཚེ་དང་གཞན་རྣམས་སུ། །ཆོ་ག་བཞིན་དུ་བསྲུང་བར་བྱ། །བགེགས་ཀྱི་རྣམ་པར་རྣམས་དང་ནི། །གཞན་ཡང་དགྲ་བོ་བྱུང་བ་ལ། །བདག་དང་གཞན་གཉིས་བསྒྲུབ་བྱའི་ཕྱིར། །འདི་ནི་རྟག་ཏུ་སྦྱར་བར་བྱ། །ལག་པ་ཕན་ཚུན་གཟུང་ནས་སུ། ། ལག་པ་གཉིས་ནི་བརྟན་པོར་བྱ། །མཛུབ་མོ་གཉིས་ནི་གྱེན་དུ་བསྒྲེང་། །མགོ་བོའི་ཕྱག་རྒྱ་ཞེས་སུ་བཤད། །ལག་པ་གཉིས་ཀྱི་བྱ་བ་ནི། །སོ་སོར་ཁུ་ཚུར་བཅིང་བར་བྱ། །གསང་བ་པ་ཡི་ལག་པ་ཡིས། །གཡོན་པའི་མཐེ་བོ་ནས་གཟུང་སྟེ། །གཡས་པའི་མཐེ་བོང་གྱེན་དུ་བསྒྲེང་། ། རྡོ་རྗེ་ལྟ་བུར་གཞོམ་པ་ནི། །མེ་ནི་ཆེན་པོ་ལྟ་བུར་འབར། །ལག་པ་རྡོ་རྗེ་ལྟ་བུར་གནས། །སྔགས་པ་གང་ལ་ཁྲོས་གྱུར་པ། །ལྷ་དང་ཀླུ་མོ་འཁོར་དང་ནི། །གནོད་སྦྱིན་ལྟོ་འཕྱེ་སྲིན་པོ་དང་། །གྲུལ་བུམ་དང་ནི་ལུས་སྲུལ་པོ། །ལྷ་མིན་ཡི་དགས་མི་འམ་ཅི། །གང་ཡང་བགེགས་ནི་བྱེད་ པ་གཞན། །གླང་པོ་རྟ་དང་ཤིང་རྟ་དང་། །གང་ཡང་རྒྱ་མཚོ་སྙེམས་པ་དང་། །གང་ཡང་རྒྱལ་པོ་གདུག་པ་དང་། །འདི་ནི་བསྟན་ལ་གནོད་བྱེད་པ། །གདུག་པའི་སེམས་ཅན་དེ་རྣམས་ནི། །གདུལ་པའི་ཕྱིར་དང་བརླག་པའི་ཕྱིར། །དེ་བཞིན་དངོས་གྲུབ་མྱུར་བའི་ཕྱིར། །ཕྱག་རྒྱ་ ཆེན་པོ་རབ་ཏུ་སྦྱར། །སྔགས་དང་ལྷན་ཅིག་དགོད་པར་བྱ། །བདག་ཉིད་ལས་བྱུང་ལྷ་རྣམས་ཀྱིས། །དཀྱིལ་འཁོར་ལ་ནི་རབ་ཏུ་གནས། །རྒྱུ་དང་འབྲས་བུ་སྦྱར་བར་བྱ། །གཡས་པའི་ཕྱག་རྒྱ་ཁུ་ཚུར་བཅིང་། །གུང་མོ་གྱེན་དུ་རྣམ་པར་བསྒྲེང་། །རྫོགས་སངས་རྒྱས་ཀྱི་དབང་ཕྱུག་ གིས། །འདི་ནི་སྤྱི་གཙུག་དག་ཏུ་གསུངས། །ལག་པ་གཡོན་པ་ཁུ་ཚུར་བཅིང་། །མཛུབ་མོ་གུང་མོ་བསྒྲེངས་ནས་ནི། །དེ་ནི་གཡོན་པ་རྟག་ཏུ་བཅིང་། །འདི་ནི་བཀའ་རྟགས་ཕྱག་རྒྱར་གྲགས། །ལག་པ་གཉིས་ཀྱི་ཁུ་ཚུར་ནི། །བཅིངས་ནས་ཕན་ཚུན་བཙིར་བར་བྱ། །གཅིག་ཏུ་ བརྟན་པར་བཙུགས་པ་ནི། །རྡོ་བ་ལྟ་བུར་ཡང་དག་བཤད། །གཡས་པ་ཁུ་ཚུར་དམ་དུ་བཅིང་། །མཁས་པས་སྙིང་གར་གཞག་པར་བྱ། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །སྙིང་གའི་ཕྱག་རྒྱ་ཞེས་སུ་བཤད། །གུང་མོ་དང་ནི་མཛུབ་མོ་ཉིད། །མཐེ་བོ་སོ་སོར་ བརྐྱང་ནས་སུ། །གཉིས་ཀའང་འདི་ལྟར་གནས་བྱས་ནས། །ཕྱོགས་བཅུར་ཡོངས་སུ་སྤྲོ་བར་བྱ། །འདིས་ནི་ཕྱོགས་བཅུ་བཅིངས་བྱས་ནས། །མཁས་པས་སྔགས་ཀྱི་བཟླས་པ་བྱ། །ལག་པ་གཉིས་ནི་ཐལ་སྦྱར་ནས། །གུང་མོ་ནང་དུ་སྦྱར་བར་བྱ། །རྫོགས་སངས་རྐང་ གཉིས་དམ་པ་ཡིས། །དྲི་ཡི་ཕྱག་རྒྱ་ཞེས་སུ་བཤད། །ལག་པ་ཕྱི་རོལ་བསྒྲིལ་ནས་ནི། །མཐེ་བོ་གུང་མོ་གྱེན་དུ་བསྒྲེང་། །མཐེའུ་ཆུང་ནི་བསྒྲེང་ནས་གཞག །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ཀྱང་། །མར་མེའི་ཕྱག་རྒྱ་ཞེས་སུ་བཤད། །སླར་ཡང་ལག་པ་ཕྱིར་ བཀྲོལ་ནས། །ཕྱིན་ཅི་ལོག་བྱས་གུང་མོ་དང་། །མཛུབ་མོ་མཐེ་བོང་སྔ་མ་བཞིན། །ཚིགས་པ་ཤིན་ཏུ་བརྟན་པར་བྱ། །སྔགས་དང་ལྷན་ཅིག་བཅས་པ་ནི། །གཏོར་མའི་ཕྱག་རྒྱ་ཞེས་སུ་བརྗོད། །ལག་པའི་ཤུབས་ཀྱི་ཕྱག་རྒྱ་ནི། །ཤུབས་ནི་ལྟ་བུར་རབ་ཏུ་མཛེས། །བདུག་སྤོས་ ཕྱག་རྒྱ་མདོར་བསྡུས་ན། །རྒྱལ་བ་སྐྱེས་བུ་མཆོག་གིས་གསུངས། །གུང་མོ་མིང་མེད་སྦྱར་བཀུག་ནས། །མཐེ་བོ་སྟེང་ན་རྣམ་པར་མནན། །དེ་ལྟར་གཡོན་པ་ཡང་བྱས་ན། །མེ་ཏོག་ཕྱག་རྒྱ་ཞེས་སུ་བརྗོད། །ལག་པ་འོག་ཏུ་ཐལ་སྦྱར་ནས། །གུང་མོ་དང་ནི་སྲིན་ལག་དང་། ། མཛུབ་མོ་ཡང་ནི་བཀུག་ནས་སུ། །མཐེའུ་ཆུང་ཕྱི་རོལ་ཉིད་དུ་གནས། །མཐེ་བོང་དེར་ནི་མངོན་ཕྱོགས་པ། །ཞལ་ཟས་ཀྱི་ནི་ཕྱག་རྒྱར་བརྗོད། །པརྱཾ་ཀཱ་ཤཱིན་སྔགས་ཤེས་པས། །ལག་པ་དག་ནི་ལྷུང་བཟེད་སྦྱར། །མཐེ་བོ་དག་ནི་བཀུག་བྱས་ནས། །བློ་ལྡན་དེ་ཡི་རྩ་བར་སྦྱར། །གསང་ སྔགས་ཤེས་པས་སྤྱན་དྲང་བྱ། །སྐྱོབ་པ་ཤཱཀྱ་སེང་གེ་ཡི། །དཔའ་བོ་ཆོས་གོས་ངུར་སྨྲིག་བསྣམས། །གཙོ་བོ་བསྟན་པའི་དོན་མཛད་པ། །མཐའ་ཡས་འཇིག་རྟེན་རབ་འབྱམ་ཁམས། །ཤིན་ཏུ་མཉམ་པར་གཞག་པ་ཡང་། །ཤེས་རབ་ཅན་གྱིས་རྟག་བསམས་ན། །བརྣག་པའི་ འབྲས་བུ་ཐོབ་པར་འགྱུར། །ལག་པ་གཉིས་ནི་ཐལ་སྦྱར་ནས། །མཁས་པས་མཛུབ་མོ་བཀུག་ནས་སུ། །རྩེ་མོར་མཐེ་བོང་གཞག་པ་ནི། །རྒྱལ་སྲས་རྟག་ཏུ་འགུགས་པར་བྱེད། །ལག་པ་པདྨ་ལྟར་བྱས་ནས། །སོར་མོ་གུང་མོ་མིང་མེད་ཙམ། །འདི་རྣམས་ཐམས་ཅད་ འགུགས་པར་བྱེད། །ཉན་ཐོས་རྣམས་དང་ས་སྟེངས་བཞུགས། །གང་ཡང་ཕོ་ཉ་མ་ཚོགས་བཤད། །ཕོ་ཉ་ཡང་ནི་རྫུ་འཕྲུལ་ཆེ། །དེ་རྣམས་ཕྱག་རྒྱ་བཤད་པ་ནི། །ས་སྟེངས་ལྕགས་ཀྱུས་འགུགས་པར་བྱེད། །གཡས་པ་ཁུ་ཚུར་དམ་པོར་བཅིང་། །བརྟན་པོར་རབ་ཏུ་ ལྡན་བྱས་ཏེ། །མཛུབ་མོ་ཤེས་རབ་ཅན་གྱིས་བརྐྱང་། །ཚིགས་པ་གསུམ་པ་བཅག་པར་བྱ། །ལག་པ་གཡས་པས་གཡོན་པ་ཡི། །མཁྲིག་མ་ནས་ནི་གཟུང་བ་ཡིས། །ས་སྟེངས་ཕོ་ཉ་མོ་ལ་སོགས། །བརྟན་པར་གྱུར་པས་དགུག་པར་བྱ། །ལག་པ་ཕྱི་རོལ་དཀྱིལ་ནས་སུ། ། གུང་མོ་གྱེན་དུ་རྣམ་པར་བསྒྲེང་། །མཛུབ་མོ་དྲང་པོར་བྱས་ནས་ནི། །དེ་དང་རབ་ཏུ་སྤྲད་པར་བྱ། །ནང་གི་ཆ་རུ་བཀུག་ནས་སུ། །མཐེ་བོ་མི་མཐུན་པ་རུ་གཞག །འཇིག་རྟེན་པ་ཡི་ཕྱག་རྒྱ་སྟེ། །བཀུག་པ་རུ་ནི་རབ་ཏུ་གྲགས། །ཕྱག་རྒྱ་འདི་དག་ཉིད་ལ་ཡང་། །གཡོན་པ་རབ་ཏུ་ ཕྲལ་བ་ཡི། །གཡས་པ་དྲང་སྲོང་ཐམས་ཅད་དང་། །བརྟུལ་ཞུགས་གནས་པ་དགུག་པ་ཡིན། །ལག་པ་གཡོན་པ་དྲང་བྱས་ནས། །མཁས་པས་གུང་མོ་དགུག་པར་བྱ། །མཛུབ་མོ་སོར་མོ་ཡང་བཀུག་ནས། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །སྲིང་མོ་རྣམས་ཀྱི་རབ་ཏུ་ གྲགས། །སྲིང་མོ་དངོས་གྲུབ་མཛད་པ་ཅན། །དམ་པར་གྱུར་པ་སྤྱན་དྲང་བྱ། །གཡས་པ་དྲང་པོར་བརྐྱང་ནས་སུ། །སོར་མོ་གསུམ་ནི་དྲང་པོར་བརྐྱང་། །དེ་རུ་མཛུབ་མོ་བཀུག་པ་ཡི། །རྩེ་མོ་མཐེ་བོས་རེག་པར་བྱ། །ཕྱག་རྒྱ་འདི་ཡིས་ངེས་པ་རུ། །མ་མོ་བདུན་ཉིན་འགུགས་པར་ བྱེད། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །ཕྱག་རྒྱ་འདི་ནི་ཡང་དག་གསུངས། །རྟག་ཏུ་བག་ཡོད་པར་གྱུར་པས། །ས་གཞི་དཀྱིལ་འཁོར་བསྲུང་བར་བྱ། །ཕྱག་རྒྱ་འདི་ནི་འཆང་བ་དཀོན། །རྒྱལ་བ་མཆོག་གིས་རབ་ཏུ་གསུངས། །ཕྱག་རྒྱ་འདི་དེ་ལ་བརྟེན་ན། །བསམ་གྱིས་ མི་ཁྱབ་འབྲས་བུ་འཐོབ། །དེ་བས་རྣམ་པ་ཐམས་ཅད་དུ། །བསམ་མི་ཁྱབ་པའི་འབྲས་འདོད་ཅིང་། །དངོས་གྲུབ་འདོད་པར་གྱུར་པ་ཡིས། །སྔགས་པས་རྟག་ཏུ་གཟུང་བས་ན། །བགེགས་དང་ལོག་པར་འདྲེན་པ་དང་། །ཀླུ་དང་སྲིན་པོ་གདུག་པ་ཀུན། །གནོད་སྦྱིན་གྲུལ་བུམ་ མི་འམ་ཅི། །ཡི་དགས་ལུས་སྲུལ་ལྟོ་འཕྱེ་ཆེ། །ཕྱག་རྒྱ་འདི་ཡིས་བསྲུངས་པ་ཡིས། །གླགས་ལྟའི་གོ་སྐབས་མི་རྙེད་དོ། །གཞན་ཡང་གདུག་པའི་སེམས་ཅན་དང་། །གང་ཡང་ནད་ནི་འཇིགས་རུང་བ། །དེ་དག་ཐམས་ཅད་མི་འབྱུང་སྟེ། །ཕྱག་རྒྱ་འདི་ཡིས་ཤིན་ཏུ་བསྲུངས། ། འཇིགས་པ་ཐམས་ཅད་རྣམ་པར་བྲལ། །ཀུན་ཀྱང་དབང་ཕྱུག་ཡང་དག་ལྡན། །དེ་དག་ཐམས་ཅད་མི་འབྱུང་སྟེ། །འདི་རུ་དོགས་པ་སྤྱད་མི་བྱ། །སེམས་ཅན་ལམ་ལྡན་ཡོད་པ་གང་། །ཤིན་ཏུ་དྲག་ཤུལ་ལས་བྱེད་པ། །ཞི་བའི་ཐུགས་ཀྱིས་བདེ་གཤེགས་ ཀྱིས། །གདུལ་བ་རུ་ནི་མི་ནུས་པ། །དེ་རྣམས་རབ་ཏུ་གདུལ་བའི་ཕྱིར། །ཁྲོ་བོ་འདི་ནི་རྙེད་པར་དཀའ། །བདེ་བར་གཤེགས་པས་མཛེས་པར་གསུངས། །བསམ་མི་ཁྱབ་པའི་འབྲས་སྟེར་བ། །སྣ་ཚོགས་བསམ་མི་ཁྱབ་པའི་ལས། །བསམ་མི་ཁྱབ་པར་བཤད་པ་ནི། །དེ་ ཕྱིར་འདི་ཡང་བསམ་མི་ཁྱབ། །དམ་ཚིག་ཡེ་ཤེས་བཤད་པ་འདི། །བརླག་པ་རུ་ནི་འབྱུང་བར་འགྱུར། །སངས་རྒྱས་ལ་ནི་བསླུས་པས་ན། །གསང་སྔགས་འབྲས་བུ་ཀུན་མི་འབྱུང་། །བྱང་ཆུབ་ཚོགས་ནི་འགྲུབ་བྱའི་ཕྱིར། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། །དམ་ཚིག་བསྲུངས་ པས་དངོས་གྲུབ་ཀྱི། །འབྲས་བུ་ཡང་ནི་འབྱུང་བར་འགྱུར། །རྟག་ཏུ་གཡོ་བ་མེད་འགྱུར་བས། །ལུས་ཅན་རྣམས་ཀྱིས་ཕྱག་རྒྱ་དགོད། །བུ་མེད་པ་ཡང་བུ་རྙེད་འགྱུར། །མ་གྲུབ་པ་ཡང་ཐམས་ཅད་འགྲུབ། །གང་ཚེ་བུ་མ་ཆགས་པ་ཡང་། །ལུས་ཅན་འདོད་པ་མངལ་དུ་འཆགས། ། དེ་ཚེ་ཡང་དག་རབ་སྦྱར་བའི། །ཕྱག་རྒྱ་དོན་ཀུན་འགྲུབ་པར་བྱེད། །དཀྱིལ་འཁོར་འཇུག་པ་ཞེས་བཤད་པ། །ཕྱག་རྒྱ་བཤད་པ་འདི་ཡིན་ནོ། །གཞན་དུ་ལུས་ཅན་ཐམས་ཅད་ཀྱིས། །ཆོ་ག་ཉམས་པས་འབྲས་བུ་མེད། །དབང་ཕྱུག་སོགས་རྒྱལ་གང་སུ་དག །མི་ཡི་མཆོག་དང་ མཚུངས་པ་འཐོབ། །འདི་ནི་དེ་ཡི་ཆོ་གའི་ལམ། །ས་སྟེངས་ན་ནི་གཞན་མ་མེད། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཕྱག་རྒྱ་འཆང་བར་གྱུར་པ་ཡིས། །སེམས་ཅན་ཐམས་ཅད་དབང་ཐོབ་འགྱུར། །ཚམ་ངམ་མཚན་ ཉིད་ས་སྟེངས་སུ། །རྒྱས་པར་བཤད་ཀྱིས་ཚུར་ལ་ཉོན། །གང་ཞིག་བཅིངས་པ་ཙམ་གྱིས་ནི། །བསམ་མི་ཁྱབ་པའི་གོ་འཕང་འཐོབ། །གང་ཡང་ས་སྟེངས་གདུག་པ་ཅན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །ལྟོ་འཕྱེ་སྲིན་པོ་མིའམ་ཅི། །འབྱུང་པོ་གདོན་དང་ཤ་ཟ་དང་། །གང་ ཡང་བགེགས་གཞན་ལོག་པར་འདྲེན། །དེ་རྣམས་འཇོམས་པར་བྱ་བའི་ཕྱིར། །ཚམ་ངམ་འཛིན་པ་སློབ་པ་ཉིད། །གནས་གསུམ་ན་ནི་གནས་རྣམས་ལ། །མཉམ་གཞག་གྱུར་པར་རབ་སྦྱར་ནས། །དེ་ནི་བརླག་པར་འགྱུར་བའམ། །འཆི་བར་འགྱུར་བར་ཐེ་ཚོམ་མེད། ། དམ་ཚིག་སྟེར་བའི་གནས་གནས་ལ། །སྤྱི་བོར་མེ་ཏོག་ཐལ་སྦྱར་ཏེ། །རྒྱལ་བ་ཐམས་ཅད་མཆོད་བྱས་ནས། །ཡང་དང་ཡང་དུ་ཕྱག་ཀྱང་བྱ། །དེ་ནས་མཉམ་པར་གཞག་གྱུར་པས། །ས་སྟེངས་ཕྱག་རྒྱ་འཆིང་བས་འཆིང་། །རྐང་པ་ཡ་གཅིག་བཏེག་ནས་སུ། །མ་རུངས་པ་ ཡི་ལྟ་སྟངས་དབབ། །ཁྲོ་དང་བཅས་པས་གཞག་པར་བྱ། །རྐང་པའི་འོག་ཏུ་ལྟ་སྟངས་དབབ། །ལག་པ་གཡས་པ་བསྒྲེང་བར་བྱ། །གཡོན་པ་སྙིང་གར་ཡང་དག་གཞག །རྐང་པ་བགྲད་ནས་གཞག་པར་བྱ། །སྐུ་ལས་ཧཱུྃ་ཡིག་འོད་ཟེར་འབར། །བརྟན་དང་གཡོ་བའི་བགེགས་ སམ་གཞན། །འོག་ཏུ་བསྣུན་པར་ཡང་དག་གནས། །རྐང་པ་མནན་ནས་བསྣུན་པ་ཡིས། །ལྷ་དང་ལྷ་མིན་གཡོ་བར་བྱེད། །ས་གསུམ་ཡང་ནི་གཡོ་བ་དང་། །ཤིན་ཏུ་མི་བཟད་སྲེག་པར་བྱེད། །ཐམས་ཅད་བསྲེག་པར་གྱུར་པ་ན། །དེ་དང་ཉེ་བའི་དྲུང་དུ་འཁོར། ། བདག་རང་ཁྲོ་བོ་ལྟ་བུ་ཡིས། །ཞགས་པའི་ཕྱག་རྒྱ་ཐོགས་ནས་ནི། །ཞགས་པའི་ཕྱག་རྒྱས་བཅིང་བར་བྱ། །ཕྱོགས་བཅུ་ཀུན་ན་གནས་པ་ཡི། །ཞགས་པའི་ཕྱག་རྒྱ་དེ་བཅིངས་ཏེ། །ཤིན་ཏུ་གདུང་བར་བྱེད་པའོ། །ཧ་ཧ་ཞེས་སྒྲོགས་རབ་ཏུ་འཕྲུལ། །ལ་ལ་ཐལ་བར་ བརླག་པར་འགྱུར། །བདེ་གཤེགས་ཆེ་བའི་བདག་ཉིད་ཅན། །དེ་དག་ཐམས་ཅད་སྙན་པའི་ཚིག །སྐལ་བ་ཆེན་པོ་བཀའ་བསྒོ་སྩོལ། །བདག་ཅག་ཁྱེད་ཀྱི་བཀའ་ལྟར་བགྱིད། །བདག་ནི་ཡིད་བཞིན་མ་ཡིན་པས། །བཀའ་བསྒོ་གཅོག་པར་མི་བགྱིད་དོ། །དེ་ནས་ དེ་རྣམས་དམ་ཚིག་ནི། །བདེ་བར་གཤེགས་པ་ཆེན་པོས་གསུངས། །སངས་རྒྱས་ཆོས་དང་དགེ་འདུན་ཡང་། །ཁྱོད་ཀྱིས་ཡིད་ལ་བྱ་བར་འོས། །བཀའ་བསྒོ་གྱུར་པ་ཐམས་ཅད་ཀྱིས། །ཁྱོད་ཀྱིས་བསྟན་པ་རྣམས་ཀྱང་བསྲུངས། །སྔགས་པ་བདག་ཉིད་ཆེན་པོ་ཡི། ། བཀའ་བསྒོ་བ་ནི་གཅག་མི་བྱ། །ཀུན་ལ་གནོད་པ་མི་བྱ་སྟེ། །བགེགས་ནི་ནམ་ཡང་མ་བྱེད་ཅིག །སངས་རྒྱས་ཆོས་དང་ཡིད་ལྡན་པའི། །བཀའ་བསྒོ་བཅག་པར་མི་འགྱུར་རོ། །སྔགས་པ་ཡི་ནི་བཀའ་བསྒོ་བ། །ནམ་ཡང་བཅག་པ་མ་ཡིན་ཏེ། །གལ་ཏེ་གསོལ་ བ་དོན་གཉེར་ན། །དམ་ཚིག་འདི་ལྟར་འབྲས་བུ་སྟེར། །གལ་ཏེ་ཁྱོད་ནི་བཀའ་གཅོག་ན། །སྔགས་པ་ཆེ་བའི་བདག་ཉིད་ཀྱིས། །སྔགས་པས་ཀྱང་ནི་ཧཱུཾ་བརྗོད་ན། །རྟག་ཏུ་ཐལ་བར་རློག་པར་འགྱུར། །འདི་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །རྡོ་རྗེས་མགོ་བོ་ ཨརྫ་ཀའི། །དོག་པ་བཞིན་དུ་འགེམས་པར་བྱེད། །དེ་དག་ཐམས་ཅད་མྱོས་ནས་སུ། །འཇིགས་པར་གྱུར་པས་ཚིག་སྨྲས་པ། །སྔགས་པས་ཇི་ལྟར་བཀའ་སྩལ་པའི། །བཀའ་བསྒོ་གཅོག་པར་མི་བགྱིད་དོ། །ཉིད་ལ་བཀུར་སྟི་ཇི་བཞིན་བགྱིད། །བསྲུང་བར་ཡང་ནི་ཤིན་ཏུ་བགྱིད། ། རྟག་ཏུ་རྗེས་སུ་འབྲེལ་པར་ནི། །གྱུར་པར་སྔགས་པ་ལ་བགྱིད་དོ། །བདེ་བར་གཤེགས་པས་གསུངས་པའི་གནས། །དམ་པའི་ཆོས་ནི་བསྲུང་བར་བགྱིད། །བསྟན་པ་ཡང་ནི་བསྲུང་བར་ནི། །ཇི་སྲིད་གནས་ཀྱི་བར་དུ་བགྱིད། །དེ་ལྟར་བདེ་གཤེགས་ཀྱིས་བསྒོས་ཏེ། །དམ་ཚིག་ལ་ ནི་ངེས་པར་སྦྱར། །བདག་ཉིད་ཆེན་པོ་རྡོ་རྗེ་ཅན། །བདེ་བར་གཤེགས་པ་ཚིམ་པར་མཛོད། །གལ་ཏེ་བགེགས་ཀྱིས་བསྟན་པ་ལ། །གནོད་པ་རུ་ནི་བྱེད་གྱུར་དང་། །གལ་ཏེ་སེམས་ཅན་རྣམས་ལ་ཡང་། །འགའ་ཞིག་གནོད་པར་བྱེད་པ་ཡི། །བདེ་གཤེགས་ཐུ་བོ་སྲས་གཅིག་པོ། ། རྡོ་རྗེ་ཁྱོད་ནི་བདག་ཉིད་ཆེ། །ང་ཡི་བཀའ་ཡིས་རྟག་ཏུ་ནི། །ཁྱོད་ཀྱི་མགོ་བོ་རྡོ་རྗེས་འགེམས། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །མགུ་བར་གྱུར་པའི་ཐུགས་ཀྱིས་སུ། །སྐུ་ནི་སྟན་ལས་བཞེངས་མཛད་དེ། །བདེ་བར་གཤེགས་གསུངས་བཀའ་བསྒོ་བ། །ཐལ་མོ་སྦྱར་ཏེ་པུས་མོ་ བཙུགས། །བཀའ་སྩལ་སྤྱི་བོར་འཇོག་པར་བགྱིད། །མགོན་པོ་ཁྱོད་ཀྱི་ཆོས་ཀྱི་སྲས། །བུ་ནི་བདག་ལ་བཀའ་བསྒོ་སྩོལ། །དུས་གསུམ་པ་ནི་བཀའ་བསྒོ་བ། །བདག་ནི་དེ་བཞིན་སྐྱོང་བར་བགྱིད། །དེ་ནས་རྡོ་རྗེ་རྒྱལ་ཆེན་བདག །ཀུན་མཁྱེན་དཀྱིལ་འཁོར་སྤྱན་སྔ་རུ། །རྔ་སྒྲ་ཟབ་མོ་ ཡི་ནི་དབྱངས། །སྙན་པའི་གསུང་ནི་བཀའ་སྩལ་པ། གང་ཡང་རྫུ་འཕྲུལ་ཆེ་ཀུན་དང་། །གཞན་ཡང་བགེགས་དང་སྲིན་པོ་ཉོན། །སྔགས་པ་བདག་ཉིད་ཆེན་པོ་ཡི། །བཀའ་ནི་གཅག་པར་མི་བྱའོ། །གལ་ཏེ་བཀའ་ནི་གཅོག་བྱེད་ཅིང་། །གལ་ཏེ་སེམས་ཅན་གནོད་པ་དང་། །ས་ སྟེངས་ཀྱི་ནི་དཀྱིལ་འཁོར་དུ། །གལ་ཏེ་བསྟན་ལ་གནོད་བྱེད་ན། །བདག་གི་རྡོ་རྗེ་འབར་བ་ཡིས། །སྲས་དང་དཔུང་དུ་བཅས་པ་ནི། །གང་ཡང་ལྷ་དང་ལྷ་མིན་གྱི། །ལྷ་ཡི་བཞོན་པའམ་ཡང་ན་གནས། །བདེ་གཤེགས་བཀའ་བསྒོ་ཡང་གནས་པས། །ཐམས་ཅད་ཐལ་བར་རློག་པར་ བྱེད། །བདག་ཉིད་ཆེན་པོ་རྡོར་འབྱུང་བ། །དེ་ནས་དེ་རུ་ཚིག་སྨྲས་པ། །དཔའ་བོ་ཁྱོད་ཀྱིས་ཅི་བསྒོ་བ། །བདག་ཅག་བཀའ་བསྒོ་དབང་དུ་བགྱིད། །དེ་ནས་རྐང་པ་གཡོན་བརྐྱང་ནས། །ལག་པ་ཕན་ཚུན་བཅིངས་ནས་ནི། །བགེགས་ཡོད་པ་ཡི་གནས་སུ་བསྣུན། །དེ་ཉིད་ཀྱི་ནི་གཡས་ཀྱི་ ནི། །འཁོར་ལོའི་ཕྱག་རྒྱས་བསྣུན་གྱུར་ན། །ཐལ་བའི་རྡུལ་དུ་རློག་པར་འགྱུར། །གལ་ཏེ་བགེགས་ནི་བྱེད་གྱུར་ན། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། །གལ་ཏེ་ཚངས་སོགས་གྱུར་པ་དང་། །ལྷ་ཡང་དེ་ནི་བརླག་པར་འགྱུར། །ལག་པ་གཡོན་པ་གནས་སུ་གཞག །གཡས་པ་ མགོ་བོར་བཞག་ནས་ནི། །འབྱུང་པོར་གྱུར་པའི་བགེགས་ལ་བསྣུན། །སླར་ཡང་གཡོན་པ་བསྡུས་ནས་ནི། །བསྐལ་པའི་མེ་ལྕེ་ལྟར་བྱུང་སྟེ། །རྡོ་རྗེའི་ཐལ་མོས་བསྣུན་པར་བྱ། །ས་གཞི་ཕྱེ་མ་ལྟར་འགྱུར་ཏེ། །གདུག་པའི་སེམས་ཅན་ལྟ་ཅི་སྨོས། །ཁྲོ་བའི་སོ་ཡིས་མ་མཆུ་མནན། །མིག་ ནི་ཁྲོ་གཉེར་དང་ལྡན་པའི། །རྡོ་རྗེ་ཐལ་མོ་ལེགས་སྦྱར་བས། །སྲིད་གསུམ་ཐམས་ཅད་འཇོམས་པར་བྱེད། །ལུས་ཀྱི་གཡོན་པ་བརྐྱང་གྱུར་པས། །རྡོ་རྗེ་ཡི་ནི་ཕྱག་རྒྱས་བསྣུན། །སྲིད་གསུམ་ཐལ་བར་རློག་འགྱུར་ན། །གདུག་པའི་སེམས་ཅན་སྨོས་ཅི་དགོས། །རྐང་པ་མཉམ་པར་ གནས་ནས་ནི། །མཛུབ་མོ་གཡོན་པ་དཔྲལ་བར་སྦྱར། །གཡས་པ་སྟེང་དུ་བཏེག་པ་ཡི། །མཛུབ་མོ་རྩེ་མོ་རབ་ཏུ་འབར། །བགེགས་ཡོད་པ་ཡི་གནས་སུ་བསྣུན། །ཞལ་ནས་ཡི་གེ་ཧཱུཾ་གིས་བརྒྱན། །རྩ་བའི་ཕྱག་རྒྱ་ཡིས་བསྣུན་པས། །ལུས་ནི་བསྐལ་པའི་མེ་ལྟར་བལྟ། །གལ་ཏེ་ རྡོ་རྗེའི་ལུས་གྱུར་ཀྱང་། །དེ་ནི་བརླག་པར་འགྱུར་བ་ཡིན། །རྐང་པ་མི་མཉམ་གྱ་ཚོམ་གཞག །ལག་པ་སྟེང་དུ་དབྱུག་པ་བསྒྲེང་། །གཡས་ཀྱིས་ཡོངས་སུ་བསྐོར་ནས་ནི། །བགེགས་ཀྱི་གཟུགས་ལ་སྣུན་པར་བྱེད། །དབྱུག་པའི་ཕྱག་རྒྱས་བསྣུན་པ་ཡིས། །འབར་ བ་ལྟ་བུ་ལུས་ལས་བྱུང་། །ཐེ་ཚོམ་མེད་པར་ཐལ་བར་རློག །གདོན་མི་ཟ་བར་འཆི་བར་འགྱུར། །གཡོན་བརྐྱང་བ་ཡི་རྐང་པ་མནན། །ལག་པ་གཡས་པ་མགོ་བོར་བཏེག །གཡོན་པའི་རྐང་པ་བཏེག་ནས་ནི། །མི་སྡུག་ཞལ་ནས་ཧཱུྃ་བརྗོད་པས། །རི་རྒྱལ་ལྷུན་པོའང་འགས་པར་ བྱེད། །རྒྱ་མཚོ་ཡང་ནི་སྐམ་པར་འགྱུར། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །འདི་ནི་བརྟུལ་ཞུགས་ལེགས་པར་གནས། །གང་ཡང་རིས་སོགས་བཤད་པ་དང་། །བགེགས་དང་ཤིན་ཏུ་མི་བཟད་རྣམས། །དེ་རྣམས་འཇོམས་པར་བྱ་བའི་ཕྱིར། །ཕྱག་རྒྱ་འདི་ནི་རབ་ཏུ་སྦྱར། ། རས་བལ་འདའ་བ་རླུང་ཁྱེར་བཞིན། །དེ་དག་ཐམས་ཅད་ཐལ་བར་རློག །ཡི་གེ་ཧཱུྃ་གི་སྒྲ་དང་ལྡན། །ཐོ་བ་མགོ་བོར་བཏེག་པར་བྱ། །གཡོན་པ་སྙིང་གར་ཡང་དག་གཞག །སླར་ཡང་གཡས་པ་སྟེང་ན་གནས། །མཁས་པས་འཁོར་ལོར་གྱུར་པ་ཡིས། །མཉམ་པར་སྦྱར་ བས་བསྣུན་བྱས་ན། །བགེགས་ཀུན་བརླག་པ་ཉིད་དུ་ནི། །མདོར་བསྡུས་ནས་ནི་བརྗོད་པར་བྱ། །ཕྱག་རྒྱ་མཚན་མ་གཞན་གྱིས་ནི། །གང་གིས་བཟློག་པར་མི་ནུས་པ། །གསུངས་པའི་ཕྱག་རྒྱ་འདི་ཡིས་ནི། །འདིར་ནི་འཇོམས་པར་ཐེ་ཚོམ་མེད། །ས་ལ་རྐང་པ་བཞག་ནས་ནི། ། རྡོ་རྗེའི་ཕྱག་རྒྱ་ལེགས་པར་སྦྱར། །རྡོ་རྗེའི་མེ་ནི་འབར་བ་ལྟར། །བལྟས་ན་དེ་རུ་བདག་མེད་ཀྱང་། །ཁྲོས་པས་ཡ་སོས་མ་མཆུ་མནན། །གདུག་པའི་སེམས་ཅན་རྣམས་ལ་བསྣུན། །རྡོ་རྗེའི་ཕྱག་རྒྱ་བསྣུན་པ་ཡིས། །ཤིན་ཏུ་མི་བཟད་སྲེག་པར་འགྱུར། །ཤིན་ཏུ་མི་བཟད་བསྡུས་ ནས་ནི། །བཀའ་བསྒོའི་ལམ་ནི་གདོན་པར་བྱེད། །སྔགས་པ་ཡིད་ལ་ཅི་འདོད་པ། །དེ་ཚེ་དེ་ལ་སྦྱིན་པར་བྱེད། །གཞན་དུ་འགལ་ཚབས་ཅན་འགྱུར་ཏེ། །སྔགས་པའི་ལུས་ནི་བརླག་པར་འགྱུར། །བསྐལ་པའི་མེ་དང་མཚུངས་གྱུར་པས། །ཧཱ་ཧཱ་ཞེས་སྒྲོགས་རྣམ་བརྒྱན་པ། །བློ་ ལྡན་ཞགས་པའི་ཕྱག་རྒྱ་ཡིས། །ཀུན་ནས་འགུགས་པར་བྱེད་པ་ཡིས། །གལ་ཏེ་རྡོ་རྗེ་འཛིན་རང་ཡང་། །རལ་གྲིའི་ཕྱག་རྒྱ་བསྣམས་ནས་ནི། །སྔགས་པ་ཧཱུཾ་གིས་སྒྲོགས་པས་ཀྱང་། །དེ་ནི་བསྐམས་ནས་བརླག་པར་ནི། །ཐེ་ཚོམ་མེད་པར་འགྱུར་བ་རུ། །རྒྱལ་བ་མཆོག་གིས་རྟག་ཏུ་ གསུངས། །རྐང་པ་མཉམ་པོར་གཞག་ནས་གནས། །མཆན་ཁུང་དག་ཏུ་ལག་པ་གཞུག །སླར་ཡང་ལག་པ་དགབ་པར་བྱ། །སོ་ཡིས་མཆུ་མནན་དེ་བཞིན་ནོ། །སླར་ཡང་གཡོན་བརྐྱང་བ་ཡི་གནས། །ལག་པ་གཡས་པ་ཕྱར་ནས་ནི། །གཡོན་པ་སྙིང་གར་རྣམ་པར་དགོད། །བསྐལ་ པའི་མེ་ནི་ལྟ་བུར་བྱུང་། །བགེགས་ཀྱི་གནས་སུ་བསྣུན་ནས་ནི། །དེ་མ་ཐག་ཏུ་ཐལ་བར་རློག །རྐང་པ་ཁྱོག་པོར་བྱས་ནས་ནི། །ལག་པ་གཡས་དང་གཡོན་པ་ཉིད། །བརླ་ལ་བཟུང་ནས་བསྟོད་པར་བྱ། །ཁྲོས་པས་ཡ་སོས་མ་མཆུ་མནན། །འོག་ཏུ་ལྟ་སྟངས་དབབ་པར་བྱ། །བགེགས་ རྣམས་ཐམས་ཅད་བསྡུས་ནས་ནི། །བློ་དང་ལྡན་པས་མཆན་ཁུང་གཞུག །ཐམས་ཅད་གདུང་བ་ཉིད་དུ་འགྱུར། །གང་ཡང་ཀླུ་དང་སྲིན་པོ་དང་། །འཇིགས་པ་ཆེན་པོའི་བགེགས་དང་ནི། །གང་ཡང་སྐྱེ་བོ་རྣམ་འཚེ་བ། །ཕྱག་རྒྱ་འདི་ནི་སྦྱར་བ་ཡིས། །དེ་དག་ཐམས་ཅད་བརླག་པར་ འགྱུར། །ལག་པ་རྒྱབ་ཏུ་བཏང་ནས་ནི། །གཡས་ཀྱིས་རྣམ་པར་བསྒྱུར་བར་བྱ། །ཡང་ན་མི་མཐུན་གྱ་ཚོམ་གནས། །རྡོ་རྗེ་ཐོ་བ་བརྡེག་པར་བྱ། །བགེགས་ཀྱི་གནས་སུ་ཉེར་སོང་སྟེ། །ཁྲོ་བོའི་ལྟ་སྟངས་དབབ་པར་བྱ། །གལ་ཏེ་ས་སྟེངས་རྡོ་རྗེ་འཛིན། །བགེགས་ཀྱི་གཟུགས་ལ་ བསྣུན་ནས་ནི། །དེ་ནི་བརླག་པར་གྱུར་ནས་ནི། །འདི་ནི་ཐེ་ཙོམ་མེད་པར་འཆི། །གཡོན་བརྐྱང་བ་ཡི་རྐང་པ་ཡིས། །སྔགས་པ་ཤར་དུ་ཕྱོགས་གྱུར་པས། །ཞགས་པའི་ཕྱག་རྒྱ་གོ་ཆ་བཟང་། །མེ་ཡི་འོད་དང་མཚུངས་པར་འབར། །ས་བཅུའི་གནས་ཀྱི་དབང་ཕྱུག་གིས། ། བགེགས་རྣམས་ཐམས་ཅད་འགུགས་པར་བྱེད། །ཀུན་ནས་འགུགས་པར་བྱས་ནས་ནི། །རལ་གྲི་ཕྱག་རྒྱ་གཅོད་པར་བྱེད། །ཐམས་ཅད་འགུགས་པར་གྱུར་པ་ན། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །དེ་རིང་བདག་ཅག་རྣམས་ཀྱིས་དྲན། །མ་ལ་བུ་དང་བུ་མོ་རྣམས། ། ཡང་ནི་སྡུག་བསྔལ་ཁྱེད་འདི་གཟིགས། །འདི་ནི་འཆི་བ་ཉིད་དུ་འགྱུར། །གལ་ཏེ་གསོན་པར་འདོད་ན་ནི། །བགེགས་ནི་རབ་ཏུ་མ་བྱེད་ཅིག །སྔགས་པ་བདག་ཉིད་ཆེན་པོ་ཡི། །བཀའ་བསྒོ་གཅག་པར་མི་བྱའོ། །བགེགས་ཀྱི་ལག་ཏུ་གསོན་པར་གཞག ། སླར་ཡང་གཡས་ཀྱིས་སོང་བ་ཡིས། །རྐང་པས་མྱུར་དུ་མནན་པར་བྱ། །བདག་ཉིད་རི་རབ་ཏུ་གྱུར་པར། །བསམས་ནས་བདག་ཉིད་ཆེན་པོ་འདི། །ཁམས་གསུམ་དག་ནི་མ་ལུས་པར། །ཐམས་ཅད་མནན་པ་ཉིད་དུ་འགྱུར། །གང་ཡང་བགེགས་དང་ལོག་འདྲེན་གཞན། །སྔགས་ པས་ཧཱུྃ་སྒྲ་སྒྲོགས་པ་ལས། །དེར་ནི་སླར་ཡང་གླགས་མི་ཚོལ། །གནས་པ་ཡང་དག་བཤད་པ་འདི། །གསང་སྔགས་ཀུན་གྱི་གསང་བ་ཡིན། །གལ་ཏེ་སྔགས་ཀྱི་འབྲས་འདོད་ན། །འདི་ནི་གང་ལའང་མི་བཤད་དོ། །རང་གི་བདག་ཉིད་ལྷ་ཡི་སྐུ། །དེ་ནི་ཕྱག་རྒྱ་དཀྱིལ་འཁོར་ ལྡན། །རང་གི་མཚན་མ་ས་བོན་དང་། །རང་བཞིན་ཕྱི་རུ་བཅོས་པ་ནི། །རྟག་པར་རྒྱུན་དུ་བསྣུན་པར་བྱ། །གཞན་དུ་ན་ནི་འབྲས་བུ་མེད། །མདོར་བསྡུས་ནས་ནི་འདི་རུ་བུ། །བདག་གིས་གསང་བ་གསུངས་པ་ཡིན། །ཕྱག་རྒྱ་མཚན་མ་ཆོ་ག་ནི། །འདི་ནི་ཀུན་དུ་མ་འཆད་ཅིག །གང་ ཡང་སྡིག་ཅན་སེམས་ཅན་གཞན། །བླ་མ་ལ་སྨོད་འཇིགས་སུ་རུང་། །ཕ་དང་མ་ནི་མི་ཤེས་ཤིང་། །གང་ཡང་དཀོན་མཆོག་གསུམ་ལ་སྨོད། །འཇིགས་པའི་གཟུགས་ཅན་དད་པ་མེད། །གང་ཡང་མཚམས་མེད་ལྔ་བྱེད་པ། །སེམས་དཔའ་མེད་ཅིང་སྙོམ་པ་དང་། །སྤྲོ་བ་མེད་ ཅིང་སྙོམ་ལས་ལྡན། །སེར་སྣའི་དྲི་མའི་འདམ་འདིར་བྱིང་། །གང་ཡང་རྟག་ཏུ་གནས་པ་ནི། །སངས་རྒྱས་ཀྱིས་གསུངས་གསང་བ་ནི། །དེ་རྣམས་ལ་ནི་བཤད་མི་བྱ། །གང་ཡང་གདུག་པའི་སེམས་ཅན་གཞན། །རྟག་ཏུ་སྡིག་པའི་ལས་ཅན་དེ། །ཁྲོ་བོའི་རྒྱལ་པོ་མི་བཟླ་ཞིང་། ། དཀྱིལ་འཁོར་ཡང་ནི་བསྟན་མི་བྱ། །གསང་སྔགས་མི་ཤེས་ཕྱག་རྒྱ་མེད། །གང་ཡང་བླ་མ་སུན་འབྱིན་པ། །དེ་རྣམས་འགའ་ཡང་རྒྱལ་བ་ཡིས། །གསུངས་པའི་ནུས་པ་ཀུན་མི་སྤྱད། །གསང་བ་ཅུང་ཟད་གང་ཡོད་པ། །ཁྲོ་བོའི་མིང་ཅན་སྙིང་པོ་འདི། །སེམས་ཅན་རྣམས་ ལ་ཕན་འདོད་པས། །དེ་ནི་མ་ལུས་བདག་གིས་བཤད། །གསང་བ་འདི་ལ་བརྟེན་ནས་ནི། །གང་ཡང་འདས་པའི་སངས་རྒྱས་དང་། །འགྲོ་ལ་ཕན་ཕྱིར་འབྱུང་འགྱུར་བའི། །གང་ཡང་མགོན་པོ་མ་བྱོན་པ། །འགྲོ་ལ་ཕན་པའི་ཚུལ་གྱིས་ནི། །མགོན་པོ་ད་ལྟར་བཞུགས་པ་གང་། ། དེ་ཀུན་མགོན་པོས་བསམ་དུ་མེད། །ཡེ་ཤེས་རྟུལ་ཕོད་མཚུངས་པ་མེད། །རྣམ་པར་དཔྱད་ན་བསམ་དུ་མེད། །རྙོག་པ་མེད་པའི་དམ་ཆོས་ནི། །ཞིང་དུ་བཤད་པར་གྱུར་པ་ཡང་། །ཐམས་ཅད་དུ་ནི་བདུད་ལས་རྒྱལ། །གཟོད་ནས་ཞི་ལ་གནས་མེད་པ། །ཆོས་ཀྱི་འཁོར་ལོ་བསྐོར་ བར་འགྱུར། །སྦས་གསང་མཉམ་པའི་ཡེ་ཤེས་ནས། །བདག་གིས་གང་ཡང་མ་བསྟན་པ། །ས་སྟེངས་དཀྱིལ་འཁོར་གསང་བ་སྟེ། །མ་ལུས་པར་ནི་བདག་གིས་གསུངས། །མགོན་པོ་གྲངས་མེད་འདས་པ་དང་། །གང་ཡང་འབྱུང་བར་འགྱུར་བ་གཞན། །འགྲོ་ལ་ ཕན་ཕྱིར་འདི་བཞུགས་པའི། །གང་ཡང་ད་ལྟར་འབྱུང་འགྱུར་བའི། །ཀུན་གྱིས་གསང་བའི་ཡེ་ཤེས་གང་། །བསམ་གྱིས་མི་ཁྱབ་འབྲས་སྩོལ་བ། །གསང་བའི་ཡེ་ཤེས་ཕ་རོལ་གནོན། །དེ་དག་མ་ལུས་བདག་གིས་གསུངས། །གང་ཞིག་རྒྱུད་ཀུན་ཏུ་གསུངས་པ། །གསང་བ་མཆོག་ གིས་རྨད་དུ་དབྱུང་། །དེ་དག་མ་ལུས་པ་རུ་གསུངས། །བསམ་མི་ཁྱབ་པའི་འབྲས་སྩོལ་བ། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །བདེ་བ་ཐམས་ཅད་ཡང་དག་གཏད། །འཇིགས་པ་ཐམས་ཅད་རྣམ་བྲལ་བར། །ལུས་ཅན་ཐམས་ཅད་འབྱུང་བར་འགྱུར། །འདི་ནི་མྱུར་དུ་དངོས་གྲུབ་ བྱེད། །བསམ་གྱིས་མི་ཁྱབ་འབྲས་བུ་སྩོལ། །སེམས་ཅན་ཐམས་ཅད་བསྲུང་བ་ཡི། །གསང་བའི་ཕ་རོལ་གནོན་པ་གསུངས། །དེ་བས་རྣམ་པ་ཐམས་ཅད་དུ། །གསང་བའི་གསང་བ་ཡང་དག་འབྱུང་། །རྟག་ཏུ་བག་ཡོད་པར་གྱུར་པས། །བསྲུང་བའི་དོན་དུ་རྒྱལ་བས་གསུངས། །སྔགས་ པ་བདག་ཉིད་ཆེན་པོ་ཡིས། །མཆོག་ཏུ་ཡིད་འོང་ཡང་དག་བཤད། །གསང་བའི་ཡེ་ཤེས་རྟུལ་ཕོད་པ། །སྔགས་པས་མ་བསྒྲུབས་པ་ཡང་འགྲུབ། །གསང་བའི་ཡེ་ཤེས་ཕ་རོལ་གནོན། །གང་ལའང་བཤད་པར་མི་བྱ་སྟེ། །རྫོགས་སངས་རྐང་གཉིས་མཆོག་གིས་ནི། །མགོན་པོས་ བསམ་གྱིས་མི་ཁྱབ་གསུངས། །རྒྱལ་པོ་མེད་ཅིང་གདུག་པའང་མེད། །བགེགས་དང་ལོག་པར་འདྲེན་པ་མེད། །སྲིན་པོ་གནོད་སྦྱིན་དབང་པོ་མེད། །གདུག་པའི་གཟའ་དང་མ་མོ་མེད། །དུས་མིན་འཆི་དང་འཇིགས་པ་མེད། །ནད་ཀྱིས་ཀུན་དུ་འཁྲུག་པ་མེད། །མཁའ་ འགྲོ་མ་དང་ཤ་ཟའང་མེད། །སེང་གེ་སྟག་ལ་སོགས་པའང་མེད། །ཆུ་ཡི་འཇིགས་པ་ཆེན་པོའང་མེད། །རིམས་སོགས་འཇིགས་སུ་རུང་བའང་མེད། །གནོན་པོ་ལ་སོགས་ཀུན་ཀྱང་མེད། །དེ་བཞིན་ཐོག་གི་འཇིགས་པ་མེད། །མི་རྒོད་ཆོམ་རྐུན་ལ་སོགས་མེད། །གཞན་ཡང་དེ་བཞིན་ ཡམས་མེད་ཅིང་། །དེ་རུ་མུ་གེའི་འཇིགས་པ་མེད། །བདུད་ཀྱི་འཇིགས་པའང་དེ་བཞིན་མེད། །ཡུལ་འཁོར་གཞན་གྱིས་འཇིགས་པ་མེད། །དེ་ལ་འགོ་ནད་འཇིགས་པ་མེད། །ལྷོག་པ་མཚན་བར་རྡོལ་བ་མེད། །ནད་ལ་སོགས་པ་ཐམས་ཅད་མེད། །གཞན་ཡང་འཇིགས་པར་བྱེད་པ་ མེད། །ས་གཞི་ཐམས་ཅད་ཡོད་པ་ཡི། །ས་གཞི་སྟེང་འདིར་གནས་པ་ཡི། །འདི་ནི་གང་གི་ལག་ན་གནས། །གང་གི་སྙིང་གར་གནས་པ་དེ། །འཇིགས་པ་ཐམས་ཅད་རྣམ་བྲལ་བས། །མི་ཡི་སྐྱེས་བུ་ཐོབ་པར་འགྱུར། །བདག་གིས་དཀའ་བས་རབ་བཙལ་ཏེ། །དེ་བཞིན་སྲོག་ ལ་ལྟོས་མེད་པར། །མགོན་པོ་གྲངས་མེད་རབ་མཉེས་པས། །གོ་འཕང་མཆོག་འདི་ཐོབ་པར་འགྱུར། །ཡེ་ཤེས་ཤིན་ཏུ་རྙེད་དཀའ་བའི། །ཡང་དག་འདི་ནི་བདག་གིས་འཐོབ། །སེམས་ཅན་དོན་དུ་བསམ་མེད་པར། །གྲངས་མེད་བཞིན་དུ་རྣམ་པར་གནས། །ད་ལྟར་བདག་གིས་ སངས་རྒྱས་ཉིད། །བྱང་ཆུབ་སྙིང་པོར་ཡང་དག་བཞུགས། །ཕྱག་རྒྱ་འདི་ནི་བསྟན་པ་ཡིས། །ཡང་དག་པར་ན་བདུད་ལས་རྒྱལ། །སྲིད་གསུམ་འདི་ནི་འཇིགས་པ་འཁྲིགས། །སེམས་ཅན་སྡུག་བསྔལ་ཡང་དག་ཁེངས། །འཇིག་རྟེན་གསུམ་ན་འབད་པ་ཡིས། །བདག་གིས་མ་ ལུས་པར་བསྒྲལ་ཏོ། །མ་ལུས་སངས་རྒྱས་ཆེ་བའི་བདག །སེམས་ཅན་དོན་དུ་བསྟན་པ་ཡིས། །དེ་དག་ཐམས་ཅད་བདག་གིས་ནི། །ཕྱག་རྒྱ་འདི་ཡི་མཐུ་ཡིས་བྱས། །མཚུངས་མེད་ཡེ་ཤེས་ས་ཐོབ་ཅིང་། །ས་སྟེངས་ཀུན་མཁྱེན་ས་ཐོབ་པས། །དེ་བས་བདག་ནི་ཀུན་མཁྱེན་མཛོད། ། དམ་པའི་གོ་འཕང་བགྲོད་ནས་བཞུགས། །སྣ་ཚོགས་འཇིག་རྟེན་འགྲོ་ཤེས་ནས། །དམྱལ་བ་ལ་སོགས་འཇིགས་པ་ཡིས། །སྡུག་བསྔལ་གྱིས་གདུངས་མཐོང་ནས་ནི། །ཐུགས་རྗེར་ལྡན་པའི་ཐུགས་ཀྱིས་སུ། །གསང་སྔགས་ཚུལ་གྱིས་འབྲས་འབྱུང་བ། །བསམ་མི་ཁྱབ་ པའི་དམ་ཆོས་བཤད། །ཇི་བཞིན་གསུངས་པའི་འཇིག་རྟེན་གསུམ། །ཡང་དག་ཡེ་ཤེས་རྣམ་པར་བསྒྱིངས། །གསང་སྔགས་ཆོ་ག་རྒྱས་པར་ནི། །དེ་ནི་འདི་རུ་བདག་གིས་གསུངས། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །བདག་གིས་དམ་ཆོས་བཤད་པ་འདི། །རྟག་ཏུ་ བག་ཡོད་པར་གྱུར་པས། །ཆོ་ག་རྒྱས་པར་བཤད་པར་བྱ། །གསང་བའི་ཕྱག་རྒྱས་རབ་གསུངས་པ། །དམ་ཚིག་མི་ཤེས་ལ་མི་བཤད། །སངས་རྒྱས་ཐམས་ཅད་བསླུས་གྱུར་ཅིང་། །གསང་སྔགས་འབྲས་བུ་མི་འབྱུང་ངོ་། །དེ་རྣམས་ངན་འགྲོར་ལྟུང་འགྱུར་གྱི། །འབྲས་ བུ་གཞན་དུ་འབྱུང་བ་མེད། །གལ་ཏེ་སེམས་ཅན་ཐམས་ཅད་ནི། །དམ་ཚིག་ཉམས་པར་གྱུར་ན་ནི། །འབད་པས་བླ་མ་མཉེས་བྱས་ནས། །ས་སྟེངས་དམ་ཚིག་གཟུང་བར་བྱ། །གསང་བ་ས་སྟེངས་བཤད་པ་ཡི། །ཕྱག་རྒྱ་དེ་ནས་བཅིང་བར་བྱ། །དེ་ལྟར་བྱས་པའི་ཆོ་ག་ཤེས། ། སྔགས་དང་ཕྱག་རྒྱ་ཤིན་ཏུ་སྦྱར། །བསམ་མི་ཁྱབ་པའི་སྐུ་འཐོབ་སྟེ། །གཞན་དུ་ན་ནི་འབྲས་མེད་འགྱུར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །རྡོར་བྱུང་བདག་ཉིད་ཆེན་པོ་ལ། །སྙན་པའི་ཚིག་གིས་བཀའ་སྩལ་པ། །གསང་སྔགས་དོན་ ཀུན་གྲུབ་བྱེད་པ། །བཤད་པར་བྱ་ཡིས་ཚུར་ལ་ཉོན། །བསམ་མི་ཁྱབ་པའི་འབྲས་བུ་མང་། །ཡང་ནི་བདེ་བར་གཤེགས་པས་གསུངས། །བསམ་གྱིས་མི་ཁྱབ་ལས་སྣ་ཚོགས། །བསམ་གྱིས་མི་ཁྱབ་འབྲས་བུ་གནོན། །གསང་སྔགས་འཆང་བ་འདི་དག་ལྡན། །དེ་ཕྱིར་འདི་ ཡང་བསམ་མི་ཁྱབ། །གང་གིས་རྫོགས་སངས་རྒྱས་གསུངས་པ། །རྫུ་འཕྲུལ་ཆེན་པོ་རྒྱལ་གྱུར་པ། །བསྲུང་བའང་འགའ་ཞིག་འཇིག་རྟེན་ནི། །ཐམས་ཅད་ཆགས་པས་གཟིར་གྱུར་པ། །དེ་ནི་བཤད་པར་བྱ་ཡིས་བུ། །ཕན་པར་གྱུར་པའི་ཡིད་ཀྱིས་ཉོན། །མཐོང་བའི་ ཆོས་ལ་འབྲས་བུ་ནི། །གཞན་དུ་འབྲས་བུ་མེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་སེམས་ ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ངན་འགྲོ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པ། ཚེ་དང་ནད་མེད་པ་ལ་སོགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། མཆོག་ཏུ་སངས་རྒྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་སྔགས་ཀྱི་རྒྱལ་པོ་འདི་བཀའ་ སྩལ་པ། ན་མཿསརྦྦ་ཤཱ་པ་རི་པཱུར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཨ་ཙ་ལ་ཀཱ་ཎ། ནཊྚནཊྚ། མོཊྚ་མོཊྚ། མཊྚ་མཊྚ། ཏཊྚ་ཏཊྚ། ཏིཥྛ་ཏིཥྛ། ཨཱ་བེ་ཤ་ཨཱ་བེ་ཤ །ཨཱཿམཏྟ་མཱ་ལ་ཀ །དྷ་ཎ་དྷ་ཎ། ཏྲྀ་ཎི་ཏྲྀ་ཎི། ཁཱ་ད་ཁཱ་ད། བི་གྷྣཱཾ་མཱར་ཡ་མཱ་ར་ཡ། དུཥྚཾ། རཀྵ་རཀྵ། སཏཾ། ། ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཛ་ཡ་བཛྲ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཏྲྀ་བ་ལི་ཏ་རྃ་ག །ནརྟ་ཀ །ཧྃ་ཧྃ་ཧྃ། ཨ་ཙ་ལ་ཙེ་ཊ་ཕཊ་ཕཊ་ཡཿ། ཨཱཿཧཱུྃ་ཨ་སམྃ། ཏྲི་ཀ་ཏྲཱ་ཊ། མ་ཧཱ་པ་ལ་ཤཱ་ཏ་ཡ། ས་མཱ་ན་ཡ། ཏྲཱྃ་མཱྃ་ཧཱྃ། ཤུདྷྱ་ཏུ་ལོ་ཀཿ། ཏུཥྱ་ཏུ་བཛྲཱི་ན་མོ་སྟྭ་པྲ་ཏི་ཧ་ཏ་བ་ལེ་བྷྱཿ། ཛྭཱ་ལ་ཛྭཱ་ལ། ཏྲཱ་ཊ་ ཨ་ས་ཧ་ན་མཿསྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསང་བ་ཆེན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ ཆེམ་ཆེམ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་ བྱང་ཕྱོགས་དམའ་སྟེ་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །གཞན་ཡང་ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་དུ་མཐོང་ངོ་། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །གང་ཡང་སྲིན་པོ་འཇིགས་པ་དང་། །ཤ་ཟ་གདུག་པའི་སེམས་ཅན་དང་། །གང་ཡང་བདུད་དང་འཇིགས་ སུ་རུང་། །གནོད་སྦྱིན་ཀླུ་དང་མིའམ་ཅི། །གྲུལ་བུམ་དང་ནི་ལུས་སྲུལ་པོ། །གང་ཡང་ལྷ་མིན་ཚོགས་དང་ཡང་། །གང་ཡང་གཟའ་དང་མ་མོ་རྣམས། །རས་བལ་འདའ་བ་རླུང་ཁྱེར་བཞིན། །དེ་དག་ཐམས་ཅད་ཐལ་བར་རློག །ཟབ་མོ་ཡི་ནི་དབྱངས་ཀྱི་སྒྲ། །ཕྱོགས་ཀུན་དུ་ནི་ གྲགས་པར་གྱུར། །འཇིགས་པ་ཆེན་པོའི་སྐར་མདའ་ལྟུང་། །འཇིགས་སུ་རུང་བའི་གློག་ཀྱང་འཁྲུགས། །ས་གཞི་ཐམས་ཅད་འབར་བ་ལྟར། །ས་སྟེངས་ཀུན་ན་མེ་ཕུང་ངོ་། །ཕྱོགས་ཀུན་འཇིགས་པ་ཆེན་པོར་གྱུར། །ས་གཞི་དཀྱིལ་འཁོར་ཀུན་འཁྲུགས་གྱུར། །མུན་ནག་ འཇིགས་པ་ཆེན་པོ་རུ། །ས་གཞི་དཀྱིལ་འཁོར་མཐོང་བར་གྱུར། །སངས་རྒྱས་ཉན་ཐོས་ལྷ་དང་ནི། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ལམ་གོལ་བ་ཡི་ཡིད་ཅན་ལ། །དེ་དག་ཐམས་ཅད་ངོ་མཚར་འགྱུར། །ཀུན་མཁྱེན་སྤྱན་སྔར་འདུག་ནས་ནི། །སྙན་པ་ཡི་ནི་ཚིག་འདི་ གསོལ། །ཀུན་མཁྱེན་བཀོད་པ་བསྡུ་བར་མཛོད། །སེམས་ཅན་སྡུག་བསྔལ་ཀུན་དུ་འཁྲུགས། །ས་གཞི་སྙིང་པོར་གྱུར་པ་འདིར། །ཚུལ་འདི་བཟོད་པར་མི་ནུས་སོ། །དེ་ཀུན་ཀུན་མཁྱེན་བཞེངས་ནས་ནི། །ཏིང་ངེ་འཛིན་ནི་སྟོང་འགྱུར་བས། །སྐྱོབ་པ་བྱང་ཆུབ་སེམས་ དཔའ་ཡི། །སྙན་པའི་ཚིག་གིས་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་མ་འཇིགས་ཤིག །གང་ཡང་འཇིགས་པས་གཟིར་བའི་ལྷ། །གཞན་ཡང་གདུག་པའི་སེམས་ཅན་ནི། །འཇིག་རྟེན་པ་དང་རྒྱུ་མི་རྒྱུ། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །འདི་ནི་བསམ་དུ་ མེད་པར་བཤད། །དེ་ནས་སེམས་ཅན་ཐམས་ཅད་ཀྱིས། །བདེ་བ་ཐམས་ཅད་ཡང་དག་འཐོབ། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །བསམ་པ་ཐམས་ཅད་རྫོགས་ནས་ནི། །དེ་མ་ཐག་ཏུ་ས་སྟེངས་འགྱུར། །ཁྲོ་བོའི་རྒྱལ་ པོའི་སྙིང་པོ་འདི། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །སྟོབས་ཆེན་འདི་ནི་མི་མཐོང་བས། །ཁྲོ་བོའི་རྒྱལ་པོ་རང་ཉིད་གནས། །གནས་མེད་པ་ལ་སྦྱར་མི་བྱ། །གསང་སྔགས་གསང་བ་ཕ་རོལ་གནོན། །རང་ཉིད་དེ་བཞིན་གཤེགས་པ་སྟེ། །འདི་ནི་ཁྲོ་བོའི་ གཟུགས་ཀྱིས་བཞུགས། །ལས་རྣམས་སྣ་ཚོགས་ཡང་དག་ལྡན། །གསང་སྔགས་འདི་ནི་བཟླས་པས་འགྲུབ། །མཚམས་མེད་ལྔ་པོ་བྱས་པ་ཡང་། །འདི་ཡིས་མྱུར་དུ་འགྲུབ་པར་འགྱུར། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་གནས་ཡང་ནི་མེད་པར་ མཛད། །ཁྲུས་ཀྱི་བྱ་བ་ཐམས་ཅད་མེད། །དྲི་སོགས་ཆོ་གའི་རིམ་པ་མེད། །རས་རིས་མེད་ཅིང་གནས་ཡོད་མིན། །དུས་ཀྱི་ཆོ་གའི་རིམ་པ་མེད། །སྡིག་པ་ཀུན་དང་ལྡན་པས་ཀྱང་། །གང་དུ་ཡང་དག་གནས་སྒྲུབ་པ། །སླར་ཡང་བཅོམ་ལྡན་འདས་ཀྱིས་ནི། །ཐུགས་རྗེ་དང་ནི་ལྡན་ པའི་ཐུགས། །རྡོར་འབྱུང་ཆེ་བའི་བདག་ཉིད་ལ། །སྙན་པའི་ཚིག་གིས་བཀའ་སྩལ་པ། །གསང་སྔགས་རྒྱལ་པོ་རྫུ་འཕྲུལ་ཆེ། །ཁྲོ་རྒྱལ་ཉེ་བའི་སྙིང་པོ་ནི། །དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །བཤད་པར་བྱ་ཡིས་བུ་ཚུར་ཉོན། །ཡིད་ལ་འདོད་པའི་ཆོ་ག་ཉིད། །བསམ་གྱིས་མི་ ཁྱབ་ལས་དང་ལྡན། །གསང་སྔགས་ཆེན་པོ་འདི་བསྒྲུབས་ནས། །བསམ་གྱིས་མི་ཁྱབ་འབྲས་བུ་སྟེར། །རྫོགས་སངས་མཆོག་ཏུ་གསང་བ་ནི། །བརྟན་དང་གཡོ་བས་མི་ཤེས་པ། །བསམ་པ་ཐམས་ཅད་རྫོགས་མཛད་ན། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །ན་མཿ སརྦྦ་ཤཱ་པ་རི་པཱུར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ་ཏྲ་ཊ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲཱ་ས་ཡ་ཧཱུཾ། ཏྲ་ཀ་ཧཱྃ་མྃ། ཕྱག་ན་རྡོ་རྗེའི་འདིར་འདི་ཡི། །ཁྲོ་བོ་ཆེན་པོའི་ཉེ་སྙིང་ངོ་། །ལས་ཀུན་ནུས་པ་ཅན་འདི་ནི། །སྔགས་ཀྱི་རྒྱལ་པོ་རྫུ་འཕྲུལ་ཆེ། །ཡིད་འདོད་བསམ་གྱིས་མི་ ཁྱབ་པ། །མ་བསྒྲུབས་པ་ཡི་ལས་ཀྱང་བྱེད། །རྒྱུད་རྒྱལ་གཞན་པ་རྣམས་སུ་ནི། །ཆོ་ག་རྒྱས་པར་གསུངས་པ་གང་། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །དེ་ཡང་གྲངས་མེད་བསྒྲུབ་པར་བྱ། །ཁྲོ་བོའི་མངག་གཞུག་བཀའ་ཉན་པ། །ཕོ་ཉ་ཕོ་མོ་རྫུ་འཕྲུལ་ཆེ། །ཆོ་ག་འདི་ཡི་རིམ་པ་ཡིས། ། དེ་ཡང་ཇི་ལྟར་རིགས་པས་སྒྲུབ། །གང་ཡང་འཇིག་རྟེན་པ་ཡི་ལྷ། །གང་ཡང་ཁྱབ་འཇུག་ལ་སོགས་ཀླུ། །གཟའ་དང་རྒྱུ་སྐར་སོགས་ཐམས་ཅད། །གྲུལ་བུམ་དང་ནི་ལུས་སྲུལ་པོ། །གནོད་སྦྱིན་ལྷ་མིན་མིའམ་ཅི། །གནོད་སྦྱིན་མོ་དང་ཤ་ཟ་དང་། །གང་ཡང་སྲིན་པོ་དང་ནི་མི། །དྲང་ སྲོང་མཁའ་འགྲོ་མ་དེ་བཞིན། །མ་མོ་དང་ནི་སྲིན་མོ་ཉིད། །གང་ཡང་འཇིག་རྟེན་པར་བཤད་པ། །དེ་ཡང་ཆོ་ག་འདི་ཉིད་ཀྱིས། །ཐེ་ཚོམ་མེད་པར་བསྒྲུབ་པར་བྱ། །ན་མཿསརྦྦ་ཤཱ་པ་རི་པཱུ་ར་ཀེ་བྷྱཿ སརྦྦ་ཏ་ཐཱ་ག་ཏེ་བྷྱཿ སརྦྦ་ཐཱ། ཧ་ན་ཧ་ན། མཱ་ར་ཡ་ཛྙཱ་ན་ཁངྒ་ཕཊ། རལ་གྲིའི་ཕྱག་རྒྱའི་ སྔགས་སོ། །ན་མཿསརྦྦ་ཤཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། གྲཱིཧྞ་གྲཱིཧྞ། ཀཌྷ་ཀཌྷ། པཱ་ཤེ་ན། བནྡྷ་བནྡྷ། མ་ཧཱ་མ་ཏྱེ་དྷ་རྨྨ་ཏེ་སྭཱ་ཧཱ། ཞགས་པའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་ཤཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། རཀྵ་རཀྵ། ཧ་ན་ཧ་ན། ཀུཊྚ་ཀུཊྚ། མཱ་ ར་ཡ་མཱ་ར་ཡ། དུཥྚ་བི་ནཱ་ཡ་ཀཾ་ཧཱུྃ་ཛཿ། གོ་ཆའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། དྷ་ར་དྷ་ར། བཛྲཱ་ནཱི་ལ་ཁཌྒ་པཱ་ཤ་དྷ་རཱ་དྷ་ཡ་སྭཱ་ཧཱ། སྤྱི་གཙུག་གི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། བྷཉྫ་ བྷཉྫ། ད་ཧ་པ་ཙ་བྷ་སྨཱི་ཀུ་རུ། ཧ་ན་ཧ་ན། བཛྲཱ་གྣི་ནཱ་ཧཱུྃ་ཕཊ། ཐོ་བའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་ཤཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཤཱནྟ་མཱུ། ད་ཧ་ད་ཧ། ས་དྷ་ཡ་ས་དྷ་ཡ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ་ཀཱིརྟྟི་སྭཱ་ཧཱ། མགོ་བོའི་ཕྱག་རྒྱའི་སྔགས་སོ། །ན་མཿ སརྦྦ་ཤཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། བྷཱུ་ར་དྷ་ར་ཨ་ཙིནྟྱ་པ་ལ་བི་ཀྲ་མ། ཨོཾ་བྷཱུརྦྷུ་བ། རཀྵ་རཀྵ་སརྦྦཾ་སྭ་ཧ། རྡོ་རྗེའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། བཛྲ་ཧྲྀཏ། ད་མ་ད་མ་ཧཱུྃ། བཛྲ་མ་ཏྱིཾ་གི་སྭཱ་ཧཱ། སྙིང་གའི་ཕྱག་རྒྱའི་ སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཧཱུྃ་ད་ཧ་ད་ཧ། ཀིཾ་ཙི་རཱ་ཡ་སི། ཨཱ་ན་ཡ་ཤི་གྷྲྃ་རཀྵ་རཀྵ། བན་དྷ་བན་དྷ། དུཥྚཱྃ་ད་མ་ད་མ་སྭཱ་ཧཱ། ཕྱོགས་བཅིང་བའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ ཐཱ། ཨོཾ་དྷུ་ན་དྷུ་ན། མ་ཧཱ་པཱ་ཤ་ཁཌྒ་དྷ་ར། སརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿསྭཱ་ཧཱ། བཀའ་རྟགས་ཀྱི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ག་ག་ན་གཾ་དྷོད་བྷ་བེ་མ་ཧཱ་ས་མ་ཡ། པ་རི་པཱུ་ར་ཀེ་སྭཱ་ཧཱ། དྲིའི་ཕྱག་རྒྱའི་སྔགས་སོ། །ན་མཿ སརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏོ་བྷྱཿ། སརྦྦ་ཐཱ། བི་ཤུད་དྷི་ཛྙཱ་ནཱརྩྪི་སཾ་བྷ་བེ་ག་ག་ན་ནཱནྟཿསྭཱ་ཧཱ། མར་མེའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཤུད་དྷ་དྷརྨྨ་ཏེ་ཤུད་དྷྱ་ཤུད་དྷྱ། གྲཱིཧྞ་གྲཱིཧྞ། སརྦྦ་སཱ་པ་རི་པཱུ་ར་ཀེ་ སྭཱ་ཧཱ། གཏོར་མའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། བི་ཤུད་དྷ་མ་ཧཱ་ཛྙཱ་ན་སཾ་བྷ་བེ་དཱིཔྟ་དཱིཔྟ། མ་ཧཱ་ན་ཡེ་སྭཱ་ཧཱ། བདུག་པའི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ག་ག་ན་བི་ཀྲནྟ་ གཱ་མ་ནི་མ་ཧཱ་ཤུད་དྷ་ན་ཡེ་སྭཱ་ཧཱ། མེ་ཏོག་གི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦ་ཤཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཧ་ན་ཧ་ན། པ་ར་མ་བི་ཤུད་དྷེ། དྷརྨྨ་ན་ཡེ་པ་རི་པཱུ་ར་ཀེ་སྭཱ་ཧཱ། ཞལ་ཟས་ཀྱི་ཕྱག་རྒྱའི་སྔགས་སོ། །ན་མཿསརྦྦསཱཔ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་ བྷྱཿ། སརྦྦ་ཐཱ། ཨཱཿསཏྭ་ཧི་ཏོ། དྱཏ། ད་མ་ད་མ། སརྦྦ་སཱ་པ་རི་པཱུ་ར་ཀེ་སྭཱ་ཧཱ། དཔའ་བོ་ཆེན་པོ་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦསཱཔ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏ་བྷྱཿ། སརྦྦ་ཐཱ། བི་ཤུད་དྷ་བི་ཤུད་དྷ། སཏྭ་སྃ་བྷ་བེ་ཨཱ་ན་ཡ། ཨ་ནཾ་ཡ། མ་ཧཱ་ན་ཡེ་སྭཱ་ཧཱ། བྱང་ཆུབ་སེམས་ དཔའ་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། བི་ཤུད་དྷ་སཏྭ། ཧ་ཧ། ཧ་ན་ཧ་ན། ད་མ་ད་མ། མ་ཧཱ་ན་ཡེ་སྭཱ་ཧཱ། ཉན་ཐོས་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦསཱཔ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཨོཾ་བཛྲ་ཨཱ་ཀརྵ་ ཡ། ཤཱི་གྷྲྃ། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཧཱ་ན་ཡ་བ་རི་བཱ་རེ་སྭཱ་ཧཱ། ཕོ་ཉ་མོ་ལ་སོགས་པ་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། མ་ཐ་མ་ཐ། ཨཱ་ན་ཡ་ཨཱ་ན་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦྦ་བྷཱུ་ཏཱཾ་སརྦྦ་དེ་བཱཾ། ཏམ་ཏམ། མ་ཧཱ་ ན་ཡ་པ་རི་བཱ་རེ་ཧཱུྃ་སྭཱ་ཧཱ། འཇིག་རྟེན་པ་རྣམས་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ས་ཏྱ་ས་ཏྱ། མ་ཧཱ་ས་ཏྱ། ད་མ་ད་མ། མ་ཧཱ་ད་མ། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། ས་ཏྱ་བཱ་དི། མ་ཧཱ་ན་ཡ་བི་ཤུད་དྷེ་སྭཱ་ཧཱ། དྲང་སྲོང་རྣམས་ སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦསཱཔ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། མ་ཧཱ་སཏྱ་བཱ་དི་ནི་སརྦྦ་ཧི་ཏེ་སྭཱ་ཧཱ། སྲིང་མོ་རྣམས་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦསཱཔ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཧྲཱིཿཧ་ཧ། མ་ཐ་ མ་ཐ། ད་མ་ད་མ། ཧ་ན་ཧ་ན། མ་ཧཱ་ན་ཡེ། མཱ་ར་མཱ་ར་ཧཿསྭཱ་ཧཱ། མ་མོ་རྣམས་སྤྱན་དྲང་བའི་སྔགས་སོ། །ན་མཿསརྦྦསཱཔ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ། ཨོཾ་ཧ་ན་ཧ་ན་བཛྲ་ཧཱུྃ་ཕཊ། སརྦྦ་དུཥྚ་གྲ་ཧྃ། མ་ཐ་མ་ཐ། བྷཉྫ་བྷཉྫ། སརྦྦ་བིགྷྣ། ད་མ་ད་མ། སརྦྦ་དུཥྚཾ་ཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཐུན་མོང་གི་ནི་ཚམ་ངམ་དུ། །རིག་འདི་འཇིག་རྟེན་གཙོ་བོས་གསུངས། །ཕྱག་རྒྱ་རྣམས་ནི་མ་ལུས་དང་། །སྔགས་ནི་རྒྱས་པར་གསུངས་པ་ཡིན། །དོན་ཀུན་སྒྲུབ་པར་བྱེད་པའི་སྔགས། །འདི་ནི་མྱུར་དུ་འགྲུབ་བྱེད་ཅིང་། །བསམ་གྱིས་མི་ཁྱབ་འབྲས་སྩོལ་བ། །ཤིན་ཏུ་གསང་བ་ཡང་ དག་གསུངས། །ཕྱག་རྒྱ་དང་ནི་ལྷན་ཅིག་སྦྱར། །དྲི་དང་མེ་ཏོག་བདུག་པ་དང་། །གཏོར་མ་ཡང་ནི་མ་ལུས་པ། །སུས་ཀྱང་གཞོམ་པར་མི་ནུས་སོ། །ཕྱོགས་བཅིང་བ་དང་དེ་ནས་བཟའ། །གཞན་ཡང་ཡིད་ལ་ཅི་འདོད་འབྱུང་། །དེ་ཀུན་སྔགས་དང་བཅས་པ་ཡི། །ཕྱག་རྒྱར་སྦྱར་བས་ འགྲུབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ནི། །ཕྱག་ན་རྡོ་རྗེ་བཀའ་སྩལ་པ། །ཁྲོ་བོའི་རྒྱལ་པོ་རྣམ་པར་ཤུལ། །འདི་ནི་ཁྱོད་ལ་རྗེས་སུ་སྦྱིན། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་མངོན་སྤྱོད་དབང་དུ་བྱ། །དེ་བཞིན་སྣ་ཚོགས་གྱུར་པ་དང་། །ཁྱོད་ལ་རག་ལུས་མཆོག་ཏུ་ འདོད། །བསོད་ནམས་དུ་མ་ལས་འཁྲུངས་པ། །མཚན་དང་དཔེ་བྱད་བཟང་པོས་འབར། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཕྱག་རྒྱ་བརྐྱང་བས་སྔོན་འགྲོ་བས། །བདག་གིས་རྫོགས་སངས་རྒྱས་དབང་བསྐུར། །བདེ་གཤེགས་ལས་འཁྲུངས་རྡོ་རྗེ་ཅན། །ཟབ་ མོ་དབྱངས་ཀྱི་སྒྲ་ཡིས་ནི། །བདེ་བར་གཤེགས་པས་ཀུན་གསུངས་པ། །ཁྲོ་བོའི་རྒྱལ་པོའི་ཆོ་གའི་རིམ། །རིམ་པ་ཇི་བཞིན་གསུངས་པ་ཉིད། །ཁྱོད་ཉིད་གཅིག་ཏུ་བརྟན་གཡོ་བའི། །སྙན་པ་དག་ནི་བསྲུང་བར་གནས། །དམ་པའི་ཆོས་ནི་སྤྲུལ་པའི་སྐུ། །ས་སྟེངས་ན་ནི་ཞི་བར་ འགྱུར། །སངས་རྒྱས་ཀུན་གྱི་སྤྱན་སྔར་ནི། །ས་སྟེངས་ཁྱོད་ཉིད་གཅིག་པུ་གནས། །འདས་དང་མ་བྱོན་པར་གྱུར་དང་། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །ཁ་ལོ་སྒྱུར་བ་ཁྱོད་གཅིག་པུ། །བླ་ན་མེད་པའི་གོ་འཕང་འཐོབ། །རྡོ་རྗེ་སེམས་དཔའ་བློ་ལྡན་ པ། །སླར་ཡང་ཕྱག་རྒྱར་གཞག་པས་ཀྱང་། །དབང་ཆེན་ཐམས་ཅད་གཡོས་ནས་ནི། །ས་གཞི་རྣམ་པ་དྲུག་ཏུ་བསྐྱོད། །དེ་དག་ཐམས་ཅད་མངོན་གྱུར་ཏེ། །སངས་རྒྱས་དམ་ཆོས་བསམ་མེད་པས། །བསམ་གྱིས་མི་ཁྱབ་གོ་འཕང་འཐོབ། །ས་སྟེངས་རྡོ་རྗེ་སེམས་དཔའི་བདག །ནམ་ མཁའ་མཛོད་ཀྱི་འོད་ཟེར་ཐོབ། །འཕགས་པ་ཆེན་པོ་རྨད་འབྱུང་ཆེ། །འཇིག་རྟེན་ཡང་དག་འབྱུང་འགྱུར་ཏེ། །ས་གཞི་སྙིང་པོ་འདི་རུ་ཡིན། །དེ་ནས་བཅོམ་ལྡན་རྒྱལ་གྱུར་པས། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །བརྟན་དང་གཡོ་བའི་གསང་བ་རྣམས། །སྙན་པའི་གསུང་ གིས་བཀའ་སྩལ་པ། །ཁྱོད་ནི་བདག་གིས་ཚིམ་པར་བྱ། །བདག་ཉིད་ཆེན་པོ་རྡོ་རྗེ་འཆང་། །རྟག་ཏུ་བག་ཡོད་པར་གྱུར་པས། །བདག་ཉིད་ཆེན་པོས་དེ་ཉིད་བྱ། །དེ་ནས་བཅོམ་ལྡན་འདས་ཞི་བ། །ཆོས་ཀྱི་དབྱིངས་ལ་མཆོག་ཏུ་གཞོལ། །ཆོས་ཉིད་གཅིག་པུ་ཐུགས་ཆུད་ནས། ། ཀུན་མཁྱེན་ཅང་མི་གསུང་བར་འགྱུར། །དེ་ནས་འཁོར་རྣམས་ཐམས་ཅད་ཀྱིས། །ངོ་མཚར་པ་ཡི་ཚིག་གསོལ་པ། །སངས་རྒྱས་ཆེ་བ་བསམ་མི་ཁྱབ། །འཇིག་རྟེན་མགོན་པོས་བསྟན་པ་ཉིད། །དེང་ནས་བཟུང་སྟེ་བདག་ཅག་ཀུན། །རྟག་པ་གཅིག་པུ་མཐར་ཕྱིན་འགྱུར། ། བདག་ཉིད་ཆེན་པོའི་རྡོ་རྗེ་ཅན། །བདེ་བར་གཤེགས་པས་གཏད་པར་འགྱུར། །འཁོར་རྣམས་ཤིན་ཏུ་དགའ་བ་ཡིས། །སྙན་པ་ཡི་ནི་ཚིག་གིས་སྨྲས། །སྐལ་བ་ཆེན་པོ་མཆོག་ཏུ་གྱུར། །ཅི་བགྱི་ཡི་ནི་བཀའ་བསྒོ་སྩལ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །མེ་སྟག་འཕྲོ་ བར་གྱུར་པ་ཡིས། །ཐུགས་རྗེར་ལྡན་པའི་ཤུགས་ཀྱིས་སུ། །འཁོར་རྣམས་ལ་ནི་བཀའ་སྩལ་པ། །ཁྲོ་རྒྱལ་རས་རིས་ཆོ་ག་ནི། །རྫུ་འཕྲུལ་ཆེན་པོ་དེ་ཉིད་ཉོན། །གང་ཞིག་སྔགས་ཀྱི་སྒོ་ནས་ནི། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད། །སྔགས་ཀྱི་སྒྲུབ་ཐབས་ལས་ གསུངས་པའི། །དོན་ནི་དེ་ནས་ཐོབ་པར་འགྱུར། །སྔགས་པ་འཆང་བར་གྱུར་པ་དཀོན། །ལུས་ཅན་རྣམས་ཀྱིས་བཟོད་མི་ནུས། །གདུག་པ་ལོག་པར་འདྲེན་པ་ཀུན། །འཇིགས་པའི་གཟུགས་ཅན་སྲིན་པོ་རྣམས། །རིང་པོ་ནས་ནི་རང་མི་མཐོང་། །དཔའ་བོ་དྲེགས་པ་ བཅོམ་པ་བཞིན། །ནད་རྣམས་ཐམས་ཅད་རྣམ་པར་གྲོལ། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཐམས་ཅད་དབང་ཕྱུག་གོ་འཕང་ནི། །གང་ཞིག་ལག་པའི་ནང་དུ་འཐོབ། །རྒྱུ་སྐར་མེད་ཅིང་གཟའ་སོགས་མེད། །མ་མོ་མེད་ཅིང་ལྷ་ཡང་མེད། །འཇིགས་པ་ ཀུན་ལས་རྣམ་གྲོལ་བར། །ས་གཞིའི་དཀྱིལ་འཁོར་འདི་རུ་འགྱུར། །སེམས་ཅན་ཐམས་ཅད་དབང་ཐོབ་ཅིང་། །ས་སྟེངས་སྔགས་ཤེས་རྒྱལ་པོ་ནི། །འཁོར་བཅས་ཀྱིས་མཆོད་སྙན་པར་སྨྲ། །རས་བྲིས་མཐོང་བ་ཤིན་ཏུ་གསལ། །སྐྲ་དང་བྲལ་བ་དེས་བརྟགས་པའི། ། དཔའ་བོས་བཙོངས་པའི་རས་བླངས་ཏེ། །དྲི་དཀར་ཆུ་ཡིས་བཀྲུས་ནས་ནི། །ཀུནྡ་ཟླ་བ་ལྟ་བུར་གཙང་། །ཇི་སྲིད་ངུར་སྨྲིག་མཛེས་པ་རུ། །སླར་ཡང་བྱེད་དུ་གཞུག་པར་བྱ། །བདུག་པ་ཡིས་ནི་བདུག་པར་མཛེས། །ཐམས་ཅད་དུ་ནི་གཙང་སྦྲ་བྱ། །དེ་ནས་དེ་ལྟར་བྱས་ནས་ ནི། །ས་གཞི་རབ་ཏུ་བྱུག་པར་བྱ། །དེ་ལ་ཡིད་ནི་དྲི་ཞིམ་སྤོས། །ཤིན་ཏུ་མཛེས་པར་བྱུག་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །རྔ་དང་དྲིལ་བུ་སྒྲ་སྙན་མཆོག །རྒྱུ་སྐར་ཉི་མ་བཟང་པོ་ལ། །རྩ་བའི་སྔགས་ནི་རབ་བསྔགས་པ། །ཡིད་དུ་འོང་བའི་བུམ་ པ་ནི། །དྲི་ཡི་ཆུ་ཡིས་ཡོངས་བཀང་ནས། །སྔགས་པས་ཆོ་ག་བཞིན་དུ་གཞག །ཞལ་ཟས་གཏོར་མ་ཆོ་ག་བཞིན། །དེ་ལྟར་འདི་ཀུན་བྱས་པ་ཡིས། །རྒྱ་ཆེ་བར་ནི་བྱས་པའི་ཆར། །རོལ་མོའི་ལས་ནི་ལེགས་བསླབས་པས། །སྐལ་བ་ཆེན་པོ་དེ་རུ་བོད། །དེ་ ནས་གསོ་སྦྱོང་སྦྱིན་པར་བྱ། །བྱང་ཆུབ་སེམས་ནི་ཁྱད་དུ་འོང་། །སྐལ་བ་ཆེན་པོ་དེ་མཆོད་བྱ། །གོས་དང་རྒྱན་གྱིས་བརྒྱན་པ་ཡིས། །དེ་ནི་ཡང་དག་པར་མཆོད་ནས། །དེ་ནས་ཤིན་ཏུ་དབེན་པ་རུ། །དེ་ནས་བློ་ལྡན་ཐིག་གདབ་བྱ། །རས་ཀྱིས་ཁ་ནས་གཡོག་ པར་བྱ། །ཁ་ཚར་དང་བཅས་རིང་པོར་གཞག །བློ་ལྡན་དེ་དབུས་བྲི་བ་ནི། །ཁྲོ་བོ་ཤིན་ཏུ་མཐོང་དཀའ་བ། །ལྟོ་བ་ཆེ་ལ་ཤིན་ཏུ་ཁྲོས། །ལག་འགྲོའི་བདག་པོ་ཕྱག་བཞི་པ། །ཞལ་ནི་རྣམ་འགྱུར་ཟུར་གྱིས་གཟིགས། །ལྗགས་ལ་རཀྟ་རྣམ་པར་འཛག ། མཆེ་བ་གཙིགས་ཤིང་ཤིན་ཏུ་འཇིགས། །སྤྲིན་ཕུང་གཏིབས་པ་ལྟ་བུའི་འོད། །སྤྱན་དག་ཉི་མ་འཆར་ཀ་འདྲ། །གསུམ་པ་དུ་བ་ལྟ་བུའོ། །གར་མཛད་ཧཱི་སྒྲོགས་པར་བྱུང་བ། །ཀླུ་ཡི་འོད་ཀྱིས་ཚོགས་རང་བཞིན། །ཐོད་པ་རློན་པའི་ཕྲེང་བ་ནི། །ཚར་བཞི་ལྟ་བུར་བལྟས་པ་ཡི། ། འཇིགས་པ་ཆེན་པོའི་དབུ་ལ་བརྒྱན། །གཡོན་ངོས་ཟུར་ཕུད་རྣམ་པར་འཕྱང་། །མེ་སྟག་དང་བཅས་མེ་འོད་ཀྱིས། །རྡོ་རྗེ་གཡས་ཀྱི་ཕྱག་ནའོ། །འོད་ཟེར་འབར་བ་ལྷག་པ་ཡི། །རལ་གྲི་གཉིས་པ་ན་ནི་བསྣམས། །གཡོན་པ་ཡིས་ནི་ཞགས་པ་བསྣམས། །གཉིས་པ་ཡིས་ནི་ སྡིགས་མཛུབ་མཛད། །སྐུ་ལ་སྦྲུལ་གྱི་རྒྱན་གྱིས་བརྒྱན།