Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 086_རྒྱུད་འབུམ།_ཐ

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅། །རྒྱུད་འབུམ་ཐ་པ་བཞུགས་སོ།།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་མཎྜ་ཨ་ལཾ་ཀ་ར་ནཱ་མ་མ་ཧཱ་ཏན་ཏྲ་རཱ་ཛཱ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བླ་མ་དང་འཇམ་པའི་
དབྱངས་ཀྱི་ཞབས་ཀྱི་པདྨ་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དང་། ནོར་བུ་
དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་པའི་ཁྱད་པར་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་
པན་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་ཅིང་ལས་སྣ་ཚོགས་མཛད་པ་མ་ལུས་ཤིང་ལུས་པ་མེད་

པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེའི་ལས་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ་རྟག་པ་དུས་གསུམ་དུ་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་ཅིང་བསྔགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་ལྡན་པ། ཁ་དོག་རྣམ་པ་སྣ་ཚོགས་པའི་དྲིལ་བུ་བཏགས་པ། རླུང་གིས་བསྐྱོད་པའི་དར་གྱི་བ་དན་དང་། མེ་ཏོག་གི་ཆུན་པོ་དང་། དྲ་བ་དང་དྲ་བ་ཕྱེད་པས་བཀླུབས་
ཤིང་ཉེ་བར་མཛེས་པ། ཆོས་ཀྱི་དབྱིངས་ཐམས་ཅད་ལེགས་པར་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཁང་བཟངས་འོད་མཐའ་ཡས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙུག་ལག་ཁང་མེ་ཏོག་གི་འཁྲི་ཤིང་མཆོག་གི་སྙིང་པོའི་རྒྱན་གྱིས་བཀོད་པ།
འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོ་རབ་ཏུ་བཀྲམ་པའི་སྤྲིན་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ། མཐའ་ལས་འདས་པའི་སངས་རྒྱས་འཁྲུངས་པའི་དབུས། རྣམ་པར་སྣང་མཛད་ཀྱི་སྙིང་པོ་འོད་གསལ་
བའི་གཞལ་མེད་ཁང་། དེ་བཞིན་གཤེགས་པའི་གནས། རྡོ་རྗེ་སྙིང་པོའི་རྒྱན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ། དེ་བཞིན་གཤེགས་པ་མི་འཁྲུང་མི་འགོག་འགོག་པར་མི་འགྱུར་བའི་ཡན་ལག་གི་སྤྱོད་ཡུལ་
ཡང་དག་པའི་མཐའ་གསལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ས་ཆེན་པོའི་དམ་པ་ལ་བཞུགས་སོ། །དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་
ཏེ་ཆོས་སྟོན་པར་མཛད་དོ། །ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་དཀར་བ་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་དག་པའི་སྒོ་སྟོན་པར་མཛད་དོ། །དེ་ནས་ཡང་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཉི་མ། རྣམ་པར་རྒྱལ་བའི་དམ་ཚིག་འབྱུང་གནས་རྡོ་རྗེ་སྙིང་པོ། ཆོས་ཐམས་ཅད་ངོ་བོ་
ཉིད་ཀྱིས་རྣམ་པར་དག་པའི་ཡེ་ཤེས་མཉམ་པ་ཉིད་བརྙེས་པ། རྒྱ་མཚོ་ལྟར་ཟབ་པ། ལས་སྣ་ཚོགས་པའི་ཕྱག་རྒྱའི་ཡེ་ཤེས་ཐོབ་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའ་ལྟ་བུ། སྐུ་ཆེན་པོ་རྡོ་རྗེའི་སྐུ། མཐའ་ལས་འདས་པའི་སྐུ། སྐུ་རིན་པོ་ཆེ་ཆོས་ཀྱི་སྐུ། སྤྲུལ་
པའི་སྐུ། ལས་མཉམ་པ་ཉིད་ཀྱི་སྐུ། བྱང་ཆུབ་ཀྱི་སེམས་དོན་ཡོད་པ། ཡོངས་སུ་བསྡུས་པ། དགེ་བ་འཕེལ་བ། རྒྱལ་པོ་ཆེན་པོ་སྣང་བ་ཏོག །བཞད་པ་པོ། ཆོས་དང་ལྡན་པ། ཤེས་རབ་འཁོར་ལོ། སྐད་ཐམས་ཅད་པ། སྣ་ཚོགས་པ་ཅན། སྲུང་བ་
པོ། གནོད་སྦྱིན་ཅན། མཚམས་སྦྱོར་བ། གཙུག་ཏོར་དུ་གྱུར་པ། མཆོག་ལྡན། རྡོ་རྗེ་ཅན། འཁོར་ལོ་ཅན། ཡེ་ཤེས་ཅན། ཁྱབ་བདག་ཆེན་པོ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའི་དབྱིངས་ཐམས་ཅད་དུ་ལེགས་པར་བཞུགས་པ། དེ་བཞིན་གཤེགས་
པ་ཐམས་ཅད་ཡང་དག་པར་འདུ་བར་བྱེད་པ། རྡོ་རྗེའི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེའི་བྱིན་རླབས་ཀྱི་ཡེ་ཤེས་སྙིང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་

རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་ཆེན་པོའི་དམ་ཚིག་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པས་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་མངོན་པར་བྱང་ཆུབ་པར་གྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་རྣམ་པར་དག་པ་དེ་ཡིས་ཆོས་
ཐམས་ཅད་རང་བཞིན་གྱིས་དག་པ་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་པོ། གཟུགས་ཐམས་ཅད་ཡོངས་སུ་མཐོང་བའི་ཡེ་ཤེས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་འདུལ་བའི་སྤྱོད་པ་མཆོག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་དོན་ཡོད་པའི་བཀའ་
ལུང་མཛད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་བླ་ན་མེད་པའི་ལས་སྣ་ཚོགས་པ་ཅན། རྣམ་སྣང་མི་འགྱུར་མི་བསྐྱོད་པ། །རིན་ཆེན་ཏོག་སྟེ་འོད་བྱེད་པ། །འོད་དཔག་མེད་པ་རྒྱལ་བའི་མགོན། །དོན་ཡོད་པ་ནི་ལས་ཀུན་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་གཉིས་སུ་མེད་པ་བརྙེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་
བ་གྲུབ་པའི་ཡེ་ཤེས་ཡང་དག་པར་རྗེས་སུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་བ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་ཅིང་མཉམ་པ་ཉིད་
དམིགས་པའི་ཡེ་ཤེས་ཡོངས་སུ་དག་པ་མཐར་ཕྱིན་པ། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཚངས་པའི་གནས་པ་བཞི་པོ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ།
སངས་རྒྱས་ཀྱི་ཡུལ་མཉམ་པ་ཉིད་ལ་དམིགས་པ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་ལ་བྱིན་གྱིས་བརླབས་ནས། ཕྱོགས་དང་མཚམས་རྣམས་སུ་ཀུན་ཏུ་གནས་སོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་

ཕྱུག་གིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་དང་རྡོ་རྗེ་འཛིན་པ་རྣམས་སྤྱན་དྲོངས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུ་འཁོར་ལོས་སྒྱུར་བ་ཆེན་པོ་རབ་ཏུ་
དགྱེས་པའི་ཞལ་རས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་རྣམས་སྤྱན་དྲང་བའི་དོན་དུ་རྡོ་རྗེ་སེ་གོལ་བརྡབས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་སྙིང་པོ་ཆེན་པོ་འདི་ཆེད་དུ་བརྗོད་པ། བུད་དྷ་ས་མཱ་ཛཿཨཱཿཧཱཿཨོཾ་ཧཱུཾ་བཛྲ་ས་མཱ་ཛཿ དེ་ནས་དེ་སྐད་ཅེས་
བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་རབ་འབྱམ་རྒྱ་མཚོའི་སྤྲིན་ཡང་དག་པར་མཐོང་ངོ་། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་རྣམ་པར་སྣང་
མཛད་ལ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་ལྷན་ཅིག་ཡང་དག་པར་སྦྱར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བློའི་ཡེ་ཤེས་ཡོངས་སུ་བསྐྱེད་དེ་གནས་ཐམས་ཅད་དུ་རྣམ་པར་གནས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་རྡོ་རྗེའི་རང་བཞིན་རྣལ་འབྱོར་གྱི་དབང་ཕྱུག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བདག་ཉིད་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་དང་རྡོ་རྗེ་འཛིན་པ་རྣམས་ལ་བཀའ་སྩལ་པ། ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་
འཁོར་ལོས་སྒྱུར་བ་ཆེན་པོའི་སྙིང་པོ་བདག་ལ་ཡོད་པ་དེ་ངས་བཤད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བྷྲུྃ། དེ་ནས། མི་བསྐྱོད་དེ་བཞིན་གཤེགས་པ་དང་། །རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །དེ་བཞིན་གཤེགས་པ་
འོད་དཔག་མེད། །དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །གཞན་ཡང་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དཔལ་གྱི་བེའུ་ལ་རབ་ཏུ་ཞུགས་སོ། །ཞུགས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་ལོ་ལ་བདེ་བ་ཐམས་ཅད་

ཡང་དག་པར་སྟོན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞིར་གྱུར་ཏེ། ཞལ་བཞི་པོ་རྣམས་ཀྱིས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་མཐའ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཀྱི་ཚུལ་མངོན་པར་བརྟགས་པ་འདི་ཉིད་དབྱངས་ཀྱིས་
ཆེད་དུ་བརྗོད་པ་འདི་ལྟ་སྟེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལྟ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །དགའ་བ་རྣམ་པར་དག་པའི་གནས་
གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །སྲེད་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །ཞེ་
སྡང་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །གཏི་མུག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །ང་རྒྱལ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་
དཔའི་གནས་སོ། །མི་ཁོམ་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་སིམ་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །སྣང་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་
འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །ལུས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །ངག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་རྣམ་པར་དག་པའི་གནས་གང་
ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །གཟུགས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །སྒྲ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །དྲི་རྣམ་པར་དག་

པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །རོ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །རེག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །དངོས་
པོ་ཐམས་ཅད་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །དེའི་རྒྱུ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གསང་སྔགས་ཐམས་ཅད་ཀྱི་དབང་ཕྱུག་གསང་སྔགས་ཐམས་ཅད་ཀྱི་འདྲེན་པ་པོ། སྔགས་ཐམས་ཅད་ཀྱི་བླ་མར་གྱུར་པ། ཐམས་ཅད་གཙུག་ཏོར་འཁོར་ལོས་སྒྱུར་བ། བསྟན་པ་ལ་
བརྫི་བ་མེད་པ། འཁོར་ལོས་སྒྱུར་བའི་སྙིང་པོ་བཀའ་སྩལ་པ། བྷྲུྃ། འཇམ་དཔལ་གང་ལ་ལས་ཆོས་ཐམས་ཅད་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་ལན་ཅིག་ཙམ་ཡང་ཐོས་ན་དེའི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པའི་བར་དུ་སྒྲིབ་པ་ཐམས་ཅད་དང་ཆོད་པ་དང་
ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་ལས་ཀྱི་སྒྲིབ་པ་ཆེན་པོ་ཉེ་བར་བསགས་ཀྱང་ནམ་ཡང་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་ལྟུང་བར་མི་འགྱུར་རོ། །སྡིག་པ་རྣམས་བྱས་པ་ཙམ་ན་ཡང་སྡུག་བསྔལ་མེད་ཅིང་ཟད་པར་འགྱུར་རོ། །གང་གིས་འདི་
འཆང་བ་དང་། ཉི་མ་རེ་རེ་འདོན་པ་དང་། ཀློག་པ་དང་རྒྱུན་མ་ཆད་པར་ཚུལ་བཞིན་ཡིད་ལ་བྱེད་པ་དེ་ནི་སྐྱེ་བ་འདི་ཉིད་ལ་ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་སོ་སོར་ཐོབ་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །ཆོས་ཐམས་ཅད་ལ་དགའ་ཞིང་མགུ་
ལ་རབ་ཏུ་དགའ་བ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱེ་བ་བཅུ་དྲུག་ན། དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་ཚུལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་མངོན་པར་བྱང་ཆུབ་པ་མངོན་པར་བསྒྲུབ་པ་འདི་སྟོན་པར་མཛད་དོ། །རྡོ་རྗེ་བརྟན་པ་ཉིད་ཀྱི་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང་། དོན་གཅིག་པ་
ཉིད་ཀྱིས་དོན་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང་། རང་བཞིན་རྣམ་པར་དག་པས་ཆོས་ཉིད་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང་། རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་ཉིད་ཀྱིས་ལས་ཐམས་ཅད་མཉམ་པ་ཉིད་མངོན་པར་བྱང་
ཆུབ་པའི་བྱང་ཆུབ་ཆེན་པོ་སྟེ། འཇམ་དཔལ་གང་ལ་ལས་ཆོས་ཀྱི་གནས་བཞི་པོ་འདི་ཉན་པར་བྱེད་པ་དང་། འཛིན་པ་དང་། འདོན་པ་དང་། སྒོམ་པར་བྱེད་ན་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ་སྡིག་པ་ཐམས་ཅད་ལ་ཀུན་ཏུ་སྤྱོད་པ་ཐམས་ཅད་ཀྱང་སྡིག་པ་ཐམས་
ཅད་ལས་འདས་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པར་འགྱུར་རོ། །ཨཱྃ། དེ་ནས་ཡང་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་རྒྱལ་བས་
བསྡུས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་བཀའ་སྩལ་པ། འདོད་ཆགས་ཀྱི་སྤྲོས་པ་མེད་པའི་ཕྱིར་འདོད་ཆགས་སྤྲོས་པ་མེད་པའོ། །ཞེ་སྡང་གི་སྤྲོས་པ་མེད་པའི་ཕྱིར་ཞེ་སྡང་སྤྲོས་པ་མེད་པའོ། །གཏི་མུག་གི་སྤྲོས་པ་མེད་པའི་ཕྱིར་གཏི་མུག་སྤྲོས་པ་
མེད་པའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་སྤྲོས་པ་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པར་རིག་པར་བྱའོ། །འཇམ་དཔལ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་
པ་དང་འཛིན་ཅིང་འདོན་ལ་ཀློག་པར་བྱེད་ན་དེ་འདུལ་བའི་དབང་ཉེ་བར་བཟུང་ནས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་བསད་བར་གྱུར་ཀྱང་ངན་སོང་དུ་འགྲོ་བར་མི་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་རོ། །ཧཱུྃ། དེ་ནས་བཅོམ་ལྡན་

འདས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་བརྙེས་པའི་དེ་བཞིན་གཤེགས་པ་སླར་ཡང་ཆོས་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། འདོད་ཆགས་ཐམས་ཅད་རྣམ་པར་དག་
པའི་ཕྱིར་འཇིག་རྟེན་ན་ཡུལ་ཐམས་ཅད་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཞེ་སྡང་ཐམས་ཅད་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་ཆོས་
ཐམས་ཅད་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་འཇིག་
རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། །འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་བྱེད་འཛིན་ཅིང་འདོན་ལ་སྒོམ་པར་བྱེད་ན་དེ་འདོད་པ་ཐམས་ཅད་ཀྱི་ནང་ན་གནས་ཀྱང་པདྨ་ལྟ་བུར་འདོད་ཆགས་
ཀྱི་སྐྱོན་བློ་བུར་བའི་དྲི་མས་གོས་པར་མི་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཧྲཱིཿ། དེ་ནས་བཅོམ་ལྡན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དེ་བཞིན་གཤེགས་པས་སླར་ཡང་དེ་བཞིན་
གཤེགས་པ་ཐམས་ཅད་དབང་བསྐུར་བའི་འབྱུང་གནས་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། དབང་བསྐུར་བྱིན་པས་ཁམས་གསུམ་པོ་ཐམས་ཅད་ཀྱི་རྒྱལ་སྲིད་ཡོངས་སུ་ཐོབ་པར་འགྱུར་རོ། །དོན་གྱི་སྦྱིན་པས་ཐམས་ཅད་ཀྱི་
བསམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཀྱི་སྦྱིན་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཟང་ཟིང་གི་སྦྱིན་པས་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་བདེ་བ་ཐོབ་པར་འགྱུར་རོ། །ཏྲཱྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བརྙེས་པ་ཐམས་ཅད་ཀྱི་ཁུ་ཚུར་འཆང་བ་དེ་བཞིན་གཤེགས་པ་རྟག་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྱག་རྒྱ་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་གཟུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་བ་དང་། གསུང་གི་ཕྱག་རྒྱ་ཡོངས་སུ་གཟུང་བས་ཆོས་ཐམས་ཅད་ཐོབ་པའི་དོན་དུ་འགྱུར་བ་དང་། ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་གཟུང་བས་ཏིང་ངེ་འཛིན་
ཐམས་ཅད་ཐོབ་པའི་དོན་དུ་འགྱུར་པ་དང་། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང་བས་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་མཆོག་ཏུ་འགྲུབ་པའི་དོན་དུ་འགྱུར་ཏེ། འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་བྱེད་འཛིན་ཅིང་འདོན་ལ་འཆད་
ཅིང་སྒོམ་པར་བྱེད་ན། དེ་དངོས་གྲུབ་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། ལས་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སེམས་དཔའ་མཆོག་གི་དངོས་གྲུབ་ཐམས་ཅད་སོ་སོར་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཨཿ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་སླར་ཡང་རྡོ་རྗེའི་ཡི་གེའི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་
སྩལ་པ། རང་བཞིན་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཆོས་ཐམས་ཅད་མཚན་མ་མེད་པ་ཉེ་བར་གཟུང་བའི་ཕྱིར་ཆོས་ཐམས་ཅད་མཚན་མས་དབེན་པ་དང་། སྨོན་པ་ལས་ཉེ་བར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་སྨོན་པ་མེད་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །ཨྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་གནས་པའི་དེ་བཞིན་གཤེགས་པས་སླར་ཡང་འཁོར་ལོ་ཆེན་པོར་འཇུག་པ་ཞེས་བྱ་བའི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། རྡོ་རྗེ་མཉམ་པ་ཉིད་ལ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོར་འཇུག་པར་འགྱུར་བ་དང་། དོན་མཉམ་པ་ཉིད་ལ་ཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ལོར་འཇུག་པར་འགྱུར་བ་དང་།
ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཞུགས་ནས་དམ་པའི་ཆོས་ཀྱི་འཁོར་ལོར་འཇུག་པར་འགྱུར་བ་དང་། ལས་མཉམ་པ་ཉིད་ལ་ཞུགས་ནས་འཁོར་ལོ་ཐམས་ཅད་དུ་འཇུག་པར་འགྱུར་རོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་
ཆོ་ག་རྒྱས་པའི་སྣོད་དེ་བཞིན་གཤེགས་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་དམ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་
རྒྱས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང་། ཆོས་ཐམས་ཅད་ཡོངས་སུ་གཟུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདྲི་བ་དང་། འདྲིར་འཇུག་པ་དང་། འཛིན་པ་དང་། འདོན་པ་དང་། རྗོད་པ་དང་སྒོམ་པ་སྔོན་དུ་འགྲོ་བའི་ལས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའོ། །ཨོྃ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བའི་ནུས་པའི་
དེ་བཞིན་གཤེགས་པས་སླར་ཡང་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་བ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས་ཁྲོ་བ་འདུལ་
བ་ཉིད་དང་། སེམས་ཅན་ཐམས་ཅད་ཆོས་ཉིད་ཉིད་པས་ཁྲོ་བ་ཆོས་ཉིད་ཉིད་དང་། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དེ་དེ་རྒྱུ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་སྟེ། ཧཿ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཉམ་པ་

ཉིད་ལ་རབ་ཏུ་གནས་པའི་དེ་བཞིན་གཤེགས་པས་སླར་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཆོག་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དང་། ཐམས་
ཅད་ཀྱི་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དང་ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་མཉམ་པ་ཉིད་དང་། ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ། །ཧྲཱིཿ། དེ་ནས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་བདག་ཉིད་ཐམས་ཅད་པས་སེམས་ཅན་ཐམས་
ཅད་དེ་བཞིན་གཤེགས་པའི་སྙིང་པོ་དང་། རྡོ་རྗེའི་སྙིང་པོས་དབང་བསྐུར་བས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་དབང་བསྐུར་བས་སེམས་ཅན་ཐམས་ཅད་རིན་པོ་ཆེའི་སྙིང་པོ་དང་། ངག་ཐམས་ཅད་ལ་རབ་ཏུ་འཇུག་པས་སེམས་
ཅན་ཐམས་ཅད་ཆོས་ཀྱི་སྙིང་པོ་དང་། ལས་ཐམས་ཅད་བྱེད་པའི་སྦྱོར་བས་སེམས་ཅན་ཐམས་ཅད་ལས་ཀྱི་སྙིང་པོའོ། །ཧྲཱིཿ། དེ་ནས་བཅོམ་ལྡན་འདས་མཐའ་ལས་འདས་ཤིང་མུ་མེད་པའི་མཐར་ཕྱིན་པའི་དེ་བཞིན་གཤེགས་པས་སླར་ཡང་མུ་མེད་ཅིང་མཐར་ཕྱིན་པའི་ཆོས་དང་།
སླར་ཡང་འདིའི་རྟོག་པ་དང་ཡོངས་སུ་མཐར་ཐུག་པ་བྱིན་གྱིས་བརླབ་པའི་དོན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་མཐར་ཐུག་པས་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་མེད་
པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མུ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་གཅིག་པ་ཉིད་དང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མཐར་ཐུག་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་མཐར་ཐུག་པར་འགྱུར་བ་སྟེ། འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་བྱེད་འཛིན་ཅིང་འདོན་ལ་སྒོམ་པར་བྱེད་ན་དེ་ནི་དག་ཅིང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་
སྤྱོད་པ་མཐར་ཕྱིན་པ་ལ་གནས་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་ཐོབ་པར་འགྱུར་རོ། །བྷྱོཿ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
གསང་བའི་ཆོས་ཉིད་བརྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པས་སླར་ཡང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རྡོ་རྗེ་ཆོས་མཉམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དམ་པ་ཐོག་མ་དང་ཐ་མ་དང་དབུས་ལས་གྲོལ་བའི་མཆོག་འདི་བཀའ་སྩལ་པ།
བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོ་མཆོག་ཏུ་གྲུབ་པས་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྲུབ་
པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མཆོག་ཏུ་གྲུབ་པས་བདུད་སྡེ་ཆེན་པོ་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་སྡེ་ཆེན་པོ་རབ་ཏུ་འཇོམས་པ་
མཆོག་ཏུ་གྲུབ་པས་ཁམས་གསུམ་པོ་མཐའ་དག་གི་དབང་ཕྱུག་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་གསུམ་པོ་མཐའ་དག་གི་དབང་ཕྱུག་མཆོག་ཏུ་གྲུབ་པས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་
པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་རོ། །སྭྃ། དེ་རྒྱུ་ཅི་ཡི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་པ་མཆོག་རྣམས་གནས་གྱུར་པ། །དེ་སྲིད་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་

འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །ཡེ་ཤེས་བྱིན་གྱིས་བརླབས་ཀྱིས་འགྲུབ། །ལས་ནི་ཐམས་ཅད་རྣམ་དག་པས། །སྲིད་པ་དག་པར་འགྱུར་ཕྱིར་རོ། །ཆགས་སོགས་ཀྱིས་འདུལ་འཇིག་རྟེན་ནི། །ཀུན་ནས་སྲིད་པར་རྟག་
སྡིག་བྱེད། །དེ་དག་རྣམ་པར་སྦྱང་དོན་དུ། །སྲིད་པའི་བར་དུ་རང་འདུལ་བྱེད། །ཇི་ལྟར་པདྨ་ལེགས་དམར་བ། །ཚོན་གྱི་སྐྱོན་གྱིས་མ་གོས་ལྟར། །བག་ཆགས་སྐྱོན་གྱི་སྲིད་པ་རུ། །རྟག་ཏུ་འགྲོ་ཕན་གོས་མི་འགྱུར། །འདོད་ཆགས་ཆེན་པོ་རྣམ་དག་པ། །བདེ་བ་
ཆེན་པོ་ནོར་ཆེན་པོ། །ཁམས་གསུམ་དབང་ཕྱུག་ཐོབ་ནས་སུ། །དེ་དག་དོན་ནི་བརྟན་པར་བྱེད། །ཧཿ། འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་བཞིན་དུ་ནང་པར་ལངས་ཏེ། གང་འདོན་པ་དང་ཉན་པ་དང་
འཛིན་པ་དང་། རྗོད་པར་བྱེད་ན། དེས་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཞིང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་དངོས་གྲུབ་མཆོག་ཏུ་གྱུར་པ་སྐྱེ་བ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །ཧཱུྃ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་
པ་ལ་བཀའ་སྩལ་པ། འཇམ་དཔལ་ཉི་ཤུ་རྩ་ལྔ་པོ་འདི་དག་ནི་ངེས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོ་སྟེ་འདི་ལྟར། ཨོཾ་ནམཿསརྦྦ་བུད་དྷ་བོ་དྷི་སཏྭཱ་ནཱྃ། ཨོྃ་བོ་དྷི་ཙིཏྟ་བཛྲེ། ཨོཾ་ས་མནྟ་བྷ་དྲ་ཙཱརྱེ་དྷི། ཨོྃ་ཙིནྟ་མ་ཎི། ཨོྃ་ཨ་ནི་རོ་དྷེ། ཨོྃ་ཛཱ་ཏི་བི་བརྟྟེ། ཨོྃ་ཛཱ་ཏི་པ་རི་
ཝར་ཏེ། ཨོྃ་མ་ཧཱ་རཱ་གཱ་ངྷརྨྨཏེ། ཨོྃ་བིརྱ་ཀ་བ་ཙེ། ཨོྃ་སརྦྦ་གཱ་མི་ནི། ཨོྃ་བཛྲ་དྲྀ་ཌྷ་ཀ་བཙི་ཏེ་ཧཱུྃ་ཕཊ། ཨོྃ་སརྦྦ་ཏ་ཐཱ་ག་ཏེ། ཨོྃ་སྭ་བྷཱ་བ་ཤུད་དྷེ། ཨོྃ་པྲཛྙཱ་པཱ་ར་མི་ཏཱ་ཛྙཱ་ན་བི་ཤུད་དྷེ། ཨོྃ་ཀརྨ་བི་ཤོ་དྷ་ནི་ཧཱུཾ། ཨོྃ་ནི་སུྃ་བྷ་བཛྲི་ཎི་ཧཱུཾ་ཕཊ། ཨོྃ་ཀརྨ་རཱ་གེ །ཨོྃ་བཛྲ་ཧཱུཾ་བཛྲེ། ཨོྃ་ཧཱུྃ་
སརྦྦ་གཱ་མ་ཎི་ཨོྃ་ཧྲཱིཿ། ཨོྃ་ཨ་ཀཱ་རོ་མུ་ཁེ་ཨོཾ་པྲཛྙཱེ་པཱ་ར་མི་ཏེ། ཨོྃ་ཨ་མྦ་ཧཱུཾ། ཨོྃ་ཨཱྃ། ཨོྃ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་གྲེ །ཨོྃ་སརྦ་ཏ་ཐཱ་ག་ཏ། བཱཀ་བི་ཤོ་དྷ་ནེ། ཨོྃ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲེ་ཨཿ། ཨོྃ་སྥོ་ཊ་ཡ་སརྦྦ་ཨ་པཱ་ཡ་བནྡྷནཱ་ནི་པྲ་མོ་ཀྵ་ཡ་སརྦ་ཨ་པཱ་ཡ་ག་ཏི་བྷྱཿསརྦྦས་མ་ཡ་

བཛྲ་ཧཱུཾ་ཕཊ། སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་སོ། །དེ་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པ་ཆེན་པོའམ་དེ་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ། །འཇམ་དཔལ་འདི་ནི་དགེ་བའི་རྩ་བ་མ་
བསྐྲུན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲག་པར་མི་འགྱུར་ཞིང་དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་གྱིས་བྲི་བ་དང་བཀླག་པ་དང་བརྗོད་པ་དང་རིམ་གྲོར་བྱ་བ་དང་བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་མཆོད་པར་བྱ་བར་ཡང་ནུས་པ་མ་ཡིན་ནོ། །གཞན་དུ་ན་གང་
གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་ཡི་གེ་གཅིག་ཙམ་ཡང་ཐོས་ནས་སེམས་ཅན་དེ་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱ་ན་སླར་ཡང་མཐའ་དག་མ་ལུས་པ་རྫོགས་པ་ལྟ་ཅི་སྨོས། འཇམ་དཔལ་སེམས་ཅན་
གང་ལ་ལ་གང་གཱའི་ཀླུང་གི་བྱེ་མ་བརྒྱད་ཅུ་སྙེད་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ་ཕྱག་བྱས་བླ་མར་བྱས་རྗེད་པར་བྱས་མཆོད་པར་བྱས་ན། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་ནུས་སོ། །གང་དུ་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་སའི་
ཕྱོགས་དེ་མཆོད་རྟེན་དུ་གྱུར་པར་འགྱུར་ཏེ་གང་ཟག་དེ་ཡང་ཕྱག་བྱ་བའི་འོས་སུ་འགྱུར་རོ། །གང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་གཟུང་བ་འམ། གླེགས་བམ་དུ་བྲིས་པར་གྱུར་ན་དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་སྐྱེ་བ་དྲན་པར་འགྱུར་རོ། །དེ་ལ་བདུད་སྡིག་ཏོ་
ཅན་གྱིས་བར་དུ་མི་གཅོད་དོ། །རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། གཞན་ཡང་ལྷ་རྣམས་ཀྱིས་ཕྱི་བཞིན་རྗེས་སུ་འབྲངས་ཏེ། དེ་སྲུང་བ་དང་སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་ཞིང་ཚུལ་མ་ཡིན་པས་དུས་བྱེད་པར་མི་འགྱུར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་
ཅད་ཀྱིས་དགོངས་པར་འགྱུར་རོ། །མདོར་ན་སངས་རྒྱས་ཀྱི་ཞིང་གང་དང་གང་ཡིད་ལ་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །འཇམ་དཔལ་འདི་ལྟ་བུའི་ཕན་ཡོན་མང་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་སོ། །

དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་རྡོ་རྗེའི་སྙིང་པོ་ཐམས་ཅད་ཀྱི་རྒྱན་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ་གསང་བའི་དམ་ཚིག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་དམ་པ་ཆེན་པོ་
འཁོར་ལོས་སྒྱུར་བ་ཆེན་པོ་བཞིས་ཡོངས་སུ་བསྐོར་བ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་སྙིང་པོ་འདི་ཕྱུང་ངོ་། །མཚན་ཉིད་གཅིག་པའི་ཕྱིར་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སྤྲོས་པ་ཐམས་ཅད་སྤངས་
པའི་ཕྱིར་ཆོས་ཐམས་ཅད་གདོད་མ་ནས་ཡོངས་སུ་དག་པའོ། །ཐམས་ཅད་ཀྱི་སེམས་གསལ་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཡོངས་སུ་རྒྱས་པའོ། །ཨཿབྷྲུཾ་ཏྲཱྃ་ཧྲཱིཿཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡི་གེའི་ཚིག་འདི་བརྗོད་པ་ཙམ་གྱིས་ཆོས་
ཀྱི་དབྱིངས་ཀྱི་མཐས་ཀླས་པ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་དེ་སྙེད་ཉིད་དུ་ཤིན་ཏུ་གསལ་བ་རྒྱ་ཆེན་པོས་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་བསྡུ་བས་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་
ཆེན་པོའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་པར་བྱ་ཡིས་ཉོན་ཅིག་དེ་ལེགས་པར་ཉོན་ལ་
རབ་ཏུ་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ལ་ཞུགས་ལ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་ཆེན་པོ་ལ་བྱིན་གྱིས་བརླབ་པར་བྱོས་ཤིག །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་ཏེ།

བྱིན་གྱིས་བརླབས་ནས་དེ་ལས་འཐོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་རྣམ་པར་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་གནས། རྡོ་རྗེ་སྙིང་པོའི་རྒྱན་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཆེན་པོ་སྙིང་པོའི་རྒྱན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་བཀོད་པ་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རྡོ་རྗེ་སྙིང་པོ་
གསང་ཆེན་པོ། །དེ་བཞིན་གཤེགས་པ་ཀུན་ལྡན་དགེ། །རྡོ་རྗེ་སྙིང་པོ་དང་མཚུངས་པ། །ཁམས་རྣམས་ཐམས་ཅད་རྣམ་པར་སྤྲུལ། །སངས་རྒྱས་ཀུན་གྱི་བདུད་རྩི་དང་། །གཞན་ཡང་བཅུད་ལེན་དང་མཚུངས་པ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་
ཀུན་གྱི་རང་བཞིན་གྲོང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ནི་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཆུན་པོས་སྤྲས། །གྲྭ་ཡི་ཆ་རྣམས་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །རྡོ་རྗེའི་
ཐིག་རྣམས་ཀྱིས་སྤྲས་པའི། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡིའང་ཕྱི་རོལ་དུ་བྱ་བ། །དཀྱིལ་འཁོར་བདུད་རྩི་ཡི་ནི་འོང་། །ཁྱད་པར་ཇི་ལྟ་བ་བཞིན་དུ། །སྔགས་པས་ཀུན་ནས་ཡོངས་བསྐོར་བྱ། །དེ་ལྟར་རྣམ་བཞིའི་རྣམ་པ་
དང་། །ཇི་སྲིད་གྲོང་ནི་རྣམ་པ་བདུན། །སྦྱོར་བ་བདུན་དང་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །སྒོ་དང་སྒོ་ཁྱུད་རིན་ཆེན་ནི། །ཡང་དག་མཐོ་བ་ལེགས་པར་གནས། །དེ་ཡི་གྲོང་གི་ནང་དུ་ནི། །རབ་ཞུགས་འཁོར་ལོ་འདྲ་བ་རུ། །རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་
ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་མདུན་གནས་རྣམས་སུ། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པའོ། །དེ་ལྟར་འཁོར་ལོ་རྣམ་པ་གཉིས། །ནང་གི་དཀྱིལ་འཁོར་དང་མཚུངས་པ། །ཚད་མཛེས་པ་ཡི་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོས་རྣམ་པར་བརྒྱན། །གྲུ་བཞི་པ་དང་ཟླུམ་

