Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 086_རྒྱུད་འབུམ།_ཐ

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
ན་པར་གནས། །དེ་ནས་ཀུན་གྱིས་ཀུན་ཐམས་ཅད། །སྤྱི་ཡི་ལས་ནི་སྤྱད་པར་བྱ། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །མཚོན་གྱིས་གཏུབ་ཅིང་བཅད་ནས་སུ། །རྐང་པ་ནས་བརྩམས་སྦྱིན་སྲེག་བྱ། །བཅད་པར་གྱུར་པས་དེ་མ་
ཐག །བརླག་པར་འགྱུར་བར་ཐེ་ཚོམ་མེད། །དེ་ལྟར་ཀུན་ལ་ཀུན་དུ་ནི། །མཁས་པས་ལས་ནི་བྱ་བས་ན། །ཁ་ཅིག་གདུག་པའི་སེམས་ལྡན་པའི། །བགེགས་རྣམས་ཐམས་ཅད་བརླག་པར་འགྱུར། །རྡེག་ཅིང་གཅོད་ལ་ཕུར་བུས་འདེབས། །འབིགས་ཤིང་དེ་བཞིན་རྟོག་པར་བྱེད། །
བསྲེག་དང་གང་ཡང་ཚར་གཅོད་གཞན། །བྱང་ཆུབ་སེམས་ཀྱིས་བརྒྱན་པ་ཡི། །སྔགས་པས་དེ་དག་ཐམས་ཅད་བྱ། །ཤིན་ཏུ་གདུག་པའི་སེམས་རྣམས་ནི། །ཕ་རོལ་སྲོག་ནི་གཅོད་པར་བྱེད། །སེམས་ཅན་རྣམས་ནི་རྣམ་པར་འཚེ། །གང་ཞིག་ཕན་པ་ཉིད་ཀྱི་གཞི། །སྙིང་རྗེ་ཆེན་པོ་

བསྐྱེད་ནས་སུ། །སངས་རྒྱས་ཆོས་ནི་རྗེས་དྲན་པར། །སངས་རྒྱས་ཀུན་གྱི་ཇི་བཞིན་བརྗོད། །གདུག་པའི་ལས་ནི་བྱ་བ་ཡིན། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ངོ་མཚར་སྤྱན་ཕྱེ་རྒྱས་པ་ཡིས། །ཆོས་ཀྱི་དབང་ཕྱུག་ཐུབ་པ་ཡི། །སྙན་པའི་ཚིག་གིས་བཀའ་སྩལ་པ། །ཨེ་མའོ་
སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །སེམས་ཅན་མི་ཕན་བྱེད་པ་ཡི། །ཇི་སྲིད་མིང་ནི་བགགས་ནས་སུ། །དེ་སྲིད་བློ་ནི་ངན་འགྲོ་ཡི། །ཕན་དང་མི་ཕན་རྣམ་རྟོག་རྣམས། །མནར་མེད་སྡུག་བསྔལ་གཞོལ་བ་རུ། །རབ་ཏུ་ཞུགས་ནས་འགྲོ་བར་
འགྱུར། །དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་གནང་བར་གྱུར་པ། སྔགས་དང་ཕྱག་རྒྱ་དང་སྔགས་ཀྱི་རིམ་པར་ཕྱེ་བ་གང་མྱུར་བ་ཉིད་དུ་ཕྱག་རྒྱའི་
མཚན་པས་མཚན་པ། ལྷ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་རྣམས་ལྷན་ཅིག་སྦྱར་བས་ལས་ཐམས་ཅད་བྱེད་པར་འགྱུར་བའི་དོན་ཡོད་ཅིང་ཐོགས་པ་མེད་པར་གྱུར་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་སླར་ཡང་ལེགས་སོ། །ད་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལ་ལེགས་སོ་ཞེས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་ཏོ། །སླར་ཡང་བཅོམ་ལྡན་འདས་ཀྱིས་འདི་ཉོན་
ཅིག་ཅེས་བཀའ་སྩལ་ཏོ། །རྐང་པ་མཉམ་པར་གཞག་པས་གནས། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །མཐེ་བོང་དག་ནི་གནས་བྱས་ནས། །སངས་རྒྱས་ཐམས་ཅད་གདུད་པར་བྱ། །རྡོ་རྗེ་བཀོད་པའི་སྦྱོར་བ་ཡིས། །ཐལ་མོ་སྟེང་དུ་བརྐྱང་བར་བྱ། །སླར་ཡང་མདུན་དུ་བྱ་བ་ཡིན། །སླར་
ཡང་ཐལ་མོ་སྦྱར་བྱས་ནས། །རྒྱབ་ཉིད་དུ་ནི་གཞག་པར་བྱ། །ཐལ་མོ་བཀོད་པའི་སྦྱོར་བ་ཡིས། །སླར་ཡང་མདུན་དུ་བྱ་བ་ཡིན། །ཁྲོས་པས་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །བདུད་ཀྱི་རིགས་ལ་བསྡིགས་པར་བྱ། །རྐང་པ་བཀོད་པའི་སྦྱོར་བ་ཡིས། །ལག་པ་དག་ནི་གཉིས་ཀ་ཡང་། །གཉིས་ཀའི་

སྡིགས་མཛུབ་སྦྱོར་བ་ཡིས། །བགེགས་དང་ལོག་པར་འདྲེན་པ་རྣམས། །སྡིག་པ་ཐམས་ཅད་ཀུན་འབྱུང་བའི། །སྡིགས་མཛུབ་ཀྱིས་ནི་འབྱེར་བར་འགྱུར། །སླར་ཡང་རྐང་པ་བགྲད་ནས་སུ། །རྡོ་རྗེའི་ས་གཞིར་གཞག་པར་བྱ། །ས་འོག་རིམ་བདུན་བར་དུ་ནི། །ཐམས་ཅད་
དུ་ནི་སྦྱར་བར་བྱ། །ལག་པ་སྦྱར་བའི་སྦྱོར་བ་ཡིས། །རྐང་པ་ཡ་གཅིག་ས་ལ་གནས། །དེ་བཞིན་དུ་མ་བུ་ཕྲ་མོ་རུ། །བགེགས་རྣམས་ཐམས་ཅད་འཇོམས་པར་བྱེད། །མ་བསྒྲུབས་པ་ལ་རབ་ཏུ་སྦྱར། །དཀོན་མཆོག་གསུམ་གྱི་རལ་གྲི་འབྱུང་། །གང་ཞིག་བཀོད་པའི་སྦྱོར་བ་ཡིས། །ཀླད་ལ་
ཡོངས་སུ་བསྐོར་བར་བྱ། །ཡི་གེ་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །རལ་གྲི་ཕྱག་རྒྱ་བཅིང་བར་བྱེད། །གཉིས་པ་ཤུབས་ཀྱི་རྩེ་མོ་ནས། །བསྟན་ལ་གནོད་པ་བྱེད་པ་དང་། །སྔགས་པ་བླ་མ་ངན་སྨྲ་ཟེར། །གང་དག་སེམས་ཅན་གཞན་ལ་འཚེ། །གང་ཡང་ལྷ་ལ་སྨོད་པར་བྱེད། །ལྷ་དང་གསང་བ་པ་དང་
སྤྲུལ། །ལྷ་མིན་སྲིན་པོ་འཇིགས་སུ་རུང་། །དེ་རྣམས་ཐམས་ཅད་གཞོམ་པར་བྱ། །གནོད་པ་དེ་ཡང་ལན་གཉིས་གསུམ། །གུས་པས་གལ་ཏེ་བཟོད་གསོལ་ན། །གསང་སྔགས་ཚོགས་ནི་དེ་མཉེས་ན། །ཇི་བཞིན་འདོད་པའི་དངོས་གྲུབ་འཐོབ། །སླར་ཡང་རྡོ་རྗེ་རྐང་པ་ཡིས། །རྐང་པ་མཉམ་
པར་གཞག་ནས་གནས། །ལག་པ་ཕན་ཚུན་ཁུ་ཚུར་བཅིང་། །མཛུབ་མོ་སྦྱར་བའི་སྦྱོར་བ་ཡིས། །དཔྲལ་བའི་སྟེང་དུ་བཟློག་ལ་གཞག །རྐང་པ་བཀོད་དེ་སྦྱར་བ་དང་། །ཡ་སོས་མ་མཆུ་མནན་ཏེ་ཁྲོས། །འབྲུག་གི་ཧཱུྃ་གི་སྒྲ་སྒྲོགས་པ། །བགེགས་རྣམས་ཐམས་ཅད་འགེམས་པར་ནི། །
ཡི་གེ་ཧཱུྃ་གིས་ཐེ་ཚོམ་མེད། །རྡོ་རྗེའི་ལྟ་སྟངས་འབར་བ་ཆེ། །གདུག་པ་ཐམས་ཅད་རྣམ་པར་འཇོམས། །ཐིག་ལེ་ཞེས་ནི་བསྒྲགས་པ་ཡིས། །ཕྱག་རྒྱ་དོན་ཀུན་སྒྲུབ་པར་བྱེད། །སྔགས་པ་གང་ཞིག་སྒྲུབ་པ་ནི། །གང་དང་གང་ནི་རབ་སྦྱར་བ། །དེ་དང་དེ་རུ་དོན་ཡོད་པར། །བྱེད་པར་འགྱུར་ཏེ་
ཐེ་ཚོམ་མེད། །རྡོ་རྗེ་རྐང་པའི་སྦྱོར་བ་ཡིས། །རྐང་པ་སྟེང་དུ་གདེག་པར་བྱ། །སངས་རྒྱས་ཀུན་ལ་གུས་ཕྱག་བྱ། །སོར་མོ་ཕན་ཚུན་ཁུ་ཚུར་བཅང་། །ཁ་ཡི་ཚུལ་དུ་བྱས་ནས་ནི། །ཁ་ཡི་ཐད་ཀར་སྦྱར་བར་བྱ། །དཀྱིལ་འཁོར་སྒྲུབ་པའི་ཐབས་དང་ནི། །དེ་བཞིན་དུ་ཡང་ལས་རྣམས་དང་། །

