Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 086_རྒྱུད་འབུམ།_ཐ

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ།། །།རྡོ་རྗེ་རིན་ཆེན་ཕྱག་རྒྱ་ཆེ། །འབར་བའི་ཕྲེང་བས་འཁྲུགས་པའི་འོད། །དཔྲལ་བའི་ཕྱོགས་སུ་
གནས་པ་བསྒོམ། །དེ་ཡིས་དར་ཐོད་དབང་བསྐུར་ཐོབ། །རྡོ་རྗེ་གཟི་བརྗིད་ཕྱག་རྒྱ་ཆེ། །ཉི་མའི་དཀྱིལ་འཁོར་མཚུངས་པའི་འོད། །སྙིང་གར་གནས་པ་བསྒོམ་པར་བྱ། །ཀུན་མཁྱེན་ཡེ་ཤེས་སྟེར་བར་བྱེད། །རིན་ཆེན་ཏོག་གི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་
གཞག་པས་བསྒོམ། །སྦྱིན་པའི་ཕ་རོལ་ཕྱིན་པ་མཆོག །སྒྲུབ་པོ་དམ་པས་རྫོགས་པར་བྱེད། །རྡོ་རྗེ་བཞད་པ་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་པས་བསྒོམ། །རྡོ་རྗེ་བཞད་པ་ལྟར་གྱུར་ཏེ། །དེ་ནི་སྐྱེ་དགུ་དགའ་བྱེད་འགྱུར། །དབང་བསྐུར་བའི་ཕྱག་རྒྱའི་
ཡེ་ཤེས་སོ།། །།པདྨ་བདེ་ཆེན་པདྨ་ལ། །དག་པའི་ཆོས་ནི་མཉམ་གཞག་པས། །དམ་པའི་དོན་དུ་བསྒོམ་པར་བྱ། །མཉམ་མེད་རྡོ་རྗེ་ཆོས་དང་མཚུངས། །ཤེས་རབ་ཡེ་ཤེས་རྡོ་རྗེ་རྣོ། །བསྒོམས་པས་དེ་ནི་རྡོ་རྗེ་འཆང་། །ཤེས་རབ་ཕ་རོལ་ཕྱིན་དག་པ། །སྟོང་

ཉིད་སྦྱོར་བས་བསྒོམས་ན་ནི། །དམ་པའི་དོན་དུ་བསྒོམ་བྱ་དེ། །མཉམ་མེད་འཇམ་དབྱངས་དང་ནི་མཚུངས། །རྡོ་རྗེ་རྒྱུ་ཡི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་གཞག་བསྒོམས་ནས། །ཆོས་ཀྱི་འཁོར་ལོ་ཀུན་མཆོག་རྩེ། །མདོར་བསྡུས་ནས་ནི་དེ་ཡིས་བསྐོར། །རྡོ་རྗེ་
སྨྲ་བའི་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམས་ནས་ནི། །རྡོ་རྗེ་བཟླས་པའི་ནུས་པ་ཡིས། །ལྡེམ་པོའི་ངག་ནི་དེ་ཡིས་འཆད། །ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ།། །།རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམས་ན་ནི། །ཀུན་ནས་ཀུན་ནས་རང་ཉིད་ཀྱིས། །
རྡོ་རྗེ་ལས་ནི་བྱེད་པར་འགྱུར། །རྡོ་རྗེ་བསྲུང་བ་བྱམས་པ་ཆེ། །རྡོ་རྗེ་ཆོས་ཞེས་གྲགས་པ་སྟེ། །ཆོས་ཀྱི་སྦྱོར་བས་བསྒོམས་ན་ནི། །རྡོ་རྗེ་བསྲུང་བ་དང་མཚུངས་འགྱུར། །རྡོ་རྗེ་གནོད་སྦྱིན་བརྩོན་འགྲུས་ཆེ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དམ་པའི་དོན་གྱིས་བསྒོམ་པར་
བྱ། །རྡོ་རྗེ་གནོད་སྦྱིན་དང་མཚུངས་འགྱུར། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ། །ལུས་ངག་ཡིད་ཀྱིས་དེ་བཞིན་དུ། །རྡོ་རྗེའི་སྦྱོར་བས་བསྒོམས་ན་ནི། །རྡོ་རྗེ་ཁུ་ཚུར་འཛིན་པར་འགྱུར། །ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ།། །།སྒེག་མོས་མངོན་པར་དགའ་བ་སྟེར། །ཕྲེང་
བ་ཡང་ནི་དབང་བསྐུར་བ། །གླུ་མས་མཛེས་པའི་སྒྲ་དབྱངས་བྱེད། །གར་མས་རྫུ་འཕྲུལ་ཐོབ་པར་འགྱུར། །དྲི་མས་བཟང་པོའི་དྲི་ཡིན་ཏེ། །མེ་ཏོག་བྱང་ཆུབ་ཡན་ལག་ཉིད། །སྒྲོན་མས་མཐའ་དག་གསལ་བའོ། །བདུག་པས་བདུག་པ་དག་ལ་བརྩོན། །ལྕགས་
ཀྱུས་དབང་ཕྱུག་འགུགས་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །ཞགས་པས་དབང་པོ་འཆིང་འགྱུར་ན། །གདུག་པའི་སེམས་ཅན་སྨོས་ཅི་དགོས། །ལྕགས་སྒྲོག་གིས་ནི་འཕྲོག་བྱེད་དང་། །ཚངས་སོགས་དབང་ཕྱུག་ཆེན་པོའང་འཆིང་། །འབེབས་པས་
ཐམས་ཅད་འབེབས་འགྱུར་ན། །དམན་པའི་མི་དག་སྨོས་ཅི་དགོས། །འདི་ཉིད་ཀྱི་ནི་སྦྱོར་བ་ཡིས། །ཆོས་ཀྱི་ཡི་གེ་མཆོག་གི་ནི། །ཕྱག་རྒྱའི་ཡེ་ཤེས་རབ་སྦྱོར་བས། །སྦྱར་ཏེ་མྱུར་དུ་བསྒྲུབ་པར་བྱ། །འདི་ཡི་སྦྱོར་བ་ཤེས་པར་བྱ། །ཕྱག་རྒྱའི་འཁོར་ལོ་ཁྱད་

པར་དུ། །སྤྱི་གཙུག་སྙིང་ག་རྐང་པའི་བར། །ཡི་གེ་ཡིས་ནི་ཡོངས་གང་པར། །གཟུགས་བརྙན་གཅིག་གི་གོ་འཕང་གྱུར། །སེམས་རྩེ་གཅིག་འགྱུར་བསམ་གཏན་གྱིས། །ས་ལ་རབ་གནས་པདྨ་ནི། །དབང་ཆེན་གྱི་ནི་གནས་ཞེས་བཤད། །
དབང་པོ་གཉིས་ནི་མཚུངས་སྦྱོར་བས། །དབང་ཕྱུག་ཀྱང་ནི་བསྒྲུབ་པར་བྱ། །དབང་ཆེན་དག་ནི་གྲུ་བཞི་པ། །དབང་ཆེན་གྱི་ནི་ལས་སུ་བཤད། །ཆུ་ནི་ཟླུམ་པར་ཤེས་པར་བྱ། །པདྨའི་མཚན་མས་རྣམ་པར་མཚན། །ཞི་བར་བྱེད་པའི་ལས་དང་ལྡན། །ཞི་བའི་
དོན་དུ་དེ་བཤད་དོ། །མེ་ནི་གྲུ་གསུམ་ཤེས་པར་བྱ། །སུམ་མདོ་ཡི་ནི་གནས་སུ་གནས། །དབང་དུ་བྱ་བ་བསྒྲུབ་དོན་དུ། །པདྨ་རཱ་ག་འདྲ་བའི་འོད། །མངོན་སྤྱོད་ལ་ནི་བརྩོན་འགྲུས་ཆེ། །རླུང་གི་དཀྱིལ་འཁོར་བརྗོད་བྱ་སྟེ། །རལ་གྲི་ཡི་ནི་ཕྱག་རྒྱའི་དབྱིབས། །
དབྱར་གྱི་སྤྲིན་དང་མཚུངས་པའི་འོད། །སེར་དང་དཀར་དང་དེ་བཞིན་དམར། །ནག་པོ་ཡང་ནི་ཁྱད་པར་དུ། །དང་པོའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཐ་མའི་བར་དུ་རབ་ཏུ་བརྟག །དང་པོ་རྡོ་རྗེ་རབ་ཏུ་གཞག །དེ་ཡི་རྗེས་སུ་རིན་ཆེན་ཏེ། །པདྨ་དང་ནི་ལས་རྣལ་
འབྱོར། །གྲུབ་པའི་གོ་འཕང་རིམ་པར་བཤད། །ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་སོ།། །།དེ་ནས་བཅོམ་ལྡན་འདས་རྟག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་བཀའ་སྩལ་པ། གཉིས་དང་གཉིས་སུ་མེད་པས་ཡོངས་སུ་དག་པས་ཆོས་ཐམས་
ཅད་རྣམ་པར་གྲོལ་བའི་ཕྱག་རྒྱས་རྒྱས་བཏབ་པའོ། །རྟག་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་ཞི་བ་དང་མཐའ་དང་མཐའ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཟད་པའི་སྒོ་དང་ཟད་པའི་མཐའ་དང་ཟད་པའི་མུར་ཐུག་པ་དང་ལྡན་པས་ཆོས་ཐམས་ཅད་ཟད་པ་དང་། འདོད་
ཆགས་དང་བྲལ་བའི་ཕྱག་རྒྱས་རྒྱས་བཏབ་པའོ། །མཉམ་པ་ཉིད་ཀྱི་མཐའ་རྣམ་པར་དག་པས་ཆོས་ཐམས་ཅད་ལ་སྐུར་པ་མི་འདེབས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མིག་ལྔ་ལ་ཡང་དག་པར་འདས་པས་ཆོས་ཐམས་ཅད་ནམ་མཁའི་ཕྱག་རྒྱས་རྒྱས་བཏབ་པའོ། །

སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །བྱང་ཆུབ་ཀྱི་སེམས་དང་
ཐ་མི་དད་པས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཀྱི་དབྱིངས་མི་ཕྱེད་པའི་མཚན་ཉིད་ཡིན་པས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་
པའོ། །འཚེ་བ་མེད་པས་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྐད་ཅིག་མ་ཉིད་པས་ཆོས་ཐམས་ཅད་མི་རྟག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྐྱེ་བ་དང་རྒ་བ་དང་འཆི་བའི་མཐའ་དང་ལྡན་པས་ཆོས་ཐམས་ཅད་སྡུག་བསྔལ་གྱི་ཕྱག་རྒྱས་རྒྱས་
བཏབ་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དེ་བཞིན་ཉིད་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །གདོད་མ་ནས་ཡོངས་སུ་དག་པས་ཆོས་ཐམས་ཅད་ཡང་དག་པའི་མཐའི་ཕྱག་རྒྱས་རྒྱས་བཏབ་པའོ། །འདུས་བྱས་དང་འདུས་མ་བྱས་མཉམ་པ་
ཉིད་པས་ཆོས་ཐམས་ཅད་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །སྤྲོས་པའི་དམིགས་པ་རྣམ་པར་བྲལ་བས་ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རེ་བ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆོས་ཐམས་ཅད་སྨོན་པ་མེད་པའི་ཕྱག་རྒྱས་རྒྱས་
བཏབ་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱིས་ན་ཆོས་ཐམས་ཅད་མི་རྟག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཕུང་པོ་ལྔ་ཡོངས་སུ་འདུས་པའི་མཚན་ཉིད་ཀྱིས་ན་ཆོས་ཐམས་ཅད་སྡུག་བསྔལ་གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །རང་བཞིན་གྱིས་བདག་མེད་པས་
ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཤིན་ཏུ་མི་གཡོ་བའི་ཕྱིར་ཆོས་ཐམས་ཅད་ཞི་བའི་ཕྱག་རྒྱས་རྒྱས་བཏབ་པའོ། །དོན་དམ་པའི་བདེན་པ་ཡང་དག་པར་འདུ་བའི་ཕྱིར་ཆོས་ཐམས་ཅད་བདེན་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །འཚོ་བ་རྣམ་པར་

མི་གནས་པའི་ཕྱིར་ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མཆོག་ཏུ་མཐར་ཕྱིན་པའི་ཕྱིར་ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བཅད་པའི་ཕྱིར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་
གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །འཇལ་བའི་དབང་དུ་བྱེད་པ་དང་དབང་དུ་བྱ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་སྒྲོ་འདོགས་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །བྱེད་པ་པོས་བྱས་པའི་ཕྱིར་ཆོས་ཐམས་ཅད་འཇིག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རང་བཞིན་གྱིས་མ་བྱུང་
བའི་ཕྱིར་ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་འགོག་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །འགག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །
རྟོག་གེ་ཀུན་ཏུ་སྤྱོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །གཟུགས་རྣམ་པར་ལྟ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །གནས་ཡོངས་སུ་བཅད་པའི་ཕྱིར་ཆོས་ཐམས་
ཅད་ཉེ་བར་སྦྱོར་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མི་མཐུན་པའི་ཕྱོགས་ཉེ་བར་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་རྗེས་སུ་སྦྱོར་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མངོན་པར་འདུ་བྱེད་པ་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་ལས་ཀྱི་རྣམ་པར་སྨིན་པ་
མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྐྱེ་བ་དང་གནས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ནམ་མཁའ་དང་ཁྱད་པར་མེད་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །མཚན་
ཉིད་གཅིག་པའི་ཕྱིར་ཆོས་ཐམས་ཅད་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྙིང་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ཕུང་པོའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྙིང་པོ་དང་བཅས་པ་མེད་པའི་ཕྱིར་ཆོས་

