Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)

འགྲོ་འོང་མེད་ཅིང་དབྲི་བསྣན་མེད། །གང་དུ་འདུ་འབྲལ་མེད་པའི་དོན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཕན་པར་བཞེད་པ་སངས་རྒྱས་ཐམས་ཅད་ཀྱི་བདུད་བཅོམ་ཞིང་ལེགས་པའི་ཡོན་ཏན་དང་ལྡན་པ་རྡོ་རྗེའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་གིས། །བརྩོན་འགྲུབ་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་འདིས་ནི་ལྡན་པར་གསུངས། །ཞེས་གསུངས་སོ། །དེ་ནས་དེ་བཞིན་
གཤེགས་པ་ཡེ་ཤེས་ལྡན་པ་ཡེ་ཤེས་ལྔ་དག་པའི་དབྱིངས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆོས་ཀྱི་དབྱིངས་དང་ནི། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་བ་གྲུབ་པ་ཉིད་དང་ནི། །ལྔ་པོ་འདི་ནི་ཡེ་
ཤེས་བརྗོད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་པ་དང་བྱོན་པ་རྗེས་སུ་རྟོགས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་
ཀྱི་སེམས་འདི་གསུངས་སོ། །གང་དུ་གཤེགས་ཤིང་གང་དུ་བྱོན། གང་དུ་གནས་པ་རྡོ་རྗེའི་དང་། །ཟག་མེད་དཔལ་ལྡན་དེ་བཞིན་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་གྱི་དྲ་བ་སངས་རྒྱས་ཐམས་ཅད་ཀྱི་དཀར་
པོ་རྣམ་པར་དག་པའི་ས་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སོ་སོའི་སྐྱེ་བོ་ཡི། །ཐ་མལ་མོས་པས་ལམ་འཇུག་པ། །དགེ་བའི་དོན་མཐོང་ཉན་ཐོས་ལམ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །
ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་འཇོམས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་རིགས་ཀྱིས་རྣམ་པར་དག་པ་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་དཀར་བའི་དོན་ལྡན་པས། །བདག་མེད་བཟོད་པ་མཉམ་པ་ཉིད། །

ཆོས་གང་ལྷག་པར་དད་པ་ན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བཻ་ཌཱུརྱའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་བརྒྱད་པའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་
སོ། །གང་དུ་ཆོས་ཀྱི་དོན་རྙེད་པ། །ཐོག་མའི་འབྲས་བུ་མངོན་གྱུར་པ། །དེ་ཉིད་འཕགས་པའི་ཚུལ་བསྟན་པའི། །བླ་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་ལྷའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་མཐོང་བའི་ས་
རྣམ་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་གང་མཐོང་བའི་ཆོས་ཉིད་ལ། །སྒྲིབ་པ་མེད་པར་རང་གསལ་བ། །དོན་དང་མཐུན་པར་སྤྱོད་པ་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་
གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་དྲ་བའི་འོད་སངས་རྒྱས་ཐམས་ཅད་ཀྱི་བསྲབས་པའི་ས་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དུག་ཉིད་དག་པར་བྱས་བ་ཡི། །དུག་མེད་
གནས་ནི་ཕྲ་གནས་པ། །བྲལ་བ་བག་ཉལ་བ་ཞི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགའ་བའི་འོད་སངས་རྒྱས་ཐམས་ཅད་ཀྱིས་འདོད་ཆགས་དང་བྲལ་བའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆགས་མེད་ཡེ་ཤེས་མཆོག །རགས་པ་དག་པར་སྤངས་པའི་དོན། །དམན་པ་ལས་ནི་ཕྱིར་འོང་བས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཀུན་མཆོག་
འོད་སངས་རྒྱས་ཐམས་ཅད་ཀྱི་བྱས་པ་རྟོགས་པའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱ་བ་བྱས་པ་བསྟན་པའི་དོན། །བྱེད་པ་བྱས་པ་ཁུར་བོར་ཏེ། །རྟག་ཆད་ལས་གྲོལ་བྱང་ཆུབ་ལམ། །དེ་ཉིད་ཚུལ་འདི་

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་སངས་རྒྱས་ཐམས་ཅད་ཀྱི་བསྲུང་བའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཉམས་པ་མེད་པའི་ཚུལ་
ཁྲིམས་ལས། །རྣམས་པར་རྟོག་པར་མི་ཕྱེད་པ། །དྲི་མེད་དགྲ་བཅོམ་དོན་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐྱེས་བུ་ཟླ་བ་ཅན་སངས་རྒྱས་ཐམས་ཅད་ཀྱི་འཕགས་པ་ཉན་ཐོས་ཀྱིས་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདག་མེད་དོན་ལྡན་དངོས་མེད་པ། །སྤྱི་དང་བྱེ་བྲག་མཚུངས་མེད་པས། །འབྲས་བུ་གྲོལ་བ་ཐོབ་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་
གཅན་སངས་རྒྱས་ཐམས་ཅད་ཀྱི་རང་སངས་རྒྱས་པའི་གནས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྤྱོད་པ་རྨད་བྱུང་རྒྱལ་བའི་སྐུས། །འདུལ་མེད་ཞིང་དུ་རྫུ་འཕྲུལ་བས། །རྟོགས་པ་དེ་ལས་སྤྱོད་པར་བཅས། །
རང་རྒྱལ་གཉིས་པོའི་ཚུལ་དུ་བརྗོད། །ཅེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདུད་རྩིའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལྟ་བ་མཁྱེན་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐོགས་མེད་
ཁྱབ་པར་སྤྱོད་པས་ན། །མ་འདྲེས་དུས་གསུམ་མཉམ་པ་ཉིད། །མཁྱེན་པའི་ཕྱོགས་བྲལ་དག་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཇི་སྙེད་པ་མཁྱེན་པ་དག་པ་རྡོ་རྗེའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཉག་གཅིག་སྤྱོད་ཡུལ་དུ། །མངོན་དུ་མ་གྱུར་མེད་པས་ན། །ཐམས་ཅད་ཡོངས་སུ་རྫོགས་པའི་དཔལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

སྐར་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམས་པ་ཐམས་ཅད་མཁྱེན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་རྟོག་པས་མ་བརྟགས་པ། །དྲན་པས་ཡིད་ལ་བྱེད་པ་བྲལ། །རབ་ཏུ་མི་གནས་པ་ཡི་ཡོད། །དམིགས་
པ་མེད་པའི་བདག་ཉིད་ཅན། །གང་དུ་དམིགས་མེད་སྐྱེ་བ་མེད། །རྟེན་འབྲེལ་དག་པ་རང་བྱུང་བ། །ལྷུན་གྲུབ་ངང་ལས་མ་གཡོས་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །རིགས་ཀྱི་དེ་བཞིན་གཤེགས་པའི་
ཚོགས། །སྣ་ཚོགས་མཆོད་ཅིང་བསྟོད་བྱས་ན། །ཡེ་ཤེས་མཆོག་གི་གཉེན་གྱིས་གསུངས། །དེ་བཞིན་གཤེགས་པ་རིགས་བརྒྱ་ཡིས། །རེ་རེས་བརྒྱ་ཕྲག་བཅུ་ཡི་བར། །དེ་ལྟར་སྟོང་ཕྲག་བརྒྱ་དག་གིས། །འབུམ་དུ་བཟླས་པ་ཡིན་པར་བརྗོད། །བདག་ཉིད་
མི་བསྐྱོད་པར་བྱས་ཏེ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་པ། །སངས་རྒྱས་ལྔ་དང་ཡུམ་བཞི་དང་། །སེམས་དཔའ་དྲུག་དང་ལྷ་མོ་ལྔ། །ཁྲོ་བོའི་རྒྱལ་པོ་ལྡས་བསྡུས་ཏེ། ཉི་ཤུ་པ་ཡི་བདག་ཉིད་ཀྱིས། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་འབར་
བ་རབ་བསྒོམས་ཏེ། །དེ་ལས་སྤྲོ་དང་བསྡུ་བྱས་པའི། །བཟླས་པ་སྟོང་ཕྲག་ཉི་ཤུ་བས། །ཞེ་སྡང་རྡོ་རྗེའི་བསམ་གཏན་བསྡུས། །དེ་ལྟར་འཁོར་ལོ་ནོར་བུ་དང་། །པདྨ་རལ་གྲིའི་བར་དུ་ཡང་། །རེ་རེའི་སྔགས་ཀྱི་དོན་བསྒོམ་པ། །གསལ་བའི་དཀྱིལ་འཁོར་དབུས་གནས་
ཏེ། །སྤྲོ་བ་དང་ནི་བསྡུ་བ་ཡིས། །གཏི་མུག་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་དག་པའི་དཀྱིལ་འཁོར་ལས། །རིགས་ནི་བཞི་པོ་ཀུན་ལ་ཡང་། །སྟོང་ཕྲག་ཉི་ཤུ་ཕྲག་བཞི་ཡིས། །ཁྲི་ཕྲག་བཅུར་ནི་བཟླས་བྱས་པས། །བསྙེན་པ་ཉེ་བར་བསྒྲུབ་པ་ཡི། །བཟླས་
བ་གསང་སྔགས་ཚུལ་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པའི་རྒྱུད་ལས་གསང་ཆེན་ཐུན་མོང་མ་ཡིན་པའི་རབ་ཏུ་བྱེད་པ་བསྟན་པའི་ལེའུ་སྟེ་

ལྔ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་བཞི་བའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བའི་བྱང་ཆུབ་
འོད་པོ་ཆེ། །རྟག་ཏུ་ཆོས་རྒྱལ་ཐོབ་པའི་དོན། །རང་རིག་མི་གནས་ནམ་མཁའ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་པའི་ཞིང་ཡོངས་སུ་སྦྱོང་བ་རྡོ་རྗེའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མངོན་པར་སངས་རྒྱས་ཀྱང་། །རྒྱུ་མེད་རྐྱེན་གྲོལ་བྱང་ཆུབ་སེམས། །འདི་ཉིད་འགག་པར་འགྱུར་མེད་དེ། །བྱང་ཆུབ་ཚུལ་འདི་བསྟན་བའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་
པ་རིའི་དབང་པོའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྒྱུན་མི་འཆད་པར་ཡེ་ཤེས་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་མངོན་པར་མི་གནས་པས། །ནམ་མཁའ་མཉམ་པའི་ཆོས་ཀྱི་དབྱིངས། །རྗེས་འགྲོ་མཚུངས་
པ་ཐ་མ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་སངས་རྒྱས་ཐམས་ཅད་མི་གཡོ་བ་རྡོ་རྗེར་འཆར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་དག་པ་ཐར་པའི་
ཚུལ། །རྒྱུད་འདི་བསྟན་པ་མེད་པའི་ངང་། །ཀུན་དུ་གསང་བ་མི་འཁྲུགས་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཐེར་ཟུག་དང་བྲལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ངོ་བོ་ཉིད་ནི་གནས་མེད་པ། །སྒྱུ་མར་སྣང་བ་ཀུན་རྫོབ་ཏུ། །སྲིད་ཞི་མཉམ་པ་ཉིད་བསྟན་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་དབང་པོ་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱིས་