པོ་ཉིད། །གྲུ་གསུམ་རྣམ་པར་ཡང་དག་བྱུང་། །ཟླ་ཕྱེད་རྣམ་པ་དང་མཚུངས་པ། །དཀྱིལ་འཁོར་རྣམ་པ་བཞི་སླར་ཡང་། །སློབ་དཔོན་རྡོ་རྗེ་ཡང་དག་འབྱུང་། །ཤེས་རབ་ཆེན་པོས་རབ་བརྟག་བྱ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །པདྨ་ཆེན་པོ་འདབ་
བརྒྱད་པ། །པདྨ་རཱ་གའི་འོད་མཚུངས་ལ། །སངས་རྒྱས་གཟུགས་བརྙན་གཞག་པར་བྱ། །དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །སངས་རྒྱས་ཐམས་ཅད་བསྡུས་པའོ། །སངས་རྒྱས་ཀྱི་ནི་ངོས་ཀུན་ཏུ། །ཤེས་རབ་ཅན་གྱིས་གཞག་བྱ་བ། །དམ་ཚིག་མཆོག་བཞི་རྣམ་བཞི་
ནི། །གོ་རིམས་བཞིན་དུ་ཡང་དག་བྲི། །རྡོ་རྗེ་ཆེན་པོ་སེང་གེའི་ཁྲིར། །འཁོར་ལོ་ཅན་གྱི་ཁྱབ་བདག་གཞག །གདུགས་དཀར་རྒྱལ་བའི་གཙུག་ཏོར་དང་། །གཟི་བརྗིད་ཕུང་པོ་སྐལ་བ་ཆེ། །རྣམ་པར་འཕྲོ་བྱེད་རྣམ་རྒྱལ་ཉིད། །དེ་བཞིན་གཙུག་ཏོར་ལྔ་པོ་ནི། །སངས་
རྒྱས་སྐྱོབ་པ་ཐམས་ཅད་ལ། །ཡོངས་སུ་བསྐོར་ནས་སྣམ་བུ་ལ། །དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། །རྡོ་རྗེ་ཤུགས་ཀྱིས་སོང་ན་ནི། །དཀྱིལ་འཁོར་དག་ནི་བཞི་པོ་རུ། །མི་བསྐྱོད་ལ་སོགས་རྣམ་པ་བཞི། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བྲི། །མི་བསྐྱོད་པ་ཡི་དཀྱིལ་འཁོར་
ནི། །ཟླ་འོད་ལྟ་བུའི་མདོག་ཏུ་བྱ། །རྡོ་རྗེ་སེམས་དཔའ་སོགས་རྒྱལ་པོ། །ཀུན་མཆོག་ས་ཡི་དབང་ཕྱུག་རྣམས། །རྡོ་རྗེ་སློབ་དཔོན་སྟོབས་པོ་ཆེ། །ཤེས་རབ་ཆེན་པོས་དགོད་པར་བྱ། །རིན་ཆེན་འབྱུང་གནས་དཀྱིལ་འཁོར་དུ། །རྡོ་རྗེ་རིན་ཆེན་སོགས་ཀྱིས་དགང་། །རྡོ་རྗེ་
ཆོས་སོགས་གསང་བ་ཡི། །དཀྱིལ་འཁོར་ཚེ་དཔག་མེད་པའོ། །རྡོ་རྗེ་ལས་ལ་སོགས་ལྡན་པ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །གཉིས་པ་འཁོར་ལོའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །རྣམ་གཟིགས་ལ་སོགས་སངས་རྒྱས་རྣམས། །དཀྱིལ་
འཁོར་ཀུན་ཏུ་དེར་ནི་བྲི། །རྡོ་རྗེ་སྙིང་པོ་རྒྱལ་པོ་ཆེ། །ཁྱབ་བདག་གསང་བའི་ཆོས་དབང་ཕྱུག །འདོད་པའི་དོན་ཀུན་གྲུབ་པའི་ཕྱིར། །འབད་པ་ཡིས་ནི་བྲི་བར་བྱ། །བློ་གྲོས་རྒྱ་མཚོ་མི་ཟད་བློ། །བྱམས་པ་བདག་ཉིད་ཆེན་པོ་དང་། །ནམ་མཁའི་སྙིང་པོ་གྲགས་ཆེན་པོ། །

ཀུན་ཏུ་བཟང་པོ་ཉིད་དག་དང་། །ཕྱག་ན་རྡོ་རྗེ་བདག་ཉིད་ཆེ། །ཀུན་ནས་འབར་བས་འཁྲུག་པའི་འོད། །འཇམ་དཔལ་དབྱངས་ནི་རིགས་ཀྱི་མཆོག །སངས་རྒྱས་སྲས་བཟང་དྲི་མ་མེད། །སྒྲིབ་པ་ཐམས་ཅད་ངེས་པར་སེལ། །དེ་ནས་ས་ཡི་སྙིང་པོ་མཆོག །ནམ་མཁའི་
མཛོད་ནི་མཛོད་དམ་པ། །ལག་ན་རིན་ཆེན་བླ་ན་མེད། །ངན་སོང་ཀུན་ནི་འཇོམས་པ་ནི། །དྲ་བ་ཅན་གྱི་འོད་ཅེས་བྱ། །དཔའ་བོ་འདི་དག་གསང་བ་ཆེ། །དཀྱིལ་འཁོར་འདི་དག་བྲི་བར་བྱ། །འཁོར་ལོ་དེ་ནི་དོར་ནས་ནི། །བློ་གྲོས་ལྡན་པས་ཕྱིར་སོང་སྟེ། །ཤར་
དུ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་གོ་རིམས་བཞིན་དུ་དགོད། །འཁོར་ལོ་མཛེས་པའི་དགེ་ལེགས་ཅན། །རྡོ་རྗེ་དཔལ་བེའུ་པད་ཅེས་བྱ། །གཙུག་ཏོར་རྣམ་པ་སྣ་ཚོགས་པ། །རྡོ་རྗེ་པད་མས་རྣམ་པར་བརྒྱན། །ལྷུང་བཟེད་དང་ནི་འཁར་གསིལ་དང་། །ཆོས་
གོས་ཀྱང་ནི་ཁྱད་པར་དུ། །ཤཱཀྱ་སེང་གེ་ཇི་སྲིད་པར། །སངས་རྒྱས་ཀུན་གྱིས་རབ་ཏུ་གསུངས། །གང་ཞིག་དངོས་གྲུབ་མཆོག་འདོད་པ། །དེ་རྣམས་བློ་ལྡན་བརྟན་པས་བྲི། །བྱང་དུ་འཇིག་རྟེན་དབང་ཕྱུག་གི། །ཕྱག་རྒྱའི་ཚོགས་མཆོག་དེ་བཞིན་ཏེ། །པདྨ་ཨུད་པལ་
ཉིད་དང་ནི། །སྤྱི་བླུགས་པགས་པའི་གཡང་གཞི་དང་། །དབྱུག་གུའི་ཤིང་ནི་མཁས་པ་ཡིས། །མ་མྱོས་པ་རུ་བྲི་བར་བྱ། །སླར་ཡང་ལྷོ་རུ་སོང་ནས་ནི། །ཕྱ་ན་རྡོ་རྗེ་བདག་ཉིད་ཆེ། །སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །ཕྱག་རྒྱ་འབད་པས་བྲི་བར་བྱ། །རྡོ་རྗེ་པཊྚ་ཤ་
དང་ནི། །དྲིལ་བུ་རབ་ཏུ་མཛེས་པ་དང་། །དབྱུག་གུ་དང་ནི་ཐོ་བ་དང་། །དབྱུག་པ་རྡོ་རྗེས་མཚོན་པ་དང་། །ལྕགས་སྒྲོག་དང་ནི་རྩེ་གསུམ་ཡང་། །འདི་དག་དཔའ་བོའི་ཕྱག་རྒྱའོ། །དཀྱིལ་འཁོར་ནུབ་ཏུ་སོང་ནས་ནི། །འཇམ་པའི་དབྱངས་ནི་བློ་དང་ལྡན། །གསང་བའི་
ཆོས་ནི་དམ་པའི་མཆོག །བརྩོན་འགྲུས་ཆེན་པོའི་ཕྱག་རྒྱ་བྲི། །ཨུད་པལ་འཁོར་ལོ་རྡོ་རྗེ་དང་། །རལ་གྲི་ཡང་ནི་ཁྱད་པར་དུ། །ཐོད་པ་དང་ནི་དགྲ་སྟ་ཉིད། །རྨ་བྱ་དང་ནི་སེང་གེ་ཉིད། །ཕྱག་རྒྱ་འདི་ནི་བརྩོན་འགྲུས་ཆེ། །མཁས་པ་ཡིས་ནི་དགོད་པར་བྱ། །

འཁོར་ལོའི་གྲྭ་ནི་ལེགས་གནས་པར། །རྡོ་རྗེ་སྒེག་མོ་ལ་སོགས་བྲི། །ཕྱི་ཡི་འཁོར་ལོའི་གྲྭ་རུ་ནི། །རྡོ་རྗེ་བདུག་པ་ཞེས་བྱ་སོགས། །བདག་ཉིད་ཆེན་པོ་འབད་པ་ཡིས། །མཆོད་པ་འདི་དག་བྲི་བར་བྱ། །ཕྱི་ཡི་དཀྱིལ་འཁོར་གྲྭ་རྣམས་སུ། །གཟུགས་ཀྱི་
རྡོ་རྗེ་ལ་སོགས་མིན། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །ཁྱད་པར་དུ་ནི་རོ་ཉིད་དང་། །རེག་དང་ཆོས་ཀྱི་དབྱིངས་དང་ནི། །མཁས་པ་ཡིས་ནི་དགོད་པར་བྱ། །སྒོ་ཡི་ནང་ནི་ཐམས་ཅད་དུ། །སྒོ་སྐྱོང་བ་ནི་དགོད་པར་བྱ། །དེ་བཞིན་དཀྱིལ་འཁོར་གཉིས་པ་རུ། །རྡོ་རྗེ་ཤུགས་
ཀྱིས་སོང་ནས་ནི། །གོ་རིམས་བཞིན་དུ་སངས་རྒྱས་ཀྱི། །ཡུམ་རྣམས་འབད་པས་བྲི་བར་བྱ། །ནམ་མཁའི་སྤྱན་ཞེས་བྱ་བ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་དང་། །ཤེས་རབ་ཕ་རོལ་ཕྱིན་མ་ཡང་། །ཕྱག་རྒྱ་ཀུན་དང་ཡང་དག་ལྡན། །ཇི་སྲིད་དེ་བཞིན་གཤེགས་རིག་མ། །
ཐམས་ཅད་ཤར་དུ་དགོད་པར་བྱ། །དེ་ནས་བློ་གྲོས་ལྡན་པ་ཡིས། །བྱང་གི་ཕྱོགས་སུ་སོང་ནས་ནི། །གོས་དཀར་མ་དང་སྒྲོལ་མ་ཆེ། །ཁྲོ་གཉེར་ཅན་དང་གྲགས་འཛིན་མ། །ཁྱད་པར་དུ་ནི་དཔལ་བདུན་དང་། །མདའ་བདུན་དང་ནི་དབྱངས་ཅན་མ། །དེ་ལ་སོགས་
པའི་ལྷ་མོ་རྣམས། །བྲན་དང་བྲན་མོར་ཡང་དག་ལྡན། །དེ་བཞིན་ཕོ་ཉ་ཕོ་ཉ་མོ། །གསང་བའི་ཕྱག་རྒྱ་ལྷན་ཅིག་བྲི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ལྷོ་ཡི་ཕྱོགས་སུ་རབ་ཕྱིན་ལ། །མཱ་མ་ཀཱི་དང་ལྕགས་སྒྲོག་དང་། །ཁབ་རྩེ་རྡོ་རྗེའི་མཚན་མ་མཆོག །དེ་ལྟར་བྲིས་
ནས་བློ་ལྡན་གྱིས། །ནུབ་ཀྱི་ཕྱོགས་སུ་སོང་ནས་ནི། །དེར་ནི་ཕྱིན་ནས་ཤེས་ལྡན་གྱིས། །སྐྲ་ཅན་སྟོབས་ཆེན་བྲི་བར་བྱ། །དེ་བཞིན་འདམ་བུ་མདའ་རྒྱུ་དང་། །ལྷ་མོ་ཟླ་མཛེས་འོད་ཟེར་འདྲ། །དཀྱིལ་འཁོར་ཀུན་གྱི་མཚམས་རྣམས་སུ། །དེ་བཞིན་ཉེ་བའི་སྐྲ་ཅན་མ། །
འབད་པ་ཡིས་ནི་བྲི་བར་བྱ། །རབ་བཀྲ་ནོར་གྱི་བློ་གྲོས་དང་། །འགུགས་བྱེད་ཕོ་ཉ་ལྔ་དང་ལྡན། །གྲྭ་ཡི་ཆ་རུ་བྲི་བྱ་བ། །རྡོ་རྗེ་མདུང་རྩེ་ཞེས་བྱ་སོགས། །སྒོ་ཡི་ནང་ནི་ཐམས་ཅད་དུ། །སྒོ་སྐྱོང་བ་ནི་རྣམ་པར་བྲི། །གཞན་གྱིས་མི་ཐུབ་ལྷ་མོ་ཆེ། །དེ་བཞིན་རལ་པ་གཅིག་