ཐམས་ཅད་ཁམས་དང་སྐྱེ་མཆེད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་མཉམ་པ་ཉིད་ཐོབ་པས་ཆོས་ཐམས་ཅད་ཁམས་དང་སྐྱེ་མཆེད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །མཐའ་གཅིག་ཏུ་འཇིག་རྟེན་གྱི་ལམ་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་
འཕགས་པའི་བདེན་པ་བཞིའི་ཕྱག་རྒྱས་རྒྱས་བཏབ་པའོ། །ལྷ་རྗེས་སུ་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པའོ། །མཐའ་གཅིག་ཏུ་ཆོས་ལ་ཕན་འདོགས་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཐམས་ཅད་ཀྱི་
ལས་སྣ་ཚོགས་བྱེད་པའི་ཕྱིར་ཆོས་ཐམས་ཅད་ལས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཐམས་ཅད་དམ་ཚིག་ཐམས་ཅད་རྗེས་སུ་བསྒྲུབ་པའི་ཕྱིར་ཆོས་ཐམས་ཅད་དམ་ཚིག་གི་ཕྱག་རྒྱས་རྒྱས་བཏབ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཕྱིར་ཆོས་ཐམས་ཅད་
སངས་རྒྱས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཕྱིར་ལམ་གྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཐེག་པ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པ་དང་། །གསང་སྔགས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཕྱག་རྒྱའི་ཕྱག་
རྒྱས་རྒྱས་བཏབ་པ་དང་། དཀྱིལ་འཁོར་གྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཡེ་ཤེས་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་
རྒྱས་རྒྱས་བཏབ་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་།
ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །མུཿ། འཇམ་དཔལ་ཕྱག་རྒྱའི་ཚིག་འདི་དག་ནི་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་ཀྱི་ཚིག་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཚིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཐེག་པ་ཆེན་པོའི་ཚིག་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་ཀྱི་ཕྱག་རྒྱ་ཉིད་ཀྱི་ཕྱག་
རྒྱའི་ཚིག་གང་གིས། ཕྱག་རྒྱའི་ཚིག་འདི་རྣམས་ཀྱིས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐྱེད་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཕྱག་རྒྱས་རྒྱས་བཏབ་པའོ། །ཨ་ཨྃ་ཨཿཨཱྃ། སྔགས་པས་ཕྱག་རྒྱ་འདི་ལྟ་བུས་རྒྱས་བཏབ་ན་དེ་བཞིན་
གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་དག་པར་འདུའོ། །ཧཱུྃ། མྱུར་དུ་མ་སྐྱེས་པའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཁྃ། དེ་ནས་ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱོར་བ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་སུ་གྱུར་པ་ནི། སྙིང་གི་
དབུས་སུ་རྟག་བསྒོམ་བྱ། །པདྨ་ཆེན་པོ་འདབ་བརྒྱད་པ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །ཟླ་བའི་དཀྱིལ་འཁོར་དབུས་སོན་པར། །དེ་ཡི་སྟེང་དུ་རྟག་བསྒོམ་པ། །ཡི་གེ་ཡི་ནི་གཙོ་བོ་མཆོག །ཐོག་མ་ཐ་མ་མེད་ཞི་བ། །ཁ་བ་བ་མོའི་འོད་འདྲ་འོད། །
དཔའ་བོ་ཀུནྡ་ཟླ་ལྟར་དཀར། །ཉི་མའི་དཀྱིལ་འཁོར་ལྟར་འོད་གསལ། །ཞི་བའི་ཆོས་ཀྱི་རང་བཞིན་སྐུ། །ཀུན་མཁྱེན་ཡེ་ཤེས་ཀྱིས་གང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ར་སཱ་ཡ་ན་དང་མཚུངས་མཆོག །ཁ་ཡིག་མཁའ་འདྲར་ཤེས་པར་བྱ། །ཐིག་
ལེ་ནཱ་དས་རྣམ་པར་སྤྲས། །གསང་བ་ཆེན་པོ་མཆོག་ཏུ་མཛེས། །ཐོག་མ་ཐ་མ་མེད་པའི་བདག །དེ་ཡི་སྟེང་དུ་འོད་ཟེར་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །རྡོ་རྗེ་རྡོ་རྗེ་ལྟ་བུར་གནས། །སྤྱི་བོར་རྩེ་མོ་ལྔ་དང་ལྡན། །དེ་ཡི་སྟེང་དུ་རྟག་བསམས་པ། །ཡི་གེ་
མཆོག་གི་གོ་འཕང་ངོ་། །མན་ངག་མཆོག་ལས་ཤེས་བྱ་སྟེ། །གཞན་དུ་ན་ནི་ང་མི་སྨྲ། །སངས་རྒྱས་མཁས་པ་ཐམས་ཅད་ཀྱིས། །མདོར་བསྡུས་ནས་ནི་འདི་གསུངས་སོ། །རྣམ་པར་གྲོལ་བ་གསུམ་ཐོབ་ནས། །ཐོབ་འགྱུར་འདི་ནི་གཞན་དུ་མིན། །ལྕེ་ནི་རྐན་

ལ་སྦྱར་བར་བྱ། །སྣ་ཡི་རྩེ་མོར་ཡི་གེ་ཧཱུྃ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །ཕྱག་རྒྱའི་གོ་འཕང་ཚིག་གིས་ནི། །ཤེས་རབ་ལྡན་པས་རང་སེམས་བསྒོམ། །སྣང་བ་མེད་ཅིང་སྤྲོས་མེད་པ། །ཤིན་ཏུ་མཆོག་ཏུ་ཕྲར་ཤེས་བྱ། །ཁྱབ་བདག་བསོད་ནམས་
ཡེ་ཤེས་དངོས། །བསམ་བྱ་བསམ་གཏན་བརྩོན་བྱས་ཏེ། །མིག་དང་སྒྲོན་མའི་འོད་བཞིན་དུ། །ར་ཡིག་འབར་བ་དང་ལྡན་པ། །མགྲིན་པ་འབད་པས་གཅུམ་ནས་ནི། །དཀར་པོ་སེར་པོ་སྔོན་པོའི་འོད། །དམར་པོ་ཡང་ནི་བདག་གིས་སྤྲོ། །འབར་བ་འདི་དག་འབད་པ་
ཡིས། །འདི་དག་ཡང་དག་ཉེར་མཚོན་བྱ། །སྙིང་གར་གསལ་བར་བྱས་ནས་སུ། །དེ་བཞིན་ཐམས་ཅད་སྤྱི་བོར་སོང་། །གནས་དེ་ལས་ནི་འཐོན་ནས་ཀྱང་། །དབང་པོ་ཐམས་ཅད་དགང་བར་བྱས། །དེ་ལས་འཐོན་ནས་འཇིག་རྟེན་ནི། །མཚུངས་པར་ཀུན་ནས་
ཐམས་ཅད་དུ། །སླར་ཡང་དེ་རུ་འོངས་ནས་ནི། །དེ་ནི་འཇུག་པར་རབ་ཏུ་བསམ། །ཡིད་ཀྱིས་དེ་ལྟར་བསྒོམས་ན་ནི། །རང་ཉིད་འཁོར་ལོས་སྒྱུར་ལྟ་བུར། །དབང་པོ་གཉིས་ནི་རབ་སྦྱོར་བས། །ལེགས་པར་མཉམ་པར་གཞག་པས་བསྒོམ། །དབང་པོ་ལྔས་ནི་
དམིགས་ནས་ཡང་། །མི་རྣམས་ལུས་ནི་དག་པར་འགྱུར། །ཇི་སྙེད་བུད་མེད་ཡོན་ཏན་དང་། །ལྡན་པ་ཀུན་དུ་གནས་པ་ནི། །བཀུག་ནས་བཅུག་སྟེ་བཅིངས་ནས་སུ། །དབང་དུ་བྱ་སྟེ་བསྒྲུབ་པར་བྱ། །དེ་རྣམས་ལྷན་ཅིག་ཡོངས་བརྟེན་ནས། །སྔགས་པ་མཆོག་གི་
དངོས་གྲུབ་ཐོབ། །གསང་བ་མཆོག་ཏུ་དགྱེས་པ་ན། ཤེས་རབ་ཕ་རོལ་ཕྱིན་པ་སྟེ། །ཞི་བའི་ཆོས་ཀྱི་རིམ་པ་མཆོག །ཤིན་ཏུ་མཉམ་པར་གཞག་པས་བསྒོམ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་གང་། །དེ་འགྲུབ་གཞན་ལྟ་སྨོས་ཅི་དགོས། །མཆོག་ནི་རྟག་པར་ཤེས་
པར་བྱ། །བར་མས་ཕུན་སུམ་ཚོགས་པ་སྟེ། །སྟོང་པ་ཉིད་དང་མཚན་མེད་མཆོག །སྨོན་པ་མེད་པ་ཞེས་སུ་གྲགས། །ཆོས་ཀུན་བདག་མེད་པ་ཡི་མཆོག །ཀུན་མཁྱེན་ཡེ་ཤེས་རྫོགས་པར་བྱེད། །ས་བཅུ་ཡི་ནི་སྟོབས་དག་གིས། །ཕ་རོལ་ཕྱིན་པ་ཐམས་ཅད་ཐོབ། །

རྡོ་རྗེ་སེམས་དཔའ་མཆོག་བསྒོམས་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །དེ་ཉིད་འདི་ནི་བཅུད་ཀྱིས་ལེན། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཐེག་ཆེན་མཆོག་ཏུ་ཡིད་འོང་བ། །སྟོང་ཉིད་བསྒོམ་པའི་བདག་ཉིད་ཅན། །གཉིས་སུ་མེད་པའི་ཡེ་
ཤེས་མཆོག །གང་གིས་རྟག་ཏུ་སྒོམ་བྱེད་ན། །དེ་ཡང་རྡོ་རྗེ་འཛིན་རྒྱལ་པོ། །ཡོན་ཏན་མཆོག་ལས་སྐྱེས་པར་འགྱུར། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བུད་མེད་ལུས་ངག་ཡིད་སྦྱོར་བས། །ཡོངས་རེག་ཨཱ་ལིཾ་ག་ཙུམྦས། །མཆོག་གི་དངོས་གྲུབ་ཐོབ་
པར་འགྱུར། །བུད་མེད་ཁ་དོག་ལྗང་གུ་གང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་ཚེ་དེ་ནི་སྔགས་པས་བསྟེན། །མཉམ་མེད་གསང་བའི་ཡེ་ཤེས་མཚུངས། །བུད་མེད་གང་ཞིག་ཁ་དོག་དཀར། །པདྨའི་འདབ་མ་འདྲ་བའི་འོད། །དེ་དང་ལྷན་ཅིག་སྔགས་པས་
བསྡད། །དམ་པའི་དངོས་གྲུབ་ཐོབ་པར་འགྱུར། །བུ་མོ་གང་ཞིག་ཁ་དོག་དམར། །ཨུཏྤ་ལ་ཡི་རྒྱན་འཆང་མ། །སྔགས་པས་དེ་དང་ལྷན་ཅིག་གནས། །ཤེས་རབ་ཕ་རོལ་ཕྱིན་མཚུངས་འགྱུར། །བུད་མེད་ཨིན་དྲ་ནཱི་ལ་མཚུངས། །གསང་བ་རྡོ་རྗེ་རྗེས་སུ་སྦྱོར། །
རིག་འཛིན་རྣམས་ཀྱི་རྒྱལ་པོ་ནི། །སྟོབས་ཆེན་གྲུབ་པར་དེ་འགྱུར་རོ། །གསང་ཆེན་མ་ར་ཀ་ཏ་མཚུངས། །གང་གིས་རྟག་ཏུ་བསྟེན་པ་ནི། །དེ་ཡང་རྡོ་རྗེ་འཛིན་རྒྱལ་པོ། །མྱུར་དུ་གསང་བའི་དམ་པར་འགྱུར། །བུད་མེད་པདྨ་རཱ་ག་འདྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་
བརྒྱན། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེ་འཛིན་མ་ལྟ་བུར་བསྒྲུབ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །བསམ་པས་རྟག་ཏུ་བསྒོམ་པ་ནི། །མཉམ་མེད་སངས་རྒྱས་ཀུན་དང་མཚུངས། །དྲན་པ་ཉེ་བར་གཞག་
པ་བཞི། །མཆོག་གིས་གནས་ཀྱིས་བསྒོམས་ན་ནི། །རྣལ་འབྱོར་མཆོག་གིས་མི་རིང་བར། །རྡོ་རྗེ་འཛིན་པ་ལྟ་བུར་འགྱུར། །ཡང་དག་སྤོང་བ་རྣམ་པ་བཞི། །ལེགས་པར་མཉམ་པར་གཞག་པ་བསྒོམ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །མཉམ་མེད་

འཇིག་རྟེན་དབང་ཕྱུག་མཚུངས། །སོ་སོ་ཡང་དག་རིག་པ་བཞི། །ཤིན་ཏུ་མཉམ་གཞག་བསྒོམས་ན་ནི། །རྡོ་རྗེ་སངས་རྒྱས་ཏིང་འཛིན་མཆོག །མཉམ་མེད་འཇམ་པའི་མཆོག་དང་འདྲ། །མི་འཇིགས་པ་ནི་རྣམ་པ་བཞི། །རྡོ་རྗེའི་སྦྱོར་བས་བསྒོམ་པར་བྱ། །དབང་
པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེ་འཛིན་པ་ལྟ་བུ་སྟེ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །ཤིན་ཏུ་མཉམ་གཞག་བསྒོམས་ན་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །རྫུ་འཕྲུལ་ལྡན་པའི་མཆོག་ཏུ་འགྱུར། །ཚངས་པ་ཡི་ནི་གནས་བཞི་པོ། །ཚད་མེད་པ་
ཡི་སེམས་ཀྱིས་ནི། །རྡོ་རྗེ་སྦྱར་བར་བདག་བསྒོམས་ན། །རྡོ་རྗེ་འཛིན་པ་ལྟ་བུར་འགྲུབ། །སྦྱོར་བའི་བདག་ཉིད་དབང་པོ་ལྔ། །དམ་པའི་དོན་གྱིས་བསྒོམས་ན་ནི། །དབང་པོ་གཉིས་ནི་སྙོམས་འཇུག་པས། །མཉམ་མེད་རྡོ་རྗེ་སངས་རྒྱས་མཚུངས། །ཡིད་ཀྱི་སྟོབས་ནི་
རྣམ་པ་ལྔ། །ཤིན་ཏུ་མཉམ་གཞག་བསྒོམས་ན་ནི། །འཁོར་ལོས་སྒྱུར་བ་བརྩོན་འགྲུས་ཆེ། །སྟོབས་འཛིན་ལྟ་བུ་ཉིད་དུ་འགྱུར། །བྱང་ཆུབ་ཡན་ལག་རིན་ཆེན་བདུན། །གསང་སྔགས་སྒོམ་པས་བསྒོམས་ན་ནི། །རྟོག་པའི་ཡེ་ཤེས་སྦྱོར་བ་ཡིས། ཁྱབ་བདག་ཆོས་
ཀུན་འཛིན་པར་འགྱུར། །འཕགས་པའི་ཡན་ལག་བརྒྱད་ཀྱི་ལམ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པ། །དེ་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་ཤེས་རབ་རབ་ཏུ་འདའ། །རྗེས་སུ་དྲན་པ་རྣམ་པ་དྲུག །བདག་ཉིད་རྩེ་གཅིག་གིས་བསྒོམས་ན། །སྔགས་པ་རྡོ་རྗེ་
འཛིན་པ་རུ། །སྔགས་པ་དུས་མི་རིང་བར་འགྱུར། །སྟོབས་བཅུ་པོ་ནི་ཡང་དག་བསྒོམས། །བསྒོམ་པའི་རྣལ་འབྱོར་ད་ཉིད་ཀྱིས། །བསོད་ནམས་ཡེ་ཤེས་ཡོངས་རྫོགས་ཏེ། །རྟག་ཏུ་སྟོབས་བཅུའི་དམ་པར་འགྱུར། །ཕ་རོལ་ཕྱིན་བཅུ་ཡོངས་སུ་རྫོགས། །སྟོབས་
རྣམས་དང་ནི་དབང་རྣམས་དང་། །ས་རྣམས་ཀུན་ནི་དེས་བསྐྱེད་ནས། །མྱུར་དུ་མཚན་མ་དག་པར་འགྱུར། །རྣམ་གྲོལ་གོས་ཀྱིས་བསྒྲིབས་ནས་སུ། །དེ་ཡི་ནུ་མ་ཤིན་ཏུ་བསྣུན། །རྗེ་ངར་གྱིས་ཀྱང་དེ་བཞིན་དུ། །མཆུ་ཡིས་མཆུ་ནི་ཡོངས་སུ་གཟུང་། །འབད་པས་དམ་