ཞི་བར་མི་གནས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤེས་རབ་ཀྱི་ནི་རང་བཞིན་ཤེས། །ཡེ་ཤེས་ཀྱི་ནི་ཤེས་བྱ་མཁྱེན། །གཉིས་མེད་ཤེས་རབ་ཡེ་ཤེས་དག །འདྲེས་པས་རྟོགས་པར་བྱ་བ་ཉིད། །ཅེས་གསུངས་སོ། །
དེ་ནས་དེ་བཞིན་གཤེགས་པ་དབྱངས་སྙན་པ་སངས་རྒྱས་ཐམས་ཅད་ཀྱི་བདག་མེད་པའི་གནས་རྗེས་སུ་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་སེམས་སྟོང་ཉིད་དག་པ་ནི། །མཐར་ཐུག་དོན་དམ་མ་ཡིན་
ཏེ། །ཆོས་སྐུ་རང་བཞིན་འོད་གསལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ངོས་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་ལྡོག་ངེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །ཆོས་སྐུ་དོན་དམ་ལ་མི་གནས། །ཅི་ཡང་མ་ཡིན་དོན་དམ་ལ། །བྱེད་པ་སྤོངས་པས་འབྲས་བུའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་ལ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་དེ་
བཞིན་ཉིད་དུ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་སྐད་ཅིག་འགག་མེད་པའི། །སྔ་མ་ཕྱི་མ་ལ་ལྟོས་ཕྱིར། །རྒྱུན་ཆད་མི་འགྱུར་ལྟོས་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་
དེ་བཞིན་གཤེགས་པ་ཡོན་ཏན་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་ཐིམ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདས་པའི་སེམས་ནི་རང་གྲོལ་བ། །མ་འོངས་པ་ནི་མ་ཐོབ་ཅིང་། །ད་ལྟར་གནས་མེད་མཚན་ཉིད་ཅན། །བྱང་ཆུབ་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཁྱེན་ལྡན་ཟླ་མེད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་གྲོལ་བའི་དཔལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཇི་ལྟར་ནམ་མཁའ་རྣམ་དག་བཞིན། ཐེག་པ་འདི་ནི་

མཁའ་འདྲ་སྟེ། །སྤོང་བ་མེད་པའི་ཉེར་ཞི་བ། །བྱང་ཆུབ་ཚུལ་འདི་བསྟན་པོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ང་རོ་དཔག་མེད་སངས་རྒྱས་ཐམས་ཅད་ཀྱི་ཀུན་རྫོབ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་
གསུངས་སོ། །གྲུབ་པ་མེད་པའི་སྣང་བ་ཙམ། །རྟེན་འབྲེལ་ཙམ་དུའང་གང་སྐྱེས་པ། །ཆོས་རྣམས་དབང་པོའི་གཞུ་མཚུངས་པར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་ཐུགས་བཞུགས་པ་སངས་རྒྱས་ཐམས་ཅད་ཀྱི་བཀོད་
བའི་རྣམ་པར་ཐར་པ་ལ་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་བླ་མེད་བྱང་ཆུབ་པའི། །འདི་ཡོད་པས་ནི་འདི་འབྱུང་ལ། །འདི་མེད་པས་ན་འདི་མི་འབྱུང་། །བསྟན་པ་དེ་ཉིད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །
དེ་ནས་དེ་བཞིན་གཤེགས་པ་དོན་དགོངས་གཏི་མུག་བྲལ་བ་སངས་རྒྱས་ཐམས་ཅད་ཀྱི་མཚུངས་པ་མེད་པའི་ཐེག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་མེད་རྒྱུ་ནོར་མ་ཚང་དང་། །ལོག་པའི་དོན་དང་ངན་པ་སྤངས། །ཚོགས་པ་གཅིག་
བར་མ་གྲུབ་ལ། །འབྱུང་བ་མེད་ཕྱིར་རྟེན་འབྲེལ་བསྟན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབྱངས་ཀྱི་ཡན་ལག་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རོལ་པའི་ཡེ་ཤེས་རྡོ་རྗེའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་ལས་
སྐྱེས་ཤིང་རྐྱེན་གྱིས་བསྐྱེད། །གཞི་ལ་གནས་ཤིང་འབྲས་བུར་གྲུབ། །སྲིད་ཞི་མཚུངས་ཕྱིར་བསྟན་པ་ཡིན། །བྱང་ཆུབ་དེ་ཉིད་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཁྱད་པར་དུ་འཕགས་པ་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་འབྱུང་བ་
རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྟག་ན་དབེན་ཞིང་དོན་བྱེད་ནུས། །མཐུན་པར་སྣང་ལ་རྐྱེན་ལས་བསྐྱེད། །ཀུན་རྫོབ་ཆོས་ཀུན་མཚན་ཉིད་དེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་

པ་མཆོག་ཏུ་མཛེས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ལས་བྲལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡུལ་དང་དབང་པོ་བདག་པོའི་རྐྱེན། །དེ་མ་ཐག་པའི་མཚུངས་མེད་པ། །རང་བཞིན་བྱུང་བའི་སྐད་ཅིག་ལ། །
བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞི་བའི་དོན་སངས་རྒྱས་ཐམས་ཅད་ཀྱི་རང་གི་ངོ་བོ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ངོ་བོ་འབྲལ་མེད་ཆོས་ཀྱི་སྐུ། །མི་འཆད་འབྱུང་བ་
ལོངས་སྤྱོད་རྫོགས། །རང་གི་མཚན་ཉིད་བདེ་བ་ཆེ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞི་བའི་དོན་སངས་རྒྱས་ཐམས་ཅད་ཀྱི་གྲུབ་པ་རྡོ་རྗེའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
མིང་དང་ངེས་ཚིག་ངོ་བོ་གང་། །མཚན་ཉིད་དབྱེ་བའི་དོན་གྱིས་ན། །རྒྱུ་འབྲས་ཆོས་ལས་རྒྱལ་བ་འབྱུང་། །ཚད་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐྱོན་མེད་སངས་རྒྱས་ཐམས་ཅད་ཀྱི་སྤངས་པ་མེད་ཅིང་ཐོབ་པ་མེད་པ་རྡོ་རྗེའི་ཏིང་
ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། གང་དུ་བསྐལ་པ་བྱེ་བར་ཡང་། །སྤོང་བར་ཞུགས་ཤིང་སྦྱང་པ་ལས། །བྱང་ཆུབ་རིང་སོང་འགྱུར་བ་མེད། །མཉམ་པ་ཉིད་ཀྱི་རང་གྲོལ་འགྱུར། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་བ་བློ་དབྱངས་
དགེ་བ་སངས་རྒྱས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་དོན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐྱེ་བ་མེད་པས་ཆོས་ཀྱི་སྐུ། །འགག་པ་མེད་པས་ལོངས་སྤྱོད་རྫོགས། །གནས་པ་མེད་པས་སྤྲུལ་པའི་སྐུ། །དབྱེར་མེད་ཚུལ་འདི་བསྟན་
བའོ། །ཞེས་གསུངས་སོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན། །ཡེ་ཤེས་བླ་ན་མེད་པའི་ཆོས། །བསྟན་པ་ངེས་པར་ལེགས་པའི་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་སངས་རྒྱས་

ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་རབ་ཏུ་མི་གནས་པའི་དོན་བསྟན་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་པདྨའི་མཛོད་སངས་རྒྱས་ཐམས་ཅད་ཀྱི་དུས་ཀྱིས་གྲོལ་བ་
རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དུས་གསུམ་དུས་མེད་སྟོན་པ་པོ། །ཚད་མེད་ཡེ་ཤེས་སྟོབས་ཆེན་པོ། །སྲིད་ཞིར་མི་གནས་བདེ་བར་གཤེགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་
ནས་དེ་བཞིན་གཤེགས་པ་འོད་ཟེར་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་དུས་མི་དམིགས་པར་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསྐལ་པ་གྲངས་དང་གྲངས་མེད་ལས། །འདས་པ་ཡེ་ཤེས་སྐད་ཅིག་
མ། །བསམ་གྱིས་མི་ཁྱབ་དོན་འཆར་འགྱུར། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤོབས་པའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་
ཀྱི་སེམས་འདི་གསུངས་སོ། །གསང་བའི་ཆོས་ཀྱི་ཚིག་གཅིགས་གིས། །གྲོལ་བ་ཡེ་ཤེས་ཐོབ་པ་ནི། །ང་ཡི་ཆོས་རྣམས་དེས་མཐོང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ལམ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་
གཉིས་ཀའི་ཆ་ལས་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཉོན་མོངས་ཤེས་བྱའི་ཕྱོགས་དག་དང་། །ལས་ལས་གྲོལ་བ་འཕགས་པའི་ཆོས། །དེ་ཉིད་ངེས་པ་བླ་ན་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །
ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚོགས་བཟང་པོ་གྲོལ་བ་སངས་རྒྱས་ཐམས་ཅད་ཀྱི་གནས་དེ་བཞིན་སྣང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གསུམ་ལ་ངེས་པར་

སྐྱབས་སོང་ན། །དག་པ་ཡེ་ཤེས་སྤྱོད་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྙེངས་དང་བྲལ་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་
ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ལ་ནི་སྐྱབས་སོང་བ། །མ་འོངས་པ་ན་སངས་རྒྱས་ཀྱི། །ལྟ་བས་མི་ངོམས་སྐུ་མཐོང་ཞིང་། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་བརྗེད་པ་མེད་པ་སངས་
རྒྱས་ཐམས་ཅད་ཀྱི་ཆོས་རྗེས་སུ་དྲན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །མ་འོངས་པ་ན་རྒྱལ་བ་ལ། །དམ་པའི་ཆོས་སྒྲ་ཐོས་ནས་ནི། །བྱང་ཆུབ་ཚུལ་འདི་ཐོབ་བྱེད་པའོ། །ཞེས་གསུངས་
སོ། །དེ་ནས་དེ་བཞིན་གཤེགས་པ་སྤོབས་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི་འཕགས་པའི་ཚོགས་རྗེས་སུ་དྲན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཕགས་པའི་དགེ་འདུན་སྐྱབས་སོང་གང་། །མ་འོངས་པ་ན་ཉན་ཐོས་
དང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །ལྷན་ཅིག་སྤྱོད་པ་སྟོན་པར་འགྱུར། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློའི་མཆོག་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཅིག་ཏུ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་
སེམས་འདི་གསུངས་སོ། །རྒྱལ་བའི་རིན་ཆེན་རྣམ་གསུམ་པོ། །དབང་ཕྱུག་ཚོགས་པས་མཐར་ཐུག་དུས། །གཅིག་པུ་ཉིད་དུ་ཐུགས་ལ་བཞུགས། །དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ཟླ་བ་སངས་རྒྱས་ཐམས་
ཅད་ཀྱི་ཆོས་ཀྱི་རྗེས་སུ་མཐུན་པའི་ཕྱོགས་ལ་ཞུགས་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐུ་གསུམ་རང་ལས་ལྷན་ཅིག་སྐྱེས། །དེ་ཉིད་ལྷུན་གྱིས་གྲུབ་པའི་གནས། །ཡེ་ཤེས་སྤྱོད་པ་གནས་འདི་ཉིད། །སྟོན་པའི་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་མཐུན་པའི་སྤྱོད་པའི་ཆོས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
འཕགས་པའི་བདེན་པ་བཞི་པོ་དང་། །བཅུ་གཉིས་དག་པ་བདག་མེད་པ། །འབྱུང་གནས་སྒྲ་ཚུལ་སྐྱོབ་པའི་ཆོས། །དེ་ཉིད་ཕུན་སུམ་ཚོགས་པར་གསུངས། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྙེངས་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་
མཐུན་པའི་ཆོས་ལ་སྤྱོད་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས། །བླ་མེད་སེམས་དཔའ་ཆེན་པོ་ནི། །དོན་དམ་བསྟན་པའི་མཆོག་བརྙེས་པས། །བྱང་ཆུབ་ཚུལ་འདི་བསྟན་
པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟིགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་མཐུན་པར་ཞུགས་པ་རྡོ་རྗེ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་
ཆུབ་སེམས་དཔའ་རིག་པ་རྣམས། །རང་ལས་འབྱུང་བར་འགྱུར་བའི་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་དྲང་པོར་ཞུགས་པའི་སྤྱོད་པའི་ཡན་ལག་རྣམ་པར་དག་པ་རྡོ་རྗེའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསམ་གཏན་ཡན་ལག་ལྔས་གནས་ཤིང་། །རྣམ་པར་འགོག་པས་མི་གཡོ་བ། །བདེ་ཆེན་མཉམ་ཉིད་གནས་པའི་ཚུལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་
གཤེགས་པ་དབྱངས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་རིགས་པས་ཞུགས་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དམ་པའི་ཡུལ་ལ་འཇུག་པ་ན། །མགོན་པོ་བདག་ཉིད་ཆེན་པོའི་དང་། །ཚངས་པའི་གནས་ཀྱི་དམིགས་