མ་མཆོག །རྡོ་རྗེ་དྲེགས་མོ་ལྷ་མོ་ཆེ། །རྡོ་རྗེ་ཀུམ་བྷི་ཡང་དག་བྲི། །དེ་ནས་བློ་ལྡན་དཀྱིལ་འཁོར་ནི། །ཐམས་ཅད་ལས་ནི་འཐོན་ནས་སུ། །ཤར་གྱི་ཆ་ནི་ཐམས་ཅད་དུ། །སྔགས་པ་མཉམ་པར་གཞག་པ་ཡིས། །ཁྲོ་ཆེན་གཞན་གྱིས་མི་ཐུབ་པ། །དེ་བཞིན་མི་གཡོ་ཞེས་
བྱ་དང་། །ཁམས་གསུམ་རྣམ་རྒྱལ་སྙིང་པོ་ནི། །མངའ་བདག་བརྒྱ་ཕྲག་ལྔ་ཡིས་བསྐོར། །ཤར་དུ་བྲིས་ནས་སྔགས་པ་ཡིས། །དེ་ནས་བྱང་གི་ཆར་སོང་སྟེ། །རྟ་མགྲིན་ཁྲོ་བོ་ཆེན་པོ་དང་། །སྐར་མའི་སྤྱན་ནི་ཁྱད་པར་དུའོ། །ཁྲོ་གཉེར་རིམ་པ་རྣམ་བསྒྱིངས་པ། །
ཁྲོ་བོ་བློ་ལྡན་བརྩོན་འགྲུས་ཆེ། །ཕོ་ཉ་བྲན་རྣམས་ཐམས་ཅད་དང་། །མ་མོ་སྟོང་གིས་ཡོངས་བསྐོར་བར། །འཇིག་རྟེན་མགོན་གྱིས་བཀའ་སྩལ་ཏོ། །དེ་ནས་བློ་གྲོས་ལྡན་པ་ཡིས། །ལྷོ་ཡི་ཕྱོགས་སུ་སོང་ནས་སུ། །དེར་ནི་ཕྱིན་ཏེ་བརྩོན་ཆེན་པོ། །ཁྲོ་བོ་ཆེན་པོ་
སྟོབས་པོ་ཆེ། །རྡོ་རྗེ་མཚན་པས་ལེགས་མཚན་པ། །ཤེས་རབ་ཆེན་པོས་དགོད་པར་བྱ། །ཁྲོ་བོ་ཟླ་བའི་ཐིག་ལེ་དང་། །དེ་བཞིན་ཁྲོ་ཆེན་རྡོ་རྗེ་འཆང་། །ཁྲོ་བོ་གཟེགས་མ་སྟོབས་པོ་ཆེ། །ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། །རྡོ་རྗེ་ས་འོག་ས་འོག་དང་། །དེ་བཞིན་
འཇིགས་པའི་མིག་ཅན་དང་། །རྐང་པས་བསྣུན་པའི་རྡོ་རྗེ་མཆོག །གསང་དང་རབ་གསང་རྗེས་འགྲོ་དང་། །བྲན་དང་ཕོ་ཉ་རྗེས་འགྲོ་བ། །རྗེས་འགྲོ་ཅན་བློ་ཁྲོ་བོ་ནི། །སྟོང་ཕྲག་གསུམ་དང་ཕྱེད་ཀྱིས་བསྐོར། །དེ་ལྟར་བྲིས་ནས་བློ་ལྡན་གྱིས། །ནུབ་ཀྱི་ཕྱོགས་སུ་ཕྱིན་
ནས་ནི། །དེར་ནི་སོང་སྟེ་བརྩོན་ཆེན་པོ། །གཤིན་རྗེ་མཐར་བྱེད་ཅེས་བྱ་བ། །གདོང་དྲུག་པ་ལ་ལག་དྲུག་པ། །ཁྲོ་བོ་ཡི་གེ་བདུན་ཞེས་བྱ། །ཁྲོ་བོའི་གཙོ་བོ་སྟོང་ཕྲག་ནི། །བདུན་དག་གིས་ནི་ཡོངས་བསྐོར་བའོ། །དཀྱིལ་འཁོར་ཆ་ནི་ཐམས་ཅད་དུ། །ཁྲོ་བོ་
གཏུམ་པོ་ཐམས་ཅད་བྲི། །དེ་ནས་བློ་ལྡན་འོངས་ནས་སུ། །རང་རྒྱལ་རྒྱལ་བ་ཐམས་ཅད་ནི། །དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། །དེ་ནས་སྔགས་པ་འོངས་ནས་ནི། །རྒྱལ་བ་ཉན་ཐོས་བྲི་བར་བྱ། །དེ་ནས་ཐམས་ཅད་བྲིས་ནས་སུ། །དེ་རྣམས་ཚངས་སོགས་ལྷ་

དེ་དག །དཀྱིལ་འཁོར་ཀུན་ཏུ་རྣམ་པར་བྲི། །དབང་ཕྱུག་ཆེ་དང་ཁྱབ་འཇུག་དང་། །ཟླ་བ་ཉི་མ་ཞེས་བྱ་དང་། །གཟའ་བརྒྱད་དང་ནི་འཇིག་རྟེན་སྐྱོང་། །རྒྱལ་ཆེན་རིགས་ནི་བཞི་པོ་དང་། །དེ་བཞིན་སུམ་ཅུ་རྩ་གསུམ་ཉིད། །འཐབ་བྲལ་རྣམས་དང་
དགའ་ལྡན་རྣམས། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་རྣམས། །ཚངས་ཆེན་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་
རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་རྣམས་དང་། འོག་མིན་རྣམས་དང་། དག་པའི་གནས་པ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་མཚམས་
སུ་དགོད་པར་བྱའོ། །དེ་ནས་དབང་ལྡན་དུ་དབང་ལྡན་དང་། དབང་པོར་དབང་པོ་དང་། མེར་མེ་ལྷ་དང་། གཤིན་རྗེར་གཤིན་རྗེ་དང་། བདེན་བྲལ་དུ་བདེན་བྲལ་དང་། ཆུར་ཆུ་ལྷ་དང་། རླུང་དུ་རླུང་ལྷ་དང་། ལུས་ངན་དུ་ལུས་ངན་རྣམས་དང་། ཕྱི་རོལ་དུ་ཁོར་
ཡུག་ཆེན་པོའི་རིའི་རྒྱལ་པོ་བྲི་བར་བྱའོ། །རབ་དགའི་ནང་དུ་རྒྱ་མཚོ་ཆེན་པོ་བདུན་དགོད་པར་བྱའོ། །ཕྱི་རོལ་གྱི་ཤར་ཕྱོགས་སུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ། །ལྷོར་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ། །
ནུབ་ཏུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ། །བྱང་དུ་རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པར་དགོད་པར་བྱའོ། །དེ་ལྟ་བུའི་གྲུ་བཞི་པ། སྒོ་བཞི་པའི་དཀྱིལ་འཁོར་ཆེན་པོ་དར་དང་མེ་ཏོག་གི་ཆུན་པོ་དང་། སྒོ་ཁྱུད་དང་། གདུགས་དང་།
རྒྱལ་མཚན་དང་། བ་དན་བསྒྲེང་བ། དྲ་བ་དང་དྲ་བ་ཕྱེད་པས་བཀླུབས་པ། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོ་བྲིས་ལ་བསྒོམ་པར་བྱའོ། །དེའི་ཕྱི་རོལ་དུ་འགྲོ་བ་ལྔ་པོ་གཞག་པར་བྱའོ། །དེ་བཞིན་དུ་དབུས་སུ་རིའི་རྒྱལ་པོ་ལྷུན་པོའི་ཚད་དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་

རྣམ་པར་བསམས་ནས། དེའི་སྟེང་དུ་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གཞག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་རིམ་གྱིས་བཀོད་ནས་ཉེ་བར་སྤྱོད་པ་ཐམས་ཅད་ཀྱི་ཚོགས་མཆོད་ནས་ཉེ་བར་ཞུགས་ཏེ། དགུག་པ་དང་གཞུག་པ་དང་དམ་ཚིག་
གིས་བཅིངས་ནས་མཉེས་པར་བྱས་ཏེ། མཆོད་པ་དང་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་དང་སྤྲོ་བ་དང་། བསྡུ་བ་ལ་སོགས་པ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་བཞིན་དུ་བསྒོམ་པ་ལས་བླང་སྟེ་དེ་བཞིན་གཤེགས་
པ་ཐམས་ཅད་དང་རྡོ་རྗེ་སེམས་དཔའི་བདག་ཉིད་ནི་རྣམ་པར་སྣང་མཛད་ངའོ་ཞེས་བསྒོམ་པར་བྱའོ། །དེ་ལྟ་བུ་ལས་ལངས་ནས་དེའི་སྙེམས་པ་འཆང་ཞིང་སྙིང་རྗེ་དང་བྱམས་པའི་འདྲེན་བྱེད་དང་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ལས་འདས་པ་རབ་འབྱམ་རྒྱ་མཚོའི་
སྤྲིན་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྤྲིན་གྱིས་ཀུན་ནས་བཀང་སྟེ། དེ་བཞིན་གཤེགས་པ་རབ་ཏུ་འབབ་པས་རྡོ་རྗེ་སེམས་དཔའ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་རང་གི་ལུས་ལ་ཞུགས་ནས། ཕྱོགས་ཐམས་ཅད་ཧཱུཾ་གི་ཡི་གེའི་སྒྲས་རབ་ཏུ་བསྒྲག་པར་བྱའོ། །
བསྣུན་པ་བཞིས་རོལ་པ་དང་བཅས་པས་ཕྱག་རྒྱ་ལ་བཟླས་པ་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཆོ་ག་བཞིན་དུ་རྡོ་རྗེ་སློབ་དཔོན་གྱིས་བཀུག་ནས་བཅུག་སྟེ་བཅིངས་ལ་དམ་ཚིག་ལ་གཞག་པར་བྱས་ནས་རྡོ་རྗེ་སེ་གོལ་གྱི་སྦྱོར་བ་དང་ཀུན་ནས་འབེབས་པའི་ཕྱག་
རྒྱས་བདག་ཉིད་ལ་དབབ་སྟེ། སྙིང་པོ་འདི་བཞིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བདག་མཚུངས་སོ་སྙམ་དུ་བསམ་པར་བྱའོ། །དེ་ལ་འདི་ནི་ཐམས་ཅད་འབེབས་པའི་སྙིང་པོ་བཞི་པོར་འགྱུར་རོ། །ཨ་ཨཱ་ཨྃ་ཨཿབདག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་
སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བདག་མཚུངས་པ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལྕགས་ཀྱུའི་སེ་གོལ་གཏོགས་ནས་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ།