དུ་ཨཱ་ལིང་ག །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །རྡོ་རྗེ་ཡེ་ཤེས་བརྩོན་འགྲུས་ཆེ། །རྡོ་རྗེ་དབྱིངས་སུ་བདག་བརྟན་པས། །རྣམ་པ་སྣ་ཚོགས་ཀ་ར་ཎ། །རྣལ་འབྱོར་ཤེས་པ་དེ་བསྟེན་བྱ། །བུད་མེད་རྣམས་ཀྱི་དམ་ཚིག་འགྲུབ། །རྡོ་རྗེ་སེམས་དཔའ་
མཚུངས་པར་འགྱུར། །བུད་མེད་རྣམས་ཀྱི་བྷ་གར་བསྣུན། །ལིང་ག་མྱུར་དུ་གང་བར་འགྱུར། །སྦྱོར་བ་འདི་ནི་མཁྱེན་པ་ཡིས། །སྟོབས་ཆེན་སངས་རྒྱས་རབ་ཏུ་གྲུབ། །གསང་བ་འདི་ནི་དམ་པ་སྟེ། །སངས་རྒྱས་ཀུན་གྱི་སྐྱོབ་པའོ། །གསང་བ་འདི་ཡི་སྦྱོར་བ་ཡིས། །
ཡི་གེའི་དམ་པ་འགྲུབ་པར་འགྱུར། །སངས་རྒྱས་རྣམས་ཀྱི་མ་འདྲེས་པའི། །ཆོས་སུ་གྲགས་པ་གང་ཡིན་པ། །དེ་རྣམས་སྒོམ་བྱེད་གཙོ་བོ་ནི། །དངོས་གྲུབ་ཐམས་ཅད་རབ་ཚོགས་པའོ། །མ་འདྲེས་པ་ཡི་ཆོས་བཅྭ་བརྒྱད། །སངས་རྒྱས་ཆོས་སུ་གྲགས་པ་སྟེ། །དེ་རྣམས་
བསྒོམ་པ་དང་ལྡན་པས། །སངས་རྒྱས་བྱང་ཆུབ་རབ་སྟེར་བྱེད། །བསམ་གཏན་བཞི་པོ་ཐོབ་ནས་ནི། །གཟུགས་མེད་པ་ཡི་རྟག་པར་ཡང་། །འགོག་པའི་སྙོམས་པར་འཇུག་ལྡན་པས། །སངས་རྒྱས་བྱང་ཆུབ་སྒྲུབ་པ་པོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །
ཆོས་ནི་མཆོག་ཏུ་རྨད་བྱུང་བ། །དེ་རྣམས་བསྒོམ་པ་དང་ལྡན་པས། །བྱང་ཆུབ་སེམས་དཔའི་སྐྱོབ་པའོ། །སྔགས་རྣམས་ཐམས་ཅད་རབ་འགྲུབ་ཅིང་། །སྦྱོར་བ་ཐམས་ཅད་ཐམས་ཅད་དུའོ། །དེས་ན་འབད་པ་ཐམས་ཅད་ཀྱིས། །སངས་རྒྱས་ཆོས་ཉིད་བསྒོམ་
པར་བྱ། །འཇིག་རྟེན་འཇིག་རྟེན་འདས་པའི་ལམ། །ཡེ་ཤེས་རིན་ཆེན་རབ་རྙེད་དཀའ། །མཆོད་དང་དབང་བསྐུར་བྱིན་བརླབས་པས། །རྙེད་འགྱུར་གཞན་དུ་མ་ཡིན་ནོ། །བཤགས་དང་གསོལ་བ་གདབ་པ་དང་། །བདག་ཉིད་དབུལ་བ་དེ་བཞིན་ནོ། །སངས་རྒྱས་སོགས་
ལ་ཡི་རང་ཞིང་། །དེ་བཞིན་ཡོངས་སུ་བསྔོ་བ་དང་། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཁྱད་པར་དུ་ནི་དུས་ཀུན་དུའོ། །ཐོག་མ་བར་དང་ཕྱེམ་རེད་དུ། །ཇི་ལྟ་བཞིན་དུ་རྗེས་བསྒོམས་པས། །སངས་རྒྱས་ཐམས་ཅད་བསྒྲུབ་བྱ་སྟེ། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །

འགྲོ་བ་སེམས་ཀྱིས་སྤྲོ་བ་ནི། །བརྟན་པའི་སྙིང་པོར་ལེགས་པར་བཤད། །སྟོང་ཉིད་དེ་བཞིན་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔར་དེ་བཤད་དོ། །འགྲོ་བ་ཐམས་ཅད་བཀུག་ནས་སུ། །སངས་རྒྱས་བྱང་ཆུབ་སྦྱར་བར་བྱ། །དོན་ཡོད་ཡེ་ཤེས་དག་པ་དེ། །རྡོ་རྗེ་རྒྱལ་པོ་
མཆོག་ཅེས་བཤད། །རྡོ་རྗེ་ཆགས་པས་ཆགས་གྱུར་ནས། །རང་བཞིན་གྱིས་ནི་བརྟན་པར་འགྱུར། །འགྲོ་བ་མ་ལུས་ལུས་མེད་པ། །དེ་ཡི་སེམས་ནི་ཆགས་པར་བཤད། །ཆོས་རྣམས་ཀུན་ནི་རང་བཞིན་གྱིས། །རྣམ་པར་དབེན་ཞིང་གཉིས་སུ་མེད། །གང་ཚེ་
དག་པའི་བདག་ཉིད་མཐོང་། །དེ་ཚེ་རྡོ་རྗེ་ལེགས་པར་བཤད། །རྡོ་རྗེ་སེམས་དཔའ་བཞི་པོ་ཡིས། །མིང་དང་བརྡ་ནི་སྦྱར་བའོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །སྡོམ་པ་མཆོག་ཏུ་དམ་པའོ། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །ཚོགས་གཉིས་རྫོགས་
པར་བྱས་པ་སྟེ། །ས་དང་ཕ་རོལ་ཕྱིན་མཆོག་གཙོ། །རྡོ་རྗེ་དབང་བསྐུར་ལས་བྱུང་བ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །རྙོག་པ་མེད་ཅིང་ཡི་གེ་མེད། །འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་མཆོག །བརྟན་པ་རྟག་པ་ཉིད་དུ་འགྱུར། །ནམ་མཁའི་མཛོད་
ནི་མཛོད་ཆེན་པོ། །ཆོས་རྣམས་ཐམས་ཅད་དབང་སྒྱུར་བ། །ཡིད་བཞིན་ནོར་བུ་རྡོ་རྗེ་ཆེ། །རྡོ་རྗེ་ཏོག་ནི་བླ་ན་མེད། །ཡེ་ཤེས་སྣང་བ་རིན་ཆེན་ཆེ། །རྨད་དུ་བྱུང་བ་ངེས་པར་མཐོང་། །དེ་བཞིན་གཤེགས་ཀུན་གསང་བ་ནི། །རྡོ་རྗེ་བཞད་པ་ཞེས་སུ་གྲགས། །ཆོས་
ཀྱི་བདག་མེད་ལས་བྱུང་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཆོས་ཉིད་དམ་པ་བསམ་དུ་མེད། །རྡོ་རྗེ་ཆོས་ཞེས་བྱ་བར་དྲན། །རྡོ་རྗེ་བློ་གྲོས་སྣང་བ་ཆེ། །ཤེས་རབ་ཡེ་ཤེས་དྲི་མེད་མཆོག །ཟག་མེད་ཤེས་རབ་ཆེན་པོ་པ། །དེ་ནི་རྡོ་རྗེ་རྣོན་པོར་བཤད། །སངས་
རྒྱས་རྣམས་ཀྱི་ཆོས་འཁོར་ལོ། །གཉིས་སུ་མེད་ལས་བྱུང་བར་མཚོན། །ཡན་ལག་བཅུ་གཉིས་རྟེན་འབྲེལ་མིང་། །རྡོ་རྗེ་རྒྱུ་ཞེས་ངེས་པར་བཤད། །དགོངས་པའི་སྐད་ནི་སྤྲོས་པའི་མཆོག །ཡུལ་རྣམས་ཀྱིས་ནི་བཤད་པ་སྟེ། །སངས་རྒྱས་ཀུན་གྱིས་བཟླས་པ་ཆེ། །

དེ་ནི་རྡོ་རྗེ་སྨྲ་བར་བཤད། །སེམས་ཅན་ཀུན་གྱི་དོན་ལ་སྦྱར། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །གདོད་ནས་དག་པའི་རྣལ་འབྱོར་ཆེ། །དེ་ནི་རྡོ་རྗེ་ལས་སུ་བཤད། །བླ་ན་མེད་པའི་བྱམས་པ་ཆེ། །བསྲུང་བའི་བྱ་བ་གོང་ན་མེད། །དག་པའི་
ཆོས་ནི་བརྩོན་ཆེན་པོ། །རྡོ་རྗེ་བསྲུང་བ་ཞེས་སུ་གྲགས། །ཤེས་རབ་ཐབས་ཀྱི་ཁྲོ་བོ་ཆེ། །སངས་རྒྱས་ཀུན་དང་རྗེས་མཐུན་པ། །ཉོན་མོངས་ཐམས་ཅད་ཟ་བ་ཆེ། །དེ་ནི་རྡོ་རྗེ་གནོད་སྦྱིན་བརྗོད། །ལུས་ངག་ཡིད་ནི་ཡང་དག་སྦྱོར། །སྒྲིབ་པ་མེད་ཅིང་ཡི་གེ་བྲལ། །
དེ་བཞིན་གཤེགས་པ་ཀུན་གྱི་གསང་། །དེ་ནི་རྡོ་རྗེ་མཚམས་སྦྱོར་བཤད། །རྡོ་རྗེ་ཡེ་ཤེས་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་སྟོབས་པོ་ཆེ། །ཐོག་མ་ཐ་མ་མེད་ཞི་བ། །རིག་པ་མཆོག་ཅེས་བྱ་བར་བཤད། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གླུས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་པར་མཆོད་ནས་གླུར་བླངས་པ། ཨོྃ་སརྦྦ་བུད་དྷ་པར་མེ་ཤྭ་ར་བུ་ཤུདྷྱ་ལ་ལི་ཧོཿ། སུ་བྷ་གཿ། སུ་ར་ཏཿ། མ་ཧཱ་མ་ཧཱ་ཨཱ་དི་མ་ཧཱ་བོ་དྷི་བུདྡྷ་བུདྡྷ། ཡོ་གཱི་ཤྭ་ར་ཏ་ཐཱ་ཏཱ་བྷཱ་བི་ཏྭཱཏྨ་ཀ་ཏ་ཐཱ་ག་ཏ།
བྱང་ཆུབ་སེམས་བསྐྱེད་ལས་འཁྲུངས་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །མཆོག་གི་དབང་ཕྱུག་དམ་པའི་ཆོས། །གདོད་ནས་ཞི་བ་ལ་ཕྱག་འཚལ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་པོ། །རྡོ་རྗེ་ཅན་ཀུན་ལ་ཕྱག་འཚལ། །དེ་བཞིན་གཤེགས་
པ་རྡོ་རྗེ་ཆེ། །སངས་རྒྱས་བྱང་ཆུབ་ལ་ཕྱག་འཚལ། །མི་དམིགས་གོ་འཕང་ལ་གནས་པ། །མཐའ་ལས་འདས་པ་ལ་ཕྱག་འཚལ། །འདྲེན་པ་རྣམས་ཀྱི་སྟོབས་པོ་ཆེ། །ཧཱུཾ་གི་ཡི་གེ་མ་ལུས་པ། །ཐམས་ཅད་མཁྱེན་པ་མཐའ་དག་དང་། །ཤིན་ཏུ་ཡོངས་སུ་མྱ་
ངན་འདའ། །འཇིག་རྟེན་དབང་ཕྱུག་མགོན་བཟང་པོ། །རྡོ་རྗེ་ཡེ་ཤེས་དྲི་མ་མེད། །རྣམ་པར་དག་པ་རྡོ་རྗེ་མཆོག །དངོས་གྲུབ་ཐམས་ཅད་རབ་གསོལ་བྱེད། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་མགོན། །དུས་གསུམ་བསམ་པ་དབང་སྒྱུར་བ། །སེམས་ཅན་རྣམས་ལ་

ཕན་དོན་དུ། །འབྱུང་བ་ཁྱོད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སྙིང་པོ་རྒྱན་ལས་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སླར་ཡང་འདུས་པར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་
ཏེ། བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སྙིང་པོ་རྒྱན་གྱི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་དོན་ཆེད་དུ་བརྗོད་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་སྙིང་པོ་ཞེས་གྲགས་པ། །སངས་རྒྱས་ཀུན་གྱི་སྐྱོབ་པའོ། །གྲུ་
བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་མཛེས། །སྒོ་ཁྱུད་རྡོ་རྗེའི་གཟུགས་བརྙན་དང་། །ཕྱག་རྒྱ་དང་ལྡན་རབ་ཏུ་མཛེས། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །འཁོར་ལོ་གཉིས་ནི་རབ་ཏུ་གནས། །རྩིབས་བརྒྱད་པ་དང་བཅུ་དྲུག་རྩིབས། །རྣམ་པར་དབྱེ་
བ་ལེགས་པར་བརྟག །དབུས་ཀྱི་དཀྱིལ་འཁོར་ནང་གི་ནི། །ལྟེ་བའི་གནས་སུ་ལེགས་བརྟགས་པ། །པདྨ་ཆེན་པོ་འདབ་བརྒྱད་པ། །གེ་སར་གཏམས་པས་རབ་ཏུ་མཛེས། །དེ་ཡི་ལྟེ་བའི་དབུས་སུ་ནི། །ཁྱབ་བདག་རྣལ་འབྱོར་དབང་ཕྱུག་ཆེ། །རྣམ་པར་སྣང་
མཛད་བརྩོན་ཆེན་པོ། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དེ་ཡི་ཉེ་འཁོར་ཀུན་དུ་ནི། །དེ་བཞིན་གཤེགས་པ་བརྒྱད་རྣམས་དགོད། །ཤར་དུ་དགོད་བྱ་འཁོར་ལོ་ཅན། །གཙུག་ཏོར་དཀར་པོ་ནུབ་ཏུ་གནས། །གཟི་བརྗིད་ཕུང་པོ་ལྷོ་རུའོ། །རྣམ་པར་རྒྱལ་བ་བྱང་དུ་
གནས། །དབང་ལྡན་རྣམ་པར་གསལ་བར་བྲི། །མེར་ནི་སྟེང་འགྲོ་དགོད་པར་བྱ། །སྟེང་འགྲོ་ཆེན་པོ་བདེན་བྲལ་དུ། །རླུང་དུ་རྒྱལ་བ་ཆེན་པོ་གནས། །སངས་རྒྱས་གཟུགས་བརྙན་འཛིན་པའི་མཆོག། རྣལ་འབྱོར་ལྡན་པས་འདི་དག་བྲི། །མི་བསྐྱོད་པ་ནི་ཤར་དུ་དགོད། །
ལྷོ་རུ་རིན་ཆེན་འབྱུང་ལྡན་ནོ། །ནུབ་ཏུ་འོད་དཔག་མེད་པར་འགྱུར། །བྱང་དུ་དོན་ཡོད་གྲུབ་པའི་མིང་། །ཟླ་བའི་དཀྱིལ་འཁོར་ལ་བརྟེན་པའོ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བྲི། །ཐམས་ཅད་ཟླ་བའི་དཀྱིལ་འཁོར་གནས། །