ལས་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་ཆེན་པོའི་གཞོན་པ་སངས་རྒྱས་ཐམས་ཅད་ཀྱི་ལེགས་པར་ཞུགས་པ་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚུལ་ཆེན་
ཐབས་ལྡན་དྲི་མ་མེད། །ཡན་ལག་འབྱུང་པ་ཆོས་དག་པ། །སོ་སོར་མ་ཡིན་མཁའ་དབྱིངས་ཀློང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་མཚུངས་མེད་སངས་རྒྱས་ཐམས་ཅད་ཡང་དག་པའི་ལམ་ལ་ཞུགས་པ་རྣམ་པར་དག་པ་
རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མངོན་པར་མཁྱེན་པ་ལ། །རློམ་སེམས་མེད་པའི་བདག་ཉིད་དུ། །གཅིག་པ་བཀག་པའི་རྒྱུན་ལས་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་
རྒྱལ་པོ་རྡོ་རྗེ་མཁྲེགས་པ་སངས་རྒྱས་ཐམས་ཅད་ཀྱི་ལམ་ཡན་ལག་བརྒྱད་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡན་ལག་འདི་དག་ལྡན་པས་ན། །ངེས་པར་འཇུག་པ་མི་ལྡོག་པ། །སེམས་དཔའ་ཆེན་པོ་དགེ་བའི་མཐུན། །
གསང་བ་དེ་ཉིད་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་པ་རྡོ་རྗེའི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བདག་
མེད་མཉམ་པའི་དངོས། ཚད་མེད་ཆུ་བོའི་རླབས་ལས་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྗོན་ཤིང་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐྱོབ་པ་མཚུངས་པ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །སཱ་ལ་ཆེན་པོའི་ཤིང་ལྟར་ན། །འདབ་རྒྱས་རྒྱལ་བ་རྒྱུན་མི་འཆད། །རེ་རེའི་དོན་དུའང་དུ་མར་བཞུགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །རྒྱུན་དུ་ཆོས་སྤྱོད་སྐལ་བ་ཅན། །ཡེ་ཤེས་དམ་པའི་གནས་

ཐོབ་པས། །ཡན་ལག་བཅུ་པ་བསྟན་པ་ཡིན། །ཕྱག་འཚལ་བསྐོར་བ་ཡི་གེར་འདྲི། །སྦྱིན་དང་མཆོད་པ་ཁ་ཏོན་དང་། ཉན་དང་འཆད་པ་དེ་བསམ་ཞིང་། །ཏིང་འཛིན་ལྡན་པས་སྤྱད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་
ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པའི་རྒྱུད་ལས་སྡེ་སྣོད་ཀྱི་ཚུལ་ཡོངས་སུ་དག་པར་སྤྱོད་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདངས་སྙན་པ་སངས་རྒྱས་
ཐམས་ཅད་ཀྱི་འཁྲུལ་པ་མེད་ཅིང་འདྲེས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་ཐུན་མོང་ཡུལ་མིན་ཞིང་། །ཁྱད་པར་གྱུར་པ་ཐུབ་པ་ཡི། །ཕྲིན་ལས་དག་པ་ཚད་མེད་པའི། །བྱང་ཆུབ་སེམས་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་
དེ་བཞིན་གཤེགས་པ་བསོད་ནམས་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཅ་ཅོ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རགས་པ་དང་ནི་ཕྲ་བ་ཡི། །ཀུན་ནས་ལྡང་བ་དག་པ་ཡིས། །དཀྲུགས་པས་འཁྲུག་པ་མི་མངའ་བ། །བྱང་ཆུབ་
ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་བསྙེལ་བ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཅན་དོན་ལ་དུས་ཀུན་དུ། །བསྐྱེད་དང་དབྲི་བ་མེད་པར་
ནི། །རྒྱུན་ཆད་མེད་པས་འཇུག་པ་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཕགས་པ་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པར་མ་བཞག་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །མཉམ་པར་མ་བཞག་སྤྱོད་པ་ནའང་། །རྟག་ཏུ་དྲི་མེད་གནས་པས་ན། །བཏང་སྙོམས་ཙམ་དུའང་མི་གནས་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཐ་དད་དུ་གཟིགས་པ་

མི་མངའ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་སྤངས་མི་གནས་མཉམ་ཉིད་དེ། །བླང་དོར་མེད་པའི་ཡེ་ཤེས་ཅན། །སངས་རྒྱས་ཆོས་ཉིད་དག་པས་ན། །བྱང་ཆུབ་ཚུལ་འདི་དག་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་
གཤེགས་པ་དྲང་སྲོང་སྐར་མ་ལ་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡོངས་སུ་སྦྱང་དང་བརྟག་པ་དང་། །གསལ་དང་དབྱེ་བ་འབྱུང་བ་ལས། །ཁྱད་པར་བཏང་
སྙོམས་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤྲིན་གྱི་སྒྲོན་མེ་སངས་རྒྱས་ཐམས་ཅད་ཀྱི་འདུན་པ་ཉམས་པ་མེད་པ་སངས་རྒྱས་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དུས་རྣམས་ཕྱོགས་
བཅུར་རྒྱལ་བ་ཡིས། །སྤྲོ་བ་བྱང་ཆུབ་སྙིང་པོའི་དོན། །སངས་རྒྱས་གདུང་ལས་གཞན་མི་རྟོག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤྱན་མཛེས་མངའ་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཉམས་པ་མེད་པ་རྡོ་རྗེའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཅན་གཅིག་གི་དོན་དུ་ཡང་། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །རྡུལ་ཕྲན་གྲངས་འདས་རྩོམ་པ་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་བཟང་
ལྡན་སངས་རྒྱས་ཐམས་ཅད་ཀྱི་དྲན་པ་ཉམས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔྱད་པ་མི་དམིགས་མ་འདྲེས་པར། །ཡོངས་སུ་དག་པའི་མཁྱེན་པ་ཅན། །སྔ་མ་ལ་སོགས་རྟག་མེད་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་
པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འབྱོར་པར་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཉམས་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཏིང་འཛིན་དུ་མ་གཅིག་སྡུད་

ཅིང་། །གཅིག་ལས་དུ་མར་སྤྲོ་བ་ཡང་། །དེ་དག་སྙོམས་པར་འཇུག་པ་ཡི། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་བཟང་པོའི་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉམས་པ་མེད་པ་རྡོ་རྗེའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཁྱེན་པ་རིག་པ་དུ་མ་ལས། །འགོག་པ་མེད་པར་བཟོ་ཡི་གནས། །བླ་མེད་མི་བཟད་ཚུལ་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་
པ་དཔལ་གསང་བ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་སྟོང་ཉིད་མེ་ཆེན་གྱིས། །འཁོར་བའི་དྲི་མ་མ་ལུས་པ། །ཆོས་དབྱིངས་ངང་དུ་སྲེག་མཛད་པའི། །བྱང་ཆུབ་ཚུལ་
འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
དུས་རྣམས་ཀུན་དུ་ཐོགས་མེད་པར། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས། །འབྱུང་ཞིང་འཇུག་དང་གནས་པར་མཛད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རོལ་པ་སངས་རྒྱས་ཐམས་ཅད་ཀྱི་ངག་གི་ལས་ཐམས་ཅད་ཡེ་
ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཞིང་ཁམས་མ་ལུས་ཐམས་ཅད་དུ། །ཁྱབ་བྱེད་སྙིང་པོ་རྡོ་རྗེ་ལ། །འཇུག་གནས་ལྡང་བ་དབྱངས་བརྗོད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །
ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ནམ་མཁའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཁའ་དབྱིངས་ཆོས་ཉིད་རྣམ་