བཛྲ་ས་མཱ་ཛཿ། ཨཱ་གཙྪ་ཨཱ་གཙྪནྟུ། སརྦྦ་ཏ་ཐཱ་ག་ཏ། སརྦྦ་བོ་དྷི་སཏྭ་པ་རི་བྲྀ་ཏཱཿ པྲཏྱེ་ཀརྷ་ཧ་ཏེ་སྭཱ་ཧཱ་ཞེས་སོ། །ཨོཾ་བཛྲ་ས་མཱ་ཛཿ། ཨཱ་གཙྪ། ཨཱ་གཙྪ། སརྦྦ་ཏ་ཐཱ་ག་ཏཱ་བཛྲ་ཡོ་གཱི་ཤྭར། ས་ཏྤ་ན་ཡཻཿ། སྭ་ཧཱ་ཨ་ཧཱཿ། །དེ་ནས་དེ་བཞིན་གཤེགས་
པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བཅས་པ་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་རྒྱུད་དང་གཟུགས་རྣམས་དང་ལྷན་ཅིག་དཀྱིལ་འཁོར་དུ་འདུས་ནས་བྱོན་པར་འགྱུར་རོ། །དེ་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་བདག་ཉིད་རྣམ་པར་བསྒོམས་ནས་མིང་བརྒྱ་རྩ་བརྒྱད་པ་བཏོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པར་བྱས་ནས་སྒོ་བཞི་པོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ཏེ། ལས་
ཆེན་པོ་དམ་པའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ། སུ་ར་ཏ་བཛྲ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿཨ་དྷི་ཏིཥྠནྟུ། སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་མཎྜ་ལྃ་ཞེས་སོ། །དེ་ནས་གསང་བའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གསོལ་བ་འདེབས་ལགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་
དོན་མཛད་དུ་གསོལ། བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཇི་ལྟར་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རབ་འབྱམ་རྒྱ་མཚོའི་སྤྲིན་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཀུན་ནས་བཀང་སྟེ་བྱིན་
གྱིས་བརླབ་པར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་འདིར་རྡོ་རྗེ་སྙིང་པོའི་རྒྱན་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་ཆོ་ག་རྒྱས་པར་འགྱུར་བ་ནི་དེ་ནས་གོས་དམར་པོ་ཕྲག་པར་གཟར་ཏེ་དེ་བཞིན་དེ་

བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བའི་ཐལ་མོ་སྦྱར་ནས། སྔགས་འདིས་སྙན་གསན་དབབ་པར་བྱ་སྟེ། ས་མ་ཡ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་བཛྲ་ཨ་དྷིཥྛཱ་ནཾ་ཀུ་རུ་མཱཾ། སརྦྦ་ཏ་ཐཱ་ག་ཏ་ས་མ་ཡེཥུ་མེ་ཨ་དྷི་ཏིཥྠནྟུ་སརྦྦ་བུདྡྷ་མཱཾ་པྲ་བེ་ཤ་ཡནྟུ། པྲ་ཏི་པཱ་ལ་
ཡནྟུ། པཱུ་ཛཱ་ཉྩ་མེ་པྲ་ཡཙྪནྟུ། པྲ་པིཥྚོསྨི། སརྦྦ་ཏ་ཐཱ་ག་ཏ་བཛྲ་མཎྜ། ཨ་ལཾ་ཀཱ་རེ་མ་ཧཱ་བཛྲ་མཎྜ་ལེ་པྲ་ཏི་བ་ལ་ཡན་ཏུ་མཱཾ་སྟུ་ཛཉྩ་མེ་པྲ་ཡཙྪནྟུ། དེ་ནས་སློབ་དཔོན་གྱིས་དེའི་ཐལ་མོར་མེ་ཏོག་དཀར་པོའི་ཕྲེང་བ་སྔགས་འདིས་བཏགས་ནས་ནང་དུ་མེ་ཏོག་བཞི་དང་སོར་མོའི་རྩེ་མོར་
མེ་ཏོག་རེ་རེ་བཅུག་ལ་དེ་ནས་སྔགས་འདི་བརྗོད་ཅིང་གཞུག་པར་བྱའོ། །ཧཱུྃ་དྷྭཾ་ཧྲཱོཾ་ཀྲུཾ་ཤྲུཾ་ཛྲུཾ་བཿཀཿ པྲྃ་ཁིཾ་ཤྲཱིཾ་ཛྲུཾ་ཧཱཾ་མཱཾ། ཨ་དྷི་ཏིཥྛམཱཾ། སརྦྦ་ཏ་ཐཱ་ག་ཏ་ས་མ་ཡ་ས་ཏྭ་པྲ་བི་ཤཱ་མི། དེ་ནས་སློབ་དཔོན་གྱིས་དེའི་གདོང་གཡོགས་བཅིངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་རབ་ཏུ་ཁྱབ་པའི་སྦྱོར་བས་དེ་བཅུག་ལ་སྔགས་འདིས་མེ་ཏོག་གཏོར་བར་བྱའོ། །སྔགས་ནི་ས་མ་ཡོ་ཧཾ་ས་མ་ཡ་སྟྭཾ་ས་མ་ཡ་ཧཱུཾ། གང་ལ་མེ་ཏོག་རྣམས་ལྷུང་བ་དེ་ཉིད་དེའི་ལྷར་བྱིན་པར་བྱའོ། །
དེ་ནས་ཆོ་ག་བཞིན་དུ་སྔགས་འདིས་དབབ་པར་བྱའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཏ་ཊ་ཏ་ཊ། དྷ་མ་དྷ་མ། བཛྲ་ཧཱུཾ་བི་ཀྲི་ཏ་བིངྩ་ཛྫི་ཧྭཱ་དུ་རྡཱན་ཏ་ད་མ་ཀ །ཧ་སི་ཏ་ལཾ་བོ་ད་ར། ཀ་ཧ་ཀ་ཧ། ཙུ་ལུ་ཙུ་ལུ། མུཉྩ་མུཉྩ། ཨཊྚཱཊྚ་ཧཱ་ས། ད་ར་བི་ད་ར། བཛྲ་བཛྲོངྒ་ཏ། བཛྲ་
ནེ་ཏྲ། བཛྲ་ཤྲོ་ཏྲ། བཛྲ་གྷྲཱ་ཎ། བཛྲ་དཾཥྚྲ་ཀིཉྩི་རཱ་ཡ་སི་པྲ་བི་ཤ །བཛྲ་པཱ་ཎེ་ཧྲཱི་ད་ཡ་མཱ་བི་ཤ །མཱ་བི་ཤ །གྷཱུརྞྞ་གྷཱུརྞྞ། པཱུརྞྞ་པཱུརྞྞ། གྷུརྞྞ་པ་ཡ། གྷཱུརྞྞ་པ་ཡ། བྷྲཱ་མ་ཡ་བྷྲཱ་མ་ཡ། པཱ་ཏ་ཡ་མོ་ཊ་ཡ། ཨ་བེ་ཤ་ཡ། ཛལྤ་ཛལྤ། ཛལྤ་པ་ཡ་ཛལྤ་པ་ཡ། ལ་གྷུ་ལ་གྷུ།
སརྦྦ་ཏ་ཐཱ་ག་ཏཱ་ཛྙཱ་ཀ་ར་པྲ་བ་ར། དྷརྨྨ་ལ་བྡྷ། བི་ཛ་ཡ། ཧེ་ཧེ་བཛྲ་ཛྷཾ་ཀཱ་ར་ཧཱུྃ་ཀྲྀ་ཏ་སྭཱ་ཧཱ། དབབ་པའི་དམ་ཚིག་གོ། །དེ་ལྟར་ཕབ་ནས་ཀྱེ་ཁྱོད་ཀྱིས་གང་དགེ་བའམ་མི་དགེ་བ་མཐོང་ངམ་ཞེས་དྲིའོ། །ད་ནས་དེ་དེ་བཞིན་གཤེགས་པའམ། རྡོ་རྗེ་འཛིན་པའམ་དགེ་བའམ་

མི་དགེ་བ་བདག་གིས་འདི་ལྟ་བུ་མཐོང་ངོ་ཞེས་སྨྲ་བར་འགྱུར་རོ། །དེ་ནས་སློབ་དཔོན་གྱིས་དེ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་དུ་ཡོངས་སུ་གཞག་ལ་མིག་བཅིངས་པ་བཀྲོལ་ལ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་
ལ་དེའི་དབུས་སུ་ཁ་དོག་ཐམས་ཅད་ཀྱིས་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཡིད་དུ་འོང་བའམ། སེང་གེའི་ཁྲི་རང་ཉིད་ཀྱིས་བྲིས་ཏེ་དེ་ནས་དེ་ལ་དར་གྱི་བགོ་བ་དང་། མེ་ཏོག་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ལ་ཁྱད་པར་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་གདུགས་
དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་ཉེ་བར་མཁོ་བ་དང་། དུང་དང་། རྫ་རྔ་དང་། རྔ་བོ་ཆེ་དང་། དུང་ལ་སོགས་པ་དང་གར་དང་། གླུ་རྣམས་ཀྱིས་ལེགས་པར་མཆོད་ནས་ཅོད་པན་ལྔའི་དབང་བསྐུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱི་
གོ་འཕང་ལ་སྔགས་འདིས་རབ་ཏུ་གཞག་པར་བྱའོ། །ཨོྃ་སརྦྦ་ཏ་ཐཱ་ག་ཏ་བཛྲོ་ཥྞཱི་ཥ་ཨ་བྷི་ཥིཉྩ་ཨོྃ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཨོྃ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཨོྃ་བཛྲ་པདྨ་ཨ་བྷི་ཥིཉྩ། ཨོྃ་བཛྲ་བཛྲ་ཨ་བྷི་ཥིཉྩ་སྤྱི་བོ་དང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་།
རྐེད་པ་ནས་རྗེ་ངར་གྱི་བར་དུ་ཡི་གེའི་ཕྱག་རྒྱ་བཀོད་ལ་རང་གི་ལྷའི་གཟུགས་ཀྱི་སྦྱོར་བས་བལྟ་བར་བྱའོ། །དེ་དེ་ལྟར་དབང་བསྐུར་ནས་རིགས་དང་མཐུན་པའི་མིང་བྱས་ནས་རྡོ་རྗེའི་ཆོ་ག་རྣམས་བསླབ་པར་བྱའོ། །དེ་ལ་རྡོ་རྗེའི་གནས་ཚིག་རྣམས་ནི་འདི་དག་སྟེ། རང་བཞིན་
གྱིས་དབྱེར་མེད་པའི་ཕྱིར་རང་གི་ལུས་རྡོ་རྗེ་སེམས་དཔའི་གནས་ཏེ། རྡོ་རྗེའི་གནས་འདིས་ལྟ་བའི་ཐིབས་པོ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ། །རིག་པ་ལ་འཇུག་པའི་ཕྱིར་མ་རིག་པ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་དམིགས་པའི་དངོས་པོ་ཡོངས་སུ་ཤེས་
པ་ལ་འཇུག་པར་འགྱུར་རོ། །ཧཱུྃ། མངོན་པར་འདུ་བྱེད་པའི་ཕྱིར་མཚམས་མེད་པའི་མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་བལྟ་བར་གྱུར་པ་ཐམས་ཅད་ངེས་པར་རིག་པར་འགྱུར་རོ། །ཨོྃ། འདོད་ཆགས་དང་བྲལ་བའི་མཐའ་མཉམ་པ་ཉིད་ཀྱི་ཕྱིར། འདོད་ཆགས་ཀྱི་

མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདི་འདོད་ཆགས་དང་བྲལ་བའི་ཆེད་དུ་འཇུག་གོ། །ཧ། བྱམས་པའི་མཐའ་མཉམ་པ་ཉིད་ཀྱི་ཕྱིར་ཞེ་སྡང་གི་མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདི་ཉེས་པ་ཐམས་ཅད་གཅོད་པའི་ཆེད་དུ་འཇུག་གོ །མཻཿ། ཤེས་རབ་སྒྲོན་མ་
མཉམ་པ་ཉིད་ཀྱི་ཕྱིར་གཏི་མུག་གི་མཐའི་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་མུན་པ་བསལ་བར་བྱེད་པར་འགྱུར་རོ། །རྃ། སེམས་ཅན་ཐམས་ཅད་སེམས་ཅན་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་སེམས་ཅན་མཉམ་པ་ཉིད་ལ་འཇུག་པའི་དོན་དང་སེམས་ཅན་གྱི་རང་བཞིན་
རྟོགས་པའི་དོན་དུ་འགྱུར་རོ། །ཧྲཱི། སེམས་ཅན་ཐམས་ཅད་སེམས་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་སེམས་ངེས་པ་ལ་འཇུག་པའི་དོན་དང་སེམས་རང་བཞིན་གྱིས་འོད་གསལ་བ་མངོན་པར་རྟོགས་པའི་དོན་དུ་འགྱུར་རོ། །ཨ། སངས་རྒྱས་ཐམས་ཅད་སངས་རྒྱས་
གཅིག་པ་སྟེ། རྡོ་རྗེའི་གནས་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་དོན་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ། །ཨོྃ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཏེ། རྡོ་རྗེའི་གནས་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྗེས་
སུ་རྟོགས་པར་འཇུག་པའི་དོན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ། །ཨཱྃ། བདུད་ཀྱི་ལས་ཐམས་ཅད་སངས་རྒྱས་ཀྱི་ལས་ཏེ། རྡོ་རྗེའི་གནས་འདི་ལས་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་དོན་དང་། ལས་ཐམས་ཅད་ལས་ཡོངས་
སུ་འདས་པའི་དོན་དུ་འགྱུར་རོ། །ཧཱུྃ། ངག་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་སྟེ། རྡོ་རྗེའི་གནས་འདི་སྒྲ་ཇི་བཞིན་པ་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་དོན་དང་། བརྗོད་པ་ལས་འདས་པའི་ཆོས་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ། །རྡྷྃ། ཆོས་
ཐམས་ཅད་མ་སྐྱེས་པ་སྟེ། རྡོ་རྗེའི་གནས་འདི་འཆི་འཕོ་མེད་པ་ལ་འཇུག་པའི་དོན་དང་། སྐྱེ་བ་དང་། རྒ་བ་དང་འཆི་བའི་ལས་འདའ་བའི་དོན་དུ་འགྱུར་རོ། །མྃ། ཆོས་ཐམས་ཅད་མ་བྱུང་བ་སྟེ། རྡོ་རྗེའི་གནས་འདི་འགོག་པ་མེད་པ་ལ་འཇུག་པའི་དོན་དང་། ཆོས་

ཐམས་ཅད་འགོག་པ་མེད་པའི་དོན་དུ་འགྱུར་རོ། །ཁྃ། འདི་ལ་རྣམ་གནས་རྣལ་འབྱོར་པ། །བདག་གིས་དེ་ཉིད་རབ་རྟོགས་ཏེ། །བདག་གིས་དེ་ཉིད་རབ་བརྟགས་ནས། །སངས་རྒྱས་ཀུན་མཚུངས་མཉམ་མེད་འགྱུར། །དེ་ལ་སོགས་པའི་དངོས་གྲུབ་ཐམས་
ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཏེར་ཐམས་ཅད་དང་། འཁོར་ལོ་ཐམས་ཅད་དང་། རྡོ་རྗེ་ཐམས་ཅད་དང་། རལ་གྲི་དང་། ཡིད་བཞིན་གྱི་ནོར་བུ་དང་། དངུལ་ཆུ་དང་། བཅུད་ལེན་རྣམས་དང་། གྱེན་དུ་འགྲོ་བ་དང་། རྐང་འོག་དང་མི་སྣང་བ་དང་།
རིག་པ་འཛིན་པ་དང་། འཁོར་ལོས་སྒྱུར་བ་ཉིད་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཉིད་དང་། བྱང་ཆུབ་སེམས་དཔའི་ས་རྣམས་དེས་མྱུར་དུ་འགྲུབ་པར་འགྱུར་རོ། །ཧཱུྃ། ཡིད་ནི་རྩེ་གཅིག་གྱུར་པ་ཡིས། །སངས་རྒྱས་རྗེས་
དྲན་བསྒོམས་ནས་ནི། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་སྐུ་གཟུགས་བསྒོམ་པར་བྱ། །སྦྱོར་བ་དེ་ཡི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་མཚུངས་མཉམ་མེད་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་རབ་གསལ་
བའི། །ཀུན་ཏུ་བཟང་པོ་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པས་བསྒོམ། །ལོ་ནི་ཕྱེད་ཀྱི་སྦྱོར་བ་ཡིས། །ཀུན་ཏུ་བཟང་པོ་འདྲ་བར་འགྱུར། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པས་བསྒོམ། །རྒྱལ་པོའི་དབང་བསྐུར་ཉིད་དམ་ནི། །
ཡང་ན་དབང་ཕྱུག་ཐོབ་པར་འགྱུར། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ། །དེ་ནི་རང་གིས་བརྟན་པོར་བསྒོམ། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ཀྱང་། །ཐོབ་ན་དངོས་གྲུབ་གཞན་ཅི་སྨོས། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་གང་། །དེ་བཞིན་ཉིད་ཀྱི་འོད་གསལ་བ། །རྡོ་རྗེའི་སྦྱོར་བས་དེ་
བསྒོམས་པས། །རྡོ་རྗེའི་རྣལ་འབྱོར་བརྟན་པོར་འགྱུར། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་བསྒོམ་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད་ཡིན་ནོ། །འཁོར་ལོས་སྒྱུར་བའི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པས་བསྒོམ། །ཕྱག་རྒྱ་ཀུན་གྱི་བདག་ཉིད་

ཀྱི། །དམ་པའི་དོན་ཉིད་ཐོབ་པར་འགྱུར། །གཟི་བརྗིད་ཕུང་པོའི་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམ་པར་བྱ། །གསང་བའི་རྒྱལ་སྲིད་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །གདུགས་དཀར་གཙུག་ཏོར་ཆེན་པོ་ནི། །དམ་པའི་དོན་དུ་བསྒོམ་
པར་བྱ། །གཙུག་ཏོར་ཡེ་ཤེས་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །རྒྱལ་བའི་གཙུག་ཏོར་ཕྱག་རྒྱ་ཆེ། །དེ་ནི་ཡང་དང་ཡང་དུ་བསྒོམ། །ཆོས་ཀྱི་རྒྱལ་སྲིད་རྣམ་རྒྱལ་ཉིད། །མདོར་བསྡུས་པས་ནི་ཐོབ་པར་འགྱུར། །རྣམ་རྒྱལ་གཙུག་ཏོར་ཕྱག་རྒྱ་ཡི། །
དམ་པའི་ཡི་གེ་བསྒོམ་པར་བྱ། །ལེགས་པར་རབ་གནས་འོད་ཟེར་ཅན། །དངོས་གྲུབ་ཡེ་ཤེས་ཐོབ་པར་འགྱུར། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །གཙུག་ཏོར་རྣམས་ཀྱིས་ལེགས་བཤད་པ། །ཕྱག་རྒྱ་དེ་རྣམས་བདག་
ཉིད་མཆོག །དེ་ལྟར་རྣལ་འབྱོར་པས་བསྒོམས་ན། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །ཐོག་མ་ཐ་མ་མེད་ཞི་བ། །རང་འབྱུང་མཆོག་ཏུ་མི་འགྱུར་བ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་གོ་འཕང་མཆོག །སངས་རྒྱས་ཡེ་ཤེས་དྲི་
མ་མེད། །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡི་གེའི་རང་བཞིན་གྱི་ཡེ་ཤེས་དེ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་རྣམ་
པར་དཔྱོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་སྟེ་རྣམ་པར་འབྱེད་པའི་དོན་དུ་ཤེས་པར་བྱའོ། །ཨོྃ་པྃ། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ཨཱོྃ་ཨ་ཨཱ་ཨྃ་ཨཿ། པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་དོན་དམ་པར་ཆོས་ཐམས་
ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བལྟ་བར་བྱའོ། །ཨོཾ་པྃ། ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མིང་དང་གཟུགས་དང་ཤེས་རབ་དང་ཆོས་དང་བཅས་པ་ལ་དབང་བསྒྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ཨོྃ་ནྃ། ད་ཞེས་བྱ་བ་ནི་འདུལ་བ་

དང་ཞི་བའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བརྗོད་དོ། །ཨོྃ་དཾ། ས་ཞེས་བྱ་བ་ནི་ཐོགས་པ་མེད་པ་ལས་ཡང་དག་པར་འདས་ཤིང་། ཡོངས་སུ་ཉོན་མོངས་པ་དང་རྣམ་པར་སྤོང་བ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་
པའི་སྒོ་ནས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་དོན་དམ་པའི་བདེན་པ་ལ་ཉེ་བར་ལེན་པ། མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། །ཨོཾ་སྲུྃ། ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བའི་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཕྱིར་ཆོས་
ཐམས་ཅད་ཀྱི་སྒོར་རྣམ་པར་བལྟའོ། །ཨོྃ་ཏཾ། ཀ་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གསལ་བར་བྱའོ། །ཨོྃ་ཀྃ །མ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ཉིད་དང་དྲན་པ་མེད་ཅིང་སྙིང་རྗེ་ཆེ་བ་དང་ཤེས་རབ་རྣོ་བ་ལས་བྱུང་བའི་ཕྱིར་ཆོས་ཐམས་
ཅད་ཀྱི་སྒོར་གསལ་བར་བཤད་དོ། །ཨོྃ་མྃ། ག་ཞེས་བྱ་བ་ནི་ཟབ་མོ་གཏིང་དཔག་དཀའ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་གྃ །ཛ་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་དང་འཆི་བ་ལས་ཡོངས་སུ་རྒལ་བའི་རང་བཞིན་མི་ཕྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་
བྱའོ། །ཨོྃ་ཛྃ། དྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡོངས་སུ་མི་ཕྱེད་པའི་རྡོ་རྗེ་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་རྡྷྃ། ཤ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཤྃ། ཁ་ཞེས་
བྱ་བ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པ་ནམ་མཁའ་ལྟར་གསལ་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། །ཨོྃ་ཁྃ། ཀྵ་ཞེས་བྱ་བ་ནི་གཡོ་བ་སྐྱེ་བ་མེད་པས་མི་ཟད་པའི་ཡེ་ཤེས་སོ་སོར་དམིགས་ཏེ། ཆོས་
ཐམས་ཅད་ཡོངས་སུ་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཀྵྃ། ང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ངཾ་། ཐ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པས་

སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཐྃ། ཌྷ་ཞེས་བྱ་བ་ནི་མཐར་ཕྱིན་པ་དང་མུར་ཐུག་པ་མེད་པ་དང་། སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་མཆོག་ཏུ་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་
བཤད་དོ། །ཨོྃ་ཌྷྃ། ཛྷ་ཞེས་བྱ་བ་ནི་དྲི་མའི་རྣམ་པར་དམིགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཛྷྃ། ལུས་རྣམ་པར་འབྱེད་པ་ནི་འདོད་ཆགས་དང་བྲལ་བའི་མཐའ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་རྡོ་རྗེ་སྙིང་པོའི་ལུས་སོ་སོར་ཐོབ་པའི་ཕྱིར་ཆོས་
ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཀཱྃ །སེམས་རྣམ་པར་འབྱེད་པ་ནི་ཉེས་བ་དང་རྨོངས་པ་དང་བག་ལ་ཉལ་བ་རབ་ཏུ་སྤངས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཨྃ། ངག་རྣམ་པར་
འབྱེད་པ་ནི་ངག་གི་སྤྲོས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་བཱྃ། ཚ་ཞེས་བྱ་བ་ནི་གྲིབ་མ་མ་དམིགས་ཤིང་རང་བཞིན་གྱིས་དང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཚཾ། གྷ་ཞེས་བྱ་བ་ནི་གཅིག་ཏུ་འདྲེས་
པ་མ་དམིགས་པའི་དོན་དམ་པར་གཉིས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་གྷཾ། ཊ་ཞེས་བྱ་བ་ནི་ཅ་ཅོ་དང་བྲལ་བ་དང་རྡོ་རྗེ་སྙེམས་པ་འཛིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ཨོྃ་ཊོཾ། ཕ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབུ་བ་རྡོས་པ་ལྟ་བུའི་
ཚུལ་གྱིས་གསང་བའི་ཡེ་ཤེས་གསལ་བའི་ཕྱིར་ཆོས་ཀྱི་སྒོར་བཤད་དོ། །ཨོྃ་ཕྃ། ཌ་ཞེས་བྱ་བ་ནི་འཚེ་བ་ལས་གྲོལ་བའི་ནམ་མཁའ་ལ་འགྲོ་བ་གྲུབ་པས་སོ་སོར་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཌཾ། ཥ་ཞེས་བྱ་བ་ནི་ཚ་སྒོམ་དམིགས་པའི་ཕྱིར་ཆོས་ཐམས་
ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོཾ་ཥྃ། ཆོས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། །ཨོྃ་ཨུྃ། ཚུལ་བཞིན་ནི་ངེས་པར་འབྱུང་བའི་དོན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་

བར་བྱའོ། །ཨོྃ་ཡོྃ། དེ་ཁོ་ན་ཉིད་ནི་སྤྲོས་པ་ཐམས་ཅད་རྣམ་པར་སྤང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། །ཨོྃ་ཏྃ། མ་སྐྱེས་པའི་ཆོས་རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་དོན་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ཨོྃ་ཧུྃ།
ཡོངས་སུ་གཟུང་བ་མེད་པ་ནི་འཐབ་པ་དང་རྩོད་པ་སྤངས་པའི་ཆོས་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཧྲཱོཾ། ཀུན་ནས་ཉོན་མོངས་པ་མེད་པ་ནི་མཚན་ཉིད་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཀ་ཁ་ག་གྷ་ང་། རང་
བཞིན་གྱིས་འོད་གསལ་བའི་མཚན་ཉིད་གཟུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གནས་སོ། །ཨོྃ་ཙ་ཚ་ཛ་ཛྷ་ཉ། སྣང་བ་ནི་གསལ་ཞིང་འབར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཨོྃ་ཊ་ཋ་ཌ་ཌྷ་ཎ། བསྒོམ་པ་ནི་ཆོས་ཐམས་ཅད་ཀུན་ཏུ་སྦྱོར་བ་དང་བྲལ་བ་ཡང་དག་པར་སྡུད་
པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཨོྃ་ཏ་ཐ་ད་དྷ་ན། གཞི་མེད་པ་ནི་ཆོས་ཐམས་ཅད་མ་འདྲེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། །ཨོྃ་པ་ཕ་བ་བྷ་མ། བྱང་ཆུབ་ནི་ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཡ་
ར་ལ་ཝ། མྱ་ངན་ལས་འདས་པ་ནི་བློ་བུར་བ་ཐམས་ཅད་ངེས་པར་དོར་བའི་མཚན་ཉིད་དང་ཆོས་ཀྱི་དབྱིངས་སོ་སོར་ཐོབ་ཅིང་མངོན་པར་ཤེས་པ་ལྔ་དང་ཡེ་ཤེས་མཁྱེན་པས་སངས་རྒྱས་ཀྱིས་ཡོངས་སུ་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ཨོྃ་ཤ་ཥ་ས་ཧ། རྣམ་པ་
ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་རྣམ་པར་འབྱེད་པར་བྱེད་པའོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྒོ་རྣམ་པར་ངེས་པའོ། །དེ་ནས་རིགས་ཐམས་ཅད་ཀྱི་གསང་བའི་ཆོ་ག་རྒྱས་པར་གྱུར་པ་ནི། སྔོན་
བཞིན་ངེས་པར་བྱས་ནས་ནི། །ཕྱོགས་ཀུན་མཉམ་པ་ཉིད་བསྒོམས་ནས། །རི་རབ་ཆེན་པོ་གྲུ་བཞི་པ། །རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན། །དེ་ཡི་སྟེང་དུ་རྡོ་རྗེ་ཆེ། །དེ་ཡི་སྟེང་དུ་པདྨ་གཞག །འདབ་མ་བརྒྱད་པ་ཆེས་བཀྲ་བ། །རྣལ་འབྱོར་གནས་ཞེས་རྣམ་པར་བཤད། །

དབང་པོ་གཉིས་ནི་སྙོམས་འཇུག་པ། །ཡོངས་སུ་རྫོགས་པར་བདག་ཉིད་ཀྱིས། །སངས་རྒྱས་ཐམས་ཅད་ཉིད་བསྒོམས་ན། །དེ་ནས་བསྐལ་པའི་མཐར་ཐུག་གནས། །སངས་རྒྱས་ཀུན་གྱི་ཕྱག་རྒྱ་ཆེ། །འོད་ཟེར་གསལ་བའི་དཀྱིལ་འཁོར་ཅན། །རྣལ་འབྱོར་ཐམས་
ཅད་བསྒོམ་པར་བྱ། །མཉམ་མེད་སངས་རྒྱས་ཀུན་དང་མཚུངས། །བྷ་ག་ཆེན་པོ་རྣལ་འབྱོར་ཆེ། །རྣལ་འབྱོར་པ་གནས་མི་ཟད་པ། །སངས་རྒྱས་ཀུན་བདག་བསྒོམས་ནས་ནི། །སངས་རྒྱས་ཀུན་དང་མཚུངས་པར་འགྱུར། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །
སེམས་ཅན་ཀུན་ལ་ཐམས་ཅད་དུ། །གང་ཚེ་རྣལ་འབྱོར་པས་བསྒོམས་ན། །དེ་ཚེ་དངོས་གྲུབ་ལག་ན་གནས། །རང་བཞིན་གྱིས་ནི་འོད་གསལ་ཆོས། །གདོད་ནས་དག་ཅིང་མ་འདྲེས་པ། །གང་ཚེ་ཡེ་ཤེས་མཐོང་བ་ནི། །དེ་ཡི་ཚེ་ན་དག་པར་འགྱུར། །སངས་རྒྱས་
ཐམས་ཅད་མདོར་བསྡུས་པ། །སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །གང་ཚེ་རྣལ་འབྱོར་པས་བསྒོམས་ན། །སྣ་ཚོགས་ལས་ནི་བྱེད་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ།། །།འཁོར་ལོས་སྒྱུར་བ་རྒྱལ་པོ་ཆེ། །ཀུན་
མཆོག་ས་ཡི་དབང་ཕྱུག་ནི། །རྡོ་རྗེ་སྦྱོར་བས་བསྒོམས་ན་ནི། །མཉམ་མེད་འཁོར་ལོས་སྒྱུར་བ་མཚུངས། །གཟི་བརྗིད་ཕུང་པོ་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པ་བསྒོམ། །འབར་བའི་ཕྲེང་བས་འཁྲུགས་ཤིང་མཛེས། །པདྨ་རཱ་ག་མཚུངས་པའི་འོད། །
རྡོ་རྗེའི་སྦྱོར་བས་བསྒོམས་ནས་ནི། །རང་ཉིད་གཟི་བརྗིད་ཕུང་པོར་འགྱུར། །གདུགས་དཀར་རྒྱལ་བའི་གཙུག་ཏོར་གྱི། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །འོད་ཟེར་གསལ་བའི་སྦྱོར་བ་ཡིས། །སེམས་ཅན་དག་པ་ཉིད་དུ་འགྱུར། །རྣམ་པར་གསལ་བའི་གཙུག་ཏོར་
རྒྱ། །རལ་གྲི་འབར་བའི་འོད་ཀྱིས་འཁྲུགས། །ཟག་པ་མེད་པའི་སྦྱོར་བ་ཡིས། །མཉམ་མེད་གསལ་བའི་གཙུག་ཏོར་མཚུངས། །རྒྱལ་བའི་གཙུག་ཏོར་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པས་བསྒོམ། །རྒྱལ་བའི་གཙུག་ཏོར་སྦྱོར་བ་ཡིས། །

དེ་ཡི་རྣམ་པའི་སྤྱོད་ཡུལ་འགྱུར། །རྡོ་རྗེ་དམ་ཚིག་ཡེ་ཤེས་ཆེ། །ལེགས་པར་མཉམ་པར་གཞག་པས་བསྒོམ། །ཀུན་ཏུ་བཟང་པོ་སོགས་གཟུགས་ཀྱིས། །མཉམ་མེད་རྡོ་རྗེ་སེམས་དཔའ་མཚུངས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །རྡོ་རྗེ་
སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དང་མཚུངས་པའི་འོད། །གཙུག་ཏོར་ལྔ་ལྡན་སྟོབས་པོ་ཆེ། །རྡོ་རྗེའི་སྦྱོར་བས་བསྒོམས་པ་ཡིས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེ། །དོན་དམ་པར་ནི་བསྒོམས་ན་ནི། །
འགྲོ་བ་ཐམས་ཅད་འགུགས་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པ་བསྒོམ། །སྐྱེ་དགུ་ཐམས་ཅད་ཆགས་འགྱུར་ན། །བུད་མེད་གཞན་ལྟ་སྨོས་ཅི་དགོས། །རྡོ་རྗེ་ལེགས་པའི་ཕྱག་རྒྱ་ཆེ། །
དམ་པའི་དོན་དུ་བསྒོམ་པར་བྱ། །ལེགས་སོ་བ་ནི་རབ་གསོལ་བས། །བུད་མེད་ཐམས་ཅད་ཚིམ་པར་བྱེད། །བྱང་