འཁོར་རྣམས་ཟླ་བའི་དཀྱིལ་འཁོར་ལའོ། །ཕྲེང་བ་རྣམ་པར་དགོད་བྱ་བ། །རང་གི་ཕྱག་རྒྱ་འོད་ཟེར་འབར། །རྡོ་རྗེ་སྒེག་མོ་ལ་སོགས་པའི། །ལྷ་མོ་འབད་པས་དགོད་པར་བྱ། །རྡོ་རྗེ་བདུག་པ་ལ་སོགས་བྲི། །དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས། །
རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ། །སྒོ་སྲུང་འབད་པས་བྲི་བར་བྱ། །ཕྱི་ཡི་དཀྱིལ་འཁོར་ལ་གནས་པར། །ཀུན་དུ་བཟང་སོགས་རིམ་བཞིན་བྲི། །རང་གི་ཕྱག་རྒྱའི་འཁོར་རྣམས་དང་། །ཕོ་ཉ་ཡི་ནི་འཁོར་དག་དང་། །ཁྲོ་བོ་རྣམས་དང་མངག་པ་དང་། །དེ་བཞིན་ཕོ་ཉ་ཕོ་ཉ་མ། །
རྒྱ་མཚོ་ཡི་ནི་དཀྱིལ་འཁོར་ནི། །འོད་ཀྱི་དཀྱིལ་འཁོར་གསལ་བའོ། །ཕྱི་རུ་ཕྱི་རོལ་རྡོ་རྗེའི་མིང་། །དཀྱིལ་འཁོར་ལ་ནི་འབད་པས་བྲི། །དབང་ལྡན་ཕྱོགས་ནས་བརྩམས་ནས་སུ། །འཇིག་རྟེན་སྐྱོང་བ་བརྒྱད་པོ་བྲི། །ཚངས་པ་ཁྱབ་འཇུག་དབང་ཆེན་མིང་། །དབང་པོ་ལ་
སོགས་ལྷ་ཐམས་ཅད། །མ་མོ་ཀུན་དང་སྲིང་མོ་རྣམས། །རྒྱལ་པོ་ཆེན་པོ་བཞི་དང་ཀླུ། །དེ་བཞིན་ལྷ་རྣམས་ཐམས་ཅད་དང་། །བརྩོན་འགྲུས་ཆེན་པོ་ནམ་མཁའ་ལྡིང་། །འབད་པ་ཡིས་ནི་བྲི་བར་བྱ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་སུ། །ཁྱད་པར་དུ་ནི་མཆོད་པར་བྱ། །
མེ་ཏོག་བདུག་སྤོས་རོལ་མོ་སོགས། །དེ་བཞིན་བཟའ་དང་སྟོན་མོ་སོགས། །ཕྲེང་བའི་རྒྱན་ནི་སྣ་ཚོགས་ཀྱིས། །དེ་བཞིན་གཤེགས་རྣམས་མཆོད་པར་བྱ། །དཀྱིལ་འཁོར་ཀུན་གྱི་ཆོ་ག་ཡིས། །མཆོད་པ་ཀུན་གྱིས་ཐམས་ཅད་ནས། །འཁོར་ལོ་ཀུན་གྱི་ཆོ་ག་ཡིས། །སངས་
རྒྱས་ཐམས་ཅད་མཆོད་པར་བྱ། །དེ་ནས་སློབ་མ་ཐམས་ཅད་གཞུག །ཡོངས་སུ་དག་པ་ཁྱད་པར་དུ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །བྱང་ཆུབ་བསླབ་པ་རྗེས་སྤྱོད་པ། །ཆོ་ག་ཤེས་པའི་སྔགས་པས་གཞུག །འདྲེན་པ་རྣམས་ལ་མཆོད་དུ་གཞུག །རྡོ་རྗེའི་དབང་
བསྐུར་སྦྱོར་བ་ཡིས། །དབང་བསྐུར་བ་ནི་དེ་ནས་སྦྱིན། །སེང་གེའི་ཁྲི་ཡི་སྟེང་དུ་ནི། །དར་དང་མེ་ཏོག་ཆུན་པོས་སྤྲས། །དཀར་པོའི་གདུགས་དང་རིན་ཆེན་ཆེ། །བླ་རེ་རྒྱ་ཆེ་འབར་བ་དང་། །དེ་ཡི་གཡས་ཀྱི་དྲུང་དུ་ནི། །མཁས་པ་ཡིས་ནི་གཞག་པར་བྱ། །བ་དན་རྣམ་པ་

སྣ་ཚོགས་དང་། །སྣ་ཚོགས་རས་ཀྱིས་རབ་མཆོད་པ། །གཡོན་གྱི་དྲུང་དུ་ཐམས་ཅད་ནས། །འབད་པ་ཡིས་ནི་གཞག་པར་བྱ། །རིན་ཆེན་སྨན་ཀུན་གྱིས་གང་བའི། །བུམ་པ་ལེགས་པར་གཞག་བྱས་ཏེ། །རྡོ་རྗེ་མིང་གི་དབང་བསྐུར་གྱིས། །དེ་ལ་རང་གིས་དབང་བསྐུར་
བྱ། །རྡོ་རྗེ་མིང་གིས་དབང་བསྐུར་བ། །མཁས་པ་ཡིས་ནི་སླར་ཡང་བྱ། །ཀུན་གྱི་ཅོད་པན་དབང་བསྐུར་གྱིས། །ཡང་དང་ཡང་དུ་དབང་བསྐུར་བྱ། །ཆོས་ཀྱི་ཅོད་པན་དབང་བསྐུར་དང་། །སངས་རྒྱས་ཀུན་གྱི་སྐྱོབ་པ་ནི། །སྣ་ཚོགས་ལས་ཀྱི་དབང་བསྐུར་སྦྱིན། །ཆོས་
ཀྱི་དབྱིངས་དང་མཉམ་མཚུངས་པའོ། །ཆོས་ཀྱི་སྐུ་ཡི་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་སྒྲོན་མ་སྦྱིན། །དེ་ལྟར་སློབ་མ་དབང་བསྐུར་བ། །ཁྱད་པར་དུ་ནི་སྔགས་པས་བྱ། །དེ་ལ་དམ་ཚིག་ཆོ་ག་ཡིས། །སྔགས་དང་ཕྱག་རྒྱས་སྦྱར་བར་བྱ། །སློབ་དཔོན་བརྙས་པར་
མི་བྱ་ཞིང་། །སྒྲུབ་པོ་ཀུན་ལ་སྨད་མི་བྱ། །སྔགས་ཀྱི་སྤྱོད་པ་ཐམས་ཅད་ལ། །འདའ་བར་མི་བྱ་སྨད་མི་བྱ། །འཇིག་རྟེན་པ་ཡི་ལྷ་རྣམས་དང་། །གྲུབ་མཐའི་རིགས་པ་ཐམས་ཅད་ལ། །སྨད་པར་མི་བྱ་བླང་མི་བྱ། །དེ་ལ་མངོན་པར་དགའ་བ་སྤངས། །སྡིག་པ་ཐམས་ཅད་
རྣམ་སྤང་ཞིང་། །དེ་བཞིན་བསོད་ནམས་ཐམས་ཅད་བསྡུ། །བཟའ་དང་སྟོན་མོ་དུ་མ་ལ། །བཟའ་བར་མི་བྱ་སྨད་མི་བྱ། །འདོད་པས་བཅོམ་ལྡན་སེམས་པ་སྟེ། །སངས་རྒྱས་ཀུན་གྱི་སྲས་བདག་སྐྱེས། །ཐོག་མ་ཐ་མ་མེད་ཞི་བ། །ནམ་ཡང་དོར་བར་མི་བྱའོ། །སངས་རྒྱས་
ཐམས་ཅད་ཆགས་ལས་འཁྲུངས། །དེ་བཞིན་ཞེ་སྡང་རྨོངས་ལས་འཁྲུངས། །མཉམ་དང་མི་མཉམ་ཆོས་ཀུན་དང་། །དབུ་མའི་གནས་ལ་གནས་ནས་སུ། །དེ་ཉིད་དམ་ཚིག་ཤེས་ནས་སུ། །སངས་རྒྱས་བྱང་ཆུབ་ཡོང་མི་སྤོང་། །ལུས་ཅན་ཀུན་ལ་འཚེ་མི་བྱ། །ཁྱོད་ཀྱིས་
སེར་སྣ་མི་བྱ་སྟེ། །ཕྲག་དོག་བྱ་བར་མི་བྱའོ། །དམ་པའི་ཆོས་ནི་སྤང་མི་བྱ། །བྱང་ཆུབ་སེམས་ནི་མཆོག་ཏུ་བདེ། །ཆང་གི་བཏུང་བ་སྤང་བྱ་སྟེ། །ཕ་རོལ་བུད་མེད་རྣམ་པར་སྤང་། །ཐམས་ཅད་མཁྱེན་པ་ཡོངས་མི་དོར། །རྟག་ཏུ་སྲོག་ཆགས་གསད་མི་བྱ། །སེམས་ཅན་

ཀུན་ལ་སྙིང་རྗེ་དང་། །བྱམས་པ་ཡང་ནི་རྣམ་པར་བསྒོམ། །སེམས་ཅན་རྣམས་ལ་ཕན་པ་ནི། །ཡང་དང་ཡང་དུ་ཡོངས་བསྡུ་བྱ། །སངས་རྒྱས་ཀུན་གྱི་རྗེས་སྐྱོབ་པ། །དམ་ཚིག་དེ་ཉིད་འདི་དག་ནི། །སློབ་མ་རྣམས་ལ་རྗེས་བརྩེ་བས། །མཁས་པ་ཡིས་
ནི་བསྟན་པར་བྱ། །དེ་ནས་ཕྱག་རྒྱ་རྗེས་བཅིང་བ། །གོ་རིམས་བཞིན་དུ་བསྟན་པར་བྱ། །ཕྱག་རྒྱ་འདི་དག་ཁྱད་པར་གྱི། །མཚན་ཉིད་ཡང་དག་རབ་བཤད་བྱ། །ཐལ་མོ་བརྟན་པར་བསྡམ་པར་བྱ། །མེ་ཏོག་ཟུམ་པའི་ཚུལ་དུ་མཛེས། །སངས་རྒྱས་དཔའ་བོ་ཐམས་ཅད་
ཀྱིས། །པདྨའི་ཐལ་མོ་ཞེས་སུ་བསྒྲགས། །རྩེ་མོ་ཐམས་ཅད་ལེགས་བརྐྱང་བ། །པདྨའི་ཕྱག་རྒྱ་ཞེས་སུ་བརྗོད། །རེ་རེའི་མཚམས་སུ་ངེས་བཅིངས་པ། །དེ་ནི་རྡོ་རྗེ་ཐལ་མོར་བརྟགས། །སོར་མོ་ཐམས་ཅད་ངེས་བསྡམས་པ། །རྡོ་རྗེ་བསྡམས་པས་ལེགས་བཅིངས་པ། །
སོར་མོ་བརྐྱང་སྟེ་སྟེང་དུ་བསྟན། །སངས་རྒྱས་བྱང་ཆུབ་རབ་གསོལ་བྱེད། །ཁུ་ཚུར་ནང་དུ་བྱས་ནས་ནི། །གཉིས་ཀ་སྦྱར་བས་ཡོངས་སུ་བརྟག །འཁོར་ལོས་སྒྱུར་སོགས་ཕྱག་རྒྱའོ། །དམ་པ་སྦྱིན་པ་ཡིན་པར་བཤད། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །དམ་
ཚིག་ཕྱག་རྒྱ་འདི་ཡིན་ནོ། །མིང་མེད་ནང་བཅུག་ཁུ་ཚུར་གྱིས། །ཀུན་གྱི་རྩེ་མོར་ཡོངས་སུ་བརྟག །རྡོ་རྗེའི་རྣམ་པ་ལེགས་པར་སྦྱར། །རྡོ་རྗེ་ཆེན་པོ་ཞེས་སུ་བསྒྲགས། །མཐེ་ཆུང་སྲིན་ལག་ཁུ་ཚུར་ལས། །གུང་མོ་ལེགས་པར་བརྐྱང་ནས་སུ། །མཛུབ་མོས་མཐེ་བོང་
ཡོངས་སུ་སྦྱར། །འཁོར་ལོས་སྒྱུར་བ་ཉིད་གསོལ་བྱེད། །བརྐྱང་པའི་རྩེ་མོ་སྦྱར་བ་ནི། །གདུགས་དཀར་ཞེས་ནི་རབ་ཏུ་གྲགས། །སྲིན་ལག་དང་ནི་མཐེ་བོང་སྦྱར། །གུང་མོ་གཉིས་ནི་བརྟག་པར་བྱ། །གཟི་བརྗིད་ཕུང་པོའི་ཕྱག་རྒྱ་ཆེ། །གཟི་བརྗིད་ཕུང་པོ་ཉིད་གསོལ་
བྱེད། །དེ་ཉིད་རལ་གྲི་ལྟ་བུར་སྦྱར། །རྣམ་པར་རྒྱལ་བ་ཞེས་སུ་གྲགས། །དེ་ཉིད་རྒྱལ་བ་ཞེས་བྱ་བ། །རྡོ་རྗེ་ལྡན་པ་དེ་བཞིན་གཤེགས། །ཁུ་ཚུར་སྙིང་པོ་ལྡན་བྱས་པས། །གཙུག་ཏོར་རྣམ་པའི་འབྱུང་གནས་ཏེ། །ཐུབ་དཀའ་སངས་རྒྱས་ཐམས་ཅད་ཀྱིས། །སྟེང་དུ་