དག་དང་། །རྣམ་རྟོག་འགྲོ་འོང་མི་གནས་པས། །རང་བཞིན་དག་པའི་མཚན་ཉིད་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཆོད་སྦྱིན་པར་སངས་རྒྱས་ཐམས་ཅད་ཀྱི་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་
བས་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བརྟན་གཡོ་བཅས་པ་ཡི། །དངོས་པོ་དེ་བཞིན་གཤེགས་པ་ཡི། །ཕུན་སུམ་ཚོགས་པ་ཐོགས་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །
དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྣམ་པར་བཀོད་པའི་ང་རོ་སངས་རྒྱས་ཐམས་ཅད་ཀྱི་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་ལྡན་པའི་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིསེམས་འདི་གསུངས་སོ། །འཇིག་རྟེན་ཁམས་ཀྱི་
རྡུལ་ཕྲན་དང་། །སེམས་ཅན་སྤྱོད་པ་སྣ་ཚོགས་དང་། །དཔལ་ལྡན་བདེ་གཤེགས་མཛད་པ་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཡོན་ཏན་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ད་ལྟར་བའི་དུས་ལ་མ་ཆགས་
མ་ཐོགས་པའི་ཡེ་ཤེས་དང་ལྡན་པས་འཇུག་པ་རྡོ་རྗེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟོག་མེད་མེ་ལོང་གཟུགས་ལྟ་བུ། །གསལ་བ་འཛིན་པ་བྲལ་བ་ཡི། །རིམ་དང་ཅིག་ཅར་འབད་མེད་པར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །
ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲང་སྲོང་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་མ་འདྲེས་པའི་ཆོས་བཅྭ་བརྒྱད་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་དག་མ་ལུས་
སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གསང་བ་འཛིན་པ་སྙིང་པོར་གྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་འཁྲུགས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐ་སྙད་རྣམས་ལས་འདས་པ་ཡི། །བདེན་པར་མ་གྲུབ་སྒྱུ་མའི་ཆོས། །དག་པའི་ངོ་བོ་ཉིད་འབྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་པ་ཡིན། །ཞེས་གསུངས་སོ། །གང་དུ་མདོ་དོན་སྤྱོད་པ་ཡི། །བྱང་ཆུབ་མཆོག་
ཏུ་སེམས་བསྐྱེད་པ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །བར་དུ་བསོད་ནམས་ཡེ་ཤེས་ཀྱི། །གྲངས་མེད་དུ་མའི་ལམ་འགྲོད་དེ། །གང་དུ་ས་བཅུར་གནས་པ་ཡིས། །སྤྲུལ་པ་དུ་མ་སྟོན་པར་བྱེད། །ལྷ་དང་མི་ཡི་འཇིག་རྟེན་དུ། །ཇི་ལྟར་མངོན་པར་
སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །སྤྲུལ་པ་སྒྱུ་མའི་ཆོ་འཕྲུལ་གྱིས། །སྣ་ཚོགས་གཟུགས་སུ་སྟོན་པར་བྱེད། །དངོས་དང་སྤྲུལ་དང་བྱིན་བརླབས་དང་། །ཆོ་འཕྲུལ་ངོ་མཚར་བསྐྱེད་པ་དག །གདུལ་བྱའི་དོན་དང་བྱེ་བྲག་པ། །སྤྱི་དང་དངོས་
དང་དངོས་མེད་དང་། །བརྟན་དང་གཡོ་བའི་དངོས་གང་དང་། །སྲོག་དང་སྲོག་མ་ཡིན་པར་འགྲོ། །གཟུགས་དང་སྒྲ་དང་ཡི་གེ་དང་། །རྩྭ་ལྕུག་འཁྲིལ་ཤིང་ལ་སོགས་པ། །དུ་མའི་རྣམ་པར་སྟོན་བྱེད་འགྱུར། །ཡེ་ཤེས་འོག་མིན་སྟུག་པོར་ནི། །འདོད་ཆགས་ཆེན་
པོའི་ཏིང་འཛིན་གྱིས། །རྣམ་པར་སྣང་མཛད་བྱང་ཆུབ་མཆོག །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ། །དང་པོའི་འོག་མིན་ཆོས་ཀྱི་དབྱིངས། །རང་བྱུང་ནམ་མཁའ་དག་པའི་ཞིང་། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ལོ། །དེ་ཉིད་མངོན་པར་བྱང་ཆུབ་པ། །འོག་མིན་གཉིས་
པ་ཡེ་ཤེས་ཡུལ། །རྣམ་པར་སྣང་འཛད་གང་ཆེན་མཚོ། །དེ་བཞིན་གཤེགས་པའི་ཡུལ་གྱུར་ཏོ། །གཉིས་པ་འོད་གསལ་ལྷུན་གྱིས་གྲུབ། །འོག་མིན་ཟག་པ་མེད་པའི་ཡུལ། །བདེ་ཆེན་རྒྱལ་པ་གཙུག་ཏོར་གནས། །བྱང་ཆུབ་མཆོག་དང་རབ་བཅིངས་པས། །བྱང་ཆུབ་སེམས་
དཔའ་སྤྱོད་ཡུལ་ཅན། །སེམས་དཔའ་ཆེན་པོ་གསུམ་པའོ། །ཡང་དག་ལམ་ནི་ལྔ་ལྡན་པ། །གསང་བ་འཛིན་པ་གོམས་པའི་ལམ། །རྣལ་འབྱོར་དབང་ཕྱུག་ཕྱག་རྒྱ་ཆེ། །དབང་གི་རྒྱལ་པོ་ཡོན་ཏན་གཏེར། །སྐད་ཅིག་གཅིག་ལ་གོམས་བྱེད་ཅིང་། །ཤིན་ཏུ་སྒྲིམ་ཞིང་བརྩོན་ལྡན་གྱིས། །

རང་བྱུང་ཐམས་ཅད་མཁྱེན་པ་ཡི། །ནོར་བུ་རིན་ཆེན་ལྟ་བུར་ནི། །འགྲོ་བའི་དགོས་འདོད་སྐོང་བྱེད་པས། །ཐམས་ཅད་རྡོ་རྗེ་གསུམ་དུ་ནི། །ལྷག་པའི་མཆོག་གི་དབང་བསྐུར་ཏེ། །དུས་གསུམ་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རིག་མར་བཅས། །ལྷ་མོའི་ཚོགས་
དང་བཅས་པ་ཡིས། །ཁྲོ་བོའི་རྒྱལ་པོ་དུ་མ་ཡིས། །དབང་བསྐུར་གྱུར་པས་གསང་པའི་རིམ། །སྦས་པའི་ཚུལ་གྱིས་འཚང་རྒྱར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་
རྣམ་པར་རྒྱལ་པའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་གྱི་ཞིང་ཁམས་བསྟན་པའི་སྤྱོད་ཡུལ་བླ་ན་མེད་པའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་སྤོབས་པའི་མཆོག་འདུས་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་འགྱུར་བ་རྡོ་རྗེའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕུན་སུམ་ཚོགས་པའི་འབྱུང་གནས་གང་། །རྣལ་འབྱོར་ཆོས་ཀྱི་རྒྱས་གདབ་པས། །ཁམས་གསུམ་ཡེ་ཤེས་གཅིག་པར་སྒྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་
བཞིན་གཤེགས་པ་ཆོས་སྦྱིན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་རྫོགས་པ་བྱང་ཆུབ་པ་ལ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཅན་མ་ལུས་རྒྱ་མཚོ་ཀུན། །རང་ལག་སྐྱུ་རུ་ར་བཞག་བཞིན། །རྣམ་པར་ཐོ་
འཚམ་ལས་རྒལ་བའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མ་ལུས་པར་མཁྱེན་པ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
ཡེ་ཤེས་རྡོ་རྗེའི་སྟོབས་ཀྱིས་ནི། །འཇིག་ཚོགས་སྲིད་པ་བཅོམ་ནས་ནི། །མི་ལྡོག་བྱང་ཆུབ་ཆེན་པོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་བར་དུ་གཅོད་པའི་ཆོས་རྣམ་པ་གཞན་དུ་མི་འགྱུར་

བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདུད་ལས་བྱུང་བའི་རྟགས་དང་བརྡ། །མཚན་མའི་གནས་ཀྱི་གཏན་ཚིགས་ལས། །བདུད་ལས་རྣམ་རྒྱལ་ལུང་བསྟན་པ། །
བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་སངས་རྒྱས་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཚིམ་པར་འགྱུར་བའི་ལམ་ངེས་པར་དེ་ཁོ་ན་ཉིད་དུ་འགྱུར་བ་ལ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་
བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་འབྱུང་སྡུག་བསྔལ་སྤོང་བྱེད་པ། །ལམ་དང་འགོག་པའི་བདེན་པ་ལ། །དེ་ཉིད་ངེས་པར་འབྱུང་བསྟན་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡུལ་དང་བྲལ་བ་སངས་
རྒྱས་ཐམས་ཅད་ཀྱི་མི་འཇིགས་པ་བཞི་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོན་པས་ཁྱུ་མཆོག་རླབས་ཆེན་གནས། །བླ་མེད་སེང་གེའི་སྒྲ་སྒྲོགས་པ། །ཡང་དག་ཆོས་ཀྱི་འཁོར་ལོ་ཡི། །བྱང་ཆུབ་དེ་ཉིད་ཚུལ་བསྟན་
པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་སངས་རྒྱས་ཐམས་ཅད་ཀྱི་རྐང་གཉིས་གཙོ་བོར་གྱུར་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཁའ་ལ་རྒྱུ་བའི་བྱ་དག་ནི། །འདབ་མ་མི་ལྡན་འཕུར་ནུས་མེད། །
དེ་ལ་ཟུང་འཇུག་དོན་ལྡན་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཏོག་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་
སོ། །ཆོས་རྣམས་བསླབ་པའི་སྡོམ་པ་ལ། །གཞི་དང་རྒྱུ་ལམ་འབྲས་བུ་དག །མ་ཉམས་ས་བོན་མྱུ་གུ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་སྐྱེས་བུ་ཁྱུ་མཆོག་རྡོ་རྗེའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ནམ་མཁའ་དག་པའི་གནས་མཚུངས་པར། །ཡུལ་དང་ཡུལ་ཅན་དག་པ་ལས། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་
པ་ཡུལ་འཁོར་སྤོབས་པ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སྤྱོད་པ་དག་པ་རྡོ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆོས་ཅན་ཆོས་ཉིད་མེད། །ཀུན་རྫོབ་བློ་ཡི་སྤྱོད་ཡུལ་ཏེ། །ཆོས་ཀུན་སྒྱུ་མ་ཙམ་དུ་གནས། །བྱང་ཆུབ་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་རབ་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤེས་དང་ཤེས་བྱ་ཀུན་གྱི་ནི། །སྤྱོད་ཡུལ་བློ་ཡི་སྣང་བ་
ལས། །རྟེན་དང་བརྟེན་མེད་ངོ་བོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་རྒྱས་པ་སངས་རྒྱས་ཐམས་ཅད་ཀྱི་མི་ཟད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དག་པའི་ཆོས་སྐུ་སྐྱེ་
མེད་པ། །དྲི་མ་བྲལ་བ་དེ་འོད་གསལ། །མཐའ་ལས་གྲོལ་བའི་ངོ་བོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །སྲིད་པའི་དྲ་བ་གཅོད་པ་ཡི། །རྣམ་པར་ཞི་བའི་སེམས་སྤངས་ཏེ། །མགོན་པོ་ཡེ་ཤེས་གཅིག་པར་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབང་སྒྱུར་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་
བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་འགགས་གོས་པ་མེད་པ་དང་། །མ་འདྲེས་ཐབས་ཀྱི་ཕ་རོལ་སོན། །གསལ་བ་བློ་ལ་འཆར་བ་གང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

བདུད་རྩི་གསལ་བ་སངས་རྒྱས་ཐམས་ཅད་ཀྱི་རྒྱན་བཀོད་པ་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུན་ཆད་མེད་པའི་བྱང་ཆུབ་སེམས། །ཐམས་ཅད་དེ་ལས་སྐྱེས་པའི་དངོས། །ཕྲ་མོ་རྐྱེན་བྱུང་དག་པའི་དོན། །བྱང་
ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསམ་གཏན་སྙོམས་པས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་བཞིན་གྱིས་ནི་རྣམ་པར་དག །ཁམས་
རྒྱུད་ཡུལ་དང་དབང་པོ་དག །རབ་ཏུ་དག་པར་རྫོགས་བ་ནི། །བྱང་ཆུབ་སེམས་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཁྲུག་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་འབྱུང་རོལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །གནས་དག་བར་ཆད་མེད་པའི་ལམ། །ཆོས་རྒྱལ་ཞིང་ཁམས་ཡོངས་སུ་དག །མི་ལྡོག་ཏིང་འཛིན་ཟད་མི་ཤེས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་མངོན་
པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་སྨིན་པར་བསོད་ནམས་སྟོབས། །བྲལ་བ་ཡེ་ཤེས་སྤྱོད་ཡུལ་བ། །ཁྱད་པར་རྣམ་པར་མི་རྟོག་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་
གཤེགས་པ་ཕྱོགས་མ་བསླད་པ་སངས་རྒྱས་ཐམས་ཅད་ཀྱི་ཐབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཅན་མོས་པ་སྣ་ཚོགས་ལ། །ཡེ་ཤེས་སྤྱོད་པའི་སྒྱུ་འཕྲུལ་གྱིས། །བསྟན་པ་བསམ་གྱིས་མི་ཁྱབ་པ། །བྱང་ཆུབ་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་མཛེས་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྲེང་བ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བའི་རྒྱ་མཚོ་མ་སྟོངས་པར། །ཡེ་ཤེས་འཁོར་