ཕྱོགས་ཀུན་ལས་ནི་བྱུང་བ་ཡི། །སྤྲིན་ཆེན་ཡང་ནི་འདུས་ནས་སུ། །འབྲུག་ཆེན་སྒྲ་ནི་རབ་ཏུ་ལྡིར། །དེར་ཡང་གློག་ནི་འཁྱུག་པ་དང་། །སྐུ་ཆེན་པོ་ནི་ཧ་ཧ་སྒྲོགས། །ཆར་གྱི་རྒྱུན་ནི་ཡང་དག་འབབ། །དུས་མཐའ་ལྟ་བུར་ཡང་དག་བྱུང་། །འདི་ནི་ཁ་རུ་གཞུག་པར་བྱ། །མི་བཟད་པ་ཡི་སྐུ་
ཆེན་གྱིས། །ཁ་ཡི་ཕྱག་རྒྱའང་འཛིན་པར་བྱེད། །བཟུང་བ་ཙམ་གྱིས་བརླག་པ་རུ། །མ་ལུས་པར་ནི་འགྱུར་བ་ཡིན། །དེ་ནས་ཁྲོ་བོ་རབ་འབར་བ། །གཟི་བརྗིད་ཆེན་པོ་ཞལ་ཆེ་བ། །འདི་ནི་བཀུག་ནས་ཟོས་པ་ན། །བགེགས་ཀྱི་རྒྱལ་པོ་ཐམས་ཅད་བརླག །ཁྲོ་བོ་མི་གཡོ་བ་ཡི་སྐུ། །ཇི་ལྟ་ཇི་
ལྟར་རབ་སྦྱར་ནས། །འཇིགས་པའི་གཟུགས་ཅན་བགེགས་སྲིན་པོ། །དེ་ལྟ་དེ་ལྟར་བརླག་པར་འགྱུར། །ཁ་ཡི་ཕྱག་རྒྱ་སྦྱོར་ལྡན་པས། །སྔགས་པས་ཀུན་དུ་སྦྱར་བར་བྱ། །འདི་ནི་དོན་ཡོད་ཐོགས་པ་མེད། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །སླར་ཡང་རྡོ་རྗེའི་རྐང་པ་སྦྱར། །ཕྱག་
འཚལ་ཐལ་མོ་སྤྱི་བོར་སྦྱར། །སྔོན་བཞིན་རྐང་པ་མཉམ་བྱས་ནས། །རྐང་པ་བཏེག་ནས་གཡེང་བར་བྱ། །ལག་པ་ཡང་ནི་ཕན་ཚུན་དུ། །གཡས་པ་དང་ནི་གཡོན་པ་ན། །ཞགས་པ་རལ་གྲི་ཐོགས་ནས་སུ། །རྡོ་རྗེ་དོར་ནས་ཡང་དག་གནས། །གཡོན་པ་ས་ཡི་ཆ་ལ་གཞག །གཡས་པ་
མཚོན་ཆ་དང་བཅས་ཀྱང་། །ཞགས་པས་བཀུག་སྟེ་བཞག་ནས་ནི། །རལ་གྲིས་གཟུགས་བརྙན་བཅད་ན་ནི། །ཚངས་པ་འམ་ནི་བརྒྱ་བྱིན་ཡང་། །དེ་མ་ཐག་ཏུ་མྱུར་བར་གཅོད། །འདི་ནི་དཔལ་ལྡན་ཞགས་པ་བསྣམས། །རལ་གྲིའི་ཕྱག་རྒྱ་སྦྱར་བ་ཡིས། །སྔགས་པས་སྦྱར་བ་ཙམ་
གྱིས་ནི། །གདུག་པ་ཐམས་ཅད་བསྒྲུབ་པར་བྱ། །ཐལ་མོ་བཏབ་སྟེ་སྦྱར་ནས་སུ། །འཁོར་ལོ་ལྟ་བུར་རབ་བསྐོར་བྱ། །སྔགས་པས་བསྐོར་ཞིང་དྲངས་ནས་ནི། །རྐང་པ་སྔར་བཞིན་སྦྱར་བར་བྱ། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །ཕན་ཚུན་སོ་སོར་ཁུ་ཚུར་བཅིང་། །གཉིས་ཀའི་མཛུབ་
མོ་རྩེ་སྦྱར་ཏེ། །རྡོ་རྗེ་རྩེ་གཅིག་རྣམ་པར་བྱ། །གདུག་པ་ཀུན་ལ་གདབ་པ་དང་། །འབིགས་པར་ཡང་དག་བརྗོད་པ་ཡིན། །བགེགས་རྣམས་ཐམས་ཅད་རླག་བྱེད་པའི། །བསྲུང་བ་ལ་སོགས་རབ་ཏུ་སྦྱར། །ལག་པ་གཉིས་ནི་མཉམ་བྱས་ནས། །ཁུ་ཚུར་སྦྱར་ཏེ་བཅིང་བར་བྱ། །གུང་མོ་རྩེ་མོ་

སྤྲད་དེ་སྦྱར། །མཛུབ་མོ་རྡོ་རྗེའི་རྣམ་པར་བྱ། །གུང་མོ་ལ་སྦྱར་རྡོ་རྗེ་ནི། །ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་སྟེ། །གདུག་པ་ཐམས་ཅད་རླག་པར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །ཇི་སྙེད་པའི་དོན་ཡོད་པའི་ཐོགས་པ་མེད་པ་སྟོབས་གནོན་པའི་ཁྲོ་བོའི་རྒྱལ་པོ་མི་བཟད་པའི་ཕྱག་རྒྱ་ཇི་ལྟ་ཇི་ལྟར་སྒྲུབ་པ་པོས་སྦྱར་བ་དེ་ལྟ་དེ་ལྟར་དངོས་གྲུབ་སྟེར་བར་བྱེད་པ། བགེགས་ཐམས་ཅད་འཇོམས་
པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པའི་སྒྲུབ་པའི་ཐབས་འདི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ཕྱིར་བདག་ཀྱང་བཤད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་དེའི་དུས་ལ་བབ་པར་སེམས་ན་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་གནང་བ་ཐོབ་སྟེ། བསམ་པ་ཐམས་ཅད་ལ་མཉེས་གཤིན་པའི་རོལ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། དངོས་གྲུབ་ཐམས་ཅད་ཀྱི་མཆོག་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །
བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་རེ་ཞིག་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྡོ་རྗེ་འཆང་གི་སྐུས་གང་བར་བྱས་ནས། ཕྱོགས་བཅུར་བསྐོར་ཏེ། སླར་ཡང་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་ཞུགས་པར་འགྱུར།
ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྒྲུབ་ཐབས་སུ་གྱུར་པ་རྫུ་འཕྲུལ་ཆེན་པོ་རྣམས་ཉོན་ཅིག །ལོ་འདབ་ལ་སོགས་པ་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པ་བྱའོ། །དེ་ནས་ཞག་གསུམ་འདུག་ནས་རས་བྲིས་ཀྱི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ། དེའི་མདུན་དུ་ནིམ་པའི་ཡམ་ཤིང་གིས་མེ་སྤར་ཏེ།
མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོ་སྙིང་པོའི་སྔགས་ཀྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། སྔོན་དུ་བསྙེན་པ་བྱས་པས་སོ། །དེ་ལ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྒྲུབ་ཐབས་ནི་འདི་ཡིན་ཏེ། དཀྱིལ་འཁོར་བྲིས་ནས་རལ་གྲིའི་ཕྱག་རྒྱ་བཅིངས་ཏེ། སྐྱིལ་ཀྲུང་བཅས་ནས་ཇི་སྲིད་

དུ་རིག་པ་འཛིན་པར་གྱུར་གྱི་བར་དུ་བཟླས་པ་བྱའོ། །རིག་པ་འཛིན་པ་ཐམས་ཅད་ཀྱིས་མཆོད་ཅིང་བསྐལ་པར་གནས་ལ་འདོད་པའི་འཆི་བའི་དུས་མེད་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །སླར་
ཡང་འབུམ་ཕྲག་གསུམ་བཟླས་པ་བྱས་ན་གང་འདོད་པའི་ལས་རྣམས་ཐམས་ཅད་བྱེད་དོ། །ཚིག་རྣལ་མར་འབེབས་སོ། །ཤིང་སྒྱེལ་བར་བྱེད་དོ། །ནམ་མཁའ་ནས་འདབ་ཆགས་ལྟུང་བར་བྱེད་དོ། །མཚེའུ་སྐེམས་པར་བྱེད་དོ། །རླུང་གཞན་དུ་བྱེད་དོ། །ཟླ་བ་གཟས་ཟིན་
པའི་ནུབ་མོ་འདུག་ནས་བ་ལྕི་ས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ་དྲི་ཞིམ་པོའི་མེ་ཏོག་སིལ་མ་བཀྲམ་སྟེ་རས་བྲིས་སམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱི་སྤྱན་སྔར་སེའུ་དང་རིགས་མཐུན་པའི་མར་སྲང་གཅིག་ཟངས་མའི་སྣོད་དུ་བཅུག་སྟེ་སེང་ལྡེང་གི་མེ་སྤར་ཏེ་གདུང་
ཞིང་བཟླས་པས་དངོས་གྲུབ་གསུམ་འབྱུང་ངོ་། །དེ་ནས་རིའི་རྩེ་མོར་གནས་བཅས་ཏེ། ཟས་མི་ཟ་བར་བཟླས་པ་འབུམ་བྱས་ན་གཏེར་མཐོང་བར་འགྱུར་རོ། །ཕྱུགས་ངས་ཞི་བར་འདོད་ན་འོ་མའི་སྲེག་བླུགས་སྟོང་ཕྲག་གཅིག་བསྲེགས་པས་ཞི་བར་འགྱུར་རོ། །རྩ་དཱུར་བ་མངར་
གསུམ་གྱིས་བཏགས་ནས་སྦྱིན་སྲེག་འབུམ་བྱས་ན་ཕྱུགས་ངས་ཆེན་པོ་ཞི་བར་འགྱུར་རོ། །པདྨ་རྣམས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ཏེ་སྦྱིན་སྲེག་འབུམ་བྱས་ན་མཆོག་གསོལ་བ་གསུམ་མཐོང་བར་འགྱུར་རོ། །རྒྱ་མཚོར་འགྲོ་བ་ན་ཆུ་ཀླུང་གི་ཆུའི་ནང་དུ་ཞུགས་ཏེ་འབུམ་ཕྲག་
གསུམ་བཟླས་ན་ཡུལ་དུ་ཕྱིན་པར་འགྱུར་རོ། །ཇི་ལྟ་བའི་ཁ་དོག་གི་མེ་ཏོག་བསྲེགས་ན་དེ་ལྟ་བུའི་ཁ་དོག་གི་གོས་རྙེད་པར་འགྱུར་རོ། །སོ་བ་བསྲེགས་པས་སོ་བའང་མི་ཟད་པར་འགྱུར་རོ། །ནས་ཀྱི་སྦྱིན་སྲེག་གིས་ཁྱིམ་བདག་ཆེན་པོར་འགྱུར་རོ། །པྲི་ཡང་ཀུས་དབང་དུ་བྱེད་དོ། །
སྤོས་ཤིང་གིས་འཁོར་གཡོག་མང་བར་འགྱུར་རོ། །མངར་གསུམ་གྱིས་བཏགས་པའི་བིལ་བའི་འབྲས་བུ་སྦྱིན་སྲེག་འབུམ་བྱས་ན་རྒྱལ་པོར་འགྱུར་རོ། །རས་བྲིས་ཀྱི་ཆོ་ག་ཇི་བཞིན་པ་ནི་འདི་ཡིན་ཏེ་འཕགས་པ་མི་གཡོ་བ་ཞལ་གཅིག་པ་དཔའ་བོའི་ན་བཟའ་ངུར་སྨྲིག་མནབས་པ་