འགྲོ་བ་ཞེས་སུ་བཤད། །རྡོ་རྗེ་བསྡམས་པ་ཡོངས་སུ་སྦྱར། །དམ་ཚིག་ཀུན་གྱི་འབྱུང་གནས་ཏེ། །གུང་མོའི་རྩེ་མོ་མཆོག་ཏུ་སྦྱར། །མཐེའུ་ཆུང་དང་ནི་མཐེ་བོང་བརྐྱང་། །ལྕགས་ཀྱུ་མདའ་ཡི་སྦྱོར་བ་ཡིས། །ལེགས་སོ་བ་ནི་སྦྱར་བར་བྱ། །གུང་མོ་རྡོ་རྗེ་རིན་ཆེན་རྩེ། །
བྱེ་བ་གཟི་བརྗིད་མཆོག་གི་མཆོག །རྒྱལ་མཚན་གནས་སུ་ངེས་པར་སྦྱར། །བཞད་པའི་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ། །དབུ་མ་པདྨ་ལྟ་བུར་བསྐུམ། །རལ་གྲི་འཛིན་པ་འཇམ་པའི་དབྱངས། །འཁོར་ལོ་སྦྱར་བའི་འཁོར་ལོས་སྒྱུར། །ཁ་རུ་ཕྱེ་བའི་ཕྱག་
རྒྱ་ཆེ། །རྡོ་རྗེ་སྨྲ་བ་ཉིད་དུ་འགྱུར། །ལས་ཀྱི་རྡོ་རྗེའི་ཕྱག་རྒྱ་ཆེ། །གར་མཚུངས་རྡོ་རྗེ་སྣ་ཚོགས་ཅན། །ཆོས་ཡོངས་སྡུད་པའི་སྦྱོར་བ་ཡིས། །རྡོ་རྗེ་བསྲུང་བར་བརྟག་པར་བྱ། །མཆེ་བ་གཉིས་ནི་རྣམ་པར་གཙིགས། །རྡོ་རྗེ་གནོད་སྦྱིན་ཞེས་སུ་བཤད། །ཁུ་ཚུར་བཅངས་
པ་ཁུ་ཚུར་གྱི། །རྡོ་རྗེ་ཐལ་མོ་སྙིང་གར་གཞག །རྡོ་རྗེ་སྒེག་མོ་ཞེས་སུ་གྲགས། །ཡོངས་སུ་སྦྱར་བ་སྤྱི་བོར་གཞག །རྡོ་རྗེ་ཕྲེང་བ་ཞེས་སུ་བརྗོད། །ཐལ་མོ་སྦྱར་བ་གདོང་དུ་དགྲོལ། །རྡོ་རྗེ་གླུ་མར་རྗེས་སུ་བསྒྲགས། །འགྱེད་ཅིང་འདུད་པའི་སྦྱོར་བ་ཡིས། །དེ་ནི་རྡོ་རྗེ་གར་
མར་བཤད། །པདྨའི་ཐལ་མོ་གདོང་དུ་དབྱེ། །སྤྱི་བོར་ཡོངས་སུ་སྦྱར་ལ་གཞག །སྙིང་གར་མཐེ་བོ་བསྙམས་པ་དང་། །རབ་ཏུ་བརྐྱང་བ་བྱུག་པའོ། །ལག་པ་སྟེང་དུ་ཡོངས་བརྐྱང་བ། །གཟུགས་ཀྱི་ཕྱག་རྒྱ་ཉིད་དུ་འགྱུར། །ལག་གཉིས་རྣ་བའི་ལམ་དུ་གཞག །སྒྲ་ཡི་
ཕྱག་རྒྱ་ཉིད་དུ་བཤད། །དྲི་ནི་བྱུག་པའི་སྦྱོར་བ་ཡིས། །དྲི་ཡི་ཕྱག་རྒྱ་ཞེས་སུ་བརྗོད། །གདོང་དུ་སྙིམ་པ་ཕྱེ་བ་ནི། །རོ་ཡི་ཕྱག་རྒྱ་ཞེས་སུ་བསྒྲགས། །མཁའ་ལ་མྱུར་བའི་སྦྱོར་བ་ཡིས། །རེག་པ་རེག་པ་ཞེས་སུ་བཤད། །མཐེའུ་ཆུང་གཉིས་ནི་ཡོངས་སུ་སྦྱར། །མཛུབ་མོ་
ལྕགས་ཀྱུའི་སྦྱོར་བ་ལས། །དེ་ཉིད་ཞགས་པའི་དབྱིབས་དང་ནི། །ལུ་གུ་རྒྱུད་ཀྱི་རྣམ་པར་བརྟག །བཞི་པ་རྡོ་རྗེ་དྲིལ་བུ་ཞེས། །རྡོ་རྗེ་འབེབས་པར་རྣམ་པར་བརྟག །ཕྱག་རྒྱ་ཀུན་དང་ཉེ་བའི་རྒྱ། །བློ་གྲོས་ལྡན་པ་རང་གིས་བརྟག །ཐལ་མོ་ཡོངས་སུ་སྦྱར་ལ་བསྡམ། །

མཛུབ་མོ་གཉིས་པོ་བསྐུམ་ནས་ནི། །རིན་པོ་ཆེ་ཡི་རྣམ་པར་བཅིང་། །ཀུན་དུ་བཟང་པོ་བློ་ལྡན་གྱིས། །དེ་ལས་རྩེ་མོ་རྩེ་མོ་བསྐུམ། །སེམས་ཀྱིས་བྱམས་པ་བསྒོམས་ནས་སོ། །མཛུབ་མོ་སྦྱར་ལ་བཅུག་ནས་ནི། །རལ་གྲིའི་རྣམ་པར་བརྟག་པ་སྟེ། །འདི་ནི་
ནམ་མཁའི་སྙིང་པོ་ཡི། །ཕྱག་རྒྱར་སངས་རྒྱས་ཀུན་གྱིས་བསྔགས། །དེ་ནས་རལ་གྲིའི་མཚོན་ཆ་ཡི། །རྣམ་པ་རུ་ནི་ཉེར་གནས་པ། །ཕྱག་རྒྱ་འདི་ནི་རྣམ་འགོག་པར། །ཐམས་ཅད་ཀྱིས་ནི་ཡོངས་སུ་བརྗོད། །གར་ནི་སྡུད་པའི་སྦྱོར་བ་ཡིས། །རྡོ་རྗེ་ཐལ་མོ་རབ་ཏུ་
བརྐྱང་། །པདྨའི་ལྟ་བུར་རྣམ་པར་བརྟག །པདྨའི་ལག་པ་བློ་ལྡན་གྱིས། །དེ་ཉིད་མེ་ཏོག་ཟུམ་ཚུལ་དང་། །ཨུཏྤལ་རྣམ་པར་ལྟར་མཛེས་པ། །འདི་ནི་པདྨ་སྒྲོལ་བའི་རྒྱ། །པདྨའི་མགོན་པོ་ཞེས་སུ་གྲགས། །མཆེ་བ་གཙིགས་པ་དང་ལྡན་པའི། །ཁ་དང་འདྲ་བར་
ལེགས་པར་བརྟག །འདི་ནི་རྟ་མགྲིན་ཕྱག་རྒྱ་སྟེ། །ཁ་ཡི་ཕྱོགས་སུ་རབ་ཏུ་བརྟག །པདྨའི་ཐལ་མོ་དཔྲལ་བ་ཡི། །ཁྲོ་གཉེར་དུ་ནི་ཉེ་བར་སྦྱར། །རྡོ་རྗེ་ཐལ་མོ་འབེབས་པ་ཆེ། །དཔལ་གྱི་སྙིང་པོ་རིན་ཆེན་ལྡན། །ཡིད་བཞིན་ནོར་བུའི་རྣམ་པ་བཟུང་། །ཐལ་མོ་
ལེགས་པར་རབ་ཏུ་བརྐྱང་། །མི་ཟད་བློ་གྲོས་ཕྱག་རྒྱ་ཆེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བརྟགས། །གར་ནི་སྡུད་པའི་སྦྱོར་བ་ཡིས། །རིན་ཆེན་རྡོ་རྗེ་སྙིང་གར་གཞག །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྟེ། །ནམ་མཁའི་མཛོད་ཉིད་སྟེར་བར་བྱེད། །རྡོ་རྗེ་ཆེན་པོ་ལེགས་
པར་བརྐྱང་། །མཐེ་ཆུང་མཐེ་བོང་ངེས་པར་བཅིང་། །ལག་པ་གཉིས་ནི་ངེས་པར་བརྟག །བློ་གྲོས་རྒྱ་མཚོའི་ཕྱག་རྒྱར་འགྱུར། །རྡོ་རྗེ་ཐལ་མོ་སྟེང་དུ་བསྒྲེང་། །མཛུབ་མོ་གཉིས་པོ་སྦྱར་བར་བྱ། །འདི་ནི་རྡོ་རྗེ་སྙིང་པོའི་རྒྱ། །རྡོ་རྗེ་སྙིང་པོས་བཀའ་སྩལ་ཏོ། །ཁུ་ཚུར་ནང་
དུ་བྱས་ནས་སུ། །མཛུབ་མོ་གཉིས་པོ་རྩེ་མོ་བྱ། །འདི་ནི་འཇམ་དཔལ་ཕྱག་རྒྱ་སྟེ། །རྡོ་རྗེ་རལ་གྲི་ཞེས་སུ་བརྟག །དེ་ཉིད་ཤག་ཏིའི་རྣམ་པ་ནི། །འཇམ་པའི་དབྱངས་ནི་བློ་ལྡན་གྱིའོ། །གཤིན་རྗེ་མཐར་བྱེད་མདུང་རྩེར་འགྱུར། །མདུང་རྩེ་ཆེན་པོར་རབ་ཏུ་བརྟག།།

མཛུབ་མོ་བསྐུམ་པར་བྱས་ནས་ནི། །གུང་མོའི་སྟེང་དུ་ཡོངས་སུ་གཞག །ཞགས་པའི་རྣམ་པ་རབ་ལྡན་པས། །གཤིན་རྗེ་ཡང་ནི་འཇིགས་པར་བྱེད། །དེ་ཉིད་རལ་གྲིར་བྱས་པ་ནི། །སྐྲ་ཅན་མ་རུ་རབ་ཏུ་བཤད། །ཁུ་ཚུར་ཐམས་ཅད་ངེས་བཅིངས་ཏེ། །མཛུབ་མོ་
གཅིག་ནི་བསྐུམ་པར་བྱ། །འདི་ནི་ཉེ་བའི་སྐྲ་ཅན་རྒྱར། །འཇམ་པའི་དབྱངས་ཀྱིས་བཀའ་སྩལ་ཏོ། །རྡོ་རྗེ་བསྡམས་པ་སྟེང་བཅིངས་ཏེ། །དབུ་མ་གཉིས་ནི་རྣམ་པར་སྤང་། །མཛུབ་མོ་རྡོ་རྗེའི་རྣམ་པར་བྱ། །མཐེའུ་ཆུང་དང་ནི་མཐེ་བོང་བརྐྱང་། །འདི་ནི་རྡོ་རྗེ་འཛིན་ཆེན་
པོའི། །ཕྱག་རྒྱ་དོན་ཀུན་སྒྲུབ་བྱེད་ཡིན། །མཛུབ་མོ་མཐེ་བོས་བསྡམས་པ་ནི། །མཱ་མ་ཀཱིར་ནི་ཡོངས་སུ་བཤད། །མཛུབ་མོར་ལྕགས་སྒྲོག་རྣམ་པ་ལས། །གུང་མོའི་དབུ་མ་རྡོ་རྗེར་བྱ། །འདི་ནི་རྡོ་རྗེ་ལྕགས་སྒྲོག་རྒྱ། །རྡོ་རྗེ་ལྟ་བུར་ཡོངས་སུ་བཤད། །རྡོ་རྗེ་ཆེན་པོ་རྩེ་
ལྔ་པ། །ཁྲོ་བོ་གཟེགས་མར་རྣམ་པར་བཤད། །མཆོག་གི་རྩེ་མོ་རྩེ་གཅིག་བྱ། །རྡོ་རྗེ་རྩེ་མོ་ཉིད་ཀྱིར་བཤད། །ལག་ན་རིན་ཆེན་ཕྱག་རྒྱ་ནི། །ལག་གཉིས་ལེགས་པར་བརྐྱང་བར་བྱ། །སོར་མོ་པདྨའི་དབྱིངས་སུ་བྱ། །སྐུལ་བྱེད་ལྷ་མོར་ཡོངས་སུ་བཤད། །ཐལ་མོ་
ཡོངས་སུ་སྦྱར་བ་ལས། །མཛུབ་མོ་དང་ནི་མཐེ་བོང་དག །མིག་གི་ཚུལ་དུ་སྦྱར་བར་བྱ། །སངས་རྒྱས་སྤྱན་གྱི་རྣམ་པར་བཤད། །བཀྲ་ཤིས་ཀྱི་ནི་སྐྱིལ་ཀྲུང་བཅའ། །རྣལ་འབྱོར་རིག་པས་ལུས་བསྲང་སྟེ། །ལག་གཉིས་ལྷུང་བཟེད་འཛིན་འདྲ་བ། །བསམ་གཏན་ཕྱག་
རྒྱར་རབ་ཏུ་བཤད། །འདི་ནི་རྣམ་པར་སྣང་མཛད་རྒྱ། །སངས་རྒྱས་ཀུན་གྱི་དོན་མཛད་པའོ། །མི་བསྐྱོད་པ་ཡི་ས་ལ་རེག །རིན་ཆེན་ཏོག་གི་མཆོག་སྦྱིན་བཤད། །བསམ་གཏན་ཕྱག་རྒྱ་འོད་དཔག་མེད། །ངོ་བོ་ཉིད་ཀྱི་དོན་རྟོགས་བྱེད། །དོན་ཡོད་གཟིགས་པའི་ཕྱག་རྒྱ་
ནི། །མི་འཇིགས་འཇིགས་པ་མེད་པ་སྦྱིན། །བློ་ལྡན་རྣལ་འབྱོར་སྐྱིལ་ཀྲུང་གནས། །སངས་རྒྱས་ཀུན་གྱི་རང་བཞིན་བདག །མཉམ་པར་བཞག་པ་ཕྱག་རྒྱ་ཀུན། །འཆིང་བ་འམ་ནི་འཆིང་དུ་གཞུག །འཇིག་རྟེན་པ་ཡི་ཕྱག་རྒྱ་ལ། །ལག་པ་གཅིག་ནི་རབ་བརྐྱང་སྟེ།།