ལོ་བསྐོར་བ་ཡི། །སངས་རྒྱས་རྣམས་ཀྱི་ཐུགས་རྗེས་སྟོན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རིག་པའི་རྒྱལ་པོ་རྗེས་དྲན་པས། །གསང་བ་དམ་པ་བསྟན་པ་ཡིན། །
དང་པོ་དབང་གི་དུས་ཡིན་ཏེ། །མངོན་པར་རྟོགས་པ་དང་པོའོ། །ཡེ་ཤེས་མཐོང་བའི་དང་པོ་ལས། །སྦྱོར་བ་རྣམ་པ་གསུམ་དུ་འགྱུར། །ལུས་དང་ངག་དང་སེམས་དམིགས་པས། །རིག་པ་གཅིག་གི་ངང་ཉིད་ལས། །སྔགས་ཀྱི་རིམ་པ་རྡོ་རྗེ་ལྟར། །ཡུལ་སེམས་རླུང་ནི་མི་ཕྱེད་པས། །
གཅིག་ཏུ་གྱུར་པའི་རིམ་པ་ལས། །སེམས་ལ་དམིགས་པ་ཡེ་ཤེས་ཆེ། །རླུང་སེམས་འགྲོ་ལྡོག་གཅིག་པས་ན། །ངེས་པ་རྣམ་པར་དབེན་དོན་བསྟན། །ཕྱི་རོལ་ཡུལ་སྣང་སྒྱུ་མར་འཆར། །རང་རིག་འོད་གསལ་མངོན་བྱང་ཆུབ། །ཐམས་ཅད་བདེ་ཆེན་ཡེ་ཤེས་སུ། །ཡང་དག་
རྫོགས་པས་རྫོགས་པའི་རིམ། །བསམ་གཏན་བསྡུས་པའི་རིམ་པ་ཡིས། །རིལ་བར་འཛིན་པ་རྗེས་གཞིག་པ། །གཅིག་ཏུ་བྱེད་པ་གསང་བ་ཡིས། །ཟུང་འཇུག་ཡེ་ཤེས་ཐོབ་པར་འགྱུར། །དངོས་པོ་མེད་པ་བསྒོམ་པ་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་བས་དངོས་པོ་
དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །གང་དུ་ལུས་སེམས་ཀུན་རྫོབ་བཅས། །དོན་དམ་རྣམ་དག་ཟུང་འཇུག་སྟེ། །གང་དུ་དམིགས་པས་བསྡུས་པ་ནི། །བརྩོན་འགྲུས་ལྡན་པས་རབ་འཇུག་ཡིན། །རིམ་གྱིས་མངོན་འདོད་ལེ་ལོ་ཅན། །གཡེང་བ་ཐམས་ཅད་
སྤངས་ནས་ནི། །བྱང་ཆུབ་སེམས་དཔའ་ཚེ་འདི་ལ། །རྣལ་འབྱོར་བརྩོན་པས་རབ་བསྐུལ་བས། །ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །ཡེ་ཤེས་མངོན་དུ་བྱེད་པའམ། །ཞག་བདུན་གྱིས་ནི་གཟི་ཆེ་ཡི། །རྣལ་འབྱོར་ཡེ་ཤེས་མཆོག་སྦྱོར་བས། །རིམ་པ་རྫོགས་པར་གནས་པའི་ལམ། །
སྐད་ཅིག་ཞག་དང་ལོ་ཡི་དུས། །དུས་ནི་ཐུང་ངུས་འགྲུབ་པར་འགྱུར། །བསྐྱེད་པའི་ཚུལ་འདི་དང་པོར་བསྟན། །མཐར་ཕྱིན་བརྟན་པར་གྱུར་པ་ཡིས། །གཉིས་པ་རྫོགས་པའི་རྣལ་འབྱོར་ཏེ། །རིམ་གཉིས་མཉམ་པར་སྦྱོར་བ་ཡིས། །རྣལ་འབྱོར་པ་ཡི་སྐུ་གསུང་ཐུགས། །རིམ་གཉིས་

བླ་ན་མེད་པ་ལས། །གསང་གསུམ་རྡོ་རྗེ་ཐོབ་པར་འགྲུབ། །འདིར་ནི་ཡི་གེའི་དབྱེ་བ་ཡིས། །སྒྲ་ལས་ཁྱད་པར་དོན་རྩོལ་བ། །རྐྱེན་དང་བྱེད་པ་སྟོན་པ་ཡི། །སྔགས་ནི་གསང་བར་བརྗོད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་
ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡོངས་སུ་རྫོགས་པའི་རྒྱུད་ཀྱི་དོན་བསྟན་པའི་ལེའུ་སྟེ་ལྔ་བཅུ་བཞི་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐུབ་
པ་ཆེན་པོས་བཀའ་སྩལ་པ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །གསང་གསུམ་རྡོ་རྗེ་འཆང་བའི་བདག །སྒྱུ་མའི་སྣང་བ་ལས་འདས་ཏེ། །རྡོ་རྗེ་གསང་བའི་ངོ་བོ་ཉིད། །མངོན་པར་བྱང་ཆུབ་མཚན་ཉིད་ཅན། །ཡེ་ཤེས་དམིགས་མེད་ངོ་བོ་ཉིད། །འདུས་པ་གསང་བ་གནས་
མེད་པ། །ཡི་གེའི་ཚིག་ནི་དམིགས་མེད་པས། །དེ་ཉིད་བརྗོད་པས་རྣམ་པར་དབེན། །དགོངས་པས་ཅང་ནི་མི་གསུང་བཞུགས། །གསང་བའི་སྐུ་མཆོག་དྲི་མ་མེད། །གཞོན་ནུས་དབང་ཕྱུག་འདིར་རྟོག་གོ། །ཡེ་ཤེས་སྐུ་ནི་མི་འགྱུར་ཞིང་། །མ་སྐྱེས་སྐྱེ་མེད་མཆོག་གི་ཡུལ། །
རྡོ་རྗེ་གསུང་ནི་འགག་པ་མེད། །མཚན་མ་མེད་ཅིང་དྲི་མ་མེད། །འོད་གསལ་ནམ་མཁའ་ཞེས་བྱ་བ། །དེ་ཉིད་ལས་བྱུང་དེར་སྟོན་པ། །ཐམས་ཅད་དམིགས་མེད་རྟོགས་སུ་མེད། །ཡང་དག་སྣང་བ་ཀུན་རྫོབ་སྟེ། །ལེགས་པར་བཟུང་ཡང་མ་སྐྱེས་ཤིང་། །སྒྱུ་མ་ཙམ་དུའང་དམིགས་
སུ་མེད། །ལོག་པར་ཟིན་ལས་ལྡོག་པར་འགྱུར། །དེ་ནས་འཇམ་པའི་དབྱངས་ལ་སོགས། །ཐམས་ཅད་ཀྱིས་ནི་འདི་སྐད་གསོལ། །རྡོ་རྗེའི་ཚིག་གི་ཡུལ་མིན་པ། །ཀུན་དུ་འབྱུང་བའི་དྲི་མ་ལས། །ཕྱིན་ཅི་ལོག་ལས་རྣམ་པར་འདས། །དེ་ཉིད་བརྗོད་དང་བྲལ་བས་ན། །རྣམ་
པར་དབེན་པ་སྤྲོས་དང་བྲལ། །ཐ་དད་གཅིག་ཏུ་བརྟག་མི་བྱ། །དེ་ཉིད་ཅི་ཡི་སླད་དུ་ནི། །སངས་རྒྱས་ཀུན་གྱི་གསང་བ་ནི། །བྱང་ཆུབ་སེམས་སུ་གྱུར་པ་ཉིད། །སྐྱེ་མེད་ཙམ་དུའང་མི་གནས་ལ། །སྒྱུ་མའི་དབྱིངས་ཉིད་ལས་འདས་ཤིང་། །ངོ་བོ་ཉིད་ནི་རང་བྱུང་བ། །ཡང་དག་སྤྱོད་

པར་གྱུར་པ་གང་། །དེ་བཞིན་ཉིད་དུ་གཤེགས་གྱུར་ཅིང་། །ཡེ་ཤེས་འཇུག་པས་གཤེགས་པར་མཛད། །ལྡོག་པའི་ཁྱད་པར་རྗེས་སུ་འགྲོ། །དེ་ཉིད་གང་གི་སླད་དུ་ན། །འཇིག་རྟེན་དབང་པོ་ལ་སོགས་པས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ངོ་བོ་ཉིད་ནི་མ་དམིགས་ཤིང་། །
ཡེ་ཤེས་འཇུག་པ་མེད་པས་ན། །སླར་ཞིང་ཡང་དག་ཡུལ་འདི་ལ། །འདི་སྙམ་དུ་ནི་རྟོག་གྱུར་ཏེ། །བདག་ཅག་སྟོན་པ་དེ་བཞིན་གཤེགས། །འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི། །དེ་ཉིད་གསང་བ་ཆོས་དག་པ། །ཡུལ་དུས་མ་བྲལ་བརྗོད་བྲལ་བ། །རྟོགས་དཀའ་བརྟག་པར་དཀའ་
བ་ཉིད། །རིག་ནའང་མི་རིག་པ་ཡི་ཆོས། །གསང་བའི་ཡི་གེའི་རྣམ་པར་དབེན། །ཐོག་མ་ཐ་མ་མེད་པའི་བདག །ཇི་ལྟར་རྟོག་ཅིང་སྟོན་པར་བྱེད། །དེ་ལྟར་སེམས་པར་གྱུར་པས་ན། །བསམ་པ་དེ་དག་རབ་ཤེས་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གསང་བ་མི་
འགྱུར་རྡོ་རྗེའི་བདག །འདིར་ནི་དེ་བཞིན་གཤེགས་ཀུན་ཡང་། །དེ་ཉིད་གཟིགས་པ་མེད་པས་ན། །བླ་མེད་བྱང་ཆུབ་མི་ཤེས་སོ། །ཕྲ་ཞིང་བདག་མེད་སྟོང་བས་ན། །བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས། །དེ་ཉིད་ཅི་ཡི་ཕྱིར་ཞེ་ན། །སྒྱུ་མ་སྐྱེ་བ་མེད་པས་ན། །རྡོ་རྗེ་མངོན་པར་བྱང་
ཆུབ་པ། །ངོ་བོ་མེད་ཅིང་གནས་མེད་པ། །མི་འགྱུར་ལྷུན་གྱིས་གྲུབ་པ་ལས། །གཉིས་མེད་སྣང་བའི་ཡེ་ཤེས་འབྱུང་། །དེ་ལྟར་ཤིན་ཏུ་རྟོགས་དཀའ་ཞིང་། །ཀུན་དང་ཐུན་མོང་མ་གྱུར་པས། །མོས་དང་རིག་པར་ལྡན་པ་ཡི། །སེམས་ཅན་རྣམས་ཀྱིས་ཇི་ལྟར་འགྱུར། །རིགས་
ཀྱི་བུ་ཞེས་སྐལ་བར་ལྡན། །སེམས་ཅན་ཆེན་པོའི་རིགས་ཅན་གྱིས། །བླ་མེད་མངོན་པར་བྱང་ཆུབ་པ། །སྙིང་པོ་མཆོག་ལ་གནས་པ་ཡིས། །ཚེ་འདིར་རྡོ་རྗེར་སངས་རྒྱས་ཏེ། །དེ་ཉིད་སྐུ་གསུམ་དབྱེར་མི་ཕྱེད། །རྡོ་རྗེ་ཆོས་ཉིད་དག་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་གསང་བ་ཆེ། །
ཡེ་ཤེས་རྡོ་རྗེའི་གནས་ཐོབ་འགྱུར། །དབྱངས་དང་གསལ་བྱེད་སྦས་པའི་དོན། །ཐིག་ལེ་སྲོག་གི་རྣམ་པ་ནི། །སྙིང་གའི་དབུས་སུ་མི་ཤིགས་པ། །གསལ་བ་ཟླ་བའི་གཟུགས་བརྙན་ལ། །སེམས་ཀྱི་རྟེན་དུ་གྱུར་པར་བརྗོད། །རྟེན་འདི་གཟུགས་བརྙན་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །

ཆོས་སྐུ་གཉིས་སུ་མེད་པའི་ཐུགས། །ལོངས་སྤྱོད་རྫོགས་པའི་གསུང་རྡོ་རྗེ། །སྤྲུལ་སྐུ་ཡོངས་རྫོགས་གྲུབ་པའི་འབྲས། །དབྱེར་མེད་རྡོ་རྗེ་བདེ་བ་ཆེ། །ལུས་ངག་སེམས་ནི་སྐུ་གསུམ་དུ། །འབྱུང་ཞིང་འཇུག་པར་མཛད་པ་གང་། །སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་། །དེ་
ཉིད་བླ་མར་གསུངས་པས་ན། །གནས་པ་རྡོ་རྗེ་སེམས་དཔའི་སྐུ། །གང་དུའང་མི་གནས་མཉམ་པ་ཉིད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་ནི། །བདེན་གཉིས་ཡང་དག་རབ་སྦྱོར་བ། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །རིགས་
གཅིག་ཐ་དད་མེད་པར་སྡོམ། །རྡོ་རྗེ་འཆང་ཆེན་ཉིད་དུ་ངེས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །བླ་མེད་འབྱུང་བའི་ལུས་ཅན་ལ། །བདུད་རྣམས་འཇོམས་པར་མཛད་པ་གང་། །འཁོར་ལོའི་སྦྱོར་བ་བྱང་ཆུབ་རིམ། །ཡོངས་སུ་རྫོགས་པར་གྱུར་པ་ཡི། །ཆོ་ག་ལེགས་
པར་བྱས་ན་ནི། །མཁའ་དབྱིངས་རྡོ་རྗེའི་མཐར་ཀླས་པར། །ཕུར་བུ་འདེབས་པར་གདོན་མི་ཟ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །ཕུར་འདེབས་དེ་ཉིད་ལས་བྱུང་བ། །སྐུ་གསུང་ཐུགས་ཀྱི་མཆོག་སྦྱིན་པའི། །སྔགས་ཀྱི་དེ་ཉིད་དོན་བསྡུས་པའོ། །བསྐྱེད་པའི་
རིམ་པ་གནས་པ་ཡི། །རབ་ཏུ་དགའ་བ་ནས་བརྩམས་ཏེ། །མངོན་དུ་གྱུར་པའི་བར་དུ་བགྲོད། །རིང་དུ་སོང་བ་བདུན་པ་ནས། །མི་གཡོ་བ་ཡི་བར་དག་ཏུ། །སྦྱོར་བ་གསུམ་གྱིས་ངེས་པར་སྦྱངས། །ལས་ལ་སྦྱོར་བས་བརྒྱད་པའོ། །སྣང་བ་གསུམ་ལ་ཞུགས་པ་དག །
ས་བཅུ་ལ་ནི་ངེས་གནས་པ། །རང་བཞིན་བརྒྱད་དང་དྲུག་ཅུ་པོ། །འོད་གསལ་བ་ལ་ཐིམ་གྱུར་པས། །སྦྱང་བྱ་སྦྱོང་བྱེད་གཉིས་ལ་ནི། །བཅུ་གཅིག་བཅུ་གཉིས་བདེ་གཤེགས་པ། །དེང་གནས་བདེ་བ་ཆེན་པོ་ཡི། །བཅུ་གསུམ་རྡོ་རྗེ་འཛིན་ལ་གནས། །ཀོ་ཊ་ཀྵཱ་ཞེས་གྱེན་
དུ་རྒྱུ་བའི་རླུང་། །དང་པོའི་དབང་པོ་མི་ཕྱེད་གྱུར་པ་སྟེ། །ཚེ་ལ་དབང་བ་སྟོབས་བཅུའི་མཆོག་གྱུར་གང་། །གནས་དང་གནས་མ་ཡིན་པ་མཁྱེན་པར་བརྗོད། །ཀོ་ཊ་ཝ་ཀྵྱ་ཐུར་དུ་སེལ་བ་ཉིད། །བརྩོན་འགྲུས་དབང་པོ་རྩོམ་པའི་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ལས་དབང་

བ་ལྷ་ཡི་གཙོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བརྗོད། །ཀོ་ཊ་ཝདྷ་མེ་དང་མཉམ་གནས་པ། །ཆོས་ཀུན་རྩ་བ་སྙིང་པོ་སྲོག་ཡིན་ཏེ། །མི་བརྗེད་དྲན་པའི་དབང་པོ་སེམས་ལ་དབང་། །བསམ་གཏན་ཉིད་དང་ཏིང་འཛིན་མཁྱེན་སྟོབས་གྱུར། །ཀོ་ཊ་བ་ཤ་
སྲོག་འཛིན་རླུང་གྱུར་པས། །མཉམ་བཞག་ཏིང་འཛིན་དབང་པོ་དང་ལོངས་སྤྱོད། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་དང་། །སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཞེས་བརྗོད། །ཀུ་ཏི་ད་ར་ཁྱབ་བྱེད་རླུང་དུ་གྱུར། །ཆོས་རྣམས་འབྱེད་པ་ཤེས་རབ་དབང་པོ་སྟེ། །སྐྱེ་བ་ལ་
དབང་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་བ་མཁྱེན་པའི་སྟོབས་ཞེས་བརྗོད། །ཀོ་ལ་ཊ་ཀྵྱ་འདི་ནི་རྒྱུ་བའི་རླུང་། །སྤྱོད་ཡུལ་དད་པའི་སྟོབས་དང་ལྡན་པ་ལས། །རྫུ་འཕྲུལ་བ་དང་ལས་ཀྱི་འཇུག་པ་དང་། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། །ཀོ་ལ་བྷྱ་ཞེས་རབ་
ཏུ་རྒྱུ་བ་སྟེ། །རྒྱུན་ཆད་མེད་པ་བརྩོན་འགྲུས་སྟོབས་མཆོག་གྱུར། །མོས་པ་ལ་དབང་འབྱུང་འཇུག་ཕྲིན་ལས་ལ། །ཐམས་ཅད་ཉིད་དུ་སོན་པའི་ལས་མཁྱེན་སྟོབས། །ཀོ་ལ་ལོ་བྷ་མངོན་པར་རྒྱུ་བ་ཉིད། །གཟུངས་འགྱུར་དྲན་པའི་སྟོབས་ལས་རྡོ་རྗེ་ཆེ། །ཞིང་ཁམས་སྤྱོད་པའི་སྨོན་
ལམ་གནས་མཁས་པ། །སྔོན་གྱི་གནས་རྣམས་མ་ལུས་མཁྱེན་པར་བརྗོད། །ཀོ་ཊ་བྷི་ཞེས་ཁྱད་པར་རབ་རྒྱུ་བ། །དྲི་མེད་ཏིང་འཛིན་སྟོབས་ནི་རྩལ་ལྡན་པ། །ཡེ་ཤེས་ལ་དབང་ཕུན་སུམ་ཚོགས་པའི་ཡུལ། །འཆི་འཕོ་བ་དང་སྐྱེ་བའི་གནས་སྟོབས་གྱུར། །ཀོ་ལ་ཏ་ཐཱ་ན་ཞེས་
ཀུན་དུ་རྒྱུ། །ཤེས་རབ་སྟོབས་ལྡན་ཆོས་ལ་དབང་བ་གང་། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཡིན་ནོ། །འདི་དག་གནས་ཞེས་མཉམ་བཞག་སྤྱོད་པ་ཅན། །ཉེ་བའི་གནས་ཞེས་མཉམ་ལོངས་སྤྱོད་པའི་ཡུལ། །ཞིང་ནི་དབང་པོ་ལྔ་ཡི་ཡུལ་ཉིད་དེ། །ཉེ་ཞིང་འདོད་ཡོན་རྡོ་རྗེའི་
སྤྱོད་ཡུལ་གང་། །ཚན་དྷོ་དཀྱིལ་འཁོར་རང་ལ་རྫོགས་པའི་གནས། །ཉེ་ཚན་བརྟན་གཡོ་དཀྱིལ་འཁོར་འཁོར་ལོ་ཡི། །འདུས་བྱས་བྱང་ཆུབ་སེམས་ཀྱི་རྡོ་རྗེར་འགྱུར། །ཉེར་འདུ་ཚད་མེད་བཞི་ལྡན་རང་བྱུང་བ། །དུར་ཁྲོད་བདེ་ཆེན་ལྷན་ཅིག་རོལ་པ་ཆེ། །ཉེ་བའི་དུར་ཁྲོད་ཡེ་