ཟུར་མིག་གིས་གཟིགས་པའི་ཕྱག་ན་རལ་གྲི་དང་ཞགས་པ་བསྣམས་པ། ཁྲོ་གཉེར་རིམ་པར་ལྡན་པའི་ཞལ་འཇིག་རྟེན་གསུམ་འཇིགས་པར་མཛད་པ་ངུར་སྨྲིག་མནབས་པ་བྲི་བར་བྱའོ། །དེ་ནས་རྒྱ་མཚོར་སོང་སྟེ་རས་བྲིས་བཀྲམ་ནས་ལུས་ལ་གོས་གཙང་མ་བགོས་ཏེ། དོགས་
པ་མེད་ཅིང་ལྐུགས་པ་སློང་མོ་ཟ་བས་འབུམ་ཕྲག་ལྔ་བཟླའོ། །ཐ་མའི་ཉིན་ཞག་འདུག་ནས་ཙ་ན་ཀའི་ཡམ་ཤིང་གིས་ཁྲི་ཕྲག་གཅིག་སྦྱིན་སྲེག་བྱས་ན་མི་གཡོ་བ་མཐོང་ཞིང་དེ་བཞིན་གཤེགས་པ་ཡང་ཉེ་བར་སྤྱོད་ལ་ཏིང་ངེ་འཛིན་རྙེད་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །
ཡང་ན་དུར་ཁྲོད་ཀྱི་རས་ལ་འཕགས་པ་མི་གཡོ་མགོན་པོ་བྲིས་ལ་བདག་ཉིད་ཀྱི་ཁྲག་གིས་སྤྱན་ཕྱེ་བ་བྲི་བར་བྱའོ། །སྒྲུབ་པ་པོ་ཤར་དུ་ཕྱོགས་ཏེ་ཕྱི་ནས་རས་བྲིས་ཁ་སྤྲོད་དུ་དགྲམ་སྟེ་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་རློན་པ་བགོས་ཏེ་ལྐུགས་པས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མར་ངོའི་
ཚེས་བརྒྱད་ཀྱི་ཞག་ལ་འདུག་སྟེ། འབྱུང་པོ་ཐམས་ཅད་ལ་ཤའི་གཏོར་མ་བྱིན་ནས་རོ་ཆེན་པོའི་སྟེང་དུ་ཁྲི་ཕྲག་གཅིག་བཟླས་པ་བྱའོ། །དེ་ནས་རོ་དེའི་ལུས་འགུལ་བར་འགྱུར་ཏེ། འཇིགས་པར་མི་བྱའོ། །དེ་ནས་ཁའི་ནང་དུ་པདྨ་ཁ་ཕྱེ་བའི་ལྟེ་བ་མཐོང་བར་འགྱུར་ཏེ་བླངས་ནས་བཟུང་བས་
རིག་པ་འཛིན་པར་འགྱུར་ཞིང་ལྷའི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་དུ་སྤྱོད་དོ། །ཡང་ན་རས་བྲིས་ཀྱི་མདུན་དུ་ཟླ་བ་དྲུག་ཏུ་ཐུན་གསུམ་དུ་བཟླས་ཤིང་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་ཨ་ག་རུའི་བདུག་པས་བདུགས་ན་ཡུལ་གྱི་བདག་པོར་འགྱུར་རོ། །རྒྱལ་མཚན་ལ་སྟོང་ཕྲག་གཅིག་
བསྔགས་ནས་དམག་གི་མངོན་དུ་བཟུང་ན་ཕ་རོལ་གྱི་དམག་ཚོགས་གཡུལ་ཉེས་པར་འགྱུར་རོ། །དམག་ཚོགས་རེངས་པར་འདོད་པས་སྐུ་ཆེན་པོ་སྐུ་མདོག་སེར་པོ་ཞལ་བཞི་ལ་ཕྱག་བཞི་པ་མདོག་མི་སྡུག་པ། མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ་འབར་བའི་ཕྲེང་བ་དཀྲིགས་པས་ཕ་
རོལ་གྱི་དཔུང་བཟུང་བ་ལྟ་བུར་བསམ་པ་འམ། བྲིས་ནས་བསྟན་ན་ཕ་རོལ་གྱི་དམག་ཚོགས་རེངས་པར་འགྱུར་རོ། །རྩོད་པར་འདོད་པས་ཁྭ་དང་འུག་པའི་སྒྲོས་སྦྱིན་སྲེག་བྱས་ན་རྩོད་པ་འབྱུང་བར་འགྱུར་རོ། །དགྲ་བོ་མྱོས་པར་འདོད་པས་སྲེག་བླུགས་འབུམ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་

བྱས་པས་མི་གཡོ་བའི་མངག་གཞུག་པས་མགུལ་ནས་བཅིངས་ཏེ་ལྷོའི་ཕྱོགས་སུ་ཁྱེར་ནས་མྱོས་ཤིང་ཁྲག་ཏུ་སྐྱུག་ཅིང་སྐྲག་པར་དགྲའི་ལུས་བལྟས་པས་རིགས་རྒྱུད་དང་བཅས་པ་བརླག་པར་འགྱུར་རོ། །མིའི་རུས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་ནས་བཏགས་ན་གང་གི་མིང་
ནས་སྨོས་པ་དེའི་མོད་དུ་རིམས་ཀྱིས་བཏབ་པར་འགྱུར་རོ། །ནིམ་པའི་འབྲས་བུ་མར་ཁུས་བཏགས་ནས་སྦྱིན་སྲེག་བྱས་ན་ཉི་མ་གསུམ་གྱིས་དགྲ་བོ་བརླག་པར་འགྱུར་རོ། །ཚྭ་དང་འཇིམ་པས་དགྲ་བོའི་གཟུགས་བརྙན་བྱས་ལ་མྱོས་བྱེད་ཀྱི་ཚེར་མས་བཙུགས་ཏེ་གཏུབས་ཤིང་བཅད་པའི་
སྦྱིན་སྲེག་བྱས་ན་དེ་མ་ཐག་ཏུ་བརླག་པར་འགྱུར་རོ། །དགྲ་བོའི་མིང་ནས་སྨོས་ཤིང་ས་ལ་མ་རི་ཞེས་བྱ་བ་བརྒྱ་རྩ་བརྒྱད་བསྲེགས་པས་དགྲ་བོ་དབུལ་བར་འགྱུར་རོ། །དབང་དུ་བྱ་བར་འདོད་ན་ལན་ཚྭའི་རང་བཞིན་གྱི་གཟུགས་བརྙན་བྱས་ཏེ་གཅད་ནས་སྦྱིན་སྲེག་བྱས་ན་སྐྱེས་བུ་ཆེན་པོ་
ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །ཛཱ་ཏི་ཁ་འབུས་པའི་སྦྱིན་སྲེག་འབུམ་བྱས་ན་གནོད་སྦྱིན་མོ་དབང་དུ་འགྱུར་རོ། །འཕྲུལ་བྱེད་ཀྱི་འདབ་མས་སྦྱིན་སྲེག་བྱས་པས་སྨྱོ་བར་འགྱུར་རོ། །ལན་ཚྭའི་སྦྱིན་སྲེག་གིས་ལྷའི་བུ་མོ་ཡང་འགུགས་སོ། །གུ་གུལ་གྱི་སྦྱིན་སྲེག་གིས་རྒྱལ་
པོ་ཐོབ་པར་འགྱུར་རོ། །རས་བྲིས་གཞན་གྱི་ཆོ་ག་འདི་ཡིན་ཏེ། དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་གཡས་སུ་འཇམ་དཔལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་དུ་རྡོ་རྗེ་འཛིན་པ་ཞལ་ཅུང་ཟད་འཛུམ་པ་ཕྱག་ན་རྡོ་རྗེ་བསྣམས་པ་བྲི་བར་བྱའོ། །དེའི་སྤྱན་སྔར་འབུམ་
ཕྲག་ལྔ་བཟླས་པས་ལས་ཐམས་ཅད་བྱེད་ནུས་པར་འགྱུར་ཏེ། ཕ་རོལ་གྱི་དམག་ཚོགས་ལ་ནད་འབྱུང་བར་འགྱུར་རོ། །སྤྱན་གྱི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་ཡི་གེ་ཧཱུྃ་ལ་སོགས་པའི་མཐའ་ཅན་གྱི་སྔགས་བཟླས་པས་དགྲ་བོ་གདོན་ཆེན་པོས་འཛིན་པ་འམ་ངེས་པར་བརླག་པར་
འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་ལན་འབུམ་བཟླས་ནས་གང་ལ་བྱིན་པ་དེ་བྲན་དུ་འགྱུར་རོ། །གིའུ་ཝང་ལ་ལན་བདུན་བཟླས་ནས་ཐིག་ལེ་བྱས་པས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་ཞིང་མི་མཐོང་བར་འགྱུར་རོ། །བགེགས་ཐམས་ཅད་དང་ལོག་པར་འདྲེན་པ་ལ་སོགས་པ་

འབར་བར་འགྲུབ་པར་འགྱུར་རོ། །བདག་ཉིད་ལ་བཀོད་ནས་དཔག་ཚད་བརྒྱ་ནས་ཀྱང་ཚངས་པ་དང་སྲིན་པོ་གྲོལ་བར་བྱེད་དོ། །སྦྲུལ་ནག་པོས་ཟིན་པ་ཟླ་བ་དྲུག་ནས་མནན་པར་འདོད་ན་ཁྲོས་པས་རལ་གྲིའི་ཕྱག་རྒྱ་བྲིས་ལ་ལྟོ་འཕྱེ་ཆེན་པོའི་རིགས་ལྡན་གྱིས་བསྐོར་ཏེ། དེ་
ནས་རལ་གྲི་ལ་སྟོང་ཕྲག་གཅིག་མངོན་པར་བསྔགས་ནས་དབུས་སུ་དེ་ལྟ་བུར་འབར་བ་འདྲ་བ་དགོད་པར་བྱ་སྟེ་དེ་ནད་པ་ལ་བསྟན་ན་ངེས་པར་འཇུག་གོ། །འཕགས་པ་མི་གཡོ་བ་སྤྱན་གཅིག་པའི་སྙིང་པོ་ཐུན་གསུམ་དུ་བརྒྱ་རྩ་བརྒྱད་བཟླས་ན་རྟག་ཏུ་འབྲེལ་པར་འགྱུར་རོ། །དབེན་པའི་ས་ཕྱོགས་
སུ་ཟན་གྱི་ཆང་བུ་བྱིན་ན་མཆོག་ཆེན་པོ་སྩོལ་བར་འགྱུར་ཏེ། སྙིང་པོའི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས། ཡི་གེ་ཧཱུྃ་བཟླས་ན་སྤྲིན་དྲལ་བར་བྱེད་དོ། །ཚེར་མ་སྐྱེ་ཚེས་བཏགས་པའི་སྦྱིན་སྲེག་བྱས་ན་རླུང་གི་ཆར་པ་གཏུན་ཤིང་ལྟར་འཇོག་གོ། །སྒྲུབ་པ་པོ་ལ་བསྲུང་བ་ཆེན་པོ་བྱེད་དོ། །མི་རྣམས་
རྐང་པ་གཡོན་པ་མནན་པས་བསྒྲུབས་ན་བཀའ་ཉན་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱི་གཟུགས་བརྙན་བྱས་ནས་གཅད་ན་འཆད་པར་འགྱུར་རོ། །ལྷ་དང་མི་ཐམས་ཅད་ཀྱི་གཟུགས་བརྙན་བྱས་ནས་དེ་ལྕགས་ཀྱི་ཕུར་བུས་བཏབ་པས་ཕུར་བུ་དང་ལྡན་པར་འགྱུར་རོ། །དེ་ནས་འཆིང་བར་འདོད་
པར་གྱུར་ན་སྐུད་པ་སེར་པོ་ལ་མངོན་པར་བསྔགས་ཏེ་གཟུགས་དཀྲིས་ནས་བཅིངས་པར་འགྱུར་རོ། །བཙིར་བར་འདོད་ན་ལྷ་ལ་སོགས་པའི་གཟུགས་བརྙན་བྱས་ནས་སྟེང་དུ་སྤང་ལེབ་ཀྱིས་མནན་ན་བཙིར་བར་འགྱུར་རོ། །དེ་ནས་བརྡེག་པར་འདོད་ན་མི་ལ་སོགས་པའི་གཟུགས་བརྙན་བྱས་ཏེ་
རེའུ་སླུད་བུས་བྲབས་ན་དགུ་ཞིང་འོངས་ནས་བཀའ་བསྒོ་བྱེད་དོ། །གནོན་པར་འདོད་ན་ལྷ་དང་མི་ཐམས་ཅད་ཀྱི་གཟུགས་བརྙན་བྱས་ཏེ་སྤང་ལེབ་ལ་སོགས་པས་མནན་ན་གནོན་པར་འགྱུར་རོ། །དེ་ལྟར་ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་འདི་ཇི་ལྟ་ཇི་ལྟར་སྦྱོར་བ་དེ་ལྟ་དེ་ལྟར་ལས་གཞན་ངོ་
མཚར་ཆེ་བ་ཡང་སྟོང་ཕྲག་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྔགས་བཀའ་སྩལ་པ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་བི་ཤྭ་མུ་ཁ་བྷྱཿ། སརྦྦ་ཐཱ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཏྲཱཊ་མ་ཧཱ་ཙཎྜ་ཨ་ཙ་ལ་ཀཱ་ཎ། ཧཱུྃ་ཧཱུྃ་ཧཱུྃ། ཨ་པྲ་