དབང་ལྡན་གྱི་ནི་རྩེ་གསུམ་པ། །མཐེ་བོས་མཐེའུ་ཆུང་མནན་པར་བྱ། །ལྷ་ཡི་དབང་པོའི་རྡོ་རྗེར་འགྱུར། །ལག་པ་གཡས་པས་བརྟག་པར་བྱ། །མེ་ཡི་ཨོཾ་ཡིག་ལག་པ་དག །མཐེ་བོ་གུང་མོ་ཉིད་ལ་གཞག །གཤིན་རྗེའི་རྡོ་རྗེ་དབྱུག་པ་སྟེ། །མཛུབ་
མོ་དང་ནི་མཐེ་བོང་སྦྱར། །དེ་ཉིད་ཁྱབ་འཇུག་འཁོར་ལོ་སྟེ། །འཁོར་ལོའི་ཡི་གེ་དགོད་པར་བྱ། །ལག་པ་གཅིག་གིས་ཐོད་པ་ནི། །མ་མོ་རྣམས་ཀྱིར་ཡང་དག་བཤད། །སོར་མོ་གཉིས་བསྒྲེང་རལ་གྲི་ནི། །སྲིན་པོ་བདག་ཉིད་ཆེན་པོའིའོ། །མཛུབ་མོ་མཐེ་བོང་སྦྱར་
བ་ནི། །ཆུ་ལྷའི་ཞགས་པ་ཉིད་དུ་བཤད། །མཛུབ་མོ་དང་ནི་གུང་མོ་དག །རྒྱལ་མཚན་ལྟ་བུར་ལེགས་པར་བརྐྱང་། །རླུང་ལྷ་རྒྱལ་མཚན་ཕྱག་རྒྱ་ནི། །ལག་པ་གཉིས་ཀྱིས་རབ་ཏུ་བརྟག །དབུ་མ་གཅིག་པུ་ལེགས་བརྐྱང་བ། །དབྱུག་ཏོའི་ཕྱག་རྒྱར་རབ་ཏུ་བཤད། །
གནོད་སྦྱིན་ཀུན་གྱི་དབང་ཕྱུག་ནི། །ལུས་ངན་བདག་ཉིད་ཆེན་པོའོ། །མཆོད་ཕྱིར་ཐོགས་ཀྱི་ཕྱག་རྒྱ་ནི། །ཚངས་པ་ཡི་རུ་ལེགས་པར་བཤད། །དྲག་པོའི་གསལ་ཤིང་ཤེས་བྱ་སྟེ། །ལྷ་མོའི་བ་ཊེ་ས་རུ་བརྗོད། །ཚོགས་བདག་གི་ནི་སྣ་རུ་བཤད། །ཟླ་བའི་བདུད་རྩིའི་དཀྱིལ་
འཁོར་རོ། །ཉི་མའི་འོད་ཟེར་སྟོང་ཕྲག་ནི། །ལག་པ་གཉིས་ཀྱིས་བསྟན་པར་བྱ། །འོད་ཀྱི་དཀྱིལ་འཁོར་སྦྱོར་བ་ཡིས། །དབང་པོའི་རྡོ་རྗེ་མཚོན་ཆ་ལྟར། །འདི་ནི་ལྷ་རྣམས་ཀུན་གྱི་རྒྱ། །དཔའ་བོ་ཀུན་གྱིས་རབ་ཏུ་གནང་། །དྲི་ཟ་རྣམས་ཀྱི་ཕྱག་རྒྱ་ནི། །གླུ་ལེན་ལྟ་
བུར་རབ་ཏུ་བསྒྲགས། །དགའ་བྱེད་དབང་ཕྱུག་ཕྱག་རྒྱ་ཆེ། །རྫ་རྔའི་སྒྲ་དབྱངས་རབ་ཏུ་འབར། །སངས་རྒྱས་ཐམས་ཅད་རབ་མཆོད་ཕྱིར། །ལྷ་ཆེན་པོས་ནི་རབ་ཏུ་བརྟགས། །ཏིང་ཏིང་ཤག་འཛིན་སྦྱོར་བ་ཡིས། །མིའམ་ཅི་རྣམས་ཀྱིར་བརྗོད་བྱ། །པི་ཝང་བསྒྲེང་
བའི་སྦྱོར་བ་ཡིས། །དབྱངས་ཅན་གྱིར་ནི་རྣམ་པར་བཤད། །རྟག་ཏུ་དུན་དུ་བྷི་སྒྲོག་པ། །རིག་པ་འཛིན་པ་རྣམས་ཀྱིར་བརྗོད། །ལག་གཉིས་གདེངས་ཀའི་ཚུལ་བྱས་པ། །ཀླུ་རྣམས་ཀྱིར་ནི་ལེགས་པར་བཤད། །གར་ནི་སྡུད་པའི་སྦྱོར་བ་ཡིས། །འགྱེད་དང་

འདུ་བའི་དེ་བཞིན་ནོ། །ལག་པའི་ཞགས་པ་ངེས་བཅིངས་པས། །དེ་ནི་ཕྱག་རྒྱར་རབ་ཏུ་བཤད། །འདི་རྣམས་དམ་ཚིག་ཕྱག་རྒྱ་རུ། །དེ་བཞིན་གཤེགས་རྣམས་ལེགས་པར་གསུངས། །ལས་ཀྱི་སྦྱོར་བ་འབད་པ་ཡིས། །འདི་རྣམས་ཀྱང་ནི་ཕྱག་རྒྱར་བཤད། །
ཕྱག་རྒྱ་དོར་ནས་སེམས་ཀྱི་ནི། །རིན་ཆེན་ཡང་དང་ཡང་དུ་བསམ། །རྣམ་པར་རྟོག་མེད་གདོད་ནས་ཞི། །ཆོས་དབྱིངས་མཉམ་ཞིང་མི་མཉམ་པ། །སྟོང་པ་མཁའ་འདྲར་ཤེས་ནས་སུ། །མཁས་པ་ཡིས་ནི་བསྒོམ་པར་བྱ། །འདི་དག་ཐམས་ཅད་མ་སྐྱེས་ཤིང་། །རྨི་ལམ་
ལྟ་བུར་རབ་ཏུ་གནས། །དྲི་ཟའི་གྲོང་ཁྱེར་ལྟ་བུར་སྣང་། །འཚོ་བའི་འཇིག་རྟེན་ཡང་དང་ཡང་། །མིག་འཕྲུལ་ལྟ་བུར་ཤིན་ཏུ་ནི། །འགྲོ་བ་ཐམས་ཅད་རབ་ཏུ་གསལ། །མི་རྟག་སྡུག་བསྔལ་སྟོང་པ་རུ། །སྲིད་པ་ཐམས་ཅད་མདོར་བསྡུས་པ། །བདག་མེད་པ་
ཞེས་མཐོང་ནས་ནི། །སངས་རྒྱས་ཀུན་དང་དཔའ་བོ་ཡིས། །སྒྱུ་མ་སྨིག་རྒྱུ་བྲག་ཅ་དང་། །ལྦུ་བ་ཆུ་ཡི་ཆུ་བུར་དང་། །གཟུགས་བརྙན་ལྟ་བུར་འཇིག་རྟེན་ནི། །དེ་ལྟར་སངས་རྒྱས་རྣམས་ཀྱིས་དགོངས། །ཐམས་ཅད་མགལ་མེའི་འཁོར་ལོ་ལྟར། །ཟོ་ཆུན་
ཁྱུད་མོ་ཇི་བཞིན་དུ། །གར་གྱི་གནས་ཀྱི་ཚུལ་འདྲ་བ། །ཟླ་བ་གཉིས་དང་མཚུངས་པར་བལྟ། །རྟག་ཏུ་གློག་གི་ཕྲེང་བ་འདྲ། །སྦྲང་བུའི་སྒྲ་དང་མཚུངས་པར་གནས། །འཁོར་བ་ཤིན་ཏུ་བསླང་བ་སྟེ། །རྒོད་མའི་ཁ་དང་འདྲ་བར་གནས། །འདི་ལྟར་ཤེས་ཤིང་
རྟོགས་ནས་ནི། །བསྒོམ་པའི་སྟོབས་ཀྱིས་རང་ཉིད་ཀྱིས། །སེམས་ནི་ལེགས་བསྒྲུབ་རྣལ་འབྱོར་པ། །དེ་ལ་ཕྱག་རྒྱ་རབ་ཏུ་བཤད། །སྟོང་པ་མཚན་མ་མེད་པ་དང་། །སྨོན་པ་མེད་པའི་རང་བཞིན་ལས། །ལུས་དང་ངག་དང་ཡིད་ཀྱིས་ནི། །དམ་ཚིག་གསུམ་ནི་བརྟགས་
པའོ། །ཕྱག་རྒྱ་སྔགས་དང་ལྷ་ཉིད་དང་། །དེ་ཉིད་གསུམ་ནི་རབ་ཏུ་གནས། །བདག་ཉིད་སྦྱོར་བའི་རྣལ་འབྱོར་གྱིས། །མཚན་ཉིད་གཅིག་ཏུ་རྣམ་པར་གནས། །དེ་འདི་དམ་པའི་ཕྱག་རྒྱ་རུ། །སངས་རྒྱས་རྣམས་ཀྱིས་བཀའ་སྩལ་ཏོ། །ཕྱག་རྒྱ་ཡི་གེ་བྲལ་བ་སྟེ།།

རྣམ་པ་མེད་ཅིང་སྣང་བ་མེད། །དངོས་པོ་མེད་པའི་ཆོས་རྣམས་ལ། །དངོས་པོའི་དེ་ཉིད་ཉིད་དུ་བཤད། །དངོས་མེད་དངོས་པོའི་རང་བཞིན་ཡིན། །དངོས་མེད་ཉིད་ཀྱང་དངོས་པོ་ཡིན། །དངོས་དང་དངོས་མེད་རྣམ་པར་གྲོལ། །རྣལ་འབྱོར་ཡེ་ཤེས་
མཆོག་ཏུ་བདེ། །རྟོག་གེ་མེད་ཅིང་སྣང་བ་མེད། །འཁྲུལ་པ་མེད་ཅིང་ཡི་གེ་མེད། །སྟོང་པ་ནམ་མཁའ་མཚུངས་པའི་སེམས། །གང་ཚེ་དེ་ལྟར་ཉིད་གྱུར་པ། །དེ་ཚེ་ཕྱག་རྒྱ་རྣམས་དང་སྔགས། །ལྷ་ཉིད་དུ་ཡང་རབ་ཏུ་བརྟག །སྔགས་ལས་ཕྱག་རྒྱ་མ་མཐོང་
ཞིང་། །ཕྱག་རྒྱ་ལས་ཀྱང་སྔགས་མིན་ལ། །རང་ཉིད་ལྷ་ཡི་རྣལ་འབྱོར་ནི། །གཉིས་མེད་སྔགས་དང་ཕྱག་རྒྱར་བརྟགས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕྱག་རྒྱའི་རིམ་པར་ཕྱེ་བའོ།། །།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་
པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་དག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས་འོག་མིན་གྱི་གནས་ནས་བྱོན་ཏེ། དགའ་ལྡན་གྱི་གནས་སུ་བཞུགས་ནས་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་ལ་ཆོས་བསྟན་ནས་ཟས་གཙང་གི་རིགས་
ལ་མངོན་པར་གཟིགས་ཏེ། མངོན་པར་བྱུང་བར་མཛད་ནས་བྱང་ཆུབ་ཀྱི་སྙིང་པོ་དག་ལ་ཉེ་བར་མནན་ནས་ཉེ་བར་འཁོད་དེ། བདུད་བཞི་ལས་རྣམ་པར་རྒྱལ་བར་བསྟན་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པར་གྱུར་ཏེ། བཞུགས་ནས་ཀྱང་ཀུན་ནས་འཕྲོ་བའི་ཏིང་ངེ་འཛིན་
སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ཅིང་གསང་སྔགས་འདི་གསུངས་སོ།།

ཨོྃ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿཨཱ་ཀརྵ་ཡ་སརྦྦ་ཏ་ཐཱ་ག་ཏཱ་ན་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་རྣམས་ལེགས་པར་བྱོན་ཏེ། ཆོས་ཀྱི་དབྱིངས་སུ་སྤྲོས་ནས་ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་འབྱམ་
རྒྱ་མཚོའི་སྤྲིན་རྣམས་ཁྱབ་སྟེ། ནམ་མཁའི་ཁམས་ན་གནས་པ་ཐམས་ཅད་ཏིལ་གྱི་གང་བུ་ལྟར་འཛམ་བུའི་གླིང་དུ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་གིས་བཀུག་ཅིང་བཅུག་སྟེ། བཅིངས་ནས་དབང་དུ་མཛད་དེ། དེ་ཉིད་ཀྱི་
ཐུགས་ཀར་རབ་ཏུ་གཞག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་གཉིས་སུ་མེད་པའི་སྦྱོར་བས་བྱིན་གྱིས་བརླབས་ཏེ། སྔགས་འདིས་རང་གི་སེམས་སོ་སོར་རྟོགས་པ་མཛད་དོ། །ཨོྃ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། དེའི་རྗེས་ཐོགས་
ཉིད་ལ་སངས་རྒྱས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ལས་ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བ་སེམས་རིན་པོ་ཆེ་ངེས་པར་བྱུང་སྟེ། སྤྲོས་པར་མཛད་དོ། །དེ་ཉིད་སེམས་འོད་
གསལ་བ། ཐུགས་རྗེ་ཆེན་པོས་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན་ཉིད། གཟུང་བ་དང་འཛིན་པའི་རྙོག་པ་སྤངས་པ་ནམ་མཁའ་ལྟར་གདོད་ནས་ཞི་བ། དེ་ལས་ཐུགས་རྗེ་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱས་ནས་སེམས་ཅན་གྱི་ཁམས་
ཐམས་ཅད་ལ་རྣམ་པར་གཟིགས་ཏེ། མི་ཤེས་པས་རྒ་བ་དང་། འཆི་བས་རྣམ་པར་ཁྱབ་པའི་འཇིག་རྟེན་ལ་གཟིགས་ནས་སླར་ཡང་སྔགས་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉེ་བར་བསྟན་པ། ཨོཾ་བོ་དྷི་ཙི་ཏྟ་ཨུཏྤཱ་ད་ཡཱ་མི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་
ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སེམས་འོད་གསལ་བ་དེ་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ལྟར་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་རྣམ་པར་གཞག་གོ། །ལེགས་པར་རྣམ་པར་དག་པའི་ནམ་

