Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 086_རྒྱུད་འབུམ།_ཐ
Văn bản gốc(Tây Tạng)
Trang 17 / 20 (50.000 ký tự/trang)
སུ་བསྐོར་བ། བྱང་ཆུབ་སེམས་དཔའ་གྲངས་མེད་པས་ཡོངས་སུ་བསྐོར་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་ དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དུ་མས་ཡོངས་སུ་བསྐོར་བ་དེར་བཅོམ་ལྡན་འདས་བཞུགས་ནས་ཆོས་སྟོན་ཏོ། །འདི་ལྟ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དང་། ཀུན་དུ་ བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཞི་བའི་བློ་གྲོས་དང་། སྣ་ཚོགས་བཀོད་པ་དང་། ནམ་མཁའ་མེ་ཏོག་འཆང་དང་། ནམ་མཁའི་སྙིང་པོ་དང་། ཤིན་ཏུ་རྣམ་དག་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་ བྱང་ཆུབ་སེམས་དཔའ་ཆེན་པོས་ཡོངས་སུ་བསྐོར་བ། ཉན་ཐོས་བྱེ་བ་ཕྲག་དུ་མ་འདི་ལྟ་སྟེ། ཤཱ་རིའི་བུ་དང་། མཽད་གལ་དང་། རྟ་ཐུལ་དང་། འོད་སྲུང་ལ་སོགས་པས་ཡོངས་སུ་བསྐོར་བ། གྲགས་ཆེན་སྙན་པ་ཆེན་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་ འཇུག་དང་། ལུས་ངན་པོ་ལ་སོགས་པས་ཡོངས་སུ་བསྐོར་ཞིང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་ཆོས་སྟོན་པ་འདི་ལྟ་སྟེ། གསང་སྔགས་ཀྱི་ཚུལ་ལ་འཇུག་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་གང་ཐོས་པར་བྱེད་པའི་བྱང་ཆུབ་ སེམས་དཔའ་དེ་དག་དང་། ཉན་ཐོས་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། བསམ་གྱིས་མི་ཁྱབ་པའི་སེམས་ཅན་གྱི་ཁམས་ཀྱི་བསམ་པ་སྣ་ཚོགས་ལ་དགོས་པ་སྣ་ཚོགས་ཀྱི་སྤྱོད་ལམ་གྱིས་ཞུགས་ཤིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ རྣམས་མཛད་དོ། །བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་བསྙེན་བཀུར་དང་། ཡོངས་སུ་མཉེས་པར་མཛད་དོ། །སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དུ་མ་རྣམས་ཀྱང་གཟིགས་སོ། །སངས་རྒྱས་ཀྱི་སྤྲུལ་པ་དུ་མ་ཡང་མངོན་པར་སྤྲུལ་པ་མཛད་ དོ། །བཀོད་པ་ཆེན་པོ་ཡང་བསྐྱེད་པར་མཛད་དོ། །མདོར་ན་ཐམས་ཅད་གང་དང་གང་གིས་སེམས་ཅན་གྱི་དོན་དུ་གཟིགས་པ་དེ་དང་དེ་མཛད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་ འཁོར་ཆེན་པོ་རྣམས་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་བདག་གིས་སྣ་ཚོགས་དུ་མའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་རྣམ་པར་ཕྱུང་སྟེ་ཚིག་དང་ཡི་གེ་དུ་མ་བཀོད་པ་སེམས་ཅན་སྣ་ཚོགས་ མགུ་བར་བྱེད་པ། ཕྱག་རྒྱ་དང་སྔགས་སྣ་ཚོགས་ཀྱིས་རྣམ་པར་མཚན་པར་གྱུར་པ། འགྲོ་བ་སྣ་ཚོགས་ཀྱི་ཁྱད་པར་བརྗོད་པ། སྡུག་བསྔལ་སྣ་ཚོགས་རབ་ཏུ་ཞི་བར་བྱེད་པ། དབང་ཕྱུག་དུ་མ་དང་ལྡན་ཞིང་ཡིད་འཕྲོག་པའི་ཡི་གེ་གཅིག་དང་། སྟོང་ཕྲག་བརྒྱད་དང་། གྲངས་མེད་པ་དང་། བྱེ་བ་ཕྲག་གསུམ་དང་། རྗེས་འཇུག་དང་། རིང་པོ་དང་། ཐུང་ངུ་དང་། ང་རོ་དང་། གསལ་བྱེད་ཀྱི་མཚན་མས་མཚན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་བཅུ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དཔེ་དང་། ཉན་ཐོས་དང་། རང་སངས་ རྒྱས་དང་། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་དང་། ལྷའི་གནས་ལ་སོགས་པའི་དབྱེ་བ་དང་། མིའི་འགྲོ་བ་དང་། ཡི་དགས་དང་། དུད་འགྲོའི་འགྲོ་བ་ལ་ཐུག་པར་ཕྱེ་ཞིང་བཅད་པ་རྣམས་གང་བདག་གིས་སེམས་ཅན་རྣམས་ལ་ཕན་པའི་ལྷག་པའི་བསམ་པ་བྱེ་བ་ ཕྲག་གྲངས་མེད་པ་བདུན་ཅུ་རྩ་བདུན་གྱི་སེམས་ཅན་རྣམས་ཀྱི་དོན་དུ་གསུངས་པ་ཡིན་ནོ། །དེ་ཡང་གཞི་དང་མེ་ཏོག་གི་སྙིང་པོས་བརྒྱན་པའི་འཇིག་རྟེན་ཁམས་འདིར་དར་བར་འགྱུར་རོ། །གསང་བའི་བདག་པོ་བྱེ་བ་ཕྲག་གྲངས་མེད་པ་བདུན་ཅུ་རྩ་བདུན་པོ་དེ་རྣམས་ཀུན་གྱི་ནང་ ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གིས་ཐབས་སྣ་ཚོགས་ཀྱི་ཆོ་གའི་སྒོ་བསྟན་ཏེ། གསང་བའི་བདག་པོ་དེ་རྣམས་ལ་ནི་མངག་གཞུག་ དང་། མངག་གཞུག་མ་དང་། ཕོ་ཉ་དང་། ཕོ་ཉ་མོ་ལ་སོགས་པ་དེ་རྣམས་ཀྱི་ཕྱག་རྒྱ་དང་། སྔགས་དང་། རྟོག་པའི་ཆོ་ག་ཡང་རྒྱས་པར་བསྟན་ཏོ། །ལས་སྣ་ཚོགས་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱང་བསྟན་ཏེ། སྒྲུབ་ཐབས་སྣ་ཚོགས་ཡང་དག་ལྡན། །རས་རིས་ཆོ་ག་ རྣམ་པར་བསྟན། །ཡང་ན་ལས་ཀྱི་ཆོ་ག་དབྱེ། །གང་དུ་སྟོབས་ཆེན་གསང་བའི་ལས། །སྦྱིན་སྲེག་དག་ནི་བདག་གིས་བསྟན། །ལྷག་མ་དེ་བཞིན་ཡུལ་གནས་གཞན། །དེ་ནས་མ་ལུས་མེ་ཐབ་དང་། །དེ་བཞིན་ཞི་བ་རྒྱས་པ་དང་། །དབང་དུ་བྱ་དང་མངོན་སྤྱོད་དང་། །དེ་ནས་ དུས་ཀྱི་ཁྱད་པར་དང་། །དཀྱིལ་འཁོར་ཡང་ནི་དེ་བཞིན་བསྟན། །ཕྱག་རྒྱ་དག་ཀྱང་མ་ལུས་པར། །ས་བོན་དང་ནི་མཚན་མ་དང་། །གསང་བ་ཡི་ནི་སྔགས་ཉིད་དང་། །རིགས་ཀྱི་མཚན་མ་དེ་བཞིན་སྐུ། །མ་ལུས་པ་ཡི་དབྱིབས་དང་ཡང་། །དེ་ལྟ་བུ་ལ་སོགས་ པའི་ལས། །དེ་དག་ཐམས་ཅད་བདག་གིས་བསྟན། །མི་གཡོ་ཞེས་བྱའི་རྟོག་པ་ནི། །དེ་ནི་སླར་ཡང་བདག་གིས་བཤད། །དག་པའི་སེམས་དཔའ་བློ་ལྡན་གྱིས། །སྔགས་པས་གང་ཞིག་བསྒྲུབ་བྱ་ཡི། །བསམ་གྱིས་མི་ཁྱབ་སྣ་ཚོགས་ལས། །གསང་སྔགས་ཀྱི་ ནི་སྒྲུབ་ཐབས་ཞིག །རྟོག་པ་འདི་རུ་མདོར་བསྡུས་ནས། །དེ་ཡི་ཆོ་ག་ཡང་དག་བཤད། །ཡང་དག་རྫོགས་སངས་རྒྱས་བསྙེན་ཅིང་། །སྒྲུབ་པས་གོ་འཕང་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་སྲས་ཀྱི་མཆོག །ཆོས་ཞེས་བྱ་བར་སྐྱེ་བར་འགྱུར། །སངས་རྒྱས་ ཞིང་ནི་མ་ལུས་པར། །དེ་ནི་ཀུན་དུ་དག་པར་འགྱུར། །རྟག་པར་རྒྱུན་དུ་རྣམ་རྟོག་མེད། །ནམ་མཁའ་ཡི་ནི་ལམ་ལ་གནས། །གཟུགས་ཅན་ལུས་ལ་བརྟེན་ནས་སུ། །སེམས་ཅན་བྱེ་བྲག་ཐུགས་སུ་ཆུད། །སེམས་ཅན་ཞི་བ་གདུལ་དཀའ་དང་། །བགེགས་ཆེན་དང་ ནི་ལོག་པར་འདྲེན། །དེ་ནས་གདུལ་བར་བྱ་བའི་ཕྱིར། །རྫོགས་སངས་རྒྱས་ཀྱིས་རྟག་ཏུ་སྤྲུལ། །མཚན་ནི་མི་གཡོ་ཅེས་བསྒྲགས་པ། །ཁྲོ་བོ་འཕགས་པ་སྟོབས་པོ་ཆེ། །དཔལ་ལྡན་གདུལ་དཀའ་འདུལ་མཛད་པ། །སངས་རྒྱས་རྣམས་ཀྱི་སྲས་ཀྱི་སྲས། །དེ་ འདིར་རྒྱལ་མཆོག་རྣམས་དང་ནི། །དེ་བཞིན་རྒྱལ་སྲས་ཀྱིས་རྟག་པར། །ཕྱག་འཚལ་ཚངས་པ་ལ་སོགས་དང་། །ལུས་ཅན་ཐམས་ཅད་ཀུན་ཏུ་མཆོད། །སངས་རྒྱས་རྣམས་ནི་བྱས་པ་གཟོ། །དེ་བཞིན་དུ་ནི་སངས་རྒྱས་སྲས། །འདི་ཀུན་སྨོན་ལམ་ཡོངས་རྫོགས་ ཤིང་། །བསམ་གྱིས་མི་ཁྱབ་ཡེ་ཤེས་རྫོགས། །མི་གཡོ་ཞེས་བྱའི་ས་ཐོབ་པས། །མི་གཡོ་འདི་ཡང་དེ་ཡི་མཚན། །བདུད་རྣམས་ཀུན་གྱིས་མི་གཡོ་བས། །རྟག་པའི་ཡེ་ཤེས་དྲི་མེད་བཟང་། །རྟོག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །བཤད་ཀྱིས་བུ་ཁྱོད་ཚུར་ཉོན་ཅིག ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཆོས་ཀྱི་དབྱིངས་སུ་རབ་གཞོལ་བས། །རྟག་ཏུ་ཚེ་དང་ནད་མེད་མཆོག །དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །རྟག་ཏུ་བགེགས་རྣམས་སེལ་བྱེད་ཅིང་། །དེ་བཞིན་བདུད་རྣམས་རབ་ཏུ་འཇོམས། །སེམས་ཅན་རྣམས་ནི་བདེ་ བའི་ཕྱིར། །རྟོག་པ་འདི་ནི་རབ་ཏུ་བཤད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་མགྲིན་གཅིག་གི་ངག་གིས་གསོལ་པ། སེམས་ཅན་ཐམས་ཅད་ཀྱི་དོན་དང་བདག་ཅག་ལ་ཐུགས་བརྩེ་བ་བསྐྱེད་དེ་ བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསོལ་བ་བཏབ་པ་དེ་མཁྱེན་ནས་གཞི་ དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འོད་ཟེར་ཆེན་པོས་སྣང་བར་བྱས་ནས། དཔལ་གྱི་བེའུ་ལས་བྱུང་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གྲངས་མེད་པས་ཡོངས་སུ་བསྐོར་བ་བྱས་ནས་གཞི་དང་སྙིང་པོ་མེ་ ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདི་ནས་བཟུང་སྟེ། ཇི་སྲིད་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ནས་ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པའི་བར་དུ་དེ་ཁྱབ་ནས་གཡས་ཕྱོགས་ ནས་བསྐོར་ཏེ། དེ་བཞིན་དུ་བྱང་ཕྱོགས་དང་། ནུབ་དང་། ལྷོ་དང་། ཤར་གྱི་ཕྱོགས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཁེབས་པར་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་རྣམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ཀྱིས་ཚིགས་སུ་ བཅད་པ་འདི་སྨྲས་སོ། །ཤཱཀྱའི་མགོན་པོ་རྫོགས་སངས་རྒྱས། །གཟི་བརྗིད་ཆེན་པོ་གང་བཞུགས་པ། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །རྒྱལ་བའི་སྲས་པོ་ཐམས་ཅད་གཤེགས། །དེ་རུ་དྲི་མེད་དམ་ཆོས་ཉོན། །གསང་སྔགས་སྤྱོད་པའི་ཚུལ་དགེ་བ། ། གང་ཐོབ་འཇིག་རྟེན་མགོན་པོས་ནི། །བྱང་ཆུབ་འདུས་མ་བྱས་པ་བརྙེས། །དེ་ནས་འོད་ཟེར་དེས་ཚིགས་སུ་བཅད་པ་འདི་ཐོས་ནས་སླར་ལོག་སྟེ་བཅོམ་ལྡན་འདས་ཀྱི་དཔལ་བེའུ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ རྣམས་རང་རང་གི་འཇིག་རྟེན་གྱི་ཁམས་ནས་ཁྲོ་བོའི་མཐུས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱི་སེམས་རྩེ་གཅིག་པར་མཁྱེན་ནས་སླར་ཡང་རྡོ་རྗེ་བསྒྱིངས་པ་བསྲེགས་ པའི་མེ་ལྕེ་ཀུན་དུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་རབ་ཏུ་གཡོས་སོ། ། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འཁྲུགས། རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ། འཇིག་རྟེན་དུ་ཤིན་ཏུ་སྣང་བ་དཔག་ཏུ་མེད་པར་བྱུང་བར་གྱུར་ཏོ། །གཞན་ཡང་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་མཐོང་ངོ་། །སྙོམས་པར་ཞུགས་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། བདུད་ཐམས་ཅད་རབ་ཏུ་འཇོམས་ པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་གྲངས་མེད་པར་སེམས་ཅན་གྱི་ཁམས་རྣམ་པར་གྲོལ་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་རྣམ་པར་རྟོག་པ་མེད་ པའི་ཡེ་ཤེས་ཀྱི་མེ་ཡང་དག་པར་བྱུང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་སྟོན་པ། སྣ་ཚོགས་པའི་གསུང་གིས་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་སྒྲུབ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། སེམས་ཅན་ཉོན་མོངས་པའི་མུན་ ནག་ཏུ་ལྷུང་བ་ཐམས་ཅད་ཀྱི་སྣང་བར་གྱུར་པ། ངན་སོང་དང་། ངན་འགྲོར་ལྟུང་བ་ཐམས་ཅད་ཀྱི་དེད་དཔོན། སྡུག་བསྔལ་བས་ཉམ་ཐག་པ་རྣམས་ཀྱི་བདེ་བར་གྱུར་པ། མདོར་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གང་དང་གང་ལྡན་པ་དེ་དང་དེར་རབ་ཏུ་ཞི་བར་བྱེད་པའི་གསང་ སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཆེན་པོའི་རྒྱལ་པོའི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་རོ། །ན་མཿསརྦྦ་ཤ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་ཐཱ་ཧཱྃ། བཅོམ་ལྡན་འདས་ཀྱིས་ཁྲོ་བོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་གཞི་དང་སྙིང་པོ་མེ་ཏོག་གིས་ བརྒྱན་པའི་འཇིག་རྟེན་གྱི་ཁམས་འདིའི་བདུད་ཀྱི་གནས་ཐམས་ཅད་དང་། བདུད་ཀྱི་རིས་དེ་དག་དང་། གང་སེམས་ཅན་ཐམས་ཅད་མོག་མོག་པོར་བྱས་ཏེ། སེམས་ཅན་སྡུག་བསྔལ་བ་རྣམས་ནི་བདེ་བ་ཐམས་ཅད་དང་ལྡན་པར་བྱེད་པའི་སྣང་བ་མཛད་དེ། སེམས་ཅན་ ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་མ་ལུས་པའི་སྲིད་པའི་བདག་པོའི་ས་གཞི་རབ་ཏུ་འགུལ་བར་གྱུར་ཏོ། །གཞན་ཡང་འཇིག་རྟེན་དུ་བསམ་གྱིས་མི་ཁྱབ་པའི་ངོ་མཚར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསང་བ་ པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་འདི་ནི་ཁྲོ་བོའི་རྒྱལ་པོ་དེ་བཞིན་གཤེགས་པའི་སྙིང་པོ་མཆོག་གི་དེ་ཁོ་ན་ཉིད། སྟོང་ཉིད་འདི་ལས་གཞན་དག་བྱུང་། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དེ། །འདི་ལས་རྒྱལ་བ་བྱུང་བ་མཐོང་། །འདི་རུ་ རྒྱལ་བ་ཐམས་ཅད་བཞུགས། །སྲིད་པའི་ཁམས་ནི་འདི་ལས་སྤྲུལ། །འདས་པའི་སངས་རྒྱས་ཐམས་ཅད་དང་། །མ་བྱོན་པ་དེ་དེ་བཞིན་གཞན། །ཐམས་ཅད་འདི་ལས་ཡང་དག་བྱུང་། །ནམ་མཁའ་ལྟ་བུ་དྲི་མ་མེད། །སྤྲོས་པ་ཐམས་ཅད་རྣམ་པར་བྲལ། །ངག་གི་ སྤྱོད་ཡུལ་རྣམ་པར་སྤངས། །རྟག་པར་སྤྲོས་པ་མེད་པ་ཉིད། །ནམ་མཁའ་ལྟ་བུར་གནས་པ་ཡིན། །ཐ་སྙད་སྔོན་དུ་བྱས་ནས་ནི། །གསང་སྔགས་རྗེས་སུ་བརྗོད་པ་ཡིན། །ཐ་སྙད་ཀྱང་ནི་རྟོག་པ་སྟེ། །དེ་ཉིད་དུ་ནི་བརྗོད་པ་མེད། །ཐ་སྙད་ལ་ནི་བརྟེན་ནས་སུ། །སྐྱོབ་པས་ དེ་ཉིད་གསུངས་པ་ཡིན། །སེམས་ཅན་མེད་དེ་སྒྱུ་མ་བཞིན། །ཡིད་ཀྱིས་བསྒོམ་པར་བྱ་བ་ཡིན། །ལ་ལར་སྒྱུ་མ་ཅི་བཞིན་དུ། །རང་བཞིན་མེད་པར་ཡང་གྱུར་ཏེ། །སྟོང་ཉིད་དེ་ཡི་རང་བཞིན་དུ། །ཐ་སྙད་རྣམས་ནི་རྟོགས་པར་བྱ། །དེ་ལྟར་གསང་སྔགས་ མགོན་པོ་འདི། །རང་བཞིན་མེད་པར་མཉམ་པར་མཛེས། །འདོད་པའི་དོན་རྣམས་སྩོལ་བ་ཡང་། །ཐམས་ཅད་ཀྱང་ནི་རྫོགས་པར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དང་། ཚངས་པ་དང་། དབང་ པོ་ལ་སོགས་པ་རྣམས་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་ཅིང་སྙིང་པོ་རྣམས་སྤངས་ཏེ། དེ་ཐམས་ཅད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟས་ནས། ཚིག་འདི་དག་མགྲིན་གཅིག་གི་ངག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་སྔོན་ཆད་མ་ཐོས་པའི་ཆོས་ཀྱི་ འཁོར་ལོ་འདི་བསྐོར་བ་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ། །བཅོམ་ལྡན་འདས་འདི་ནི་ཉན་ཐོས་ ཐམས་ཅད་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་བདུད་སྡིག་ཏོ་ཅན་རྣམས་དང་། བགེགས་ཀྱི་གཟུགས་ཅན་ཐམས་ཅད་ཀྱིས་བགོམ་པར་མི་ནུས་ལགས་སོ། །བཅོམ་ལྡན་འདས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དམ་ པའི་ཡིད་བཞིན་གྱི་ནོར་བུ་ལགས་སོ། །བཅོམ་ལྡན་འདས་འདི་ནི་མངོན་པར་འདོད་པའི་དོན་སྐོང་བ་ལགས་སོ། །བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་དང་། སེམས་ཅན་རྣམས་ཀྱི་སྲུང་མ་ལགས་སོ། །བཅོམ་ལྡན་འདས་འདི་ནི་སྲིན་པོ་དང་ གྲུལ་བུམ་ལ་སོགས་པ་ཐམས་ཅད་ཀྱིས་འདའ་བར་མི་ནུས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་ལ་སོགས་ པའི་འཁོར་དེ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གཙུག་ལག་ལེགས་སོ་ལེགས་སོ། །སླར་ཡང་གཙུག་ལག་ངེས་པར་ལེགས་སོ། །དེ་ལྟར་གཙུག་ལག་འདིའི་ཚིག་བརྗོད་པ་མཛེས་པ་དེ་ལྟར་ཇི་ལྟ་བ་དེ་བཞིན་དུ་ཡིན་ནོ། །འོན་ཀྱང་གཙུག་ལག་གི་བསྟན་པ་སྲུང་བར་བྱེད་ པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྙིང་པོའི་གཞུང་འདི་བདག་གིས་གཏི་མུག་གི་མུན་པས་གཡོགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་བལྟས་ནས་གསུངས་ཏེ། འདི་ནི་ཉན་པར་མ་ནུས་པའི། །གོ་འཕང་རྫོགས་སངས་རྒྱས་ཀྱིས་གསུངས། །དེ་རྣམས་ཐེ་ཙོམ་ཕྱིར་བདག་གིས། ། ཡེ་ཤེས་སྒྲོན་མེ་ཡང་དག་སྤར། །བྱིས་པ་སྡུག་བསྔལ་ཡང་དག་ཁེངས། །ས་གཞི་སྟེང་ནི་འདི་ན་གནས། །ཚུལ་འདི་རབ་ཏུ་མི་ཤེས་པས། །ཁྱིམ་གྱི་བཅིང་བ་དམ་པོས་བཅིངས། །དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་མིག་གཉིས་འབྲུ་ཚུགས་སུ་ བལྟས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་འདི་ནི་མཐུ་ཆེ་ལགས་སོ། །བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེའི་སྙིང་པོའི་གཟི་བརྗིད་དང་མཐུ་ནི་བདག་གིས་མི་བཟོད་ལགས་སོ། །བཅོམ་ ལྡན་འདས་ཁྲོ་བོའི་རྒྱལ་པོའི་སྙིང་པོ་འདི་ནི་གདུལ་དཀའ་འདུལ་བ་ལགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། གསང་བའི་བདག་པོ་འདི་ནི་ཅི་སྐད་དུ་སྨྲས་པ་དེ་བཞིན་ནོ། །འོན་ཀྱང་གསང་བའི་བདག་པོ་བདག་ནི་གསང་སྔགས་ཀྱི་རྒྱལ་པོ་འདིའི་ མཐུས་ཉོན་མོངས་པ་ཐམས་ཅད་དང་བདུད་ཅི་སྙེད་ལས་རྒྱལ་ལོ། །གསང་བའི་བདག་པོ་གང་ཡང་བདག་གིས་འཇིག་རྟེན་གྱི་ཁམས་ན་འདོད་པ་ཐ་དད་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་དགའ་བར་བྱེད་པའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་སྣ་ཚོགས་ པའི་བསམ་པ་ཐ་དད་པ་རྣམས་ལ་བསྟན་པ་དེ་རྣམས་ནི་འདིའི་བྱིན་གྱིས་བརླབས་ཀྱིས་བདག་གིས་བསྟན་ཏོ། །གང་ཡང་གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དབང་ཐང་ཐམས་ཅད་ཐོབ་པའི་ཡེ་ཤེས་ཀྱི་སྟོབས་རྟུལ་ཕོད་པ་བརྙེས་པ་འདི་ཡང་སྙིང་པོའི་བྱིན་ གྱིས་བརླབས་ཀྱི་ཡིན་ནོ། །གཅིག་ཏུ་སེམས་ཅན་དོན་རབ་བརྩོན། །ས་གཞི་ལ་ནི་རྣམ་པར་བཞུགས། །སེམས་ཅན་རྣམས་ལ་ཕན་འདོད་པས། །སྤྲུལ་པ་རྣམས་ཀྱང་འགྱེད་པར་མཛད། །མཆོད་ཅིང་མཉེས་པར་རྟག་ཏུ་ནི། །རྒྱལ་བ་ཞིང་ན་ཡང་དག་ བཞུགས། །ཇི་སྲིད་ཕྱོགས་རྣམས་གནས་ཀྱི་བར། །རྟག་པར་རྒྱུན་དུ་མཆོད་འགྱུར་བའི། །སངས་རྒྱས་ཀུན་ནི་མཉམ་པ་རུ། །བྱང་ཆུབ་ཅེས་བྱ་འདི་ལ་བཞུགས། །རང་བཞིན་མེད་པའི་ཆོས་རྣམས་ནི། །སྐྱེ་བ་དང་ནི་འགགས་པ་ཡིན། །ཐ་སྙད་ལ་ནི་བརྟེན་གནས་ སུ། །གང་ཞིག་སྒྱུ་མ་བཞིན་དུ་གསུངས། །སྒྱུ་མ་སྟོང་པ་ཉིད་ཡིན་ལྟར། །ཆོས་རྣམས་མཚན་ཉིད་དེ་བཞིན་ནོ། །འོན་ཀྱང་གསང་བའི་བདག་པོ་བདག་གིས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མེད་ཀྱི་བསྐལ་པ་སྙེད་དུ་སེམས་ཅན་སྣ་ཚོགས་ཀྱི་ ལུས་བླངས་ནས་སྡུག་བསྔལ་སྤྱད་དེ་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་མཆོག་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། གླང་པོ་དང་། གླང་དང་། ཤིང་རྟ་ལ་སོགས་པ་དང་། གཞན་ཡང་ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་བཏང་སྟེ། ཕ་རོལ་ཏུ་ཕྱིན་པ་ དྲུག་ཡོངས་སུ་རྫོགས་ནས་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་ཀྱི་ཚུལ་གྱིས་བསམ་པ་སྣ་ཚོགས་དང་། འདོད་པ་སྣ་ཚོགས་པ་ལ་སྒྲ་དབྱངས་དང་། ཚིག་དང་། ཡི་གེ་བསྟན་ཅིང་སྤྱོད་ལམ་སྣ་ཚོགས་ཀྱི་མཚན་མའི་ཆ་བྱད་དང་། དབྱིབས་ཀྱི་ ཁྱད་པར་ཅན་གྱིས་བདག་གིས་སེམས་ཅན་རྣམས་ཀྱི་དོན་བྱས་ཤིང་གང་བྱང་ཆུབ་ཀྱི་སྙིང་པོར་བདུད་བཞི་བཅོམ་པ་དེ་ཐམས་ཅད་གསང་སྔགས་ཀྱི་རྒྱལ་པོ་འདིའི་མཐུས་བྱས་སོ། །འདི་ནི་སངས་རྒྱས་རྣམས་འཕེལ་བར་བྱེད་པ་བདུད་ལས་ཀྱང་རྒྱལ་བར་བྱེད་པ་བསྟན་པ་ཐམས་ ཅད་ཀྱི་དོན་ཡོད་པར་བྱེད་པ། གཞན་ཡང་སྣ་ཚོགས་མ་ལུས་པའི་བགེགས་ལས་ཀྱང་རྒྱལ་བར་བྱེད་པ་སྟེ། འདི་ལས་གཉིས་པ་གཞན་ཡོད་མིན། །སངས་རྒྱས་རྣམས་ཀྱིས་མི་འགྱུར་སྔགས། །དེ་བས་སྙིང་གར་གཞག་ནས་ཀྱང་། །ཅི་ལྟར་བདེ་བར་རྣམ་པར་གནས། ། སྡང་བར་བྱེད་པའི་བགེགས་ཀྱང་མེད། །གླགས་ཚོལ་གཞན་ཡང་ཡོད་མ་ཡིན། །རྟག་ཏུ་དགྲ་ཡི་འཇིགས་པའང་མེད། །རྐུན་ལ་སོགས་པའི་འཇིགས་པའང་མེད། །འཇིགས་པ་ཀུན་ལས་རྣམ་པར་གྲོལ། །དེ་ཡི་སྙིང་གར་གནས་བསྒོམས་པས། །བདག་ནི་ཡུན་ རིངས་བསྒྲལ་བ་རུ། །འཁོར་བའི་རྒྱ་མཚོ་འཇིགས་པ་ལས། །རྫོགས་སངས་རྒྱས་ཀྱིས་བསྔགས་པའི་གཙོ། །གོ་འཕང་བདག་གིས་ཇི་ལྟར་འཐོབ། །བདག་གིས་ཅི་ཡང་ཐོབ་མེད་པར། །ཚུལ་འདི་ལས་ནི་རྣམ་སྤྱོད་ནས། །དེ་འདིར་མི་འགྱུར་ཐོབ་པར་བྱ། །སངས་ རྒྱས་ཉིད་ཀྱིས་རྒྱས་པ་ཐོབ། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། །གསང་སྔགས་སྒྲུབ་ཐབས་བསྟེན་པར་བྱ། །དེ་ནས་ཡིད་བཞིན་ནོར་བུའི་འོད། །སྐུ་ནི་འདི་རུ་ཐོབ་པར་འགྱུར། །གང་ཞིག་ཚུལ་འདིར་གནས་པ་ཡི། །དེ་རྣམས་ཀྱི་ནི་དངོས་གྲུབ་ཕྱིར། །གང་ཚེ་ སྔགས་པས་མཉམ་གཞག་པས། །དེ་བས་མ་བརྙེས་པ་ཡང་འཐོབ། །འདིས་ནི་མི་ཕྱེད་པ་ཡང་འབྱེད། །མི་རྒྱལ་བ་ལས་མ་ལུས་རྒྱལ། །སྟོབས་ཆེན་གསང་སྔགས་བཟླས་པ་ཡིས། །རྫོགས་སངས་གོ་འཕང་སྦྱིན་པར་བྱེད། །དྲན་དང་རྟོགས་དང་སེམས་པ་ཡི། ། སྔགས་རིག་གང་དུ་སོང་གྱུར་པ། །མེ་ནི་འབར་བ་ཇི་ལྟ་བར། །སྔགས་པ་གསལ་བར་མཐོང་བར་འགྱུར། །གང་ཚེ་གསང་སྔགས་རྒྱལ་པོ་བསྟེན། །དེ་ལས་འབྲས་མེད་ཅི་ཡང་མེད། །གསང་སྔགས་སྟོབས་ཆེན་དྲན་པ་ནི། །ལས་ནི་འདོད་པ་བྱེད་པར་འགྱུར། །སྔགས་ ཀྱི་མགོན་པོ་མ་ལུས་པ། །འདི་ནི་མྱུར་དུ་འགྲུབ་པར་འགྱུར། །གང་ཚེ་གསང་སྔགས་འབྲས་འདོད་པས། །འདིར་ནི་ཐེ་ཙོམ་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ངོ་མཚར་བའི་སྙིང་པོ་མ་སྤངས་པར་སྒྲ་སྐད་གཅིག་ ཏུ་དུངས་པའི་དབྱངས་ཀྱིས་གསོལ་པ། ཨེ་མའོ་སངས་རྒྱས་བསམ་མི་ཁྱབ། །སེམས་ཅན་དོན་རྣམས་ཐུགས་སུ་ཆུད། །རྟོག་པ་མེད་པའི་རང་བཞིན་ཡང་། །བསམ་མི་ཁྱབ་པའི་གོ་འཕང་ཤོད། །གང་ཞིག་འཆང་བར་བྱེད་པའི་མི། །དེ་ཡི་ངན་འགྲོ་རྣམ་པར་བཅད། ། གང་གིས་ལག་ཏུ་ཆུད་པ་ལྟར། །དེ་ཡི་དངོས་གྲུབ་ལག་མཐིལ་གནས། །འཇིགས་པ་མེད་ཅིང་ང་ཡིར་མེད། །དོགས་པ་ཐམས་ཅད་རྣམ་པར་སྤངས། །ཟད་པར་ས་ལ་བཞུགས་ནས་སུ། །སེམས་ཅན་ལ་ནི་མ་བསམ་བྱེད། །གསང་སྔགས་རྒྱལ་པོ་སྐྱོབ་པ་ ཡིས། །བདག་ཅག་ཐམས་ཅད་སྐྱོབ་པར་བྱེད། །འདོད་པའི་དོན་ནི་བྱེད་འདོད་པས། །གསུངས་པ་ཡིད་ཀྱིས་སྒོམ་པར་བྱེད། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་འདི་དག་ཚིག་འདི་བརྗོད་ནས་དེ་མ་ཐག་ཏུ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་སྤྱན་ རྒྱས་ཤིང་ཤཱཀྱའི་རིགས་དགའ་བ་ལ་གསོལ་བ་འདེབས་པའི་ཚིག་གི་ནུས་པ་མེད་དོ། །དེ་ནས་ནམ་མཁར་གནས་པའི་བྱང་ཆུབ་སེམས་དཔས་ངོ་མཚར་འདི་ཐོས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྟེང་གི་ནམ་མཁའ་ལ་སྣ་ཚོགས་པའི་མེ་ཏོག་གིས་སྙིམ་པ་བཀང་སྟེ་བཅོམ་ལྡན་ འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། རྟག་ཏུ་དག་ཅིང་དྲི་མེད་པ། །རྟག་པར་རྒྱུན་དུ་རྟོག་པ་མེད། །རྟག་ཏུ་རྟོག་པ་མེད་པར་བཞུགས། །དཔའ་བོ་ཆེན་པོ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཆོས་ཀུན་གཡོ་བ་མེད། །ཐམས་ཅད་ལེགས་སྦྱར་སྤྱོད་ཡུལ་བས། ། རྟག་ཏུ་གཡོ་བ་མེད་མཁྱེན་པས། །སྤྲོས་དང་བྲལ་ལ་ཕྱག་འཚལ་བསྟོད། །སེམས་ཅན་རྣམས་ལ་ཕན་འདོད་པས། །སྤྱོད་པ་སྤྱད་པ་གསུངས་པ་སྟེ། །དག་པ་རྣམས་ནི་ཡང་དག་འབྱུང་། །དག་པའི་སེམས་དཔའ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའ་བཞིན་དུ་ དག །རྡུལ་ཕྲན་ཐམས་ཅད་རྣམ་པར་སྤངས། །དེ་ལྟར་མགོན་ཁྱོད་སྐུ་ཡང་ནི། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཤེལ་སྒོང་བཞིན་དུ་ཤིན་ཏུ་དག །ནམ་མཁའ་ལྟ་བུར་སྤྲོས་པ་མེད། །དངོས་པོ་ཐམས་ཅད་རྣམ་དག་པས། །ཡེ་ཤེས་རྒྱ་མཚོ་ཕྱག་འཚལ་བསྟོད། །ནམ་ མཁའ་ལ་ནི་འཇའ་ཚོན་ལྟར། །གཙོ་བོ་ཁྱོད་ནི་རྟག་ཏུ་མཐོང་། །དེ་ལྟར་དག་པའི་སེམས་ཅན་གྱིས། །རྟག་ཏུ་གཙོ་བོ་ཁྱོད་མཐོང་ངོ་། །ངན་འགྲོ་ཐམས་ཅད་རྣམ་པར་གྲོལ། །དཔའ་བོ་ཆེན་པོ་ཁྱོད་ཉིད་འཁྲུངས། །དབྱིངས་ཀྱི་སྙིང་པོ་ཡང་དག་བྱུང་། །ཡེ་ཤེས་གཅིག་ཏུ་ གཟི་བརྗིད་ཆེ། །ས་གཞི་ཐམས་ཅད་ངེས་པ་རུ། །སེམས་ཅན་སྡུག་བསྔལ་ཀུན་ཏུ་གཟིགས། །སྡུག་བསྔལ་འདི་ནི་ཟད་བྱས་ནས། །བླ་མེད་གོ་འཕང་འདྲ་བར་འགྱུར། །གསང་སྔགས་རྣམས་ཀྱི་གཙོ་སྔགས་འདི། །ཆོས་རྣམས་ཀྱི་ནི་བློ་འཕེལ་བར། །རྒྱལ་བའི་སྲས་པོ་ ཐམས་ཅད་བསྐྱེད། །གཙོ་བོ་ཁྱོད་ཀྱིས་གསུངས་པ་ཡིས། །དང་པོ་ཐམས་ཅད་ཡང་དག་འགྱུར། །རྒྱལ་བ་བདག་ཉིད་རྒྱུ་མེད་འཁྲུངས། །ལས་དང་སྐྱེ་བས་རྣམ་པར་གྲོལ། །རྒྱལ་མཆོག་གཙོ་བོར་འཁྲུངས་པར་འགྱུར། །ཡེ་ཤེས་མེ་ལྕེ་རང་བཞིན་མེད། །འདུས་བྱས་ཐམས་ ཅད་རྣམ་པར་སྤངས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཅིག །རྒྱལ་བ་བླ་མེད་ཕྱག་འཚལ་འདུད། །ཅེས་པས་སོ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་སྔགས་ཀྱི་ཚིག་གི་དོན་ཞུས་པ། བཅོམ་ལྡན་གསང་སྔགས་ཇི་ལྟར་བསྒྲུབ། ། སྒྲུབ་པའི་ཐབས་ནི་ཇི་ལྟར་ལགས། །སྒྲུབ་ཐབས་རྩ་བ་ཅི་ཞེས་བྱ། །ཇི་ལྟར་ཡང་ནི་དེ་བསྟན་ལགས། །ཇི་ལྟར་སེམས་ནི་དག་པའི་ཕྱིར། །གཙོ་བོ་འདི་ནི་ཅི་ཞིག་བསྒོམ། །ཇི་ལྟར་དེ་ནི་འབྲས་བུ་མེད། །སྔགས་པ་ཡིས་ནི་བརྟེན་པར་བྱ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་བརྗོད་པར་བྱ། །སྔགས་ཀྱི་དངོས་གྲུབ་བྱའི་ཆོ་ག །གཞན་དུ་ཐམས་ཅད་འབྲས་བུ་མེད། །ཇི་ལྟར་རྩ་བ་བསྐྱེད་མིན་ན། །ཤིང་གི་ མེ་ཏོག་འབྲས་བུ་མེད། །དེ་ལྟར་གསང་སྔགས་འབྲས་བུ་ཤེས། །བྱང་ཆུབ་སེམས་ནི་རྩ་བ་ཡིན། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །བླ་ན་མེད་པའི་གོ་འཕང་འཐོབ། །འདི་ལ་གནས་པའི་ཆོས་ཀུན་ནི། །སྐྱེ་དང་གནས་པས་འབྱུང་བ་སྟེ། །དངོས་པོ་ཐམས་ཅད་མདོར་ བསྡུས་ནས། །རང་བཞིན་མེད་ཅིང་བསམ་དུ་མེད། །བྱང་ཆུབ་སེམས་ནི་ངེས་པར་འཐོབ། །གཞན་དུ་འབའ་ཞིག་པར་འགྱུར་རོ། །བུ་ནི་སེང་གེ་འདྲ་ཡིན་ཏེ། །སྟོང་ཉིད་འདུས་བྱས་སྒོམ་པར་བྱེད། །སྲིད་པ་ཐམས་ཅད་སྒྱུ་མ་ཡིན། །གང་ཞིག་བསམ་པའི་འབྲས་བུར་གནས། ། མུ་སྟེགས་རྣམས་ཀྱི་འདོད་བཤད་པ། །བདག་དང་སྲོག་དང་གང་ཟག་བཅས། །གཙོ་བོ་སྐྱེས་བུར་བཤད་པ་དང་། །གང་དུ་ཁྱབ་པར་གནས་པ་དང་། །དེ་ལྟར་འཁོར་བ་རྣམས་བརྟགས་ནས། །འཁོར་བའི་དངོས་པོ་འབའ་ཞིག་སྟེ། །མངོན་པའི་ང་རྒྱལ་ གྱིས་རྨོངས་ནས། །བྱིས་པ་སྡུག་བསྔལ་བདེན་པ་ཅན། །ལོག་པའི་ཞགས་པས་བཅིངས་པ་ཡི། །སྡུག་བསྔལ་བ་དེ་རྣམས་བལྟས་ནས། །དེ་རྣམས་ཀུན་ལ་བརྗོད་པ་ཡིན། །འདི་སྐད་གསུང་ནི་བཀའ་སྩལ་ཏོ། །སྲོག་མེད་སེམས་ཅན་ཀྱང་ཡོད་མིན། །བྱེད་པ་པོ་མེད་གཙོ་བོའང་ མེད། །ཁྱབ་པ་མེད་ཅིང་དངོས་པོའང་མེད། །རྫས་ལ་སོགས་པའི་རང་བཞིན་མེད། །ལོག་ཤེས་རང་བཞིན་ཞགས་པ་ནི། །སྲིད་པའི་འཆིང་བ་རྣམ་པར་སྤངས། །དངོས་པོ་ཐམས་ཅད་རྣམ་པར་བྲལ། །སྣ་ཚོགས་ཇི་བཞིན་རྣམ་བསྒོམས་པས། །དངོས་པོ་ཀུན་ལས་རྣམ་ པར་གྲོལ། །སྟོང་པ་ཉིད་ཀྱི་གོ་འཕང་འཐོབ། །ཕྱི་རོལ་ནང་གི་ཁྱད་པར་གྱིས། །དེ་ལྟར་ཐམས་ཅད་རྣམ་པར་བསྒོམ། །དབུ་བ་ཆུ་བུར་དང་སྒྱུ་མ། །སྟོང་ཉིད་འབའ་ཞིག་ལས་ལྡང་སྟེ། །དེ་ལྟར་ཐམས་ཅད་རྣམ་བསྒོམས་ནས། །ཡེ་ཤེས་གོ་འཕང་ངོ་རྣམས་རྟོག །སྡིག་པའི་ ཆོ་ག་ལས་གྲོལ་ནས། །འཆི་མེད་གོ་འཕང་དུ་གྲོལ་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཞན་ཡང་གཟུང་འཛིན་རྣམས་ལས་འདས། །ཀུན་མཁྱེན་ཡེ་ཤེས་ཞགས་པ་ནི། །འཆི་བའི་དོན་དུ་རབ་ཏུ་བརྟག །གང་དུ་ཕུང་པོ་ཁམས་མེད་ཅིང་། །སྐྱེ་མཆེད་རྣམས་ནི་ འབྱུང་བ་མེད། །དངོས་པོ་ཀུན་ལས་རྣམ་གྲོལ་བར། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །གང་དུ་ཀུན་གཞི་རྣམ་ཤེས་མེད། །བདག་མེད་གང་ཟག་ཀྱང་ཡོད་མིན། །སངས་རྒྱས་བྱང་ཆུབ་ས་སྟེང་འདི། །གང་དུ་ཐམས་ཅད་སྒྱུ་མར་གསུངས། །ང་ནི་ཀུན་མཁྱེན་མངའ་ བརྙེས་པ། །སེམས་ཅན་དོན་རྣམས་ཐུགས་སུ་ཆུད། །ཆོ་ག་བྱ་བ་ལ་ཞུགས་ཕྱིར། །བུ་ལ་མ་ལུས་པར་བཤད་དོ། །གང་ཞིག་ཀུན་གཞི་ཡོད་པ་དང་། །གལ་ཏེ་རྣམ་ཤེས་ཀྱང་ཡོད་པ། །དེ་ཡི་བདག་ཉིད་བདག་གི་བུ། །ཡོད་དོ་ཞེས་ཀྱང་བསྟན་གྱུར་པ། །དངོས་པོའི་གདོན་ གྱིས་བརླམས་པ་ཡི། །བྱིས་པས་སྡུག་བསྔལ་རྣམས་མཐོང་ནས། །བདག་གིས་གཞུག་པར་བྱ་ཕྱིར་བུ། །ཆོ་ག་རྒྱས་པ་གསུངས་པ་ཡིན། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །གང་ཟག་མེད་ཅིང་བྱེད་པོའང་མེད། །རྣམ་ཤེས་མེད་ཅིང་ཀུན་གཞི་མེད། །གང་ལ་བདག་ མེད་དབང་ཕྱུག་མེད། །སྐྱེས་བུ་མེད་ཅིང་ཁྱབ་པའང་མེད། །དངོས་པོ་མེད་ཅིང་སྒྱུ་ཡང་མེད། །དངོས་པོ་ཀུན་ལས་རྣམ་པར་གྲོལ། །དམ་ཆོས་དྲི་མ་མེད་པ་བཤད། །དེ་ཉིད་མཆོག་གི་གཙོ་བོ་སྟེ། །རྫོགས་སངས་རྒྱས་ཀྱི་གོ་འཕང་བསྟེན། །རྟག་པར་རྒྱུན་དུ་གོ་འཕང་ བསྟེན། །རྟག་ཏུ་རྒྱུན་དུ་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་རྣམ་པར་བསྒོམ། །གཟུང་དང་འཛིན་པ་རྣམ་གྲོལ་བར། །དངོས་པོ་ཐམས་ཅད་རྣམ་པར་སྦྱང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཐམས་ཅད་སྟོང་ཉིད་སྒྱུ་མ་ལྟར། །བྱང་ཆུབ་སེམས་ནི་བསྡུས་པ་ཉིད། ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །དེ་ལྟར་ཡིད་ཀྱིས་བསྒོམ་པར་བྱ། །ཕུན་སུམ་ཚོགས་པ་ཐམས་ཅད་ཉེ། །གང་ཞིག་སངས་རྒྱས་ཉིད་ཀྱི་ཐུགས། །བག་ཡོད་པས་ནི་རྟག་བསྟེན་ན། །བྱང་ཆུབ་སེམས་ཀྱི་མྱུ་གུ་འཆར། །བསྙེན་པར་གྱུར་ན་འབྲས་བུ་ཆུང་། ། གསང་སྔགས་སྤྱོད་པས་གང་དག་སྐྱེ། །ཡིད་བཞིན་ནོར་བུ་ལྟ་བུའི་སྐུ། །བྱང་ཆུབ་སེམས་ཀྱིས་འཐོབ་པར་འགྱུར། །ནམ་མཁའ་ལྟ་བུར་གོས་མེད་པའི། །སྐུ་ནི་ཀུན་དུ་འཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་བསྒོམ་པ་ཡི། །བསོད་ནམས་བསམ་གྱིས་མི་ཁྱབ་བཤད། །སངས་ རྒྱས་རྫུ་འཕྲུལ་ཆེ་ཀུན་གྱིས། །འབྲས་བུའང་བསམ་གྱིས་མི་ཁྱབ་གསུངས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། རྡོ་རྗེའི་སྐབས་སུ་རྟོལ་བ་བླངས་ཏེ་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་རྒྱ་མཚོ་ལས་བྱུང་བའི། །ཁྱོད་ཀྱི་སྲས་པོ་ང་མཉེས་གཤིན། །འདི་དག་ཤིན་ཏུ་སོམ་ཉི་ཟ། །བདག་གིས་ཇི་ལྟར་རྟོགས་པར་བགྱི། །གང་ཡང་བྱམས་པ་ལ་སོགས་གཞན། །ས་བཅུ་མ་ལུས་པ་ཐམས་ཅད། །འདི་ལ་ཐེ་ ཚོམ་འཚལ་ཞིང་མཆིས། །ཐུབ་པ་ཆེན་པོ་བཤད་དུ་གསོལ། །གང་ཞིག་སེམས་ཅན་དོན་མ་བྱས། །བསོད་ནམས་ཡེ་ཤེས་རྣམ་པར་སྤངས། །དེ་རྣམས་ལ་ནི་ཐུགས་བརྩེའི་ཕྱིར། །བཅོམ་ལྡན་འདས་ལ་འདི་གསོལ་འདེབས། །དེ་རིང་བདག་ལ་མ་ ལུས་པར། །སེམས་ཅན་ཕན་པར་བརྩོན་པས་གསུངས། །འདི་ཡི་མཐུ་སྟོབས་ཀྱང་ནི་ཅི། །འདི་ཡི་ཕ་རོལ་གནོན་པ་ཅི། །མི་གཡོ་ཞེས་བྱའི་གཙོ་ཁྱོད་ཀྱིས། །འདིར་ནི་ཇི་ལྟར་ཡང་དག་གསུངས། །འདི་ལས་གཞན་པའི་གོ་འཕང་མེད། །འདི་དག་ཐམས་ཅད་གསུང་དུ་ གསོལ། །གང་གི་གོ་འཕང་དེ་འགྲུབ་པའི། །དཀྱིལ་འཁོར་ཡང་ནི་བཤད་དུ་གསོལ། །གང་གིས་ས་སྟེངས་འདི་ཐོབ་པའི། །བསམ་མི་ཁྱབ་པའི་གོ་འཕང་གསུངས། །གསང་སྔགས་ཀྱི་ནི་ཚད་ཀྱང་གསུངས། །དཀྱིལ་འཁོར་ཡང་ནི་ཇི་ལྟར་ལགས། །མགོན་པོ་འདི་ལ་ཐེ་ ཚོམ་ཟ། །གང་འདིར་འགྲོ་བ་ལ་ཕན་ཕྱིར། །སྔགས་ཀྱི་དངོས་གྲུབ་དེ་བཞིན་གསུངས། །དེ་ཉིད་ལས་ཀྱི་དབྱེ་བ་ཡང་། །མངོན་སྤྱོད་ཀྱང་ནི་རབ་ཏུ་བཤད། །ཞི་དང་རྒྱས་དང་དབང་དག་གིས། །མགོན་པོས་ཇི་ལྟར་ཆེར་མྱུར་བར། །སྔགས་བཟླས་པ་ཡི་འབྲས་བུ་མཆིས། །མགོན་ པོས་བཟླ་བའི་མཚན་ཉིད་ནི། །ས་སྟེངས་འདིར་ནི་དེ་ཇི་ལྟར། །མེ་ཐབ་ཀྱི་ནི་ཆོ་ག་དང་། །དེ་ཡང་ཚིམ་དང་བསང་གཏོར་དག །ཁྲོ་བོའི་རྒྱལ་པོ་དང་ལྡན་པ། །མགོན་པོས་དེ་དག་ཐམས་ཅད་གསུངས། །ཉི་མ་གཅིག་གི་ཉིན་ཕྱེད་ནས། །ཟླ་བ་བརྒྱད་པའི་སྐད་ཅིག་ཏུ། །དངོས་གྲུབ་ དག་ནི་ཡང་དག་གསུངས། །དུག་གི་ལས་ཀྱི་གསོ་སྤྱད་དང་། །རྫས་ཀྱིས་སྦྱོར་བའི་ལས་སྣ་ཚོགས། །མངོན་པར་བརྗོད་པ་ཡང་དག་འབྱུང་། །མ་ལུས་པ་ནི་བཤད་དུ་གསོལ། །གང་གིས་དངོས་གྲུབ་ཐོབ་པ་ཡི། །མགོན་པོ་གཞན་ནི་མ་མཆིས་ཏེ། །གཙོ་བོ་ཁྱོད་སྤངས་གཞན་ མེད་དོ། །བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས། །ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཆེ། །གང་ཡང་འཇིག་རྟེན་པར་གྲགས་པའི། །ཚངས་སོགས་རྫུ་འཕྲུལ་ཆེར་བཤད་པ། །དེ་རྣམས་ཀྱི་ཡང་མགོན་སྐྱབས་ནི། །གཙོ་བོ་ཁྱོད་སྤངས་གཞན་མ་མཆིས། །དེ་ནས་བྱམས་པ་ལ་ སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པས་སླར་ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཆོས་ཀྱི་རྒྱལ་པོ་སྔགས་ཀྱི་སྒོ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པའི། །བྱང་ཆུབ་ སེམས་དཔའི་དོན་གྱི་ཕྱིར། །གསང་སྔགས་སྤྱོད་པའི་སྒྲུབ་པའི་ཐབས། །གང་གིས་བཅོམ་ལྡན་ཉིད་ཀྱིས་གཟིགས། །ཆོས་ཀྱི་དགའ་བདེ་ཐོབ་པ་ནི། །ས་གཞིའི་སྟེང་ན་རྣམ་པར་གནས། །གསང་སྔགས་མཉེས་པར་རབ་བརྩོན་ཞིང་། །མཐོང་བའི་ཆོས་ལ་བདེ་ཐོབ་པའི། ། སེམས་ཅན་ས་སྟེངས་གནས་པ་ཡི། །ཐེ་ཙོམ་མེད་པར་འབྱུང་བར་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །གསང་སྔགས་རྒྱལ་པོ་རྫུ་འཕྲུལ་ཆེ། །འཇིག་རྟེན་འདི་རུ་བྱུང་བར་འགྱུར། །སྡང་བའི་སྲིན་པོ་ཐམས་ཅད་ དང་། །འབྱུང་པོ་གདོན་དང་ཤ་ཟ་དང་། །འཇིགས་སུ་རུང་དང་དྲག་ཤུལ་ལས། །སེམས་ཅན་རྣམས་ལ་གནོད་བཤད་པ། །གསང་སྔགས་སྟོབས་ཆེན་དྲན་པ་ཡིས། །དེ་དག་ཐམས་ཅད་འབྱུང་མི་འགྱུར། །ས་སྟེངས་སེམས་ཅན་མ་རུངས་པ། །རྣམ་པ་སྣ་ཚོགས་གཞན་ ཡང་བཤད། །དེ་རྣམས་གདུལ་བར་བྱ་བའི་ཕྱིར། །རྟོག་པ་འདི་ནི་རབ་ཏུ་གསུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །གྲུལ་བུམ་དང་ནི་ལུས་སྲུལ་པོ། །སྨྱོ་བྱེད་རྒྱུ་སྐར་ཐམས་ཅད་དང་། །མ་རུངས་གཟའ་སོགས་བཤད་པ་དང་། །སེམས་ཅན་སྡིག་ཅན་དེ་རྣམས་ལ། ། ཁྲོ་བོ་འདི་ནི་རབ་ཏུ་གསུངས། །ཚངས་སོགས་གདོན་གྱི་ཚོགས་ཀུན་དང་། །དེ་བཞིན་རྒྱལ་པོ་ཉན་ཐོས་དང་། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། །གང་ཞིག་བཤད་པར་མི་ནུས་ཤིང་། །དེ་དག་ཐམས་ཅད་ཐལ་བར་རློག །གསང་སྔགས་བཟླས་པ་རྫུ་འཕྲུལ་ཆེ། །སྙིང་ ལ་གནས་པ་ཡང་དག་བསམ། །གསང་སྔགས་ཞེས་བྱ་མཐོང་དཀའ་ཞིང་། །མ་ལུས་པ་རུ་ཐལ་བར་བརླགས། །ཚངས་པ་ལ་སོགས་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །དབང་པོའི་གནས་བཅུ་བདག་པོ་ཡིས། །འདི་ནི་བཟོད་པར་མི་ནུས་ཏེ། ། ཁྲོ་བོའི་རྒྱལ་པོ་རོལ་པ་ནི། །སྡང་བའི་སེམས་ཅན་ཅི་ནས་ཀྱང་། །རས་བལ་འདའ་བ་མཚུངས་པར་བརྟག །མིང་ནས་སྨོས་པ་ཙམ་གྱིས་ནི། །ཕྱོགས་བཅུ་རྣམས་སུ་འབྱེར་བར་འགྱུར། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །གསང་སྔགས་འདི་རུ་བཟླས་པ་ ནི། །རྟག་པར་རྒྱུན་དུ་དྲན་པར་བྱ། །གསང་སྔགས་དངོས་གྲུབ་འདོད་པ་ཡིས། །ཐམས་ཅད་དུ་ནི་འཇིགས་མེད་པར། །སྔགས་གནས་ས་སྟེངས་འདི་རུ་བྱ། །གསང་སྔགས་མགོན་པོ་དྲན་པ་དང་། །འཆང་བ་དང་ནི་རྟག་ཏུ་ཟློས། །མེ་ཡི་ནང་དུ་གནས་པ་ནི། །མཆེ་བ་གཙིགས་ པ་ཡི་ནི་སྐུས། །འབྱེར་ཏེ་རྟག་ཏུ་འཇིགས་པ་མེད། །མཐོ་རིས་ཐེམ་སྐས་ལྟ་བུར་དགའ། །འཇིགས་ཤིང་སྐྲག་པས་འཁྲིགས་པ་ན། །རྒྱལ་པོ་ཆེན་པོས་འཇིགས་པ་སེལ། །ཆོམ་རྐུན་གསེབ་ཏུ་ཆུད་པ་ན། །སེང་གེ་རྣམ་པར་བསྒྱིངས་པའི་སྐུ། །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ ཆེ། །དེ་ཡིས་རྟག་ཏུ་དྲན་པར་བྱས། །རིམས་དང་སོ་མིག་གཟེར་ཟུག་དང་། །རྐེད་པའི་རྩིབ་ལོགས་ལུས་ལས་བྱུང་། །རྣམ་པ་སྣ་ཚོགས་ཀུན་འབྱུང་བའི། །ས་སྟེངས་ལུས་ཅན་ནད་རྣམས་ནི། །གསང་སྔགས་དྲན་པ་ཙམ་ཉིད་ཀྱིས། །དེ་དག་ཐམས་ཅད་ཟད་པར་འགྱུར། ། ཁྲོ་རྒྱལ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་སྟོབས་ནི་རྟུལ་ཕོད་པའི། །ཀུན་མཁྱེན་ལས་གཞན་ས་སྟེངས་ན། །རྟག་ཏུ་བཟོད་གནས་སུ་ཞིག་ཡོད། །འཁོར་ལོས་སྒྱུར་བའི་མཐུ་སྟོབས་ནི། །ཇི་ལྟར་སྨྲ་བར་མི་ནུས་པ། །དེ་བཞིན་ཁྲོ་རྒྱལ་བསྒྱིངས་པ་ཡིས། །བརྗོད་པར་ ཡང་ནི་མི་ནུས་སོ། །ཇི་ལྟར་འཁོར་ལོས་སྒྱུར་བ་ཡི། །ཡོན་ཏན་མི་གཡོས་བགྲང་མི་ནུས། །དེ་བཞིན་ཁྲོ་བོའི་རྒྱལ་པོ་ཡི། །སྟོབས་ནི་བརྗོད་པར་མི་ནུས་སོ། །རྡོ་རྗེ་པདྨའི་རིགས་ཞེས་པའི། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱང་། །ཁྲོ་བོའི་མངག་གཞུག་ཕོ་ཉ་དང་། །བཀའ་ཉན་ཕོ་ ཉ་རྫུ་འཕྲུལ་ཆེ། །དེ་རྣམས་ཀྱིས་ནི་ཁྲོ་བོ་འདི། །འཁོར་ལོས་སྒྱུར་བ་ཞེས་སུ་བརྗོད། །ཁྲོ་བོའི་རྒྱལ་པོ་བློ་ལྡན་གྱིས། །མཐུ་སྟོབས་དེ་ལྟར་བཤད་པ་ནི། །སངས་རྒྱས་ཀུན་གྱི་དཔལ་གཅིག་འདི། །དེ་ཡི་དཔའ་བོ་ཞེས་སུ་བཤད། །གང་གསུངས་བདེན་པའི་ཚིག་གྱུར་པས། ། མི་སླུ་བ་ནི་ཉིད་ཡིན་ནོ། །དེ་ཕྱིར་འདི་ནི་མི་གཡོ་བས། །མི་གཡོ་བ་ཞེས་མངོན་པར་བརྗོད། །མི་གཡོ་བ་ཡི་ས་ཐོབ་པ། །བསམ་གཏན་རྩེ་གཅིག་བློ་ཡིས་གནས། །ཉན་ཐོས་ས་ལ་སོགས་པ་ཡི། །བདུད་རྣམས་ཀུན་གྱིས་མི་གཡོ་བ། །དེ་ནས་མགོན་པོས་མཚན་གསོལ་ཏོ། ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས། །འདི་ནི་དོན་ཀུན་འགྲུབ་པར་བྱེད། །གང་ཡང་འདས་པའི་སངས་རྒྱས་དང་། །གང་ཡང་དེ་བཞིན་མ་བྱོན་པ། །མགོན་པོ་ད་ལྟར་བཞུགས་པ་གང་། །འགྲོ་ལ་ཕན་ཕྱིར་ཆོ་ག་ནི། །དེ་དག་ ཀུན་གྱིས་འདི་གསུངས་པ། །སངས་རྒྱས་སྤྱན་ཞེས་བྱ་བར་བཤད། །སེམས་ཅན་ཁམས་ནི་ཐམས་ཅད་ཀྱི། །བསྟན་པ་གང་ཡིན་བསྲུང་བར་མཛད། །སངས་རྒྱས་ཀུན་གྱི་སྤྲུལ་པ་གང་། །བྱང་ཆུབ་སེམས་དཔའ་མཐུ་ཆེན་གྱིས། །གང་ཡང་གསང་སྔགས་གྲངས་མེད་པ། ། སེམས་ཅན་ཕན་འདོགས་བཞུགས་པར་གསུངས། །ལག་ན་རྡོ་རྗེ་བློ་ལྡན་པ། །འདི་དག་ཐམས་ཅད་ཡང་དག་བཤད། །མི་གང་སྡིག་པས་བསྒྲིབས་མེད་ཀྱི། །སེམས་ཅན་སྣང་བ་སྐྱེད་པར་བྱེད། །མི་ཕྱེད་པ་ཡི་ཞགས་པས་བཅིངས། །བླ་ན་མེད་པའི་གོ་འཕང་འགྱུར། ། ཁྲོ་བོའི་རྒྱལ་པོ་བློ་དང་ལྡན། །སྔགས་པས་མ་བསྒྲུབས་པ་ཡང་འགྲུབ། །ཁྲོ་བོའི་རྒྱལ་པོའི་བྱིན་རླབས་ཀྱིས། །འདོད་པ་མ་ལུས་འགྲུབ་པར་འགྱུར། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ངོ་མཚར་ཏེ། དགའ་ཞིང་མིག་རྒྱས་པས་མགྲིན་གཅིག་དང་ངག་གཅིག་ ཏུ་ཚིག་སྙན་པོས་གསོལ་པ། ཨེ་མའོ་སངས་རྒྱས་ཐམས་ཅད་ནི། །ཐབས་དང་ཤེས་རབ་བསམ་དུ་མེད། །ཐུགས་རྗེར་གྱུར་པའི་ཐུགས་ཀྱིས་ནི། །མཚུངས་མེད་དམ་ཚིག་བཤད་དུ་གསོལ། །གང་ཡང་སེམས་ཅན་འཇིགས་པས་འཁྲིགས། །ས་སྟེངས་ཐམས་ཅད་ འཇིགས་མེད་ཅིང་། །གང་གིས་གུས་ཆེན་རང་བཞིན་གྱིས། །དེ་ཡི་ངན་འགྲོ་སྟོངས་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་འདིར་ ཞུགས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་རྒྱལ་པོའི་དབང་ཕྱུག་གི་གོ་འཕང་འཐོབ་པར་འགྱུར་བ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་འཚེ་བར་མི་ནུས་པ། དངོས་གྲུབ་མྱུར་དུ་འཐོབ་པར་བྱེད་པ། དབང་ཕྱུག་ཐམས་ཅད་ཡང་དག་པར་ ལྡན་པར་བྱེད་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་སླར་ཡང་ཤིན་ཏུ་ལེགས་སོ། །ཁྱོད་ཀྱིས་ཁོ་བོ་ལ་གསོལ་བ་ བཏབ་པའི་དོན་འདི་རིགས་ཀྱི་བུ་ཉོན། ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་འདི་གང་གིས་ཐོས་པས་ས་སྟེངས་སུ་ཐམས་ཅད་ངོ་མཚར་ཞིང་མིག་རྒྱས་ཏེ་ནུས་པ་མེད་པས་བཟོད་པར་མི་ནུས་ཏེ། དེ་ནས་ས་སྟེངས་སུ་འགྱེལ་བར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བདུད་ ཐམས་ཅད་སྲེག་པའི་མེ་ལྕེ་ཡང་དག་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་ཀྱི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ། དུས་གསུམ་ཀུན་གྱི་བྱང་ཆུབ་སེམས་དཔའ་མ་ལུས་པ་སྐྱེད་པར་བྱེད་ པ། སེམས་ཅན་ཐམས་ཅད་ཀྱི་དོན་གསལ་བར་བྱེད་ཅིང་ཡོད་པ། དེ་བཞིན་གཤེགས་པ་ཐམས་ཅད་བསོད་ནམས་བསམ་གྱིས་མི་ཁྱབ་པ་ལས་འཁྲུངས་པ། སེམས་ཅན་ཐམས་ཅད་ཀྱིས་ཤིན་ཏུ་མཐོང་བར་དཀའ་བ། མཐོང་བའི་བགེགས་རྣམས་རབ་ཏུ་འཇོམས་ པ། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། གདོན་མ་རུངས་པ་ཐམས་ཅད་ལ་གསོ་སྦྱོང་མཛད་པ། བདུད་ཀྱི་དགྲ་ཐམས་ཅད་ལས་རབ་ཏུ་ཞི་བར་མཛད་པའི་སྔགས་ བཀའ་སྩལ་པ། ནམཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦཱ་ཤ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཐཱ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ་ཏྲཊ་ཧཱཾ་མཱཾ། བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་བཀའ་སྩལ་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཆུ་ཤིང་གི་སྡོང་བུ་ལྟ་བུ་དང་ནགས་ཚལ་ ཆེན་པོ་ལྟ་བུར་བབ་ཅོལ་དུ་ཁས་བུབ་ཏུ་འགྱེལ་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་དང་། ལྡེག་པ་དང་། འགུལ་བ་དང་། རབ་ཏུ་འགུལ་བ་དང་། གཡོས་པ་དང་། རབ་ཏུ་གཡོས་པ་དང་། ཆེམ་ཆེམ། རབ་ ཏུ་ཆེམ་ཆེམ་མོ། །ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བར་གྱུར་ཏོ། །གཞན་ཡང་ངོ་མཚར་ཞིང་རྨད་དུ་བྱུང་བ་མཐོང་སྟེ་ངོ་མཚར་ཆེ་བར་གྱུར་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་ཀྱི་ཞིང་ཁམས་སྣ་ཚོགས་པ་ཡང་མཐོང་ ངོ་། །གང་ཡང་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདིའི་བགེགས་སྣ་ཚོགས་དང་། སྲིན་པོ་དང་བདུད་ཀྱི་རིགས་སྣ་ཚོགས་དང་། གཞན་ཡང་གདུག་པའི་སེམས་དང་ལྡན་པ་དེ་དག་ཐམས་ཅད་ཐལ་བར་བརླགས་ཏེ། ཁ་ཅིག་ཁ་སྦུབ་ཏུ་ནི་གནས། ། འཇིག་པའི་བསྐལ་པ་ལྟ་བུར་ནི། །དུད་པ་དུད་སྐྱར་ཀུན་དུ་གནས། །ཉི་མ་ཟླ་བ་རྫུ་འཕྲུལ་ཆེ། །འདི་ཡི་སྣང་བའང་མུན་པར་འགྱུར། །མུན་ནག་སྨག་ནི་ཤིན་ཏུ་འཇིགས། །གློག་འགྱུ་ཡུལ་ན་འཇིགས་སུ་རུང་། །ཕྱོགས་ཀུན་དུ་ནི་འོ་དོད་འབོད། །ས་གཞི་ཐམས་ཅད་ཀུན་དུ་འཁྲུག ། གཟའ་དང་རྒྱུ་སྐར་ཚོགས་ཀུན་དང་། །གང་ཡང་ལྷ་ཡི་གཙོ་བོ་གཞན། །དེ་དག་ཐམས་ཅད་འཇིགས་དངངས་ནས། །སེམས་མེད་ཁ་སྦུབ་ཏུ་ནི་འགྱེལ། །ལྷ་མིན་མིའམ་ཅི་དང་ཀླུ། །གནོད་སྦྱིན་སྲིན་པོ་ལུས་སྲུལ་པོ། །འདི་རྣམས་ལུས་ཀྱིས་མ་བཟོད་པས། །དུག་གིས་བཏབ་བཞིན་ གཉིད་ཡུར་ཏེ། །འདི་དག་ཐམས་ཅད་གཅིག་ཏུ་འབར། །བསྐལ་པའི་མེ་ལས་ཡང་དག་བྱུང་། །འདི་དག་ཐམས་ཅད་འབར་ཞིང་མཆེད། །སངས་རྒྱས་ཞིང་ནི་ཀུན་ནས་ཀྱང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་གནས་ཀྱི་དབང་ཕྱུག་རྣམས། །དེ་ཡང་གཉིད་བྲོ་ཡུར་བར་ འགྱུར། །ཁ་སྦུབ་ཏུ་ནི་ས་ལ་འགྱེལ། །ཁྲོ་མོ་མངག་གཞུག་བཀའ་ཉན་པ། །ཕོ་ཉ་ཕོ་མོ་བྲན་དང་བཅས། །ལུས་འདིའི་ཚུགས་ནི་མི་ཐུབ་པར། །སེམས་སྟོར་ཁ་སྦུབ་འགྱེལ་བར་གྱུར། །གང་ཡང་ཉན་ཐོས་བསེ་རུ་དང་། །འཇིག་རྟེན་རྫུ་འཕྲུལ་ཆེན་པོ་གཞན། །ལྕགས་ནི་ ཤིང་ཕྱེ་ཐུལ་བ་ལྟར། །དེ་ཡང་གནས་སུ་འགྱེལ་བར་འགྱུར། །ཚངས་པ་བརྒྱ་བྱིན་ལ་སོགས་ལྷ། །ལྷ་མིན་གནོད་སྦྱིན་རྫུ་འཕྲུལ་ཆེ། །དེ་དག་ཐམས་ཅད་ཐལ་བར་འགྱུར། །སྡུག་བསྔལ་འཁྲིགས་པར་འགྱུར་ན་ནི། །ཆུང་ཟད་སླར་ཡང་ཕན་ཚུན་དུ། །བྱེད་ ཅིང་འཇིགས་པས་ཚིག་སྨྲས་ཏེ། །བུ་གཅིག་འདི་ནི་ཇི་ལྟར་འགྱུར། །ས་གཞི་འདི་དག་ཤིན་ཏུ་འཇིགས། །བདེ་གཤེགས་གོ་འཕང་མ་གཏོགས་པ། །ཞི་བ་ཅི་ཡང་མ་མཐོང་ངོ་། །བདུད་དང་བགེགས་ཀྱི་གཟུགས་རྣམས་ཀྱང་། །རྣམ་པ་སྣ་ཚོགས་ཡང་དག་གནས། །ལུས་ནི་ འགྱུར་བ་ལྟ་བུ་རུ། །ས་སྟེངས་ན་ནི་ཤིང་བཞིན་གནས། །ཚངས་པ་ལ་སོགས་ཡུལ་རྣམས་ནི། །འདི་དག་ཐམས་ཅད་འབར་བར་མཐོང་། །མནར་མེད་གྱུར་པའི་ལུས་ཀྱང་ནི། །དུད་ཀ་དུད་སྐྱར་ཀུན་ཏུ་གནས། །སངས་རྒྱས་ཞིང་ནི་མ་ལུས་པ། །འདི་དག་ཐམས་ཅད་སྲེག་པར་ བྱེད། །སྙིང་རྗེ་ཞུགས་ཤིང་ཡང་དག་ལྡན། །ཕྱག་ན་རྡོ་རྗེས་འདི་སྐད་གསོལ། །སེམས་ཅན་དོན་དུ་མ་བསམས་པས། །བཅོམ་ལྡན་བཀོད་པ་བསྡུ་རུ་གསོལ། །བྱིས་པ་སྡུག་བསྔལ་རྟེན་ཅན་གྱིས། །འདི་ནི་བཟོད་པར་མི་ནུས་སོ། །འགྲོ་བའི་སེམས་ཅན་ཀུན་གྱི་ མགོན། །ཐུགས་རྗེ་རྣམས་ནི་བྱུང་བར་མཛད། །ཐུགས་བརྩེ་གཅིག་པུའི་རི་ལས་འཁྲུངས། །སེམས་ཅན་སྡུག་བསྔལ་འགྲོལ་མཛད་པའི། །འགྲོ་བའི་མགོན་པོ་ཁྱོད་གཅིག་པུ། །གཉེན་དུ་གྱུར་པའང་ཁྱོད་ཁོ་ན། །འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི། །མཉན་པ་ཡང་ ནི་ཁྱོད་གཅིག་པུ། །ནད་རྣམས་ཐམས་ཅད་གསོ་མཛད་པའི། །ཁྱོད་ཉིད་གཅིག་པུ་སྨན་པར་འགྱུར། །དམ་པའི་ལམ་སྟོན་པ་ཡང་ཁྱོད། །ཁྱོད་ནི་འཁོར་བའི་རྒྱ་མཚོར་ཕ། །ས་སྟེངས་ཉིད་ནི་ཁྱོད་འབའ་ཞིག །མགོན་པོ་ཐུགས་རྗེ་བསྐྱེད་ནས་ནི། །ས་གཞི་ཐམས་ ཅད་ཡང་དག་འཕེལ། །དཔག་བསམ་ཤིང་བཞིན་དོན་གཉེར་བའི། །ཡང་དག་དཔའ་བོ་བྱང་ཆུབ་སེམས། །ས་བཅུའི་གནས་ཀྱི་དབང་ཕྱུག་རྣམས། །མགོན་པོ་ཁྱོད་ཉིད་གཅིག་པུས་འཕེལ། །ཐུགས་རྗེ་པདྨ་འདམ་སྐྱེས་བཞིན། །སེམས་ནི་ངན་པར་འགྱུར་བ་ཡི། ། འགྲོ་བའི་མགོན་པོས་བསྲེག་པར་མཛོད། །སྙིང་པོ་མེད་པ་ལྟ་བུར་འགྱུར། །ཆུ་ཤིང་གི་ནི་སྡོང་པོ་བཞིན། །ཕྱེ་མ་ལེབ་བཞིན་སྐྱེ་བོ་རྣམས། །དྲག་ཏུ་བོད་པའི་ལུང་ཐོབ་པ། །བསྲེགས་ཀྱང་ཟུག་རྔུ་མི་འབྱུང་སྟེ། །དེ་བཞིན་འདིར་ནི་བྱིས་པ་རྣམས། །བགེགས་དང་ལོག་ འདྲེན་ཐམས་ཅད་དང་། །གྲངས་མེད་བཅུ་ཡི་སྟོབས་ཀྱི་བདག །གསང་སྔགས་རྒྱལ་པོ་བརྗོད་པ་ཡིས། །དེ་དག་ཐམས་ཅད་ཐལ་བར་བརླག །དེ་བས་རྣམ་པ་ཐམས་ཅད་ཀྱིས། །བཅོམ་ལྡན་ཁྱོད་ལ་བདག་གསོལ་འདེབས། །ཁྱོད་ཀྱི་སྲས་པོ་བདག་མཉེས་གཤིན། ། བདག་གི་དེ་ནི་གསན་པའི་རིགས། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་དང་ལྡན་པའི་ཐུགས་མངའ་བས་ཕྱག་ན་རྡོ་རྗེ་སེམས་ཅན་ལ་ཕན་པའི་ཕྱིར། ཐུབ་པ་མཆོག་གི་གཙོ་བོ་ལ། །གསོལ་བ་བཏབ་པའི་ཚིག་འདི་ནི། ཤིན་ཏུ་རྒྱ་ཚ་བུ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྲོག་འབྱུང་ཞིང་ཡེ་ཤེས་འཁྲུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་རིག་པའི་རྒྱལ་མོ་འདི་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། འདུས་བྱས་ཐམས་ ཅད་རབ་ཏུ་འགྱུར་བར་བྱེད་པ། འཇིགས་པ་ཐམས་ཅད་རབ་ཏུ་འཇིགས་པར་བྱེད་པ། དགྲ་ཐམས་ཅད་དང་མེ་དང་ཆུ་སེལ་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང་སྐལ་བ་བཟང་པོ་ཐོབ་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་དང་། ཉན་ཐོས་དང་། རང་རྒྱལ་སྐྱེད་པར་བྱེད་པ། འཇིགས་པ་ཐམས་ཅད་སྲེག་པར་བྱེད་པ། རྣམ་པར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞེད་པ་གསུངས་པ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦཱ་ ཤ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཐཱ། ཨོཾ་སརྦྦ་སྃ་སྐཱ་ར་པ་རིཥྐཱ་ར་བི་ཤུད་དྷ། དྷརྨྨ་ཏེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། དེ་ནས་འདི་གསུངས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདེ་བ་ཐམས་ཅད་གཏད་ཅིང་ཀུན་ནས་རྒྱལ་བ་དང་ལྡན་པ། དབང་ཕྱུག་གོ་ འཕང་བརྙེས་པ་ནི། །རང་གི་ལུས་ལ་སེམས་བཅུག་པས། །ངང་ཚུལ་བཟང་པོར་ཡང་དག་འབྱུང་། །སྡིག་པ་ཐམས་ཅད་རབ་ཏུ་ཞི། །བཅོམ་ལྡན་འདས་ནི་གཟིགས་པར་འགྱུར། །རིག་པར་གྱུར་པའི་སེམས་དང་ལྡན། །ཐམས་ཅད་རང་གི་སྲོག་དང་ལྡན། །རྫུ་ འཕྲུལ་རྟུལ་ཕོད་པར་གྱུར་པ། །ཤིན་ཏུ་ངོ་མཚར་གོ་འཕང་འཐོབ། །དེ་ནི་རྒྱལ་མཆོག་སྤྱན་སྔར་གནས། །རང་གཞན་བརྟུལ་ཞུགས་བརྟན་འགྱུར་བ། །རིག་པ་འདི་ཡི་མཐུ་སྟོབས་ཀྱིས། །རང་གི་རྫུ་འཕྲུལ་གཡུལ་ལས་རྒྱལ། །ས་སྟེངས་ཕ་རོལ་གནོན་པ་འབྱུང་། །ཐམས་ ཅད་དབང་ཕྱུག་གོ་འཕང་འཐོབ། །བདུད་ཀུན་གྱི་ནི་གཙོར་གྱུར་པ། །ས་སྟེངས་གྱུར་ཏོ་ཅོག་ཀུན་ནི། །འཇིགས་པ་ཐམས་ཅད་རྣམ་པར་བྲལ། །ངན་འགྲོ་ཞེས་ནི་གང་བཤད་པའི། །ཤིན་ཏུ་སྡུག་བསྔལ་གཏིང་གནས་ཏེ། །ངན་འགྲོ་ཐམས་ཅད་རྣམ་དྲལ་ནས། །བདེ་བ་ཡི་ནི་སྣོད་ དུ་འགྱུར། །དམྱལ་བའི་མེ་ཞེས་བྱ་བ་ཡི། །ཤིན་ཏུ་བལྟ་དཀའ་འཇིགས་རུང་དེ། །དེ་ཚེ་ལྷག་པར་བསིལ་བར་འགྱུར། །སྟོན་ཀའི་ཟླ་བའི་ཆ་ལྟར་གནས། །གང་ཡང་དམྱལ་བ་ཞེས་བཤད་པ། །ཤིན་ཏུ་གྲང་བའི་མུན་ནག་འཁྲིགས། །དྲག་ཤུལ་མེ་ཆེན་འབར་བ་བཞིན། །དེ་ དག་ཐམས་ཅད་དྲོ་བར་འགྱུར། །ཡི་དགས་ཞེས་བྱའི་སྡུག་བསྔལ་གང་། །ཤིན་ཏུ་མི་བཟད་འཇིགས་སུ་རུང་། །རིག་པ་འདི་ཡི་མཐུ་སྟོབས་ཀྱིས། །འདི་དག་ཐམས་ཅད་བྲལ་བར་འགྱུར། །གང་ཡང་འཁོར་དེ་ཐམས་ཅད་ནི། །སྡུག་བསྔལ་གྱིས་ནི་སེམས་གདུངས་པ། །བདེ་ བ་ཐམས་ཅད་ཡང་དག་གཏད། །ཕན་ཚུན་དུ་ནི་དགའ་གཏམ་སྨྲ། །བགེགས་ཆེན་ལོག་པར་འདྲེན་པ་དང་། །གཞན་ཡང་སྲོག་ཆགས་གྱུར་པ་གཞན། །ས་སྟེངས་འབྱུང་པོ་རང་སེམས་གནས། །དེས་པར་གྱུར་ནས་འདི་རྣམས་ནི། །གཅིག་ལ་གཅིག་ནི་བལྟ་བར་འགྱུར། ། བྱང་ཆུབ་སེམས་དཔའ་དཔའ་བོ་དང་། །ཚངས་པ་ལ་སོགས་རྫུ་འཕྲུལ་ཆེ། །རང་སེམས་མཛེས་པར་རྣལ་མར་ནི། །དེ་རྣམས་ཐམས་ཅད་བདེ་བ་འཐོབ། །ཕོ་ཉ་མངག་གཞུག་བཀའ་ཉན་རྩོལ། །འབྱུང་པོ་གདོན་དང་ཤ་ཟ་དང་། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། ། ས་གཞི་སྟེང་ན་རྣམ་པར་གནས། །གང་ཡང་བྱང་ཆུབ་སེམས་དཔའ་བརྟན། །ཐམས་ཅད་དང་ནི་ལྡན་པ་ཡི། །རྫུ་འཕྲུལ་ཆེན་པོ་འཁོར་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་ཚིག་གསོལ་པ། །ཨེ་མའོ་ཀུན་མཁྱེན་མཚུངས་པ་མེད། །ཐབས་ཀྱི་ཡེ་ཤེས་བསམ་མི་ལང་། །ས་ སྟེངས་ཁྱོད་མ་གཏོགས་པ་ཡི། །འབྱུང་འགྱུར་གཞན་ནི་སུ་ཞིག་ཡོད། །མཐའ་ཡས་བདེ་བའི་སྣོད་དུ་ནི། །འདི་དག་ཐམས་ཅད་གང་འཛིན་མཛད། །ཐམས་ཅད་དབང་ཕྱུག་གོ་འཕང་བརྙེས། །ས་ཡི་སྟེང་ན་རྣམ་པར་གནས། །སྲིད་པ་སྡུག་བསྔལ་སྔར་ཡང་མེད། །དེ་ལྟར་ ཤིན་ཏུ་མི་བཟད་འཇིགས། །ཐམས་ཅད་སངས་རྒྱས་སྲས་སུ་འགྱུར། །སེམས་ཅན་ཀུན་ལ་ཕན་དགའ་བས། །སེམས་ནི་རྩེ་གཅིག་གྱུར་པ་ཡིས། །སྙན་པ་ཡི་ནི་ཚིག་གིས་གསོལ། །ཀུན་གྱི་གཉེན་དུ་གྱུར་པ་ནི། །སངས་རྒྱས་ཉིད་ལས་གཞན་པ་མེད། །སེམས་ནི་ སྨད་པའི་རྒྱུ་གྱུར་པའང་། །སོ་སོ་ནས་ནི་བདེ་བར་མཛད། །སྐྱེས་པས་ཡང་དག་བསྟན་པ་ནི། །ཇི་སྲིད་མྱ་ངན་མ་འདས་པ། །དེ་སྲིད་བར་དུ་འཁོར་བར་ཞུགས། །སངས་རྒྱས་ཐེག་པ་ཚུལ་གྱི་མཆོག །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །ཚངས་པ་ལ་སོགས་ འཁོར་རྣམས་ནི། །ཐམས་ཅད་སྟན་ལས་ལངས་གྱུར་ཏེ། །གཙོ་བོ་གང་ན་བཞུགས་པ་དེར། །བྱང་ཆུབ་སེམས་དཔའ་ཡོངས་སུ་བསྐོར། །ཚངས་སོགས་རྫུ་འཕྲུལ་ཆེ་བའི་ལྷ། །ལྷན་ཅིག་ཡང་དག་པར་ལྷགས་ཏེ། །བླ་མེད་གོ་འཕང་གསོལ་བ་འདེབས། །སེམས་ཅན་ ཀུན་ལ་ཕན་བཞེད་པ། །རྫོགས་སངས་རྒྱས་ལ་བསྐོར་བ་བྱས། །འཇིག་རྟེན་མགོན་ལ་རབ་བཏུད་ནས། །འདི་སྐད་ཀྱི་ནི་ཚིག་གསོལ་ཏོ། །ཨེ་མའོ་སངས་རྒྱས་ཆེ་བའི་བདག །སེམས་ཅན་ཀུན་ལ་སྨན་པར་དགྱེས། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །ཐབས་ནི་མཚུངས་ མེད་བསམ་མི་ཁྱབ། །གང་གིས་འདིར་ནི་གནས་པར་བྱས། །སྡུག་བསྔལ་རྒྱ་མཚོ་རྣམ་པར་སྦྱོང་། །འགྲོ་ལ་སྨན་པ་ཁྱོད་མཐོང་ན། །བདེ་བ་ཡང་དག་འབྱུང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐུགས་རྗེ་དང་ལྡན་པའི་ཐུགས་ཟབ་པས། སྒྲ་དབྱངས་ འདི་སྐད་ཀྱིས་ཚིག་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །རྫུ་འཕྲུལ་ལྡན་པ་ཁྱེད་མ་འཇིགས། །རྫོགས་སངས་རྐང་གཉིས་མཆོག་གི་ནི། །བསམ་གྱིས་མི་ཁྱབ་འདི་དག་གསུངས། །དེ་འདྲའི་ཆོས་ནི་བརྟེན་པ་ནི། །སྡུག་བསྔལ་གང་གིས་ སླར་ཡང་ནི། །འཁོར་བར་དེ་ལྟར་འཆིང་འགྱུར་བ། །བསྙེན་པར་གྱུར་པས་འབྱུང་མི་འགྱུར། །རྫོགས་སངས་རྐང་གཉིས་མཆོག་གི་ནི། །ཐེག་པ་ཆེན་པོ་ཡང་དག་གསུངས། །ལམ་ནི་ཡང་དག་བསྡུས་ནས་ནི། །ཐམས་ཅད་སྡུག་བསྔལ་ལས་རབ་གྲོལ། །དེ་ནི་མཆོག་གི་དེ་ཉིད་ཞི། ། སངས་རྒྱས་རྣམས་ཀྱི་ཐེག་པར་བརྗོད། །ཐེག་པ་དམ་པ་འདི་བཟུང་ནས། །སངས་རྒྱས་ངེས་པར་གདོན་མི་ཟ། །འདས་པའི་སངས་རྒྱས་ཀུན་དང་ནི། །དེ་བཞིན་གང་ཡང་མ་བྱོན་པ། །མགོན་པོ་ད་ལྟར་བཞུགས་པ་རྣམས། །འགྲོ་ལ་ཕན་པའི་ཚུལ་ཉིད་ལས། །དེ་དག་ཐམས་ཅད་ ཡང་དག་གཟུང་། །སྡུག་བསྔལ་ཞི་བ་ཐོབ་པར་འགྱུར། །དེ་ཕྱིར་རྣམ་པ་ཐམས་ཅད་ཀྱི། །འདི་ལྟ་བུ་ཡི་དམ་ཆོས་བསྟེན། །གཙོ་བོ་འདི་ནི་བསྙེན་གྱུར་ན། །སྡུག་བསྔལ་རྣམས་ནི་སེལ་བར་བྱེད། །གང་ཡང་བྱང་ཆུབ་སེམས་དཔའ་གཞན། །ཚངས་པ་ལ་སོགས་རྫུ་འཕྲུལ་ཆེ། ། སེམས་ཅན་ཕན་པར་ཞུགས་པ་ཡི། །སྤྱན་སྔར་སྙན་པའི་ཚིག་འདི་གསོལ། །མགོན་པོ་ཁྱོད་ཀྱིས་ཅི་ཞིག་གསུངས། །བདག་གི་ཡིད་ཀྱང་རྟེན་གཞན་མེད། །ཁྱོད་ཉིད་སྐྱབས་སུ་གྱུར་པ་ལས། །མཆོག་གཞན་ཞིག་ནི་ཡོད་མ་ཡིན། །ཀུན་གྱིས་དབང་ཕྱུག་གོ་འཕང་བརྙེས། །རང་ གི་རྫུ་འཕྲུལ་སྙེམས་ཚུལ་གྱུར། །འཇིགས་པ་ཀུན་དང་རྣམ་པར་བྲལ། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྫུ་འཕྲུལ་ཆེན་པོ་གུས་པར་ལྡན། །ཐེག་པ་ཆེན་པོར་ཡང་དག་གནས། །བྱང་ཆུབ་མཛད་པ་ལ་སོགས་འཐད། །ཅེས་ པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་བདག་ཅག་ལ་ཐུགས་བརྩེ་བ་བསྐྱེད་དེ། སེམས་ཅན་ཐམས་ ཅད་དབང་ཕྱུག་གི་གོ་འཕང་ཐོབ་པར་བྱེད་པ། ནད་ཐམས་ཅད་གསོ་སྦྱོང་མཛད་པ། དཔལ་ཐམས་ཅད་དང་ལྡན་པ། དུས་མ་ཡིན་པ་དང་། བགེགས་ཐམས་ཅད་འཇོམས་པར་བྱེད་པ་དང་། དགྲ་ཐམས་ཅད་དང་། ཉེ་བར་འཚེ་བ་དང་། ཆོམ་རྐུན་དང་། མི་རྒོད་དང་། རྒྱལ་པོའི་ གནོད་པ་དང་། སེང་གེ་དང་། སྟག་ལ་སོགས་པ་དང་། རིམས་དང་། སྐྲན་དང་། མཚན་བར་རྡོལ་བ་དང་། སྡིག་སྦྲུལ་གྱི་གནོད་པ་ཐམས་ཅད་འཇོམས་པར་བྱེད་པ། གང་གིས་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་ཆོས་ཉིད་མཐོང་བས་སེམས་ཅན་ཐམས་ཅད་ཀྱིས་དབང་ ཕྱུག་གི་གོ་འཕང་ཐོབ་པར་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བཅོམ་ལྡན་འདས། །ཤཱཀྱའི་མགོན་པོ་རྫུ་འཕྲུལ་ཆེ། །རྡོ་རྗེ་བྱུང་བ་ཆེ་བའི་བདག །སྙན་པའི་ཚིག་གིས་བཀའ་སྩལ་པ། །ས་སྟེངས་ཀྱི་ནི་དཀྱིལ་འཁོར་མཆོག །བཤད་པར་བྱ་ཕྱིར་བུ་ཁྱོད་ཉོན། ། སྐྱོབ་པ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་གསང་བ་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཕན་པའི་སེམས་ཀྱིས་ཚུར་ལ་ཉོན། །ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ནི། །འདི་དག་ཐམས་ཅད་མ་གསུངས་པ། །ངན་པས་སེམས་ནི་འཁྲིགས་པ་ལ། ། བུ་ཁྱོད་ཀྱིས་ནི་སྦྱིན་མི་བྱ། །རེ་ཞིག་སློབ་དཔོན་རབ་ཏུ་བཤད། །བུ་ཁྱོད་མཉམ་པར་གཞག་པས་ཉོན། །དེ་ནི་ཀུན་དུ་རབ་གནས་འགྱུར། །གང་མང་ཅུང་ཟད་བདག་གིས་བཤད། །ཚུལ་ཁྲིམས་ཕུན་ཚོགས་སྙིང་རྗེར་ལྡན། །བཟོད་དང་བརྩོན་ལྡན་ལེགས་པར་གནས། །གཙང་ཞིང་ ཆོ་ག་ཕུན་སུམ་ཚོགས། །བླ་མ་ཡང་ནི་སྨོད་མི་བྱེད། །བདག་ཉིད་ཇི་བཞིན་གཞན་ཕན་བལྟ། །སྦྱིན་ལ་དགའ་ཞིང་ཆེད་དུ་བརྩོན། །བདེན་པའི་ཚིག་དང་ཡང་དག་ལྡན། །གཏོང་ཕོད་ལ་དགའ་མཉེས་གཤིན་པ། །ལུས་ཀུན་ཡོན་ཏན་ཕུན་སུམ་ཚོགས། །སངས་རྒྱས་ཉན་ ཐོས་རྒྱལ་སྲས་རྣམས། །རྟག་ཏུ་མཆོད་པར་འགྱུར་བ་དང་། །བླ་མ་ལ་གུས་ང་རྒྱལ་མེད། །འགྲོ་ལ་གཅིག་ཏུ་ཕན་ཞིང་དགེ །བློ་གྲོས་ཟབ་མོ་ཡང་དག་ལྡན། །དུས་དང་དུས་མིན་ཤེས་དང་ལྡན། །དབང་པོ་དོན་གྱི་ཆ་རིག་པ། །རྟག་ཏུ་སེམས་ཅན་ཕན་པར་དགའ། ། གསང་སྔགས་མཉེས་པར་ཤིན་ཏུ་བརྩོན། །དཀྱིལ་འཁོར་འདི་རུ་རབ་ཏུ་བསྔགས། །རྫུ་འཕྲུལ་ཆེན་པོ་ལྷ་རྣམས་དང་། །སངས་རྒྱས་ཉན་ཐོས་ཆོས་རྣམས་དང་། །སྐྱོབ་པ་བྱང་ཆུབ་སེམས་དཔའ་ཡང་། །ཆ་ཤས་རིག་ནས་རྟག་པ་ཡང་། །ཟབ་མོའི་ དོན་ནི་རབ་ཏུ་བསྟན། །སེར་སྣ་ཡང་ནི་ཡོད་མ་ཡིན། །ཁྲོ་བོ་གང་ཡང་བརྩེ་བར་སྨྲ། །བསྡུ་བ་བཞི་ཡི་ངང་ཚུལ་ཤེས། །ཕ་རོལ་ཕྱིན་པ་དྲུག་གིས་བརྒྱན། །བྱང་ཆུབ་སེམས་དཔའི་གོ་ཆ་བགོས། །སྒྱུ་མ་ལྟ་བུའི་གོ་འཕང་གནས། །ཉན་ཐོས་རྣམས་ཀྱི་ཇི་བཞིན་བཤད། ། བདེན་པ་བཞི་ནི་སྒོམ་བྱེད་པ། །སྔགས་པས་དེ་བཞིན་འདིར་གསུངས་པ། །བྱང་ཆུབ་སེམས་ཀྱིས་བསྒོམ་པའོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །འདི་ནི་ཡིད་ཀྱིས་སྒོམ་བྱེད་པ། །བསམ་པའི་ཡེ་ཤེས་ཐོབ་པར་བྱེད། །ཐེག་པ་ཆེན་པོ་ལས་བྱུང་བ། །བསྡུ་ བའི་དངོས་པོ་རྣམ་བཞི་དང་། །ཕ་རོལ་ཕྱིན་ཉིད་དྲུག་ཏུ་འདོད། །བསམ་མི་ཁྱབ་པའི་འབྲས་སྩོལ་བ། །ཤེས་རབ་ཅན་དེ་སྒོམ་པར་བྱེད། །ལྗང་གུ་དཀར་དང་སེར་བ་དང་། །མདོར་ན་ནག་པོར་གྱུར་ཀྱང་རུང་། །རིང་དང་ཐུང་ཡང་མདངས་བཟང་བ། །ཕྱག་གིས་པུས་མོར་ སློབ་པ་ཉིད། །རྟག་པར་རྒྱུན་དུ་ཞལ་རིང་ཞིང་། །མགོ་བོ་མཉམ་པར་རྣམ་པར་རྒྱས། །སྨིན་མཚམས་མ་ཆད་ཤངས་མཐོ་བ། །རྐང་པའི་ལོང་བུ་ཆུང་ཟད་དམར། །ཡོན་ཏན་ཐམས་ཅད་ཡང་དག་བརྒྱན། །སྡིག་པའི་རྒྱ་མཚོ་རྣམ་པར་སྦྱོང་། །ཆོས་རྣམས་ཐམས་ཅད་མཆོད་ པར་བྱ། །དེ་ཉིད་ཀྱང་ནི་སྟོན་པར་བྱེད། །དཀྱིལ་འཁོར་རྣམས་ཀྱི་ཆ་ཤེས་པ། །སྔགས་དང་ཕྱག་རྒྱའི་ཚོགས་ཀྱང་ངོ་། །རྗེས་གནང་དང་ནི་དབང་བསྐུར་འཐོབ། །གང་ཞིག་ཡང་དག་ཡེ་ཤེས་འགྱུར། །བླ་མ་ལ་གུས་ལྷ་དང་ནི། །སྔགས་དང་ཕྱག་རྒྱ་བསྡུས་དང་ལྡན། །གསང་ སྔགས་རྒྱལ་པོའི་གསང་སྔགས་ཤེས། །སེམས་ཅན་མཉེས་ཤིང་བརྩེ་བ་སྨྲ། །བཟླས་དང་སྦྱིན་སྲེག་དེ་ཉིད་ཤེས། །ཞི་དང་རྒྱས་པའི་དེ་ཉིད་ཤེས། །མངོན་སྤྱོད་དང་ནི་དབང་བྱ་ཤེས། །སྔགས་དང་ཕྱག་རྒྱ་ཤིན་ཏུ་སྦྱོར། །བླ་མ་ཡང་དག་བསྟེན་པ་ཡང་། །སྟོན་པ་བཞིན་དུ་ སེམས་པར་བྱེད། །འབྱུང་པོ་ཐམས་ཅད་མཆོད་པར་བྱེད། །འཇིག་རྟེན་པ་ཡང་དེ་ཉིད་རིག །སེམས་ཅན་སྙོམ་མེད་ཕུན་སུམ་ཚོགས། །སྤྲོ་བ་དང་ནི་བསྟན་པར་འགྱུར། །གང་གི་དབང་ཕྱུག་ཤེས་རབ་སྔགས། །ཐམས་ཅད་དབང་དུ་བྱེད་པ་ཡིན། །ཁྲོ་བོ་རྣམས་ནི་རྟག་ཏུ་བཟླས། ། ལྷ་མཉེས་པ་ལ་ཆེད་དུ་བྱེད། །ཚུལ་ཁྲིམས་དང་ལྡན་ཕུན་སུམ་ཚོགས། །སྐུ་དང་གསུང་ལས་ཡང་དག་བྱུང་། །བརྟུལ་ཞུགས་ཀྱིས་ནི་ཡང་དག་བརྒྱན། །རྟག་པར་ཐམས་ཅད་སྐྱོང་བར་བྱེད། །དེ་ལྟར་ཡོན་ཏན་མདོར་བསྡུས་པའི། །མཚན་ཉིད་བདག་གིས་བསྟན་པ་ཡིན། །འདི་ རྣམས་ཡང་དག་ཡོངས་ཤེས་པ། །སློབ་དཔོན་དུ་ནི་རབ་ཏུ་བསྔགས། །སྔགས་ཀྱི་བཟླས་པའི་ཆོ་ག་ནི། །གཞན་དུ་ན་ནི་འབྲས་མེད་བུ། །གསང་སྔགས་རང་གིས་མི་འགྲུབ་ཅིང་། །གཞན་ལ་བསྟན་ཡང་འགྲུབ་པ་མེད། །དཀྱིལ་འཁོར་འབྲས་བུ་བཅས་པ་མིན། །སྔགས་ ཀྱི་སྒྲུབ་ཐབས་དག་ཀྱང་མེད། །བསྲུང་བར་བྱ་བ་ཀུན་ཀྱང་མིན། །སྦྱིན་སྲེག་ལྷ་ཡང་མེད་པ་སྟེ། །འདི་ནི་སྒོམ་པ་མེད་གྱུར་པའི། །མཚན་ཉིད་འདི་ནི་རྣམ་པར་སྤངས། །དེ་བས་རྣམ་པ་ཐམས་ཅད་ཀྱི། །སློབ་དཔོན་མཚན་ཉིད་བསྔགས་པ་ཡིན། །དེ་བས་གསང་བའི་ཡེ་ཤེས་ འདི། །སངས་རྒྱས་ཐམས་ཅད་འབྱུང་བར་ནི། །གསུངས་པ་རུ་ནི་ཤེས་པར་བྱ། །གཞན་དུ་ན་ནི་འབྲས་མེད་འགྱུར། །སློབ་དཔོན་དང་ནི་སློབ་མ་ཡིས། །རྟག་ཏུ་བག་ཡོད་གྱུར་པས་ཀྱང་། །རྟག་པར་རྒྱུན་དུ་བསྲུང་བར་བྱ། །བདག་ཉིད་སྲོག་ནི་ཇི་བཞིན་ནོ། །བསྐལ་པ་བྱེ་བ་ བརྒྱར་ཡང་ནི། །སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན། །དེ་ཡང་ས་སྟེངས་གཙོ་བོ་ཡིས། །བཤད་པ་ཡིས་ནི་ཤིན་ཏུ་དཀོན། །དེ་ཕྱིར་རྣམ་པ་ཐམས་ཅད་ཀྱིས། །ཡོན་ཏན་ཀུན་གྱིས་ཡང་དག་བརྒྱན། །སློབ་དཔོན་གྱིས་ནི་རྟག་པ་རུ། །གསང་སྔགས་ཡི་གེ་བཅྭ་ལྔ་བཟླས། །འབུམ་ ཕྲག་གཅིག་ནི་བཟླས་གྱུར་ནས། །སྦྱིན་སྲེག་ཀྱང་ནི་བརྩམ་པར་བྱ། །དེ་ལྟར་བྱས་པའི་སྔགས་ཤེས་པས། །དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །གདུག་པ་མེད་ཅིང་བགེགས་ཀྱང་མེད། །གཞན་ཡང་འབྱུང་ཚོགས་ལ་སོགས་མེད། །མཐུ་སྟོབས་ཀྱིས་ནི་བགེགས་བྱེད་པ། ། གོ་འཕང་འབྲས་བུ་ཡོད་མ་ཡིན། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །ཀུན་ཀྱང་བདེ་བས་ཡང་དག་བརྒྱན། །འཇིགས་པ་ཐམས་ཅད་རྣམ་པར་བྲལ། །ཐེ་ཙོམ་མེད་པར་འགྱུར་བ་ཡིན། །གཞན་དུ་ཐམས་ཅད་འབྲས་བུ་མེད། །བགེགས་ཀྱིས་ གླགས་ནི་བཙལ་ནས་སུ། །སྔགས་པའི་ལུས་ནི་འཕྲོག་པར་བྱེད། །ཆོ་གའི་འབྲས་བུ་བྱ་བ་མེད། །དེ་ལྟར་བྱས་ན་སྔགས་པ་བདག །དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །སངས་རྒྱས་ཅིག་ཤོས་གོ་འཕང་ནི། དེ་ནི་ཐམས་ཅད་འགྲུབ་པར་འགྱུར། །དབུ་ལ་ས་གཞི་ ཡང་དག་བཤད། །མཉམ་པར་གཞག་པའི་ཡིད་ཀྱིས་ཉོན། །དཀྱིལ་འཁོར་མཛེས་མཆོག་རྨད་དུ་བྱུང་། །འདི་ནི་གང་དུ་བྲི་བ་ནི། །ཆུ་ཀླུང་མཚོ་བྲན་ཡང་དག་བཤད། །རི་བོ་མེ་ཏོག་འབྲས་བུས་བརྒྱན། །སྐྱེད་མོས་ཚལ་དུའང་བཤད་པ་སྟེ། །སྤུ་སྡུག་རྨ་བྱས་རྣམ་པར་ བརྒྱན། །ཀུན་དགའ་ར་བ་ཁང་བཟངས་དགའ། །ཕྱུགས་ལྷས་བྲེས་དང་བཞི་མདོ་དང་། །གཞན་ཡང་ཕྱི་རོལ་གང་ཞིག་ཏུ། །གཙུག་ལག་ཁང་དང་རི་སུལ་དང་། །ཁང་པ་བརྩེགས་དང་ཁང་པ་དང་། །མཚན་མ་གཅིག་པ་ཇི་བཞིན་དུ། །ཆུ་ཀླུང་ཀུན་དགའ་ར་བ་དང་། །དེ་ ཡི་ཁོང་གསེབ་ཁྱད་པར་དུའོ། །གཞན་ཡང་རྣམ་པ་སྣ་ཚོགས་པའོ། །གང་དུ་ཡིད་ལ་འདོད་པར་བྱ། །དེ་ལ་སོགས་པའི་གནས་རྣམས་ལས། །གང་ཡང་རུང་བའི་གནས་བཟུང་སྟེ། །ལྷ་ནི་སྤྱན་ཡང་དྲང་བྱས་ནས། །ཡང་དང་ཡང་དུ་མཆོད་པར་བྱ། །ཡིད་ཉིད་ཀྱིས་ ནི་གཤེགས་སུ་གསོལ། །ཕྱོགས་ནི་རབ་ཏུ་བཅིང་བར་བྱ། །རང་ཉིད་གོ་ཆ་བགོས་ནས་གནས། །ལུས་ལ་གཙུག་ཏོར་ཡང་དག་བརྒྱན། །ལག་ཏུ་རྡོ་རྗེ་ཐོགས་ནས་ནི། །ལྷ་ནི་ཡིད་ཀྱིས་བྱོན་པར་བསམ། །དེ་ལྟར་བདག་ཉིད་གནས་ནས་སུ། །སྐྱེ་བོ་བསྲུང་བ་དགོད་པར་བྱ། ། དེ་རུ་བདག་ཉིད་བྱིན་བརླབས་ཏེ། །ས་གཞི་གཞན་ལ་ཤིན་ཏུ་བསྡད། །པུས་མོ་གང་ཙམ་བརྐོས་ནས་ནི། །འབུ་སྲིན་རྣམ་པར་བསལ་བར་བྱ། །སྐྱོན་ནི་དུ་མ་དང་བྲལ་བ། །འབད་པས་སླར་ཡང་བརྡུང་བར་བྱ། །བ་ཡི་རྣམ་ལྔས་བྱུགས་ནས་ནི། །མེ་ཏོག་བདུག་པ་ དགའ་བར་མཆོད། །ས་གཞི་ཡི་ནི་ཕྱོགས་ཀུན་དུ། །གཏོར་མ་རབ་ཏུ་གཏང་བར་བྱ། །མེ་ཏོག་སིལ་མ་གཅལ་དུ་དགྲམ། །དྲི་དང་བདུག་པ་ཆོ་ག་རིམ། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །རྣལ་འབྱོར་དགེ་བར་འདོད་པ་ཡིས། །དེ་ལྟར་རབ་ཏུ་འབད་པ་ཡིས། །གནས་སུ་ཉི་ མ་གཅིག་ཏུ་བྱ། །ལེགས་པར་སྦྱངས་པར་གྱུར་པ་ལ། །ལྷ་ནི་སྤྱན་ཡང་དྲང་བར་བྱ། །ཁྱད་པར་དུ་ནི་གཏོར་མ་དང་། །དྲི་དང་མེ་ཏོག་ཡང་དག་དབུལ། །ཤེས་རབ་བློ་ལྡན་མཚན་མ་བསླང་། །དགེ་དང་མི་དགེའི་འབྲས་བུ་འབྱུང་། །གལ་ཏེ་རྨི་ལམ་བཟང་མཐོང་ན། ། ཡིད་ནི་སྤྲོ་བར་གྱུར་པ་ཡིས། །བདག་དང་གཞན་ནི་བསྒྲུབ་བྱའི་ཕྱིར། །དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ། །ངན་ན་ཤེས་རབ་ཅན་གྱིས་སྤང་། །འཇིགས་དང་རྩུབ་པའི་མི་དགེ་སྟེ། །བདག་དང་གཞན་ལ་དངོས་གྲུབ་མེད། །དེ་ལ་འབྲས་མེད་འབྲས་བུ་འབྱུང་། །དཀྱིལ་འཁོར་ དངོས་གྲུབ་འདོད་པ་ཡི། །ཤེས་རབ་ཅན་གྱིས་དེ་དབུས་བྲི། །དེ་ནི་ཁྲུ་བརྒྱད་དེ་བཞིན་དུ། །བཅུ་དྲུག་དག་གི་གྲངས་ཀྱང་ཡོད། །རྒྱལ་བ་མཆོག་གིས་རྟག་ཏུ་ནི། །གཙོ་བོ་ལྔ་ནི་རབ་ཏུ་གསུངས། །དེ་རུ་ཆ་གཉིས་སུ་བགོས་ནས། །ཁྲུ་ཚད་གང་ནི་ཕྱི་རོལ་ཡིན། །ཆ་གཅིག་ཡང་དག་ བཤད་པ་ནི། །དབུས་ཆ་ཡིན་པར་རབ་ཏུ་བརྟག །ཁྲུ་ཚད་གང་དུ་གནས་པ་དེར། །དབུས་སུ་སངས་རྒྱས་བསྟན་པ་ཡིན། །གཉིས་པ་རྒྱལ་བའི་སྲས་པོ་སྟེ། །མདོ་རུ་བསྡུས་ནས་བསྟན་པ་ཡིན། །གཉིས་པའི་ཕྱི་རོལ་གནས་པའི་ཆ། །དེར་ཡང་དེ་བཞིན་རབ་ཏུ་བརྟག །ཁྲུ་ ཚད་གང་དུ་མདོར་བསྡུས་ན། །ཆ་ནི་ཐམས་ཅད་རབ་ཏུ་བརྟག །སྒོ་བཞི་རྟ་བབས་དང་བཅས་པ། །བུམ་པ་ཡི་ནི་རྒྱན་གྱིས་བརྒྱན། །ས་གཞི་ཐམས་ཅད་འབར་བ་ལྟར། །སྒོ་དང་མཚམས་སུ་རྡོ་རྗེ་སྟེ། །མཚམས་རྣམས་སུ་ནི་གཙོ་བོ་རུ། །བུམ་པ་ཐམས་ཅད་ངེས་པར་གནས། ། རྡོ་རྗེ་རྟ་བབས་བཅིངས་པ་དང་། །ཞགས་པས་བཅིངས་པ་རྣམ་པར་བརྒྱན། །འདི་དག་ཐམས་ཅད་ཀུན་བྱས་ནས། །དབུས་སུ་པདྨ་འདབ་བརྒྱད་བཅས། །དེ་ཡི་སྙིང་པོ་མཛེས་པར་ནི། །དེ་ལ་བུམ་པ་ཡང་དག་གནས། །བུམ་པ་ཡི་ནི་སྟེང་གི་སྣོད། །པདྨ་དཀར་པོ་གནས་པ་ དེར། །དེ་ལ་བཞུགས་པ་འགྲོ་བའི་མགོན། །གཙོ་བོ་བསྟན་པའི་དོན་མཛད་པ། །སྐྱོབ་པ་ཤཱཀྱའི་མགོན་པོ་ཡི། །ལྷུང་བཟེད་ཕྱག་རྒྱ་རྟག་ཏུ་བྲི། །དེ་ནས་དེ་ཡིས་ཀུན་དུ་ཁྱབ། །དཀྱིལ་འཁོར་ཕུན་སུམ་ཚོགས་པ་འབྱུང་། །འདི་ལྟར་སོར་མོ་བཅུ་དྲུག་ནི། ། སྐྱོབ་པ་དེ་ཡི་དཀྱིལ་འཁོར་ཡིན། །དེ་ཡིས་ཐམས་ཅད་རབ་ཏུ་བཤད། །ལྷག་མ་སྣམ་བུ་གཡས་སྐོར་དུ། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །སྐྱོབ་པ་འཇིག་རྟེན་དབང་ཕྱུག་བཞུགས། །པདྨའི་སྟེང་དུ་རྡོ་རྗེ་ནི། །ཁ་དོག་དཀར་པོ་གཟི་བརྗིད་ཆེ། །བྱམས་པ་ཡི་ནི་གོ་ཆ་ བགོས། །བྱམས་པའི་བདག་ཉིད་ལས་བྱུང་བའི། །དབང་ལྡན་ཕྱོགས་སོན་ཕྱག་མཚན་ནི། །དེ་ནི་སྤྱི་བླུགས་ཕྱག་རྒྱ་སྟེ། །ངོ་མཚར་རྟུལ་ཕོད་བསམ་མི་ཁྱབ། །ཀུན་དུ་བཟང་པོ་རྟག་ཏུ་བྲི། །མེ་རུ་མཚོན་ནས་བཞུགས་པ་ནི། །གཙོ་བོ་ཡིད་བཞིན་ནོར་བུ་བསྣམས། །ཡེ་ ཤེས་རྒྱ་མཚོ་ཡོངས་སུ་གང་། །ཟབ་མོའི་དོན་ནི་རྣམ་པར་བསྒོམ། །དབང་པོ་ཕྱོགས་ལ་བརྟེན་ནས་ནི། །ཡེ་ཤེས་ཨུཏྤལ་བསྣམས་པ་བཞུགས། །གཤིན་རྗེའི་གནས་སུ་ཉེར་མཆིས་པ། །ཀུན་གྱི་དགྲ་ཡི་གཤེད་དུ་འབྱུང་། །གནས་དེར་བཞུགས་པའི་མགོན་པོ་ནི། །རྡོ་རྗེ་རྩེ་ མོའི་རིགས་སུ་འབྱུང་། །བདེན་བྲལ་ཕྱོགས་སུ་བརྟེན་པས་ནི། །རླུང་སོགས་དེ་ཡི་དབུས་སུ་བཞུགས། །ཡེ་ཤེས་རལ་གྲི་གོ་ཆ་བགོས། །ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་བཞུགས། །ཁྲོ་བོ་གྲངས་མེད་པ་ཡི་མགོན། །ཀུན་དུ་འཁོར་གྱིས་ཡོངས་སུ་བསྐོར། །དཀྱིལ་འཁོར་ཡོན་ ཏན་རྒྱ་མཚོ་ནི། །ཀུན་ནས་གསལ་བར་གྱུར་པ་ཡིན། །རླུང་གི་ཕྱོགས་ལ་བརྟེན་ནས་ནི། །རྒྱལ་བ་ཀུན་བདག་ལས་བྱུང་བཞུགས། །ཐམས་ཅད་ཡེ་ཤེས་ཉེ་བར་མཚོན། །འོད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས། །ཆུ་བདག་ཕྱོགས་སུ་བརྟེན་ནས་སུ། །རྡོ་རྗེ་ཕྱག་རྒྱ་ཤིན་ཏུ་ སྦྱོར། །པདྨ་དམར་པོའི་སྟེང་ན་བཞུགས། །མཛེས་པས་དུས་ཟད་ལྟ་བུར་བཞུགས། །ནུབ་ཀྱི་ཕྱོགས་སུ་བརྟེན་ནས་སུ། །གང་ཡང་ས་བཅུའི་གནས་དབང་ཕྱུག །དེ་ཡང་ཇི་བཞིན་བཀོད་ནས་གཞག །རང་གི་ཕྱག་རྒྱའི་མཚན་མས་མཚན། །དེ་ལ་འོག་གི་ཆར་གནས་ དང་། །སྟེང་གི་ཕྱོགས་ཀྱི་ཆ་ཉིད་དུ། །བདག་ཉིད་ཆེན་པོ་སྐྱོན་བྲལ་བ། །དེ་དག་ཀུན་ལ་དཔའ་བོ་བཞུགས། །དབུས་སུ་གཅིག་པུ་བཞུགས་པར་འགྱུར། །སོ་སོར་བྱང་ཆུབ་ལ་བརྟེན་ནས། །ཤཱ་རིའི་བུ་ནི་བདག་ཉིད་ཆེ། །དེ་ནས་ཡེ་ཤེས་ནམ་མཁའ་མཁྱེན། །རྫུ་ འཕྲུལ་ཡུལ་ནི་མཆོག་ཏུ་འགྱུར། །མཽད་གལ་བུ་ཡང་ཉིད་དང་ནི། །འོད་སྲུང་བདག་ཉིད་ཆེན་པོ་ནི། །རྒྱལ་མཆོག་དེ་ནས་ས་སྟེངས་སུ། །རྟ་ཐུལ་དང་ནི་བ་ལང་བདག །དྲག་ཤུལ་དབང་ཆེན་ཆངས་བུ་ཅན། །བ་ར་དྭ་ཛ་ཉིད་དང་ནི། །ཀུན་དགའ་བོ་ནི་དགའ་ཞེས་བཤད། ། སྒྲ་གཅན་འཛིན་ཡང་རིམ་ཇི་བཞིན། །འདི་རུ་ཇི་བཞིན་བཀོད་ནས་གཞག །ལྷུང་བཟེད་ཆུ་སྐྱེས་རྣམ་པར་བརྒྱན། །ཕྱག་ན་རྡོ་རྗེ་སྲས་པོ་ཀུན། །དཔུང་བཟངས་ལ་སོགས་དེ་བཞིན་ཀུན། །ཕྱག་ན་རྡོ་རྗེ་ཉེ་བར་ནི། །དེ་རྣམས་ཇི་བཞིན་བཀོད་ནས་གཞག །དམ་ཆོས་སྲས་ པོར་བཤད་པར་ནི། །གང་ཡང་འཇམ་དཔལ་ལ་སོགས་གཞན། །འཇམ་དབྱངས་དང་ནི་ཉེ་བར་དུ། །དེ་དག་ཐམས་ཅད་གཞག་པར་བྱ། །གང་ཡང་ཁྲོ་བོ་ཡང་དག་བཤད། །ཕྱག་ན་རྡོ་རྗེའི་རིགས་ལས་འབྱུང་། །ལྷོ་ཡི་ཕྱོགས་སུ་བརྟེན་ནས་སུ། །འདི་ནི་རིམ་པ་བཞིན་ དུ་གཞག །རྡོ་རྗེ་དགྲ་སྟ་ཡང་དག་ལྡན། །རྡོ་རྗེ་ཐོ་བ་དེ་བཞིན་ནོ། །ཤིན་ཏུ་དྲག་ཤུལ་ཡང་དག་བཤད། །འབར་བའི་ཕྲེང་བའི་འོད་ཀྱིས་འཁྲིགས། །ཁྲོ་བོར་ཡང་དག་བཤད་པ་ནི། །རྟ་མགྲིན་ཤིན་ཏུ་མཐོང་བར་གནས། །ཁྲོ་གཉེར་ཅན་དང་ཡང་དག་རོལ། །སྒྲོལ་མར་ གྲགས་པའང་རྙེད་པར་དཀའ། །རང་གི་ཕྱག་རྒྱ་མཚན་མར་ལྡན། །བརྩོན་པས་དེར་ཡང་བྲི་བར་བྱ། །སྒྲོལ་མ་ཁྲོ་གཉེར་ཅན་དག་བྲི། །རིག་མ་བཅོམ་ལྡན་མ་དེ་བཞིན། །མཱ་མ་ཀཱི་དང་ལྕགས་སྒྲོག་བཤད། །ནམ་མཁའ་སངས་རྒྱས་སྤྱན་དང་ནི། །རྨ་བྱ་འོད་ཟེར་ཅན་ ཉིད་དང་། །དུག་སེལ་རི་ཁྲོད་ལོ་མ་ཅན། །རང་གི་ཕྱག་རྒྱ་མཚན་མར་ལྡན། །སྐལ་བ་ཆེན་པོ་དེ་ཡང་བྲི། །བྱང་གི་ཕྱོགས་ལ་བརྟེན་ནས་སུ། །ཤིན་ཏུ་རྫུ་འཕྲུལ་ཆེ་བར་བཞུགས། །ཕྱག་རྒྱ་གང་ཚེ་གཟུགས་ཅན་མ། །སྐུ་ལ་རྒྱན་གྱིས་རྣམ་པར་བརྒྱན། །ཕོ་ཉ་ཕོ་མོ་དེ་ བཞིན་དུ། །མངག་གཞུག་ཕོ་མོ་ཤིན་ཏུ་རྩུབ། །རང་གི་ཕྱག་རྒྱ་མཚན་མར་ལྡན། །ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ། །ས་ཡི་དཀྱིལ་འཁོར་ཞེས་བཤད་པ། །རྒྱལ་བའི་བདག་ཉིད་ལས་འཁྲུངས་ལྷ། །འཇིག་རྟེན་སྐྱོང་བ་ལ་སོགས་བྲི། །ས་སྟེངས་དམ་ཚིག་གནས་ པ་ནི། །ལྷ་ཡི་རྒྱལ་པོ་ལྷ་མིན་ཆེ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །རང་གི་ཕྱག་རྒྱའི་མཚན་མར་བཅས། །ཤར་གྱི་ཕྱོགས་ལ་བརྟེན་ནས་བྲི། །གང་ཡང་དྲང་སྲོང་བཤད་པ་ནི། །སྣ་ཚོགས་བཤེས་གཉེན་འགྲོ་སྐྱོང་དང་། །ངན་སྤོང་གཤིན་རྗེ་མ་དང་མཚུངས། །གཞན་ ཡང་ཤིན་ཏུ་མཐོང་བ་དཀའ། །རིག་བྱེད་བདེན་པ་ཡང་དག་ལྡན། །དེ་ནི་བྱང་གི་ཕྱོགས་སུ་བྲི། །ཉི་མ་ཟླ་བ་ཆུ་བདག་དང་། །མེ་ཡང་ཤིན་ཏུ་མཐོང་བར་དཀའ། །གནོད་སྦྱིན་དབང་པོ་རྟག་ཏུ་ནི། །ལྷོ་ཡི་ཕྱོགས་ཆར་བྲི་བར་བྱ། །གང་ཡང་མ་མོར་ཡང་དག་བཤད། །ས་སྟེངས་ཤིན་ ཏུ་དྲག་པ་ནི། །རང་གི་མཆོད་པའི་ཕྱག་དང་ལྡན། །དེ་ཡང་ནུབ་ཀྱི་ཕྱོགས་སུ་བྲི། །གང་ཡང་སྲིང་མོར་བཤད་པ་ནི། །སྣ་ཚོགས་གཟུགས་ཅན་འཕྲུལ་མོ་ཆེ། །སེམས་ཅན་ཕན་པ་ཤིན་ཏུ་བརྩོན། །དེ་ཡང་དེ་ཡི་ཕྱོགས་བརྟེན་བཞུགས། །ཤར་གྱི་སྒོ་ན་ནག་པོ་བཞུགས། །རྫུ་ འཕྲུལ་ཆེན་པོ་སྐྱོང་ཞིང་སྲུང་། །དགའ་བྱེད་བྱང་གི་སྒོ་སྲུང་ཞིང་། །དེ་བཞིན་ལྷོ་ན་ངན་སྤོང་ངོ་། །ནུབ་སྒོར་ཡང་དག་བཤད་པ་ནི། །བགེགས་ཆེན་རིགས་ལས་ཡང་དག་བྱུང་། །རང་གི་ཕྱག་རྒྱ་མཚན་མར་བཅས། །རྫུ་འཕྲུལ་ཆེན་པོ་སྲུང་ཞིང་བཞུགས། །བུ་གཅིག་མདོར་ན་ འདི་དག་ནི། །ཤིན་ཏུ་རྒྱས་པར་བསྟན་པ་ཡིན། །སངས་རྒྱས་ཀུན་ནོར་ཐམས་ཅད་པ། །ས་སྟེངས་ན་ནི་གཞན་མ་མཐོང་། །རྟག་ཏུ་བག་ཡོད་པར་གྱུར་པས། །བདག་ཉིད་སྲོག་ནི་ཇི་བཞིན་པ། །དེ་ལྟར་མཛེས་པའི་རང་བཞིན་སྲུང་། །སངས་རྒྱས་ཐམས་ཅད་ཀྱིས་ནི་སྲུང་། ། བྱིས་པ་སོ་སོ་སྐྱེ་བོ་ལ། །ཁྱོད་ཀྱིས་ཡིད་ཆེས་པར་མི་བྱ། །རྨོངས་པ་དེ་ན་རང་རླག་ཅིང་། །གཞན་ཡང་རླག་པར་བྱེད་པར་འགྱུར། །བདག་གིས་དམ་ཆོས་བཤད་པ་འདི། །སྡུག་བསྔལ་ཐམས་ཅད་གྲོལ་བར་བྱེད། །དེ་ནི་རླག་པར་བྱེད་པ་ནི། །མི་ཤེས་བསྒྲིབས་པས་འབྱུང་བར་ འགྱུར། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི། །མཆོག་འདི་དད་པ་མེད་པ་དང་། །སྡིག་ཅན་འཇིགས་ཤིང་རྩུབ་པ་ཡི། །དྲག་ཤུལ་མཆེད་པར་གྱུར་པ་ལ། །བུ་ཡིས་ཅུང་ཟད་མི་སྦྱིན་པར། །ཁྱོད་ལ་རྫོགས་སངས་རྒྱས་ཀྱིས་གསུངས། །རྫོགས་སངས་རྐང་ གཉིས་དམ་པ་ཡིས། །ཤིན་ཏུ་གསང་བར་ཡང་དག་གསུངས། །ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ནི། །འདི་དག་ཐམས་ཅད་བཤད་མི་བྱ། །རྟག་ཏུ་བག་ཡོད་གྱུར་པས་ན། །རྒྱལ་བའི་བསྟན་པ་བསྲུང་བར་བྱ། །དཀྱིལ་འཁོར་མ་མཐོང་བ་ལ་ནི། །འདི་ནི་སྟོན་ཅིང་སྟེར་བ་ན། ། སྐྱོབ་པ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་བསླུ་བར་བགྱི། །སྡུག་བསྔལ་ཀུན་གྱི་སྡེར་གྱུར་པ། །སྡིག་པ་ཅན་དུ་ངེས་པར་འགྲོ། །སྡིག་ཅན་དེ་ཡི་གསང་སྔགས་ཀྱི། །དངོས་གྲུབ་ངེས་པར་འབྱུང་མི་འགྱུར། །བསྟན་པའི་དོན་ནི་མཛད་པ་ཡིས། །གཙོ་བོ་ དཔལ་ལྡན་རྡོ་རྗེ་འཛིན། །དཀྱིལ་འཁོར་མ་མཐོང་སྟོན་བྱེད་ཀྱི། །མགོ་བོ་རྡོ་རྗེས་འགེམས་པར་བྱེད། །དེ་ཡིས་གསང་སྔགས་མི་འགྲུབ་ཅིང་། །བགེགས་རྣམས་ཀྱིས་ཀྱང་བརླག་པར་འགྱུར། །སྔགས་ཀྱི་སྒྲུབ་པ་འབྲས་བུ་མེད། །དེ་ཕྱིར་སངས་རྒྱས་ཀྱིས་གསུངས་པའི། །གསུང་ འདི་བུ་ཁྱོད་ཚུར་ཉོན་ལ། །རྣ་ཐོས་ཙམ་དུའང་མི་སྦྱིན་ཏེ། །དམ་ཚིག་རྫོགས་སངས་རྒྱས་ཀྱིས་གསུངས། །སངས་རྒྱས་ཀྱིས་གསུངས་དམ་ཚིག་ནི། །གང་ཞིག་ཤིན་ཏུ་འད