ཏི་ཧ་ཏ། ཏ་ཐཱ་ག་ཏཱ་ཛྙཱཾ་སྨ་ར་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་ཁྲོ་བོ་ཆེན་པོ་ཐོགས་པ་མེད་པའི་ཆོ་གའི་སྙིང་པོ་དཔའ་བོ་གཅིག་པ་བཀའ་སྩལ་པ། ན་མཿསྟྲཻ་ཡ་དྷྭི་ཀཱ་ནཱྃ། ཏ་ཐཱ་ག་ཏཱ་ནཱྃ་ཧཱྃ། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཀའ་སྩལ་མ་ཐག་ཏུ་དེ་ནས་སྐད་ཅིག་
དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་སྣང་བར་བྱས་ནས་དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གང་བདུད་དང་བདུད་ཆེན་པོ་འཇིགས་སུ་རུང་བའི་གཟུགས་ཅན་དང་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་དེ་ཁྲོ་བོ་ཆེན་པོའི་གཟི་བརྗིད་ཀྱིས་བསྲེགས་པར་གྱུར། གང་དང་གང་རང་
རང་གི་དེར་སོང་སྟེ་བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྲེགས་པ་ལས་བསྐྱབ་ཏུ་གསོལ། དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་རང་རང་གི་ཞིང་རྣམས་ཀྱི་བགེགས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྲོ་བོ་ཆེན་པོ་
མི་གཡོ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ་མཛད་པ། གདུག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་དྲན་པར་གྱིས་ཤིག །གཞན་དུ་ཁྱོད་རྣམས་ཀྱི་མགོ་བོ་ཕྱག་ན་རྡོ་རྗེའི་རྡོ་རྗེས་ཚལ་པ་བརྒྱར་འགས་པར་འགྱུར་རོ། །གང་ཞིག་སྒྱུ་མ་ལྟ་བུར་སེམས་
སྐྱེད་ཅིག །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་སྐྱེད་ཅིག །སེམས་ཅན་སྡིག་པ་ཐམས་ཅད་དང་བྲལ་བ་དྲན་པར་གྱིས་ཤིག །རིགས་ཀྱི་བུ་དག་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དྲན་པར་གྱིས་ཤིག །དེ་ནས་གདུག་པ་དེ་ཐམས་ཅད་ཁྲོ་
བོའི་རྒྱལ་པོ་ཆེན་པོ་དེ་ཉིད་ལ་སྐྱབས་སུ་སོང་སྟེ་བཅོམ་ལྡན་འདས་བདག་ནི་སའི་ཕྱོགས་སུ་ཉེ་བར་གནོད་པར་མི་བགྱིད་དོ། །གང་ན་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདི་ཉིད་བཞུགས་པ་དེ་བསྲུང་བར་བགྱིའོ། །ཉེ་བར་དགོས་པ་བསྐྱེད་དོ། །ཉེ་བར་འཚེ་བ་ཐམས་ཅད་ཀྱང་གཞོམ་པར་བགྱིའོ། །
ཞེས་དམ་ཚིག་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་ལྷགས་ནས་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སླར་ཡང་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྤྱོད་པའི་ཆོ་ག་ཡང་སྒྲུབ་པ་པོ་རྣམས་ལ་བཀའ་སྩལ་པ། ཁྲོ་བོའི་རྒྱལ་པོ་ཆེན་པོ་འདི་གང་ལྐུགས་

པས་མི་བཟློག་པར་ཡལ་ག་དང་། རྩ་བ་དང་། འབྲས་བུ་ཟ་བ་འམ། ཆུ་དང་། རླུང་ཟ་བར་གྱུར་པའི་སྐྱེ་བོས་དབེན་པའི་གནས་སུ་བཟླས་པ་བྱའོ། །ཁྲོ་བོའི་རྒྱལ་པོ་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་དང་ལྡན་པ་
ང་རྒྱལ་ཆེ་བ་མངོན་པའི་ང་རྒྱལ་ཅན་གྱི་གདུག་པའི་སྲིན་པོ་ལ་སོགས་པ་སྦྱར་བར་བྱའོ། །ཕན་པའི་སེམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་དད་པས་དཀོན་མཆོག་གསུམ་ལ་དང་བར་གྱུར་པར་བསྒྲུབ་པར་བྱའོ། །རྟོག་པ་གཞན་གྱི་ཆོ་གས་ཀྱང་དམན་པའི་སེམས་ཅན་སྡུག་བསྔལ་
བ་རྣམས་ནི་སྦྱར་བར་མི་བྱའོ། །དཀོན་མཆོག་གསུམ་ལ་མོས་ཤིང་དད་པ་ལ་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྦྱར་བར་བྱའོ། །མཚམས་མེད་པ་ལྔ་བྱེད་པས་ཀྱང་གདོན་མི་ཟ་བར་ཆོ་ག་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་
ནས་དཔལ་ལྡན་རྡོ་རྗེ་འཆང་། །ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །སེམས་ཅན་ཁམས་ནི་མ་ལུས་པ། །འདི་ཀུན་རྣམ་པར་གཟིགས་ནས་སུ། །འགྲོ་ལ་ཕན་པ་མཛད་པ་ཅན། །སྙན་པ་ཡི་ནི་ཚིག་གིས་གསོལ། །བཅོམ་ལྡན་ཆོས་རྣམས་ཐམས་ཅད་ཀྱི། །ཁྱོད་ཉིད་གཅིག་པུ་དབང་ཕྱུག་གཙོ། །
ཁྱོད་ཉིད་གཅིག་པུ་ཀུན་མཁྱེན་དེ། །ཐམས་ཅད་མཁྱེན་པའི་ནམ་མཁའ་ཅན། །ཁྱོད་ནི་སྐྱོབ་མེད་སེམས་ཅན་གྱི། །སྐྱོབ་པ་དཔུང་གཉེན་ཐམས་ཅད་ཡིན། །སེམས་ཅན་ཀུན་གྱི་ཁྱོད་གཅིག་པུ། །མཆོག་ཏུ་མཉེས་གཤིན་པ་ཡི་ཕ། །ཉོན་མོངས་ནད་རྣམས་གསོ་མཛད་པ། །སྨན་པའི་རྒྱལ་
པོ་ཁྱོད་གཅིག་པུ། །ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི། །གཙོ་བོ་མཆོག་ཏུ་གཞོལ་བ་ཡིན། །བདག་ལ་འདིར་ནི་ཁྱོད་གཅིག་པུ། །གཙོ་བོ་བདག་ལ་གཞན་མ་མཆིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །གང་ཞིག་བདག་ཉིད་ཁྱོད་ལ་ཞུ། །ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །མགོན་
པོ་དེ་ནི་བདག་ལ་གསུངས། །སེམས་ཅན་ཇི་ལྟར་བདེ་བར་འགྱུར། །ཇི་ལྟར་སྡུག་བསྔལ་རྟེན་ཅན་དུ། །གང་གིས་འདིར་ནི་གྱུར་པ་ཡིན། །དེ་རྣམས་བདག་ལ་གཙོ་བོས་གསུངས། །རྒྱལ་པོ་མི་རྒོད་ཆོམ་རྐུན་དང་། །དེ་བཞིན་དུ་ནི་མེ་དང་ཆུ། །ནད་དང་མུ་གེ་བདུད་རྣམས་དང་། །དེ་བཞིན་དུས་མིན་

འཆི་བས་འཇིགས། །ཆར་ཆེས་པ་དང་ཆར་མི་འབབ། །རྟག་ཏུ་ཡམས་ཀྱིས་འཚེ་བས་ཏེ། །མགོན་པོ་འདི་རུ་ཇི་ལྟར་ཡང་། །བརྒྱ་ལ་མི་འགྱུར་བ་ཞིག་ཡིན། །དཔལ་གྱིས་མཛེས་པར་བརྒྱན་པ་ཡི། །དབང་དུ་བྱ་བ་ཉིད་དང་ནི། །སེམས་ཅན་ཐམས་ཅད་བརྩེ་བར་ནི། །ཐམས་ཅད་ཇི་ལྟར་འབྱུང་
བར་འགྱུར། །ངན་དོག་ངན་པ་དེ་ཇི་ལྟར། །ཇི་ལྟར་ལུས་པོ་དམན་པར་འགྱུར། །དུ་བའི་མདོག་ཅན་ཧྲུད་ཧྲུད་པོ། །དེ་ནས་གཡེང་བ་ཉིད་དག་ནི། །སྔགས་པ་དག་ལ་འབྱུང་མི་འགྱུར། །ཉེ་བར་འཚེ་བ་རྣམ་པར་སྤངས། །འདི་ཀུན་ཇི་ལྟར་བརྩེ་བ་ལེགས། །ལོངས་སྤྱོད་དང་ཡང་ལོངས་སྤྱོད་འཕེལ། །
ཉལ་བ་དང་ནི་འདུག་པ་དང་། །འགྲོ་བ་འམ་ནི་འདུག་པ་ན། །སྔགས་པ་ཇི་ལྟར་བདེ་བ་རུ། །དེ་ནི་རྟག་ཏུ་འགྱུར་བ་ཡིན། །དེ་ལ་ལྷ་ནི་མངོན་སྤྱོད་ཅིང་། །རྗེས་སུ་འབྲེལ་བ་ཇི་ལྟར་འགྱུར། །ལས་ཀྱི་དངོས་གྲུབ་ཇི་ལྟར་ནི། །མྱུར་བ་ཉིད་དུ་འགྱུར་བ་ཡིན། །སྲིན་པོ་ལྟོ་འཕྱེ་གྲུལ་བུམ་དང་། །ཡི་
དགས་གཅན་གཟན་སྦྲུལ་དེ་བཞིན། །གང་ཡང་རྟག་ཏུ་འཚེ་བས་འདེབས། །ཇི་ལྟར་འཚེ་བས་མི་འགྱུར་ལགས། །ཞི་བ་དང་ནི་རྒྱས་པ་འམ། །དེ་བཞིན་དབང་དང་མངོན་སྤྱོད་ཀྱི། །ལས་ནི་ཇི་ལྟར་མྱུར་གྲུབ་ནས། །དོན་ཡོད་པར་ནི་འགྱུར་བ་ལགས། །འདི་ཀུན་སྐལ་བ་ཆེན་པོ་ནི། །ད་ལྟར་
ཡང་ནི་གསུང་བར་རིགས། །ཆོས་ཀྱི་དབང་ཕྱུག་ཐུབ་པ་ཡིས། །འདི་སྐད་ཀྱི་ནི་ཚིག་གསན་ནས། །ཕྱག་ན་རྡོ་རྗེ་དེས་ཆེན་ལ། །སྙན་པའི་གསུང་གིས་བཀའ་སྩལ་པ། །ལེགས་སོ་བུ་གཅིག་དཔའ་བོ་ཆེ། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྫུ་འཕྲུལ་ཆེ་ཉིད་སླར་ཡང་ལེགས། །ང་ཡི་བསྟན་ལ་
ཁྱོད་ཉིད་དེ། །ཁྱོད་ཉིད་གཅིག་པུ་བདག་གི་སྲས། །རྟག་ཏུ་རྗེས་སུ་འཕེལ་བྱེད་པ། །ང་ཡི་བསྟན་པ་བསྲུང་བ་ཡང་། །ཁྱོད་ཉིད་ཀྱི་ཡང་ལག་ན་གནས། །རྒྱལ་བའི་སྲས་པོ་ཁྱོད་གཅིག་པུ། །གཙོ་བོ་དབང་ཕྱུག་ཁ་ལོ་སྒྱུར། །ཁྱོད་ཉིད་གཅིག་པུ་ལ་རག་ལས། །བྱང་ཆུབ་ཐམས་ཅད་ལག་མཐིལ་གནས། །
གང་ཞིག་ཁྱོད་ཀྱིས་ཞུས་པ་ཡིས། །བུ་གཅིག་འདི་ནི་ངོ་མཚར་ཏོ། །གསང་བ་མཆོག་གི་རྨད་དུ་བྱུང་། །མ་ལུས་པར་ནི་བཤད་པར་བྱ། །གང་ཞིག་བདག་གི་སྙིང་ལ་གནས། །དེ་ནི་གཞན་གྱིས་བྱིན་གྱིས་བརླབས། །ཆོས་རྣམས་ཀུན་གྱི་གསང་བ་ཡང་། །དེ་ནས་གཞན་དུ་མ་གསུངས་པ། །དཔའ་བོ་ཁྱོད་ལ་མ་