མཁའ་ལྟར་དྲི་མ་མེད་པ། སྤྲོས་པ་ཐམས་ཅད་སྤངས་པ་མེ་ལོང་ལྟ་བུར་བརྟན་པར་བྱས་ནས་གནས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སྔགས་འདི་བརྗོད་དོ། །ཨོྃ་ཛྙཱ་ན་རསྨི་བི་སྲྀ་ཛ་ཧཱུྃ། དེ་ནི་རྗེས་ཐོགས་ཉིད་ལ་འོད་ཟེར་རྣམ་པ་སྣ་ཚོགས་པ་ཟླ་བའི་དཀྱིལ་
འཁོར་ལས་རྣམ་པར་ཕྱུང་ངོ་། །དེ་ཕྱུང་ནས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཞུགས་ཏེ། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་གསལ་བར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རི་བོའི་རྩེ་བསྙིལ་ཏེ་རབ་ཏུ་རྟོགས་པར་བྱས་ནས་གཅིག་ཏུ་འདྲེས་ཏེ། རྡོ་རྗེའི་སྐུ་ཆེན་
པོ་རྣམས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རྗེས་སུ་ཞུགས་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རབ་ཏུ་གནས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་སྔགས་འདིས་བྱིན་གྱིས་བརླབས་སོ། །ཨོྃ་ཏིཥྛ་བཛྲ་སླར་ཡང་སྔགས་འདིས་སྤྲོས་པ། ཨོྃ་
སྥ་ར་བཛྲ་སླར་ཡང་སྔགས་འདིས་བསྡུས་སོ། །ཨོྃ་སང་ཧ་ར་བཛྲ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་རྡོ་རྗེའི་སྙིང་པོ་འདི་ཆེད་དུ་བརྗོད་པ། ཨོྃ་ཛྙཱ་ན་བཛྲ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་སྔགས་འདིས་བྱིན་
གྱིས་བརླབས་པ། ཨོྃ་སརྦྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་མཉམ་པ་ཉིད་བརྙེས་པས་སྔགས་འདིས་བྱིན་གྱིས་བརླབས་པ། ཨོྃ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པ་ཉིད་
དུ་ཉེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་གཟིགས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་མཛད་དོ། །ཨོྃ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ། དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་རྒྱུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་བདག་ཉིད་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ངེས་པར་བསྟན་ཏོ། །དེ་ནས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ནས་

ལྷ་དང་མི་རྣམས་ཀྱིས་མངོན་པར་བྱང་ཆུབ་པས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ཞེས་སྒྲ་བསྒྲགས་སོ། །དེ་ནས་ཚངས་པས་གསོལ་བ་བཏབ་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ནས་དེ་དང་དེས་འདུལ་བའི་སྐྱེ་བོ་བཏུལ་ཏེ་གང་གིས་སླར་ལྡོག་པ་མེད་པ་ཉིད་དུ་གྱུར་
ཏོ། །འདི་རྣམས་ནི་སངས་རྒྱས་ཀྱི་བྱང་ཆུབ་བསྒོམ་པའི་རིམ་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་དེ་ལས་བཞེངས་ནས་སངས་རྒྱས་ཀྱི་བྱང་ཆུབ་བསྟན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཉེ་བར་བསྒྲུབས་ནས་དེའི་ཐུགས་ཀ་ལས་རྡོ་རྗེ་ཕྱུང་སྟེ།
ཉིད་ཀྱི་ཕྱག་ཏུ་གཞག་པར་གྱུར་ཏེ། དེ་ནས་འོད་ཟེར་རྣམ་པར་ཕྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྐུར་བྱིན་གྱིས་བརླབས་ཏེ་མཚན་ཉིད་
ཐམས་ཅད་ཡོངས་སུ་རྫོགས་པར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་དང་ཕྲེང་བས་དབང་བསྐུར་བ། ཟླ་བའི་ཁ་དོག་ལྟ་བུའི་འོད་ཟེར་ཅན་དུ་བྱིན་གྱིས་བརླབས་ཏེ་རྣམ་པར་གནས་སོ། །དེ་ནས་ཐུགས་ཀ་ནས་ཕྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་དང་། རྒྱབ་དང་དྲུང་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ལས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཕྲེང་བར་རྣམ་པར་གནས་སོ། །དེ་བཞིན་དུ་སྒེག་མོ་ལ་སོགས་པ་རྣམས་
དང་བདུག་པ་ལ་སོགས་པའི་ལྷ་ཁྱད་པར་དུ་ངེས་པར་བསྐྱེད་ཅིང་གཟུགས་ལ་སོགས་པ་རྣམས་དང་ལྕགས་ཀྱུ་ལ་སོགས་པའི་ལྷ་རྣམས་བསྐྱེད་དེ་འདི་དག་གི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །
སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །རྡོ་རྗེ་སྙིང་པོ་ཞེས་སུ་གསུངས། །གྲུ་བཞི་པ་ལ་སྒོ་བཞི་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །སྒོ་ཁྱུད་དང་ནི་ཁ་ཁྱེར་དང་། །རྟ་བབས་ཀྱིས་ནི་སོ་སོར་སྤྲས། །དེ་ཡི་དབུས་སུ་ཁྲི་ཆེན་པོ། །ཀུན་ནས་ཡོངས་སུ་གྲུ་བཞི་

པ། །དེ་ཡི་སྟེང་དུ་པད་ཆེན་པོ། །གེ་སར་ལྡན་ཞིང་རབ་མཛེས་པ། །དེ་ཡི་ལྟེ་བའི་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་དགོད་པར་བྱ། །སངས་རྒྱས་ཀྱི་ནི་དྲུང་ཀུན་དུ། །སངས་རྒྱས་ཐམས་ཅད་དགོད་པར་བྱ། །སངས་རྒྱས་ཀུན་གྱི་ཉེ་
འཁོར་དུ། །འཁོར་ལོས་སྒྱུར་བ་ལ་སོགས་བྲི། །ཕྱི་ཡི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྲས་པོ་རྣམ་པར་དགོད། །ཁ་དོག་སེར་པོ་གཟི་བརྗིད་ཆེ། །དབང་ཆེན་དཀྱིལ་འཁོར་རབ་འབར་བ། །ཐམས་ཅད་རྣམ་པ་སྣ་ཚོགས་རྒྱན། །བརྒྱན་པ་
དེ་དག་དགོད་པར་བྱ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཆུའི་ལྷའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །
དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །ཆོས་ཀྱི་འཁོར་ལོ་འདྲ་བས་ན། །ཆོས་ཀྱི་འཁོར་ལོ་ཞེས་སུ་བརྗོད། །དེ་ཡི་ཕྱི་རོལ་གཉིས་པ་ལ། །ཟླུམ་པོ་རུ་ནི་རྟོགས་པར་བྱ། །རི་མོ་མང་པོ་སྣ་ཚོགས་པས། །སྒོ་དང་སྒོ་ཁྱུད་བརྟག་པར་བྱ། །རྟ་བབས་
རྣམ་པ་སྣ་ཚོགས་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །གེ་སར་ལྡན་ཞིང་རབ་མཛེས་པ། །འདབ་མ་བརྒྱད་ཀྱི་ཀ་བའི་མདུན། །དཀྱིལ་འཁོར་བརྒྱན་ཀྱིས་བརྒྱན་པའོ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །རྒྱལ་བ་ཐམས་
ཅད་དཀར་པོར་མཆོག །ཁ་བ་བ་ཞོ་ལྟར་དཀར་གསལ། །ཤེལ་དང་ཟླ་བ་ལྟ་བུའི་འོད། །ཀུནྡ་ཟླ་བ་ལྟར་དཀར་བརྟན། །ཟླ་བའི་དཀྱིལ་འཁོར་དབུས་སོན་པར། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །སངས་རྒྱས་སྲས་པོ་རྣམ་པར་དགོད། །ཐམས་ཅད་ཟླ་བ་ལྟར་
དཀར་ཞིང་། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །མཚོན་ཆ་སྣ་ཚོགས་ཟླ་བ་འདྲ། །ཟླ་བ་འབར་མཚུངས་མཉམ་མེད་པ། །ཆུ་ཡི་མིང་ཞེས་བྱ་བ་ཡི། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་ཆུ་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་

འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རྡོ་རྗེ་ཡེ་ཤེས་གཟི་བརྗིད་མཚུངས། །རྡོ་རྗེ་གཟི་བརྗིད་ཅེས་སུ་བརྗོད། །གྲུ་གསུམ་
རྣམ་པ་ཉིད་དུ་བྱ། །སུམ་མདོ་རིས་ཀྱི་རྣམ་པ་མཚུངས། །འབར་བའི་ཕྲེང་འཁྲུགས་འཇིགས་པའོ། །ཁ་དོག་དམར་པོ་སྟོབས་པོ་ཆེ། །འཇིག་པའི་དུས་ཀྱི་མེ་འདྲ་བ། །རྟག་ཏུ་པདྨ་རཱ་ག་མཚུངས། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །ཉི་མའི་ཁ་དོག་སྟོབས་པོ་
ཆེ། །རྡོ་རྗེ་རྩེ་གསུམ་སྣ་ཚོགས་པ། །སུམ་མདོའི་སྙིང་གར་གཞག་པར་བྱ། །བལ་པོ་སེའུའི་མེ་ཏོག་མཚུངས། །ཡ་བའི་མེ་ཏོག་དག་དང་འདྲ། །པདྨ་པདྨ་རཱ་ག་མཚུངས། །སངས་རྒྱས་དཔའ་བོ་ཡང་དག་པར། །བཟང་པོ་མཚལ་དང་མཚུངས་འདྲ་བ། །རྒྱ་
སྐྱེགས་བཅུད་དང་འདྲ་བར་གནས། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །དེ་བཞིན་སངས་རྒྱས་སངས་རྒྱས་སྲས། །ཁྲོ་བོ་དང་ནི་མངག་པ་དག །མཁས་པ་ཡིས་ནི་དགོད་པར་བྱ། །དེ་དག་ཐམས་ཅད་ཁ་དོག་དམར། །གཟི་བརྗིད་ཁམས་ལ་འོད་ལྡན་པ། །འོད་ཟེར་
དམར་པོ་རབ་འཕྲོ་བ། །ཉི་མའི་དཀྱིལ་འཁོར་དབུས་སོན་པར། །ཐམས་ཅད་དམར་པོའི་མཚོན་ཆ་ཅན། །དམར་པོའི་རྒྱན་གྱིས་རྣམ་པར་བརྒྱན། །དམར་པོའི་གོས་ཀྱིས་བཀབ་པའི་ལུས། །ཕྲེང་བ་དམར་པོ་མཆོག་འཛིན་པ། །འདི་ནི་གཟི་བརྗིད་གཏེར་ཞེས་བྱ། །
དཀྱིལ་འཁོར་མཆོག་ཏུ་འབར་བའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་སླར་ཡང་རླུང་ལྷའི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་
དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རླུང་གི་ཁམས་དང་འདྲ་བས་ན། །རླུང་གི་དཀྱིལ་འཁོར་ཞེས་སུ་བཤད། །ཟླ་བ་ཕྱེད་པའི་རྣམ་པ་འདྲ། །དབྱར་གྱི་སྤྲིན་གྱི་འོད་དང་མཚུངས། །ཨ་ཏ་སཱི་ཡི་མེ་ཏོག་འདྲ། །ཨིན་དྲ་ནཱི་ལའི་འོད་དང་

མཚུངས། །དེ་ཡི་དབུས་སུ་པད་ཆེན་པོ། །བཻ་ཌཱུརྱ་ཡི་འོད་དང་འདྲ། །ཤིན་ཏུ་གནག་པའི་མིག་སྨན་མཚུངས། །སྔོན་དམར་གྱི་ནི་རྣམ་པར་གནས། །དེ་ཡི་ལྟེ་བའི་དབུས་སུ་ནི། །སངས་རྒྱས་དཔའ་བོ་རབ་འབར་བ། །རྒྱལ་པོ་འཁྱིལ་པ་འབར་བའི་
གཟི། །མཚན་མོ་ནག་མོ་ལྟ་བུར་གནས། །ཨུཏྤལ་སྔོན་པོ་འདབ་མའི་ཚུལ། །སྟོང་པ་ནམ་མཁའ་ལྟ་བུར་གནས། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །རྒྱལ་དང་རྒྱལ་བའི་སྲས་རྣམས་བྲི། །ཁྲོ་བོ་རྣམས་དང་མངག་པ་དང་། །དེ་བཞིན་ཕོ་ཉ་ཕོ་ཉ་མོ། །ཐམས་
ཅད་སྣ་ཚོགས་རྒྱན་གྱིས་བརྒྱན། །དེ་བཞིན་ནག་པོའི་གོས་གྱོན་པ། །ཁ་དོག་ནག་པོ་ཐམས་ཅད་དུ། །བ་དན་རྣམ་པ་སྣ་ཚོགས་བསྣམས། །གདུགས་ནི་རྣམ་པ་དུ་མའི་དབྱིབས། །ཁ་དོག་སྣ་ཚོགས་ལེགས་འབར་བ། །བླ་རེ་རྒྱས་པ་མཉམ་པ་ནི། །ཁ་དོག་ནག་
པོ་སྣ་ཚོགས་པ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །མདོར་བསྡུས་ནས་ནི་བསྒོམ་པར་བྱ། །དཀྱིལ་འཁོར་ཆེན་པོ་འདི་ལྟ་བུ། །སངས་རྒྱས་ཀུན་གྱིས་རྗེས་སྐྱོབ་པ། །བྲིས་ནས་ཤེས་རབ་ཅན་གྱིས་བསྒོམ། །གལ་ཏེ་དངོས་གྲུབ་རང་འདོད་ནའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་
རྒྱུད་ཆེན་པོ་ལས་རླུང་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་བསྡུ་བས་བྱོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་
བཏབ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་བསྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། སྒྲུབ་པའི་ཐབས་ཀྱི་ཆོ་ག་མཆོག་
ཏུ་གསང་བ་ཆེན་པོ་བཀའ་སྩལ་པ། སྒེག་མོ་སོགས་པས་མཆོད་པ་ཀུན། །ཡང་དག་མདོར་བསྡུས་བྱས་ནས་ནི། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོར། །བདག་གིས་རྟག་ཏུ་བསྒོམ་པར་བྱ། །སྔགས་ཀྱི་ཡི་གེ་ཡང་དག་ལྡན། །འདོད་པ་སྟེར་བའི་སྐུ་རུ་བྱ། །སྒྲ་དང་