ལུས་པར། །བཤད་པར་བྱ་ཡིས་ཚུར་ལ་ཉོན། །གང་གིས་དངོས་གྲུབ་མྱུར་ཐོབ་པའི། །གསང་བ་གང་ཞིག་གནས་པ་ཡང་། །མཆོག་གི་གཟུགས་ཅན་ལྷན་ཅིག་ཏུ། །ས་སྟེངས་འདི་ནི་རྣམ་པར་གནས། །གཙུག་ལག་ཁང་ནི་སྣ་ཚོགས་མདོག །དེ་བཞིན་སྣ་ཚོགས་གཟུགས་འཆང་
བ། །རྫུ་འཕྲུལ་ཆེན་པོ་མཐུ་ཆེ་བ། །དེ་བཞིན་རྒྱལ་བའི་སྲས་པོ་འཆང་། །རྒྱལ་བའི་ཆོས་རྣམས་ཡང་དག་ལྡན། །དཀོན་མཆོག་གསུམ་ལ་མཆོག་ཏུ་གཞོལ། །འདི་རྣམས་མཆོད་ཅིང་ཡང་མཆོད་ལ། །གནོད་པ་བྱེད་པ་སྲེག་པར་འགྱུར། །དེ་ནི་རྒྱལ་བའི་བདེན་པས་བཅིང་། །སེམས་ཅན་ཐམས་ཅད་
དབང་དུ་བྱེད། །འཁྲིག་པ་བརྟེན་པར་གྱུར་པ་དང་། །མེ་ནི་གང་ཞིག་སྡིག་བྱེད་པ། །ཚངས་སྤྱོད་དང་ནི་དེ་བཞིན་གཞན། །ས་སྟེངས་སྐྱེ་བོ་གང་ཅུང་ཟད། །འདི་ཀུན་འདིར་ནི་རྣམ་པར་འཚེ། །ལྷ་རྣམས་ཀྱི་ཡང་དེ་བཞིན་གྲོང་། །གདུག་ཅིང་མདོག་སྡུག་པ་ཡི་ལུས། །གནོད་སེམས་བདག་ཉིད་རྣམ་པར་
འཚེ། །བརྟན་དང་གཡོ་བ་ཕྱག་འཚལ་ནས། །འཇིག་རྟེན་འདི་ནི་རྣམ་པར་སྤངས། །ས་སྟེངས་བསྟན་པ་མ་གཏོགས་པར། །དེ་རྣམས་བསྟན་པ་ཅུང་ཟད་མེད། །གང་གིས་བདེ་བ་མྱོང་བྱེད་པ། །ཁྱོད་ཀྱིས་ཀྱང་ནི་མཉན་པར་རིགས། །སྔགས་པས་དང་པོ་ཀུན་བྱས་ནས། །རྫོགས་སངས་
རྒྱས་ནི་ཉི་མའི་འོད། །ཀུན་མཁྱེན་དབང་ཕྱུག་བློ་དང་ལྡན། །སྤྲོས་པ་ཐམས་ཅད་འདི་ལས་གཞན། །ཤིན་ཏུ་རྣམ་པར་དག་པའི་ཆོས། །གདོད་ནས་ཞི་བ་ཆེན་པོའི་གནས། །སྐྱོན་རྣམས་ཐམས་ཅད་རྣམ་པར་གྲོལ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །འདི་ནི་དཀོན་མཆོག་གསུམ་གཙོ་
བོ། །བསམ་པ་ཐམས་ཅད་རྫོགས་པར་བྱེད། །གཟའ་རྣམས་གཟུགས་དང་མཚན་མ་དང་། །ཆ་བྱད་དང་ནི་དབྱིབས་ཉིད་ཀྱང་། །བརྟན་དང་གཡོ་བས་མི་ཤེས་པས། །བཤད་པར་བྱ་ཡིས་བུ་ཁྱོད་ཉོན། །བདག་གིས་ཡེ་ཤེས་གནས་པ་འདི། །མཛེས་པའི་ཚུལ་ཅན་རྨད་དུ་བྱུང་། །ས་ཡི་དཀྱིལ་
འཁོར་ཀུན་དུ་ནི། །བུ་གཅིག་ཁོ་བོས་མ་གསུངས་སོ། །གཟའ་རྣམས་ཀྱི་ནི་མཆོག་གི་གཟུགས། །མཆོག་ཏུ་རྨད་འབྱུང་བསམ་མི་ཁྱབ། །མཆོག་ཏུ་མཛེས་པར་གྱུར་པ་སྟེ། །ཁྲོས་ཤིང་བཞིན་མི་སྡུག་པ་ཡི། །མཛེས་པའི་གཟུགས་ཅན་ལ་བརྟེན་ནས། །རང་ཉིད་མཛེས་ཤིང་ཕན་པར་གནས། །

གང་ཚེ་གཟུགས་ནི་བསམ་མི་ཁྱབ། །མཆོག་ཏུ་མཛེས་པར་གྱུར་པ་སྟེ། །དེ་ཚེ་འདི་ནི་བསམ་མི་ཁྱབ། །དྲང་སྲོང་བསམ་གཏན་སྤྱོད་ཡུལ་མིན། །ཞི་བ་སེམས་ཅན་ལ་བྱ་ཞིང་། །ཁྲོས་པ་ཉིད་ནི་ཁྲོས་པ་ཉིད། །སེམས་ཅན་ལ་འདི་ཞི་བ་རུ། །དེ་ཡི་ཚེ་ན་ཀུན་དུ་སྤྱོད། །སངས་རྒྱས་ཆོས་དང་དེ་བཞིན་དུ། །དགེ་
འདུན་མཁས་པས་མཆོད་བྱས་ན། །དེ་ཡི་གཟུགས་ནི་ཉེར་མཚོན་ཏེ། །དེ་ཡི་ཚེ་ན་མཆོད་པར་བྱ། །ཞི་བ་ཞི་བ་ཤེས་པར་བྱ། །རྒྱས་པ་ཡང་ནི་རིམ་ཇི་བཞིན། །མངོན་སྤྱོད་ཞེས་བྱ་བ་འདི་དང་། །དབང་དུ་བྱ་བའི་གཟུགས་མཚན་ཉིད། །འདི་དག་ཐམས་ཅད་མདོར་བསྡུས་ན། །དེ་ནི་རྒྱས་པར་གསུངས་པ་ཡིན། །
ཤིན་ཏུ་མཉམ་པར་གཞག་མཆོད་པས། །ཞི་བ་ལ་སོགས་འདི་ཡང་མིན། །ཕུན་སུམ་ཚོགས་པ་ཀུན་བྱེད་པའི། །དཀོན་མཆོག་གསུམ་ནི་མངོན་དུ་མཆོད། །ཡིད་ནི་བསྡམས་པར་གྱུར་པ་དང་། །དབང་པོ་ལྔ་ནི་བསྡམས་པ་ཡིས། །དྲི་མ་དཀར་ཆེན་ཞག་ཏུ་ལོན། །ལུས་ལ་བསྒོས་ནས་ཁྲུས་ཀྱིས་
བརྒྱན། །ཤིན་ཏུ་དབེན་ཞིང་ཕྱུགས་མེད་པར། །འདི་ནི་འོང་བར་སོང་ནས་ནི། །བ་ལྕི་ལ་སོགས་རྟག་ཏུ་བྱུགས། །དྲི་ཡིས་ཉེ་བར་བྱུགས་ནས་ནི། །ཁ་དོག་སེར་དང་དམར་བ་དང་། །དཀར་པོའམ་དེ་བཞིན་ལྗང་གུ་དང་། །ནག་པོ་ཡང་དག་གསུངས་པ་ཡིན། །ཁ་དོག་ཡོངས་སུ་བཟུང་བྱས་ནས། །
མཁས་པས་ཇི་ལྟར་རིག་པ་ཉིད། །ཡིད་དུ་འོང་བའི་དཀྱིལ་འཁོར་བྱ། །སངས་རྒྱས་སེར་པོ་བྱ་བ་སྟེ། །ཆོས་ནི་དཀར་པོ་ཉིད་དུ་བྱ། །དགེ་འདུན་ལྗང་གུར་བྱ་བ་སྟེ། །གསང་བ་འདི་ནི་ཡང་དག་གྲགས། །གཟའ་རྣམས་ཁ་དོག་བྱེ་བ་ཡིས། །དཀྱིལ་འཁོར་དག་ནི་ཉེ་བར་མཚོན། །མཁས་པས་དེ་ཡི་
འོག་ཏུ་ནི། །སྔགས་པའི་ལུས་ནི་རྟག་ཏུ་བྱ། །ཕྱག་རྒྱ་འཆང་བའི་ཕྱོགས་བྲིས་ཏེ། །རང་གི་ཕྱག་རྒྱ་ཁ་དོག་མཚན། །དཀྱིལ་འཁོར་གྱི་ནི་ཚད་དག་ནི། །སོར་མོ་བཅུ་དྲུག་རབ་ཏུ་གྲགས། །ཡང་ན་གང་ལྟར་ཡིད་དགའ་བ། །དེ་ལྟར་ཡང་དག་བརྩམ་པར་བྱ། །ཁ་དོག་ཇི་ལྟར་ཉེར་མཚོན་པ། །དྲི་
དང་མེ་ཏོག་ལ་སོགས་དབུལ། །མཉམ་པར་གཞག་པས་སོ་སོ་རུ། །འདི་རྣམས་ཀྱི་ནི་གསང་སྔགས་བཟླས། །སེམས་ནི་རྩེ་གཅིག་གྱུར་པ་ཡིས། །བདེ་གཤེགས་བདག་ཉིད་བསྒོམས་ནས་སུ། །གཟའ་རྣམས་སོ་སོར་མདུན་གནས་ནས། །གསང་སྔགས་བརྗོད་པར་བྱ་བ་ཡིན། །དེ་

ནས་གསང་སྔགས་འདི་ཡིས་ནི། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་སཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦྦ་ཏ་ཐཱ་ག་བྷཀྟི་སྭཱ་ཧཱ། སརྦྦ་ཏྲ་ཡྃ། ཨཱཿཨཱ་དི་ཏྱ། སུ་བི་ཤུད་དྷྱཿ། ཉི་མ་དང་། ཟླ་བ་དང་། གནོན་པོ་དང་། མིག་དམར་གྱིའོ། །བི་བུདྷ་ཕ་ཀ །
གཟའ་ལྷག་གིའོ། །ཨོཾ་བྷོ་ག་སྤ་ད་ཡཿ། ཕུར་བུའི་འོ། །ཨོཾ་ཨ་སུ་རོ་དྷ་མ་ཧོཿ། པ་སངས་ཀྱིའོ། །ཨོཾ་ཀྲྀཥྞ་བརྞྞ་ཕ་ཀ །སྤེན་པའི་འོ། །ཨོཾ་བི་ཀྲྀ་ཏ་བཀྟྲ་རུ་ཙི་སྭཱ་ཧཱ། སྒྲ་གཅན་གྱིའོ། །ཡང་ནི་གསང་སྔགས་རེ་རེ་ནི། །བདུན་ཕྲག་བརྒྱ་རྩ་བདུན་དུ་བཟླས། །སྣ་ཚོགས་གཟུགས་ཅན་གཟའ་རྣམས་ནི། །དེ་
ལྟར་ཐམས་ཅད་མཆོད་པར་བྱ། །སྐལ་བཟངས་སྐྱེ་བར་འགྱུར་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྩོལ་བར་འགྱུར། །རྒྱལ་པོ་མི་རྒོད་ཆོམ་རྐུན་སོགས། །སྲིན་པོ་ལྟོ་འཕྱེ་གྲུལ་བུམ་རྣམས། །དེ་ཀུན་འབྱུང་བར་མི་འགྱུར་ཏེ། །དེ་ཡི་འཇིགས་པ་ནམ་ཡང་མིན། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །
སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །གང་ཡང་གཟིར་བ་ཉིད་འགྱུར་བ། །གཟིར་བའི་རང་བཞིན་འགྱུར་བ་གནས། །ཆོ་ག་བཞིན་དུ་མཆོད་པ་ཡིས། །ཕན་པ་དེ་ལ་འབྱུང་མི་འགྱུར། །རྟག་ཏུ་བདེ་བས་
གནས་གྱུར་ཅིང་། །བརྩེར་ལྡན་སེམས་ཅན་མཉེས་གཤིན་པ། །སེམས་ནི་དང་ཞིང་མཉེས་པ་སྟེ། །སེམས་ཅན་ཀུན་ལ་ཕན་པར་དགའ། །དངོས་གྲུབ་ལས་ནི་ཕན་ཡོན་ནི། །ཞི་བའི་སེམས་ནི་མཉམ་པར་གཞག །དེ་ཡི་ཕྱི་རོལ་བཙུན་པར་བརྟེན། །ཀུན་གྱི་གཙོ་བོ་དབང་ཕྱུག་སྟེ། །རྒྱལ་
པོ་སྒྱུ་འཕྲུལ་ཆེན་པོ་དང་། །གདུག་པའི་སེམས་ཅན་འདུལ་བྱེད་པར། །ཐེ་ཚོམ་མེད་པར་འབྱུང་འགྱུར་ཏེ། །རྒྱལ་བ་བདེན་པ་གསུང་བས་གསུངས། །ཆར་ཆེས་པ་དང་ཆར་མི་འབབ། །མུ་གེ་བྱུང་དང་རྩོད་པར་སོང་། །དཀྱིལ་འཁོར་མཆོད་པར་གྱུར་པ་ན། །དེ་ལ་དེ་ནི་འབྱུང་མི་འགྱུར། །ཞི་བ་
དང་ནི་རྒྱས་པ་དང་། །གལ་ཏེ་ལས་འདི་རྩོམ་པ་ན། །དྲི་ནི་ཆོ་ག་བཞིན་གསུངས་པས། །དང་པོར་འདིར་ནི་མཆོད་པར་བྱ། །འདི་ནི་སྡིག་དང་ལྡན་པས་ཀྱང་། །དེ་ནི་མྱུར་དུ་འགྲུབ་པར་འགྱུར། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །སྡིག་པ་ཐམས་ཅད་

རྣམ་པར་གྲོལ། །རྩོད་པ་ཐམས་ཅད་རྣམ་པར་སྤངས། །ཐམས་ཅད་རྟག་ཏུ་བདེ་བར་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །དེ་ལྟར་མཆོད་པའི་ཆོ་ག་ཡིས། །གལ་ཏེ་བསོད་ནམས་བྱས་མཆོད་ན། །ལྷ་ཡི་ཚོགས་རྣམས་ཀུན་མཉེས་ནས། །དངོས་གྲུབ་རྒྱ་ཆེན་སྩོལ་བར་འགྱུར། །གདུག་
པའི་ལོག་པར་འདྲེན་པ་ཀུན། །སྲིན་པོ་འཇིགས་པའི་གཟུགས་ཅན་རྣམས། །སྔགས་པ་བཟླས་པར་བརྩོན་པ་ལ། །དེ་ནི་དེ་ལ་འཚེ་མི་བྱེད། །རྟག་ཏུ་སྣ་ཚོགས་ནད་མེད་ཅིང་། །ལོངས་སྤྱོད་ཕུན་སུམ་ཚོགས་པ་རུ། །དེ་ནི་རྟག་ཏུ་འགྱུར་བ་སྟེ། །ཆོ་ག་བཞིན་དུ་མཆོད་པ་ཡིས། །རྒྱལ་པོ་
ཡང་ནི་དབང་དུ་འགྱུར། །གང་ཡང་གདུག་པ་སྟོབས་པོ་ཆེ། །འཇིགས་པའི་གཟའ་སོགས་ཐམས་ཅད་དང་། །མཁའ་འགྲོ་མ་ཡང་སྟོབས་ཆེན་མོ། །དེ་ལ་ཀུན་དུ་ཕྱག་འཚལ་བར། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །དེ་ལྟར་རྣམ་པ་ཐམས་ཅད་ཀྱིས། །ཐམས་ཅད་དུ་ནི་མཆོད་ནས་
སུ། །བདེ་བ་ཉིད་དུ་ཀུན་དུ་ཤེས། །སྡུག་བསྔལ་རྒྱ་མཚོ་རྣམ་པར་སྤངས། །སྣ་ཚོགས་ཕུན་སུམ་ཚོགས་པས་མཛེས། །དེ་བཞིན་རྟག་ཏུ་རྒྱལ་པོར་བཅས། །ཐམས་ཅད་དུ་ནི་སྙན་པར་སྨྲ། །ཀུན་ཀྱང་དབང་ཕྱུག་རྣམ་པར་བརྒྱན། །མཆོག་ཏུ་སྐལ་བ་བཟང་འགྱུར་བ། །དེ་ནི་ཀུན་དུ་
ཐེ་ཚོམ་མེད། །དེ་སྐད་གསུངས་ནས་རྣལ་འབྱོར་ཆེ། །ཐུབ་པ་ཆོས་ཀུན་དབང་ཕྱུག་ནི། །ཅང་མི་གསུང་བ་ཉིད་དུ་གྱུར། །དེ་ཚེ་འཁོར་རྣམས་འདི་སྐད་གསོལ། །དཔའ་བོ་ཆེན་པོ་སེམས་དཔའ་ལེགས། །ཐམས་ཅད་མཁྱེན་པའི་རིམས་ནད་བྲལ། །སྔགས་ཀྱི་དེ་ཉིད་དོན་ངེས་པ། །ཐམས་
ཅད་མ་ལུས་པ་རུ་གསུངས། །མགོན་པོ་སེམས་ཅན་ཤིན་ཏུ་མེད། །སྤྱན་སྔ་རུ་ནི་བརྗོད་པའི་ཚུལ། །གསང་སྔགས་རྒྱ་མཚོ་རྒྱ་ཆེན་ལས། །སྙིང་པོ་འདི་ནི་བཏུས་ནས་བསྡུས། །ཐོབ་པས་འཇིགས་མེད་འདི་མངོན་འགྱུར། །དེ་ཀུན་ཐེ་ཚོམ་མེད་པ་རུ། །ས་འོག་གནས་པ་ཀུན་བྱས་ནས། །
སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །བདེ་བ་ཐམས་ཅད་ཡང་དག་ལྡན། །དེ་ཚེ་ཐམས་ཅད་འབྱུང་འགྱུར་ཞིང་། །ནད་རྣམས་ཐམས་ཅད་རྣམ་པར་སྤངས། །གདུག་པ་འཇིགས་པའི་གཟུགས་ཅན་དང་། །སྲིན་པོ་གང་ཡང་མཆེ་བ་ཅན། །གསང་བའི་ཕྱག་རྒྱ་མཐོང་བ་ཡིས། །དེ་དག་ཐམས་ཅད་

བརླག་པར་འགྱུར། །གཟའ་མཆོད་པ་རབ་འབྱམ་གྱི་རིམ་པར་ཕྱེ་བའོ།། །།མི་གཡོ་མགོན་པོ་ཞེས་བྱ་བ། །སེམས་ཅན་རྗེས་སུ་སྲུང་བར་བྱེད། །འཇམ་པའི་དཔལ་གྱི་དཀྱིལ་འཁོར་སྟོན། །དེ་ཚེ་དངོས་གྲུབ་མཛེས་པ་ཀུན། །རྡོ་རྗེ་
རལ་གྲི་སོགས་དེ་བཞིན། །ཕྱིས་ཀྱི་དཀྱིལ་འཁོར་ནང་དུ་ནི། །སྔགས་པས་ཆོ་ག་བཞིན་དུ་བསྒྲུབ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ས་གཞི་དག་པར་ཡང་དག་བལྟ། །སློབ་མ་རྣམས་ལ་ཕན་འདོད་པས། །འབད་པས་དཀྱིལ་འཁོར་ཀུན་དུ་བྲི། །ཀུན་ནས་ཁྲུ་
ཚད་ལྔ་ཡིན་ཏེ། །ཁྱམས་ཀྱིས་སོ་སོར་རྣམ་པར་བརྒྱན། །རྟ་བབས་རྣམ་པར་བཙུགས་པ་ནི། །ནུབ་ཀྱི་སྒོ་ནི་བསྒོམ་པར་བྱ། །སྒོ་ཡི་ལས་ནི་འཇིགས་མེད་པར། །བྱང་ཕྱོགས་ཀྱི་ནི་རབ་ཏུ་བྱ། །གཞན་དུ་གང་ཞིག་རབ་བྱེད་ན། །རིང་པོར་མི་ཐོགས་ངེས་པར་བརླག །སྔར་
གྱི་བཞིན་དུ་ཆོ་ག་ཡིས། །གྲུ་བཞི་རུ་ནི་ཐིག་གདབ་བྱ། །སྒོ་ཁྱུད་དང་ནི་ཁྱམས་དང་ལྡན། །སྣམ་བུས་ཀྱང་ནི་ཡང་དག་བརྒྱན། །དེ་ནས་སྔགས་པས་དབུས་ཀྱི་ཆར། །རལ་གྲིའི་ཕྱག་རྒྱ་གཟུགས་བཟང་ལྡན། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །རིན་ཆེན་རྡོ་བར་ལེགས་པར་
གནས། །འབར་བའི་ཕྲེང་བ་གཟི་བརྗིད་འཁྲིགས། །ཉི་མ་འཆར་ཀའི་འོད་དང་མཚུངས། །རང་གི་ས་བོན་ས་བོན་གྱིས། །རྫོགས་པའི་སངས་རྒྱས་བསྒོམ་བྱ་བྲི། །འདི་ནི་བྱིན་གྱིས་བརླབས་བའི་སྔགས། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་བི་ཤྭ་མུ་ཁེ་བྷྱཿ། ཧེ་ཧེ་ཧེ། ཨཱ་ཛྙཱ་
པ་རི་མཱརྒ་ཎ་ཨཱ་གཙྪ་བྷ་ག་བན་སཱི་གྷྲཾ་སྭཱ་ཧཱ། དེ་ཡི་བྱང་དུ་བྲི་བ་ནི། །བུམ་པ་རྡོ་རྗེ་མཚན་མ་ཅན། །ཞི་བ་འབར་བའི་ཕྲེང་བས་འཁྲིགས། །འཇིག་རྟེན་གཙོ་བོ་དེ་རང་བཞིན། །ལྷོ་ཡི་ཕྱོགས་སུ་མགོན་པོ་ཡིས། །རྡོ་རྗེ་འབད་པས་བྲི་བར་བྱ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །ཕྱག་
ན་རྡོ་རྗེ་བློ་ལྡན་པས། །དབང་ལྡན་ཕྱོགས་ལ་བརྟེན་ནས་ནི། །མཛེས་པའི་གཟུགས་བརྙན་ཕྱག་རྒྱ་བྲི། །རིན་ཆེན་རྡོ་བར་བཞུགས་ཤིང་འབར། །ཡིད་བཞིན་ནོར་བུ་ཞེས་སུ་བཤད། །ཁྲོ་རྒྱལ་ཕྱག་རྒྱ་རྟུལ་ཕོད་རོལ། །སྟེང་དུ་པདྨ་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་