གཟུགས་དང་དེ་བཞིན་སྦྱོར། །ཡི་གེའི་ཕྲེང་བ་དེ་བཞིན་ཏེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སྔགས་པས་ཐམས་ཅད་རྣམ་པར་བསམ། །ཧཱུྃ༑ སྔགས་པས་སྙིང་གར་སོན་པ་བསྒོམ། །གསང་སྔགས་དགེ་བ་བརྗོད་ནས་སུ། །དེ་བཞིན་གཤེགས་པའི་
རིགས་དག་པ། །དུང་གི་སྒྲ་རུ་རབ་ཏུ་བརྗོད། །དྲིལ་བུའི་སྒྲ་ནི་རབ་གསལ་བ། །པད་མོ་རྣལ་འབྱོར་དབང་ཕྱུག་གོ། །དུས་མིན་སྤྲིན་གྱི་ཧཱུྃ་གི་སྒྲ། །ཙ་ཊ་ཙ་ཊའི་སྒྲ་འཕྲོ་བ། །རྡོ་རྗེ་རིན་ཆེན་དབང་ཕྱུག་གི། །སྒྲ་རུ་དེ་བཞིན་གཤེགས་རྣམས་གསུང་། །ནོར་བུ་ལས་ཀྱི་རིགས་
ཀྱི་ཡང་། །རྔ་ཆེན་སྒྲ་རུ་རབ་ཏུ་བཤད། །པི་ཝང་གླིང་བུ་དེ་བཞིན་གླུ། །གར་གྱི་རྒྱན་གྱི་སྒྲ་དང་ནི། །རྫ་རྔའི་ངར་སྒྲ་ཧཱུྃ་གི་སྒྲ། །སྤྱི་ཡི་ཉིད་དུ་རབ་ཏུ་བཤད། །རྟོག་པ་ཀུན་ལ་རྣམ་པར་སྦྱར། །སྒྲུབ་པའི་ཐབས་ཀྱི་ལས་རྣམས་དང་། །དེ་ནས་གཟུགས་ཀྱི་བཟླས་
པ་མཆོག །གོ་རིམས་ཇི་བཞིན་རབ་ཏུ་བཤད། །དགུག་དང་གཞུག་དང་བཅིང་བ་དང་། །ལྷ་རྣམས་དབང་དུ་བྱ་བ་སྟེ། །དེ་ལ་རང་གི་ཚུལ་རབ་སྦྱར། །སྔགས་དང་ཕྱག་རྒྱ་རབ་ཏུ་སྦྱར། །དེ་རྗེས་རྣམ་པ་ཀུན་གྱི་མཆོག །རྟག་ཏུ་ལུས་ཆེན་བསམ་བྱ་
བསམ། །ལྷ་ཡི་སྐུ་གཟུགས་བསྒོམ་པར་བྱ། །ལག་པའི་ཕྱག་རྒྱ་རབ་ངེས་པའི། །ཕྱག་རྒྱའང་སྙིང་གར་སོན་ཞེས་བྱ། །རང་གི་རིགས་རིམ་ཆོ་ག་ཡིས། །དེ་ཡི་ལུས་ནི་འོད་གསལ་ཞིང་། །སྒྲོན་མའི་འོད་ལྟར་གསལ་བའི་ཁྱིམ། །དེ་ལྟར་ཀུན་ནས་ཐམས་
ཅད་དུ། །ཀུན་ནས་བ་སྤུའི་རྩེ་དག་ནས། །འོད་ཟེར་འབར་བའི་ཕྲེང་དགེ་བས། །གཟུགས་ཀྱི་བཟླས་པ་ཞེས་སུ་བཤད། དེ་ནས་སྦྱོར་བའི་བཟླས་པ་ནི། །གསང་སྔགས་སྒྲུབ་པོས་བརྩམ་པར་བྱ། །མཆོད་དང་བྱིན་བརླབས་དབང་བསྐུར་མཆོག །སྤྲོ་ལ་སོགས་
རིམ་ཐམས་ཅད་དུ། །སྦྱོར་བའི་བཟླས་པ་གཙོ་བོ་འདི། །འབད་པ་ཡིས་ནི་རབ་ཏུ་བཤད། །སྙིང་ག་མགྲིན་པ་མཆུ་ལྕེ་མིན། །རྐན་དང་སྤྱི་བོ་ཉིད་མ་ཡིན། །ནང་མིན་ཕྱི་དང་གཉིས་པར་མིན། །ཆོས་ནི་འབའ་ཞིག་ཁོ་ན་ལ། །བཟླས་པའི་སྒྲ་ཡང་འབྱུང་མ་ཡིན།།

འདི་ནི་བཅོམ་ལྡན་རྣལ་འབྱོར་ཆེ། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །བསྒོམ་པའི་བསྔགས་པ་དེ་ཉིད་ནི། །རྣལ་འབྱོར་པ་ཡི་གནས་སུ་བཤད། །དེ་ནས་སྟེང་དུ་མདོར་བསྡུས་ཏེ། །སྙིང་གའི་དཀྱིལ་འཁོར་རབ་ཟླུམ་པ། །ཟླ་བ་གང་བ་ལྟར་
བསམ་བྱ། །དྲི་མ་མེད་ཅིང་ལེགས་པར་གནས། །དེ་ལ་ཡི་གེ་རྣམ་པར་དགོད། །ཚིག་གི་ཕྲེང་བ་མ་ཆད་པ། །མུ་ཏིག་ཕྲེང་བ་ལྟར་བརྒྱུས་པ། །ཆར་སྤྲིན་གྱི་ནི་མེ་འདྲའི་འོད། །དེ་ཚེ་ཐམས་ཅད་གསལ་བར་བྱེད། །ལྷ་ཡི་ལུས་ནི་སྣང་བྱེད་ཅིང་། །ཇི་ལྟ་ཇི་
ལྟར་ཡི་གེའི་ཕྲེང་། །མཆོག་གི་ལུས་ལ་རབ་འཇུག་པ། །དེ་ལྟ་དེ་ལྟར་སྔགས་ཀྱི་ལུས། །ལྷ་ཡི་བདག་ཉིད་ཉིད་དུ་འགྱུར། །མཐུ་སྟོབས་ལྷ་དབང་ཐམས་ཅད་ནི། །ཚངས་པ་ཁྱབ་འཇུག་ལས་ཆེར་ལྷག །བཟླས་པ་དེ་ཉིད་མཆོག་འདི་ནི། །སངས་རྒྱས་
ཀུན་གྱིས་བསྔགས་པའོ། །ཇི་ལྟར་སེམས་ནི་བསྒོམ་པ་ཡིས། །དེ་ལྟར་དངོས་གྲུབ་མཆོག་ཏུ་འགྱུར། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་བཟླས་པའི་དེ་ཁོ་ན་ཉིད་ཀྱི་ལེའུའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རིན་པོ་ཆེ་བཀའ་སྩལ་པ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་
མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་
ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགོག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་

བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་
མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པ་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །
འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །དེ་བཞིན་གཤེགས་དེ་ཀུན་བསྟོད་ན། །རབ་ཡངས་དངོས་གྲུབ་སྩོལ་
འགྱུར་ཏེ། །བསྐལ་པར་གནས་ཤིང་བསྒལ་བར་བསྐུལ། །ལུས་ནི་གཡོ་བ་མེད་པ་རུ། །བདག་ཉིད་བརྟན་པར་བྱས་པ་ཡིས། །མགོན་པོ་ཆེན་པོ་རྣམ་སྣང་མཛད། །མི་བསྐྱོད་རིན་ཆེན་འབྱུང་གནས་དང་། །རྒྱལ་བ་དག་པ་འོད་དཔག་མེད། །དོན་གྲུབ་རྒྱལ་
པོ་ཐམས་ཅད་དུ། །དངུལ་ཆུ་བཅུད་ལེན་དེ་ཉིད་དང་། །མཆོག་ཀྱང་རབ་ཏུ་སྩོལ་བར་བྱེད། །དངོས་གྲུབ་ཡིད་འོང་མ་ལུས་པ། །རྒྱས་པའི་དོན་དང་ཕུན་སུམ་ཚོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །ཡིད་ལ་འདོད་པ་སྟེར་བར་བྱེད། །ཡེ་ཤེས་ཚེ་དང་སྟོབས་
དང་ཤུགས། །མཆོག་ཏུ་དགེ་བ་སྩོལ་བར་མཛད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་
པ་བཀའ་སྩལ་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པའི་ཆོ་ག་མེད། ཇི་ལྟར་བཤད་པ་ཆོ་གས་བསླབ་པའི་གནས་ཉེ་བར་གནས་བཟུང་སྟེ་གང་ཡང་རུང་བའི་ཡིད་དགའ་བར་ཇི་ལྟར་རུང་བའི་དཀྱིལ་འཁོར་བྱས་ཏེ། མེ་ཏོག་སིལ་མ་བཀྲམ་ལ་

བདུག་སྤོས་ཀྱིས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཇི་ལྟར་ནུས་པའི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱས་ཏེ། སྔགས་འདིས་ཡིད་ཀྱིས་ཀྱང་སྡིག་པ་བཤགས་ཏེ། ཨོཾ་སརྦྦ་པཱ་པཱ་ཏ་ཀཱ་ཡི་ཀ་བཱ་ཙི་ཀ་མ་ན་སོད་
བྷཱུ་ཏཱན་རཱ་ག་དྭེ་ཥ་མོ་ཧ་མ་ད་མཱ་ན་དྷིཥྛེ་ན་ཡང་ཀྲྀ་རྟྃ་ཏན་ཏྲེ་ཀཱ་ལི་ཀཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སརྦྦ་པཱ་པཱཾ་སྥོ་ཊ་ཡཱ་མི་སྭཱ་ཧཱ། ཨོཾ་སརྦྦ་པཱ་བཱཾ་པྲ་ཏི་དེ་ཤ་ཡཱ་མི་སྭཱ་ཧཱ། དེའི་རྗེས་ཐོགས་ལ་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནཱན་ཨཱཏྨ་བྷཱ་བ་ནི་ར་ཡཱ་ཏ་ཡཱ་མི། སརྦྦ་
ཏ་ཐཱ་ག་ཏཿཔྲ་ཏི་གྲྀཧྞཾ་ཏུ་མཱཾ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུ་ཎྱ་ཛྙཱ་ན་སྃ་བྷཱ་རཱན་ཨ་ནུ་མོ་ད་ཡཱ་མི་སྭཱ་ཧཱ། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རང་བཞིན་གྱིས་གྲུབ་པའི་སྔགས་ཀྱིས་བྱ་སྟེ།
ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མནྟ་བྷ་དྲ་མ་ཧཱ་བཛྲ་ས་མ་ཡྃ་མ་ཧཱ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་སྭཱ་ཧཱ། དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཟླ་བའི་ཁ་དོག་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ས་བཅུའི་དབང་ཕྱུག་ནོར་
བུ་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་སེང་གེའི་ཁྲིའི་སྟེང་དུ་བདག་ཉིད་བསམ་པར་བྱའོ། །ཨོཾ་བུད་དྷོ་ཧྃ། སྔགས་འདིས་བདག་ཡོངས་སུ་དག་པར་བྱས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་ཏ་ཐཱ་ག་ཏཱཿསྭ་བྷཱ་བ་ཤུདྡྷོ྅ཧྃ། སྔགས་འདིས་བདག་ཉིད་ཆོས་ཀྱི་དབྱིངས་ཡངས་པ་འོད་གསལ་
བའི་སྣང་བར་ཤིན་ཏུ་གནས་པར་བྱ་སྟེ། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བདག་ཉིད་བྱིན་གྱིས་བརླབས་ཏེ། འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་
བདག་ཉིད་སྔགས་འདིས་གནས་པར་བྱ་སྟེ། ཨོཾ་པྲ་བྷེ་ཤྭ་རོ་ཧྃ། དེ་བཞིན་དུ་རིམ་པ་འདིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་སྤྲོས་ནས་བདག་ཉིད་སངས་རྒྱས་ཉིད་དོ། །ཞེས་ང་རྒྱལ་བསྐྱེད་ལ་བདག་སྐྱེ་དགུ་མ་ལུས་པའི་དཔུང་གཉེན་དུ་བྱས་ལ། ཆོས་ཀྱི་དབྱིངས་ཡངས་པ་འོད་གསལ་

བར་ལྷག་པར་གནས་པར་བྱ་སྟེ། ཉེ་བར་རྒྱས་པར་ཐུན་མཚམས་བཞིར་བཟླས་པ་བརྩམ་པར་བྱ་སྟེ། ཐུན་མཚམས་གསུམ་དུ་དུས་ཇི་ལྟ་བར་ཡི་གེ་ལ་རྗེས་སུ་གཞོལ་བའི་ཡིད་ཀྱིས་འབུམ་ཕྲག་ཉི་ཤུ་བཟླས་པར་བྱ་ཞིང་ཉི་མ་རེ་རེར་སྟོང་ཕྲག་བརྒྱད་དམ་སྟོང་ཕྲག་རེ་བཟླས་ཏེ་ཇི་
སྲིད་མཚན་མ་ཐོབ་པ་དེ་སྲིད་དུའོ། །ཙནྡན་དང་ག་པུར་དང་། གུར་ཀུམ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་བྱས་ཏེ། ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཆོ་འཕྲུལ་གྱི་ཟླ་བའམ་ས་གའི་ཉ་གང་བ་ལ་མར་གྱི་མར་མེ་སྟོང་ཕྲག་བརྒྱད་སྦར་ལ་རྡོ་རྗེ་སྐྱིལ་ཀྲུང་
གིས་གནས་ཏེ་སྣ་མའི་མེ་ཏོག་གམ་མེ་ཏོག་པདྨས་དེ་བཞིན་གཤེགས་པ་ཐམས་ཅད་དང་། མཆོད་རྟེན་ལ་མཆོད་དེ་ཇི་སྲིད་འབྲུག་གི་སྒྲ་སྒྲོགས་པ་མ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་བདག་ལ་གསལ་བར་འགྱུར་བར་ཤེས་པར་བྱའོ། །
དེ་ནས་སྲེག་བླུགས་འབུམ་ཕྲག་གཅིག་དགང་བར་བྱས་པས་མཚན་མ་ཐམས་ཅད་གསལ་བར་འགྱུར་རོ། །བྱེ་བ་ཕྲག་བཞི་བཟླས་པས་དབང་ཕྱུག་ཆེན་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པ་ཆེན་པོ་བྱེད་པར་འདོད་པས་དེ་བཞིན་
གཤེགས་པའི་མཐོ་གང་བའི་ཚད་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་བྱས་ལ་མཆོད་རྟེན་རེ་རེའི་མདུན་དུ་སྟོང་ཕྲག་རེ་རེ་བཟླས་པའམ། ཡང་ན་དྲིའི་མཆོད་རྟེན་གྱི་དྲུང་དུ་འབུམ་ལྷག་པའི་བྱེ་བ་ཕྲག་བདུན་བཟླས་སོ། །བདེ་བར་གཤེགས་པའི་མཐོ་གང་པའི་ཚད་ཀྱི་མཆོད་
རྟེན་ཉི་མ་རེ་རེ་ལ་རེ་རེ་ཇི་སྲིད་བྱེ་བ་ཕྲག་བདུན་བཟླས་པ་རྫོགས་པ་དེ་སྲིད་དུ་བྱའོ། །ཐ་མ་ཡང་མཆོད་རྟེན་འབར་བའི་འོད་དེས་སྒྲུབ་པའི་ལུས་ལ་ཞུགས་པས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་ནས་ཇི་སྲིད་དག་པའི་གནས་ཀྱི་དབང་ཕྱུག་ཆེན་པོ་ལ་
སོགས་པའི་ལྷ་རྣམས་མེ་ཏོག་གི་ཆར་འབེབས་པར་འོང་བར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ལ་སོགས་པ་འོངས་ནས་ཀྱང་སྟོད་པར