དེ་རུ་བཞུགས། །མེ་ཡི་ཕྱོགས་ལ་བརྟེན་ནས་ནི། །རབ་ཏུ་འབད་པས་རྡོ་རྗེ་བྲི། །འབར་བའི་ཕྲེང་བ་འཇིགས་སུ་རུང་། །པདྨ་ལ་ནི་རབ་ཏུ་བཞུགས། །བློ་དང་ལྡན་པས་འོག་ཏུ་ནི། །ཁྲོ་བོའི་རྒྱལ་པོ་མངག་གཞུག་བྲི། །རྡོ་རྗེ་རྡོ་བའི་སྟེང་ན་གནས། །རྡོ་རྗེ་འབར་བས་
ཡོངས་སུ་བསྐོར། །རླུང་གི་དཀྱིལ་འཁོར་དབུས་སོན་པར། །རྟག་ཏུ་འབར་བས་འཁྲིགས་པ་ཡི། །ཞགས་པའི་ཕྱག་རྒྱ་དེ་ལ་བྲི། །དེ་ནས་གཉིས་པའི་ཆ་ལ་ནི། །ཕོ་ཉ་མོ་ནི་ཀུན་ནས་བྲི། །བརྟན་པ་ཞེས་བྱའི་ཕོ་ཉ་མོ། །བྱང་ཕྱོགས་སུ་ནི་ཡང་དག་གནས། །
ཆུ་ཡི་དཀྱིལ་འཁོར་ལ་བཞུགས་པར། །མཁའ་གསོད་མ་ནི་དེ་ལ་བྲི། །ལྷོ་ཡི་ཕྱོགས་སུ་རྣམ་འཇིགས་མ། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། །བགེགས་རྣམས་ཀུན་ནས་འཇིགས་པར་བྱེད། །འཇིག་པ་ཡི་ནི་མེ་ལྟར་འབར། །འཁོར་ལོ་རྡོ་བའི་སྟེང་དུ་བྲི། །
དེ་ཡི་གཡོག་འཁོར་དག་གི་དོན། །རབ་ཏུ་འབད་དེ་བྲི་བར་བྱ། །མཁའ་གསོད་མ་ནི་སྣམ་བུ་ལ། །གཏུན་ཤིང་དང་ནི་ཐོ་བ་ཉིད། །རབ་ཏུ་འབད་པས་བྲི་བར་བྱ། །སླར་ཡང་ནུབ་ཕྱོགས་སུ་སོན་པར། །བཅོམ་ལྡན་མ་ནི་འཇིགས་པ་བྲི། །མཛོད་སྤུ་ཞེས་ནི་བཤད་པ་
ཡི། །ཕྱག་རྒྱ་ཤར་གྱི་ཆ་ལ་བྲི། །ལྷ་མོ་པད་དཀར་སྟེང་ན་བཞུགས། །རིན་ཆེན་ཕྲེང་བས་རྣམ་པར་བརྒྱན། །དེ་ལྟར་ཀུན་ནས་ངེས་ལ་ནི། །སྔགས་པས་ཕྱག་རྒྱ་དགེ་བའི་ཚོགས། །རང་གི་ས་བོན་ངེས་སྦྱར་བས། །དཀྱིལ་འཁོར་མཆོག་གི་རྨད་དུ་བྱུང་། །སྔགས་
པས་འདི་ཀུན་ཆོ་ག་བཞིན། །དྲི་དང་མེ་ཏོག་སོགས་དགྱེས་མཆོད། །དེ་ནས་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབ་པའི་སྔགས་གསུངས་པ། །ལག་པ་ཐལ་མོ་སྦྱར་ནས་ནི། །སོར་མོ་གུང་གི་ནང་ཉིད་དུ། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །པདྨའི་མཛོད་ཅེས་མངོན་
པར་བཤད། །སྐྱོབ་པ་ཐམས་ཅད་མངོན་སུམ་དུ། །དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད། །སྔགས་ནི་འདིའོ། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་སུ་ཁེ་བྷྱཿ། ཧཱུྃ་ཧཱུྃ། བཿབཿམྃ་མྃ་སྭཱ་ཧཱ། སྔགས་འདིས་ཕྱག་རྒྱ་དང་ལྡན་པར་སྤྱན་དྲང་བ་དང་། གཤེགས་སུ་

གསོལ་བ་ལ་སོགས་པ་ཆོ་ག་བཞིན་དུ་བྱའོ། །འདི་ནི་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་སྟེ། བསྟན་པ་བསྲུང་བའི་ཕྱིར་དང་། དམ་པའི་ཆོས་གནས་པ་དང་། སེམས་ཅན་རྣམས་བསྲུང་བའི་ཕྱིར་མཆོག་ཏུ་གསང་བའི་མི་གཡོ་མགོན་
པོ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་སོ། །གང་འདིར་བཞུགས་ནས་ཕྱོགས་ན་ཕྱག་རྒྱའི་ཡེ་ཤེས་ལེགས་པར་བསླབས་ན། རྒྱུད་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དཀྱིལ་འཁོར་དུ་མཆོག་ཏུ་ཞུགས་པ་ཡིན་ནོ། །འཇམ་དཔལ་གྱི་དཀྱིལ་འཁོར་འདི་སུ་ལ་ཡང་
བཤད་པར་མི་བྱའོ། །དེ་ཅིའི་སླད་དུ་ཞེ་ན། དཀྱིལ་འཁོར་འདི་ནི་མཆོག་ཏུ་གསུངས་པ་ཡིན་པས་སོ། །སྔགས་པ་གང་ཞིག་གཞན་དུ་བྱེད། །དཀྱིལ་འཁོར་ཆོ་ག་ཉམས་པ་ཡིས། །སློབ་མ་དང་བཅས་གདོན་མི་ཟ། །ཐེ་ཚོམ་མེད་པར་བརླག་པར་འགྱུར། །
དེ་ནས་འཇམ་དཔལ་གྱི་དཀྱིལ་འཁོར་འདིར་ཞུགས་པས་མཚམས་བཅིང་བར་བྱ་སྟེ་གཞན་དུ་མ་ཡིན་ནོ། །སློབ་དཔོན་གྱིས་དཀྱིལ་འཁོར་བྲིས་ཏེ་ཞུགས་ནས། ཚམ་ངམ་གྱི་ལས་རྣམས་ལ་སློབ་མ་སྦྱར་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་འཇམ་དཔལ་
གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཉོན་ཅིག །ཕ་རོལ་གྱི་སྟོབས་དཔག་ཏུ་མེད་པ་གནོན་པའི་རས་རིས་ཀྱི་ཆོ་ག་ནི་རིན་ལྷག་པ་བཅལ་བའི་རས་སྐྲ་ལ་སོགས་པ་དང་བྲལ་བ་བླངས་ཏེ། ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་ལག་པ་
གཡས་པ་བཏེག་པ། ཞབས་གཡས་པ་སྟེང་དུ་བཏེག་པ། ཞབས་གཡོན་པ་ཡང་གྱེན་དུ་བསྒྲེང་བ། ཕྱག་གཡོན་པ་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། ཞལ་རྣམ་པར་མི་སྡུག་པ་ནང་སྟེང་དུ་འབར་བར་གནས་པ་དེ་བཞིན་གཤེགས་པས་སྟེང་ནས་ཕྱག་
གཉིས་ཀྱིས་དབུགས་འབྱིན་པར་མཛད་པ། མེ་ཏོག་རྒྱལ་པོ་ནི་བྱང་དུའོ། །གཡས་སུ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད། འོག་ཏུ་ནི་སྒྲུབ་པ་པོས་སྤོས་ཀྱི་སྣོད་ཀྱིས་ལག་པ་སྒྲེང་བ། ཁྲོ་བོའི་རྒྱལ་པོ་ལ་བལྟ་བ་བྲིའོ། །འཇམ་དཔལ་མི་གཡོ་

མགོན་པོ་འདི་རས་རིས་ཀྱི་ཆོ་ག་སེམས་ཅན་རྣམས་ལ་ཕན་པར་འདོད་པས་བདག་གིས་བཤད་དོ། །འཇམ་དཔལ་མི་གཡོ་མགོན་པོའི་སྒྲུབ་ཐབས་ཀྱི་ཆོ་ག་གང་ཐབས་སླ་བས་དངོས་གྲུབ་ཆེན་པོ་ཐོབ་པ་ཉོན་ཅིག །འདིར་དང་པོར་རེ་ཞིག །སྔགས་ཀྱི་སྒོར་བྱང་
ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས། གངས་རི་ལ་སོགས་པ་ཡིད་དགའ་བའི་གནས་རྣམས་སུ་གཅིག་པུ་སློང་མོ་ཟ་ཞིང་རས་བྲིས་འདིའི་སྤྱན་སྔར་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱའོ། །དེ་ནས་རི་རྩེའི་ཟོམ་ལ་གནས་བཅས་ཏེ། འབུམ་
ཕྲག་གསུམ་བཟླས་པ་བྱའོ། །དེ་ནས་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མཚན་རངས་པར་བཟླས་པ་བྱའོ། །ནང་པར་ཐོ་རངས་སམ་ཉི་མ་ཤར་ནས་མཚན་མ་རྣམས་འབྱུང་སྟེ། ཉི་མ་འགྱུར་ལྡོག་བྱེད་ཅིང་མུན་པར་ཡང་འགྱུར་རོ། །ཕྱོགས་བཞིར་ཧ་ཧ་
ཞེས་སྒྲོགས་པའི་སྒྲ་ཆེན་པོ་ཐོས་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་མེ་ཏོག་གི་ཆུན་འཕྱང་གཡོ་བར་འགྱུར་བ་དང་། ས་གཞི་གཡོ་ཞིང་འབྲུག་གི་སྒྲ་ཆེམ་ཆེམ་སྒྲོགས་པ་དང་། རིག་པ་འཛིན་པ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་སོ། །འདིའི་དྲུང་དུ་ཁྲོ་བོའི་
རྒྱལ་པོ་ཆེན་པོ་རང་ཉིད་ལྷ་ཐམས་ཅད་དང་ཀླུ་ལ་སོགས་པས་བསྐོར་ནས་བྱོན་ནོ། །དེའི་དུས་སུ་དམྱལ་བའི་སྡུག་བསྔལ་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་ཡོན་ཆབ་ཕུལ་ཏེ་ཕྱག་བྱས་ནས་གནས་པར་བྱའོ། །དེ་ནས་ཁྲོ་བོའི་རྒྱལ་པོ་གསུང་བར་འགྱུར་ཏེ་བུ་གཅིག་
མཆོག་སྦྱིན་པར་བྱའོ་ཞེས་པ་དང་། རིག་པ་འཛིན་པ་འམ། རྒྱལ་པོ་འམ། མི་སྣང་བ་འམ། གང་འདོད་པ་དེ་བླང་བར་བྱའོ། །གལ་ཏེ་རིག་འཛིན་དུ་འགྱུར་ན་བརྒྱད་གཉིས་ལོ་ལོན་པའི་ཆ་བྱད་ལག་ན་རལ་གྲི་ཐོགས་པ། ལྷའི་བཞོན་པ་ལ་བཅིབས་
པ། རིག་པ་འཛིན་པ་མང་པོས་བསྐོར་བ། རིག་པ་འཛིན་པ་ཐམས་ཅད་ཀྱིས། བཀུར་སྟི་ཆེན་པོས་ཕྱག་བྱེད་པ་སངས་རྒྱས་ཀྱི་ཞིང་ཁམས་མང་པོས་བསྐོར་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཆོད་པ་བྱེད་པར་འགྱུར་ཏེ། བསྐལ་

པར་འཚོ་བར་འགྱུར་རོ། །ཡང་ན་མིག་སྨན་གྲུབ་པར་འདོད་ན་ལིག་བུ་མིག་དང་། ཨུཏྤ་ལ་སྔོན་པོ་དང་། རུ་རྟ་རྣམས་གཅིག་ཏུ་བྱས་ནས་ཟངས་ཀྱི་སྣོད་དུ་བཅུག་སྟེ། ཟླ་བ་གཟས་ཟིན་པ་ན་ཇི་སྲིད་དུ་དུ་བ་བྱུང་བ་དེ་སྲིད་དུ་བཟླས་པ་བྱའོ། །དེ་
མིག་ལ་བསྐུས་ན་འདོད་པའི་ཁམས་སུ་མི་སྣང་བར་འགྱུར་རོ། །དེ་ནས་རལ་གྲི་སྒྲུབ་པར་འདོད་ན། རལ་གྲི་ཆག་གས་མེད་པ་ཐོགས་ཏེ་མར་ངོའི་བརྒྱད་དམ་བཅུ་བཞི་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། བསྲུང་བའི་རལ་གྲི་ལག་པ་གཡས་སུ་ཐོགས་ལ་ཇི་
སྲིད་དུ་འཕྲོ་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱའོ། །འབར་བ་འམ། འཕྲོ་བ་ན་རང་གཅིག་པུ་རིག་པ་འཛིན་པར་འགྱུར་རོ། །འབར་བས་ནི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །ཐོགས་པ་མེད་པས་ཕ་རོལ་གྱི་སྟོབས་གནོན་པ་གང་གི་དྲུང་དུ་མཐོང་ན་མཐོང་
བ་དེ་དང་བ་ཐོབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་པ་སྒྲུབ་པར་འདོད་ན། ཁྲོ་ཆུའི་ལྕགས་ཀྱི་རྡོ་རྗེ་སོར་བཅུ་དྲུག་པ། ངོས་གཉིས་ཀ་རྩེ་གསུམ་པ་ཙནྡན་དམར་པོས་བྱུགས་ལ། ཆོ་འཕྲུལ་གྱི་ཟླ་བའི་ཚེས་གཅིག་ནས་བརྩམས་ཏེ། རས་རིས་ལ་མཆོད་
པ་རྒྱ་ཆེན་པོ་བྱས་ལ་ཉི་མ་རེ་རེ་བཟླས་པ་བྱའོ། །དེ་ནག་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་བརྒྱ་ཐམ་པ་སྤར་ཏེ། ཀུ་ཤའི་ཆུན་པོ་ལ་ཉེ་བར་འདུག་ལ། རྡོ་རྗེ་ལག་པ་གཉིས་ཀས་གཟུང་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་ནས། དེ་བཟུང་
བས་འཁོར་དང་བཅས་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར་རོ། །དེ་ལྟར་འཁོར་ལོ་དང་མདུང་ལ་སོགས་པའི་མཚོན་ཆ་རྣམས་དང་། གོས་དང་། མཆིལ་ལྷམ་དང་། ཚངས་སྐུད་ལ་སོགས་པ་རྟོག་པ་གཞན་གྱི་ཆོ་ག་ཡང་བསྒྲུབ་པར་བྱའོ། །
སྔ་མ་བཞིན་དུ་དངོས་གྲུབ་གསུམ་འབྱུང་ངོ་། །དེ་ནས་ནོར་སྒྲུབ་པར་འདོད་ན། སེང་ལྡེང་གི་ཡམ་ཤིང་རྣམས་ཞོ་དང་མར་གྱིས་སྦགས་ནས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་ན་ནོར་སྩོལ་བར་འགྱུར་རོ། །རྒྱ་མཚོར་འབབ་པའི་འགྲམ་དུ་སོང་ནས་ཙནྡན་གྱིས་

སྦགས་པའི་པདྨ་རྣམས་སྟོང་ཕྲག་བརྒྱད་ཅུ་ཆུ་བོ་ལ་བསྐུར་ན་པདྨའི་ཕུང་པོ་དང་མཉམ་པའི་ནོར་ཐོབ་པར་འགྱུར་རོ། །ལྷ་དབང་དུ་བྱ་བར་འདོད་ན། ཨ་ག་རུའི་ཡམ་ཤིང་རྣམས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ནས་སྲེག་བླུགས་བྱས་ན་དབང་དུ་འགྱུར་རོ། །
གསུམ་པོ་དེས་བཏགས་པའི་འབྲས་བསྲེགས་ན་སྔགས་མི་ཟད་པར་འགྱུར་རོ། །གནོད་སྦྱིན་དབང་དུ་བྱ་བར་འདོད་ན། མངར་གསུམ་གྱིས་བཏགས་པའི་གུ་གུལ་གྱི་རིལ་བུས་སྲེག་བླུགས་བསྲེགས་པས་དབང་དུ་འགྱུར་རོ། །མྱ་ངན་མེད་ཀྱི་ཡམ་ཤིང་གིས་ནི་
གནོད་སྦྱིན་མོ་དབང་དུ་འགྱུར་རོ། །རྒྱལ་པོ་ལ་ཡུངས་ཀར་གྱི་སྲེག་བླུགས་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་འགྲམ་དུ་སོང་ནས་པདྨ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དཔལ་འདུས་ནས་ནོར་སྩོལ་བ་འམ། ཡུལ་ཕྱོགས་
གཅིག་པའི་རྒྱལ་སྲིད་སྟེར་རོ། །དེ་ནས་འབུམ་ཕྲག་གསུམ་བྱས་ནས་བྱིན་ནས་སྟེངས་ཀུན་གྱི་བདག་པོར་འགྱུར་རོ། །འབུམ་ཕྲག་ལྔ་བྱིན་ན་འཛམ་བུ་གླིང་གི་བདག་པོར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་གའི་སྒོར་རས་རིས་བཞག་ནས་འབུམ་ཕྲག་གསུམ་
བཟླས་ན་སྔགས་ཐམས་ཅད་འབྱུང་སྟེ། དོགས་པ་མེད་པར་ཞུགས་ན་བཅུད་ཀྱིས་ལེན་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ནས་དེ་ཉིད་དུ་གནས་ན་ཁྱབ་འཇུག་གི་འཁོར་ལོས་འཇིགས་པ་བྱ་བ་འབྱུང་ངོ་། །ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཛཱ་
ཏིའི་མེ་ཏོག་སྟོང་ཕྲག་བརྒྱད་དུ་བཅོམ་ལྡན་འདས་ཀྱི་མཐེ་བོར་རེག་པར་བྱའོ། །ཅི་སྲིད་དུ་ཞབས་ཀྱི་མཐེ་བོང་ལས་འོད་ཟེར་བྱུང་གི་བར་དུ་བཏགས་ན་སྒྲུབ་པ་པོའི་ལུས་དེ་མ་ཐག་ཏུ་མི་སྣང་ཞིང་དབུ་སྐྲ་ལྕང་ལོ་འཁྱིལ་པར་འགྱུར་རོ། །འཁོར་དང་བཅས་པ་རིག་པ་འཛིན་
པའི་རྒྱལ་པོ་ཐོབ་པར་འགྱུར་ཏེ་བསྐལ་པར་གནས་སོ། །ས་ལ་པདྨ་འདབ་མ་བརྒྱད་པ་གཅིག་བྲིས་ཏེ་དེའི་སྟེང་དུ་འདུག་ནས་སྟོང་ཕྲག་བརྒྱ་བཟླས་ནས་གཞི་གར་གནས་པདྨར་གནས་ཏེ་འཁོར་སྟོང་དང་ལྡན་པ་བསྐལ་པར་གནས་སོ། །དེ་ནས་གཏེར་བླང་བར་འདོད་

ན་གང་ན་གཏེར་ཡོད་པ་དེ་རུ་བུམ་པ་སྐུད་པ་ནག་པོས་དཀྲིས་ལ་ཙནྡན་གྱིས་བྱུགས་ལ་ཆུས་བཀང་སྟེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་ནས་དེར་གཞག་པར་བྱའོ། །ས་དེ་གས་ནས་ཆུ་ཡིས་ས་ལ་གཏོར་ལ་ཁྲུ་གང་ཙམ་ས་ལ་བརྐོས་ཏེ་བླང་བར་བྱའོ། །
དེ་ནས་སེང་གེ་སྒྲུབ་ན་གྲོག་མཁར་གྱི་ས་ལ་སེང་གེ་བྱས་ལ་གིའུ་ཝང་གིས་བྱུགས་ལ་དཀྱིལ་འཁོར་དུ་གཞག་སྟེ། མཆོད་པ་ཆེན་པོ་བྱས་ལ་ཇི་སྲིད་དུ་གཡོ་བའི་བར་དུ་བཟླས་ན་སེང་གེར་འགྱུར་ཏེ་རྒྱབ་ཏུ་ཞོན་པས་སྐྲ་ལི་བ་འཁྱིལ་བར་འགྱུར་ཞིང་བདག་ཉིད་སྔ་ལྟས་ཐོབ་
ནས་ལོ་ཁྲི་ཕྲག་གཅིག་ཏུ་འཚོའོ། །འཇམ་དཔལ་འཕགས་པ་མི་གཡོ་བའི་རྟོག་པ་གསུངས་པའི་ཆོ་ག་འདི་བསྒྲུབས་ན་དེ་ནི་མྱུར་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཐམས་ཅད་བཅོམ་ལྡན་
འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རང་ནས་སྟན་ལས་ལངས་ནས་སོང་ངོ་། །འཕགས་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་མི་གཡོ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་དཔག་ཏུ་མེད་པ་ཕ་རོལ་གནོན་པས་འདུལ་བར་གསུངས་པ་ཞེས་བྱ་བའི་
རྟོག་པ་རྫོགས་སོ།། །།མེ་ཉག་རྒྱལ་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཨུ་ལ་ཤ་མ་རཀྵི་ཏའི་ཞལ་སྔ་ནས་ལོཙྪ་བ་གླན་དགེ་སློང་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ། དགེ་སློང་ཡོན་ཏན་རྡོ་རྗེས་གསོལ་བ་བཏབ་པའོ།། །།ཕྱིས་སུའང་ཆོས་
ཀྱི་རྒྱལ་པོ་བཀྲ་ཤིས་རབ་བརྟན་དཔལ་བཟང་པོའི་བཀས་བསྐུལ་བ་བཞིན། ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་རྒྱའི་དཔེ་ལ་ལེགས་པར་གཏུགས་ཏེ་གཏན་ལ་ཕབ་པ་དང་། སླར་ཡང་མིའི་དབང་པོ་ཆེན་པོ་བཀྲ་ཤིས་རབ་བརྟན་སོག་པོ་འཕགས་ཀྱི་ཞལ་སྔ་ནས་ཀྱི་སྐུ་
རིང་ལ། དགེ་སློང་ཨཱ་ནནྡ་མངྒ་ལཾ་གྱིས་དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་དུ། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་རྒྱ་དཔེ་ལ་གཏུགས་ནས། མི་འཆོས་སུ་མི་རུང་བ་རྣམས་ལེགས་པར་བཅོས་ཏེ་དག་པར་བགྱིས་པའོ།། །།