ཤེས་རྒྱས་པར་འགྱུར། །གནས་བཅུ་འདི་དག་གསང་འཛིན་ང་ཡི་ཡུལ། །ས་བཅུའི་དབང་ཕྱུག་ཕྱག་རྒྱ་ཆེན་པོའི་ངང་། །གཅིག་དང་དུ་མར་དམིགས་མེད་བདེ་བ་ཆེ། །ཆོས་དང་ཆོས་ལས་བྱུང་བའི་ཡུལ་མི་དམིགས། །ཀོ་ཊ་ཀྵ། ཀོ་ཊ་ཝ་ཀྟྱ། ཀོ་
ཊ་ཝདྷ། ཀོ་ཊ་པ་ཤ། ཀུ་ཏི་ད་ར། ཀོ་ལ་ཊ་ཀྵྱ། ཀོ་ལ་བྷྱ། ཀོ་ལ་ལོ་བྷ། ཀོ་ཊ་བྷི། ཀོ་ལ་ཏ་ཐཱ་ན། བཅོམ་ལྡན་མགོན་པོ་རྡོ་རྗེ་འཛིན། །ཁྱོད་ནི་གླང་པོ་ལྟ་བ་ཆེ། །ཁྱོད་ནི་བཟང་པོའི་རྒྱན་དང་ལྡན། །ཁྱོད་ནི་རྣམ་པར་གནོན་པ་ཡིན། །ཁྱོད་ནི་རིན་ཆེན་འབྱུང་གནས་གཙོ། །
ཁྱོད་ནི་བདེན་པའི་འདྲེན་པ་ཡིན། །ཁྱོད་ནི་གཟུགས་སྡུག་ཡིད་འཕྲོག་ཡིན། །ཁྱོད་ནི་འཇོམས་པ་ཅིར་ཡང་སྣང་། །ཁྱོད་ནི་མེ་ལྕེའི་ཕྲེང་བ་ཅན། །ཁྱོད་ནི་གནས་ལ་སྐྱོ་བ་མེད། །ཁྱོད་ནི་ཡིད་བཞིན་ནོར་བུ་སྟེ། །ཁྱོད་ཀྱི་སྐུ་ནི་མཛེས་པར་བསྟན། །རྒྱ་མཚོ་བླ་ན་མེད་པ་
སྟེ། །བསྟོད་པའི་མཆོག་ཏུ་གྱུར་པའོ། །རྡོ་རྗེ་ངེས་པར་སྟོན་པའི་གསང་བ་གཅིག་ཏུ་བསྡུས་པ་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གང་ལས་བླ་མེད་དཀྱིལ་འཁོར་རབ་གསལ་བ། །རྒྱུད་རྣམས་མ་ལུས་པ་ལ་ཁྱབ་པ་དང་། །ཆོས་ཀུན་ལ་ནི་འདི་ཡིས་རྒྱས་བཏབ་
པས། །འདུས་པ་རྩ་བར་གསུངས་པ་དོན་བསྟན་པའོ། །སྙིང་པོའི་འོད་ཟེར་དཔག་མེད་ལས་སྤྲུལ་པའི། །ཐུབ་པས་རབ་རིབ་ཀུན་དུ་ངེས་བསལ་ནས། །མ་ལུས་སེམས་ཅན་སངས་རྒྱས་རྫོགས་བྱས་ཏེ། །གསང་སྔགས་རིག་པའི་ནང་དུ་ཆུད་པར་བྱ། །གཟུགས་ལ་
སོགས་པའི་རྣམ་པ་མ་གཏོགས་པའི། །འཛིན་པ་དེ་ནི་དངོས་སུ་མཐོང་མི་འགྱུར། །བཟུང་པ་དག་ཀྱང་ཅུང་ཟད་ཡོད་མིན་ལ། །གཞན་པའི་དྲ་བ་ཡིས་ཀྱང་མཐོང་དུ་མེད། །འཁྲུལ་བའི་ཤེས་རབ་བྱ་གང་ཡང་མེད། །ཡོངས་སུ་འཛིན་པ་ཡོད་པར་མ་མཐོང་སྟེ། །ཅིག་ཅར་
སྐྱེ་བཞིན་པ་ནི་གཟུགས་མཆོག་ཡིན། །འདི་དག་འཛིན་པ་པོ་ནི་ཡོད་པ་མིན། །དཀར་དམར་ལ་སོགས་གང་ཞིག་མཐོང་པ་རྣམས། །དེ་ཉིད་དུས་གཞན་དག་ཏུ་མཐོང་མི་འགྱུར། །འདི་དག་གཅིག་ལ་གཅིག་གིས་འགལ་སྣང་ཕྱིར། །རྟག་ཏུ་འཕྲུལ་པའི་ཤེས་པ་དག་དང་མཚུངས། །

ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །གཟུགས་ལ་སོགས་པ་འདི་དག་གཅིག་མ་ཡིན། །རྡུལ་ཕྲན་ལ་རྣམས་ཀྱང་སྣང་བ་མ་ཡིན་པས། །དུ་མའི་གཟུགས་སུ་མིན་བའང་དེ་དག་འདྲ། །རྡུལ་ཕྲན་ཆ་ཤེས་མེད་པ་ཉིད་ཀྱང་ནི། །ཕྲ་རབ་དུ་མ་འདུས་པར་མ་གྲུབ་པས། །
དབང་ཆེན་དཀྱིལ་འཁོར་ལ་སོགས་པ་ཡི་གཟུགས། །བསགས་པ་འགའ་ཡང་འདིར་ནི་མེད་པར་འགྱུར། །དེ་བས་འཛིན་པ་པོ་ལ་སོགས་བྲལ་བས། །རང་རྒྱུད་ལ་སོགས་བཏགས་པའི་ངོ་བོ་ཉིད། །བརྟན་དང་གཡོ་བའི་དངོས་རྣམས་མ་ལུས་གང་། །དྲི་ཟའི་གྲོང་ཁྱེར་དག་
དང་མཚུངས་པ་ཡིན། །བདག་དང་བདག་གི་རྣམ་རྟོག་རྒྱུན་གྱིས་ནི། །ངོ་བོ་དག་གིས་དེ་ནི་འཁོར་བ་སྟེ། །དག་པ་ཕྱིན་ཅི་ལོག་དང་བྲལ་བ་ཡི། །ངོ་བོ་ཙམ་ནི་རྣམ་པར་བརྟགས་གྱུར་པ། །སྲིད་དང་ཞི་བ་ཡི་ནི་མཚན་ཉིད་འདིར། །ཆོས་ཉིད་ཀྱིས་ནི་དབྱེ་བ་གང་ཡང་མེད། །གང་
ཕྱིར་གཟུག་བ་ལ་སོགས་རྣམ་པ་དང་། །བྲལ་བར་ཐམས་ཅད་དུ་ནི་རྟག་ཏུ་བསྒྲུབ། །སོ་སོར་སྣང་བ་རང་བཞིན་ཀུན་རྟོག་ལས། །ཐམས་ཅད་ཀྱང་ནི་ཅི་ཡང་ཡོད་མ་ཡིན། །ཆོས་རྣམས་སེམས་ལས་གཞན་པ་ཡོད་མིན་པས། །བདག་དང་བདག་གིར་བཏགས་པ་མ་གྲུབས་པས། །གང་
ཞིག་གཟུགས་ལས་སོ་སོར་ཞུགས་གྱུར་པ། །དེ་ཡི་བདག་ཉིད་གང་ཡིན་དེ་ཉིད་གཟུགས། །དེ་བས་ཐམས་ཅད་ཁྱད་པར་མེད་པའི་བློས། །དངོས་པོ་ཐམས་ཅད་ཁྱད་པར་མེད་པར་བརྟག །སྣང་བར་གྱུར་པའི་ཡུལ་རྣམས་གང་ཡིན་དང་། །གང་ཞིག་རྟོག་པའི་གནས་སུ་གྱུར་བ་རྣམས།།
དེ་དེ་གཉིས་སུ་སྦྱོར་དང་བྲལ་བས་ན། །དེས་ན་རྣམ་པར་དབྱེ་བ་དུ་མས་མིན། །བཅོམ་ལྡན་འདས་རྡོ་རྗེ་འཛིན་བས་དབྱངས་ཀྱི་བརྗོད་པ་རྣམ་པར་དག་པ་རྡོ་རྗེའི་ཚུལ་ལས་འབྱུང་བའི་གནས་འདི་ཡང་གསུངས་སོ། །དང་པོ་ཨ་ནས་བརྩམས་ནས་ཨཿཡི་མཐར། །བཅུ་གཉིས་དབྱངས་
ནི་གསུང་རབ་ཡན་ལག་གྱུར། །ཨ་གང་མདོར་ཙམ་གྱི་ནི་སྤྱི་ཡི་དོན། །རྣམ་པར་བསྡུས་ནས་སྟོན་པ་མདོ་ཡི་སྡེ། །ཨཱ་ཆོས་རྣམས་ཐམས་ཅད་སྤྱི་དང་བྱེ་བྲག་གི། །རྣམ་པ་ཡི་གེ་ཐ་སྙད་གསལ་བར་གྱུར། །དེ་ནི་ཚིགས་སུ་བཅས་པར་རྗོད་བྱེད་པ། །རྒྱས་པར་དབྱེ་བ་དབྱངས་ཀྱིས་

བསྙད་པའི་སྡེ། །ཨི་ཆོས་རྣམས་རྒྱུ་རྐྱེན་འབྲས་བུ་དངོས་པོ་རྣམས། །ཕྱིན་ཅི་མ་ལོག་ཡང་དག་སྟོན་བྱེད་པ། །མ་འོངས་པ་ན་འདི་ལས་འདི་འབྱུང་བ། །ཐམས་ཅད་སྟོན་པ་ལུང་དུ་སྟོན་པའི་སྡེ། །ཨཱི་རྩ་བ་ཡན་ལག་འབྲེལ་བར་བཅས་པའི་ཚག །
ཚིགས་སུ་བཅད་པར་སྟོན་པ་འདི་ཡང་སོ། །ཨུ་ཞུ་བ་པོ་དང་གནས་དང་དུས་དག་གི། །ཡི་རངས་དགའ་བས་རྒྱས་པས་ཆེད་བརྗོད་སྡེ། །ཨཱུ་ད་ལྟར་གནས་དང་མ་འོངས་འབྱུང་བ་དང་། །རང་བཞིན་བཅས་པ་སྟོན་པ་གླེང་གཞིའི་སྡེ། ཨེ་བདག་དང་གདུལ་བྱ་གཞན་དང་
གཞན་དག་གིས། །སྐྱེ་བ་སྔོན་དང་ཚེ་རབས་ཐམས་ཅད་དུ། །གནས་དང་གནས་ཀྱི་གཏན་ཚིགས་སྤྱོད་པ་ཡི། །འདི་ལྟར་འབྱུང་བའི་སྡེ་ཞེས་བསྟན་པའོ། །ཨཻ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ལས། །ཀུན་དུ་དོན་སྤྱོད་བཞིས་བསྡུས་སྐྱེས་རབས་ཏེ། །ཨོ་ལམ་དང་
འབྲས་བུ་ཟབ་དང་རྒྱ་ཆེ་ལས། །མ་རྒྱས་སྤྲོས་པ་ཤིན་ཏུ་རྒྱས་པའི་སྡེ། །ཨཽ་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རྣམས་ཀྱི་ཁྱད་པར་གྱུར་པ་ཡི། །ལྟ་སྤྱོད་ཆོས་ཀྱིས་འདུལ་བ་ལམ་སྟོན་པ། །རྨད་དུ་བྱུང་བའི་སྡེ་ཞེས་བསྟན་པ་ཡིན། །ཨོཾ་
ཆོས་ཀྱི་གནས་ལུགས་གཉིས་སུ་མེད་པ་ཉིད། །ངེས་པར་འབྱེད་པ་གཏན་ལ་ཕབ་པའི་སྡེ། །ཨཿགསང་བའི་སྤྱོད་ཡུལ་ཕ་རོལ་ཕྱིན་པ་ཡི། །བདེན་གཉིས་དབྱེར་མེད་སྟོན་པ་མཆོག་གི་སྡེ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་རྣམ་
བར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཀ་ལ་ཀུ་ཊ་ཏ། །ཀ་ཞེས་པ་ནི་འབྱུང་བའི་སྒོ་ཡིན་ཏེ། །ལ་ཞེས་བྱ་བ་གང་ཡང་བླང་དོར་གཉིས། །ཀུ་ནི་གདུག་པ་ཅན་གང་ཕྱོགས་གནས་པ། །ཊ་ཏ་ཞེས་གནོད་རབ་ཏུ་ཞི་བར་བྱེད། །ཕྱོགས་བཅུ་ཀུན་དུ་ཡང་དག་པ་དང་ནི། །ཡང་
དག་མ་ཡིན་འཇིག་རྟེན་འཇིག་རྟེན་འདས། །དངོས་པོར་འཛིན་པའི་གདོན་ནི་ཕྱི་ནང་གང་། །གནས་པ་འདི་ནི་ས་གསུམ་ཀུན་དུ་སྤྱོད། །གསང་བར་བྱ་བ་ཕྱོགས་བཅས་ཕྱོགས་མེད་པ། །ཁྲོ་རྒྱལ་ཡུམ་བཅས་རོལ་པས་རབ་ཏུ་འཇོམས། །དངོས་པོར་འཛིན་བའི་གདོན་བཅུ་

རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གསང་བའི་ཚུལ་ནི་སྤྱི་དང་ཁྱད་པར་ཏེ། །མཆོག་ཏུ་གསང་བ་ཆེན་པོའི་ཚུལ་གྱིས་ནི། །མངོན་པར་བྱང་ཆུབ་ལྔས་གྲུབ་དང་པོ་སྟེ། །ཐབས་དང་ཤེས་རབ་གཅིག་བསྡུས་གླེང་གཞིར་བརྗོད། །རིག་པའི་དབང་དང་
དཀྱིལ་འཁོར་ངེས་བྱས་པ། །འབྲས་བུ་ཉེ་འགྲུས་སྤྱོད་པའི་ཚུལ་བསྟན་པའོ། །མི་རུ་འཁྲུངས་པ་དང་པོའི་ཚུལ་ངེས་སྡེ། །རབ་ཏུ་བྱུང་བ་ངེས་པ་གཉིས་པའི་ཚུལ། །འདུལ་བའི་སྡོམ་པ་ངེས་པ་གསུམ་བརྗོད་པས། །ཟབ་མོའི་ཏིང་འཛིན་བསྟན་པ་ཚུལ་བཞི་པ། །
ཕྱི་ནང་གསང་བའི་སྤྱོད་པ་ཐུབ་པ་ཡི། །དེ་ཉིད་བླ་ན་མེད་པ་བསྟན་པ་ཡིན། །ཁ་སྤྱོར་ལས་བྱུང་གཟུགས་ནི་དེ་སོང་ཡིད་བསྒོམས་ན། །གསོ་མར་དཀར་པའི་ནད་ཚོགས་ཐམས་ཅད་འཕྲོག་བྱེད་ཅིང་། །འོ་མའི་རྒྱུན་ནི་བབ་བས་ཐུགས་ནི་མཉེས་མཛད་པའི། །འཆི་བའི་
དུས་ལ་བབ་པ་དྲག་པོ་ཀུན་ཀྱང་རབ་ཏུ་འཇོམས། །འཆི་བདག་འཇོམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་རྡོ་རྗེ་འཛིན་པ་དཀྱིལ་འཁོར་ཆེན་པོ་རབ་ཏུ་སྡུད་པ་དང་སྤྲོ་
བའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མཚུངས་པ་མེད་པ། བརྟག་ཏུ་མེད་པ། བལྟར་མེད་པ། དཔྱད་དུ་མེད་པ། ལྡན་པ་མེད་པ། མི་ལྡན་པ་མེད་པ། སྣང་བ་མེད་པ། དཔེ་མེད་པའི་རང་བཞིན་ལ་ཡོངས་སུ་གནས་སོ། །དེ་ནས་དེ་
བཞིན་གཤེགས་པ་ཐམས་ཅད་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། །ལུས་དང་། ངག་དང་། སེམས་དང་། ཆོས་ཐམས་ཅད་དང་། རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ངོ་བོ་ཉིད་གཅིག་པའི་
ཕྱིར་འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་དེ་དག་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དེ། དབྱེར་མི་ཕྱེད་པ་རྡོ་རྗེའི་གནས་ཡིན་པའི་ཕྱིར་རོ། །འདིར་ནི་ཡང་དག་བསྡུས་པར་

གྱུར་པ་ཡི། །རིགས་ཀྱི་དཀྱིལ་འཁོར་བླ་མེད་བསྟན་པ་ཡི། །སྙིང་པོ་ཡོངས་སུ་བསྡུས་པ་རྡོ་རྗེ་འཆང་། །དེ་ཉིད་དཀྱིལ་འཁོར་ཚུལ་ནི་བསྟན་པ་ཡིན། །དལ་འབྱོར་འདི་ནི་ཤིན་ཏུ་གཡོ་འགྱུར་ཞིང་། །འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ། །དེ་བས་
ཐབས་དང་ཤེས་རབ་ལ་གཞོལ་བའི། །ཡིད་ལ་བྱེད་པ་མཆོག་དེ་བསྒྲུབ་པར་བྱ། །དེ་ལ་ཐོག་མར་རེ་ཞིག་བསྟན་པ་ཡི། །སངས་རྒྱས་ཐེག་པ་བསམ་པ་རིག་འཇུག་སྟེ། །རྡོ་རྗེ་འཛིན་པ་སྙིང་རྗེའི་སྟོབས་ཀྱིས་ནི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང་། །གཏོང་བ་ལ་
སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཟབ་མོའི་ཚུལ་དག་ལ་ནི་རབ་ཏུ་མོས། །དཔལ་ལྡན་འདུས་པར་དཀྱིལ་འཁོར་ཆེན་པོ་ནི། །རང་ཉིད་དབང་བསྐུར་ཕུན་སུམ་ཚོགས་ལྡན་པའི། །ཆོ་ག་རིམ་བཞིན་རྗེས་གནང་ཐོབ་པ་ཡི། །བློ་དང་ལྡན་པས་གསང་སྔགས་བསྙེན་པར་
བྱ། །ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། །འབྲས་ལྡན་ལྗོན་ཤིང་མཛེས་པས་རྣམ་བརྒྱན་པའི། །རི་བོའི་ཚང་ཚིང་གནས་སུ་བཅོམ་ལྡན་འདས། །དཔལ་ལྡན་རྡོ་རྗེ་འཛིན་པ་བསྒྲུབ་པར་བྱོས། །དང་པོར་ཐོ་རངས་སྙིང་གར་ཟླ་དབུས་སུ། །འོད་ཟེར་རབ་འཕྲོ་དྲི་མེད་ཡི་གེ་
ཧཱུྃ། །དཔལ་མཆོག་དེ་ཉིད་རྣམ་དགོང་བརྩེར་ལྡན་པའི། །ཁ་གདོང་ལ་སོགས་ཤིན་ཏུ་དག་པར་བྱ། །ཙནྡན་དྲི་ཞིམ་བྱུང་པས་ལེགས་བྱུགས་ཤིང་། །བཟང་པོའི་མེ་ཏོག་སིལ་མ་གོར་ནས་ཀྱང་། །སྟོང་ཉིད་ཡེ་ཤེས་མཆོག་གིས་ཡི་ཆར། །རིམ་གྱིས་བསྐྱེད་པ་རྫོགས་
ཚུལ་ལྡང་བ་ནི། །དེ་འོག་ཧཱུྃ་ཡྃ་རྃ་བྃ་ལྃ་བཅས་ཧཱུྃ། །རྡོ་རྗེའི་ས་གཞི་དཀྱིལ་འཁོར་ཁ་དོག་དང་། །དབྱིབས་དང་མཚན་མའི་བྱེ་བྲག་འབྱུང་པ་ནི། །ཤིན་ཏུ་གསལ་ཞིང་དག་པར་རྣམ་པར་བསམ། །ཀུན་བཟང་ལས་བྱུང་བསམ་པར་བྱ་བ་ནི། །སྟོན་ཀའི་ཟླ་བ་ལྟ་བུར་རབ་
དཀར་བ། །མཐའ་ཡས་ཕྱོགས་གནས་སྣ་ཚོགས་འོད་དང་ལྡན། །གྲུ་གསུམ་གྱེན་དུ་གནས་པའི་ངོ་བོ་ནི། །ནམ་མཁའ་རང་གི་ངོ་བོ་རང་རིག་པ། །ཆོས་ཀྱི་འབྱུང་གནས་བྷ་གའི་པདྨ་ཉིད། །དེ་ཡི་དབུས་སུ་རིག་འཛིན་དབང་པོ་དང་། །བྱིན་ཟ་གཞོན་ནུ་བདག་མོའི་རང་བཞིན་

ཅན། །སོ་སོའི་བྱེ་བྲག་གཞི་ཡི་ཁྱད་པར་བསམ། །དེ་སྟེང་རི་ཡི་རྒྱལ་པོ་ལྷུན་གྲུབ་པ། །གྲུ་བཞི་ཟུར་ལྡན་མཛེས་པའི་བ་གམ་བཅས། །རིན་ཆེན་བཞིས་སྐྱེས་ཕྱོགས་ཀྱི་འོད་ཀྱིས་ཁྱབ། །གཏེར་མཆོག་ཡོན་ཏན་རྒྱས་པའི་བདག་ཉིད་གནས། །དེ་སྟེང་པདྨ་སྣ་ཚོགས་རྡོ་རྗེས་
མཛེས། །དེ་དབུས་ཧཱུྃ་ལས་བྱུང་བའི་འཁོར་ལོ་ནི། །རྩིབས་བཅུ་གསེར་གྱི་རང་བཞིན་མུ་ཁྱུད་ལྡན། །དེར་ནི་བདག་ཉིད་དབུས་སུ་གནས་པ་ཡི། །དཔལ་ལྡན་ཞེ་སྡང་རྡོ་རྗེར་གསན་ནས་ནི། །དེ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། །གནས་པའི་ཡི་གེ་ཧཱུྃ་ལས་སྤྲོས་པ་ཡི།།
རྃ་བཅུ་ལས་ནི་ཉི་མའི་དཀྱིལ་འཁོར་དང་། །དེ་སྟེང་ཧཱུྃ་བཅུ་རབ་འཕྲོས་ཁྲོ་བོ་བཅུ། །ཞལ་ཕྱིར་གཟིགས་ནས་ཕྱོགས་བཅུའི་གདོན་ལ་ཡང་། །གཙོ་བོའི་བཀའ་བསྒོའི་དོན་དུ་ཕུར་བུ་ཡིས། །ལུས་ངག་ཡིད་ལ་བརྡབས་དང་བརྡུངས་པར་གྱུར། །འདི་ནི་བགེགས་ཀུན་འདའ་
བར་མི་ནུས་ལའི། །བསྲུང་བ་ཆེན་པོ་ཡོངས་སུ་བསྡུས་པ་ཡིན། །རྡོ་རྗེའི་ས་གཞིར་དྲ་བ་གུར་དང་ནི། །པདྨ་འཁོར་ལོ་རྡོ་རྗེའི་བླ་རེ་དང་། །ཕྱོགས་བཅུར་མེ་དོང་འབར་བ་རྒྱས་པ་ཡིན། །མེ་འོད་འབར་བས་ཀུན་ནས་འཁྲིགས་པ་གང་། །རྡོ་རྗེ་ཕུར་བུ་བཅུ་ཕྲག་གསུམ་དག་གིས།།
རྡོ་རྗེའི་ཐོ་བ་འབར་བས་བརྡུངས་པ་ཡིན། །འདི་ནི་བསྲུང་བའི་དཀྱིལ་འཁོར་ཚད་མེད་པ། །བར་ཆད་ལས་རྒྱལ་བདུད་རྣམས་འཇོམས་པ་ཡིན། །སྐད་ཅིག་དེ་ལས་རང་ཉིད་མི་དམིགས་པར། །ཡོངས་སུ་བསྡུས་ཏེ་བྷཱུྃ་ལས་བྱུང་བ་ཡི། །རྣམ་པར་སྣང་མཛད་རྒྱལ་བའི་སྐུ་ལྟ་བུ། །
ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི། །ཟེར་གྱིས་ཕྱོགས་མཚམས་མ་ལུས་ཀུན་དུ་ཁྱབ། །མི་མཉམ་བདག་མེད་དེ་ཕྱིར་ཟུར་བཞི་མཉམ། །དྲན་དང་དབང་པོ་མཆོག་བཞི་སྒོ་རྣམས་ཡིན། །བསམ་གཏན་བཞི་པོ་དག་ནི་རྟ་བབས་དང་། །ཏིང་འཛིན་ཁ་ཁྱེར་གྱིས་ནི་
ཀུན་ནས་བསྐོར། །ཁ་ཁྱེར་མདའ་ཡབ་རྟེན་པའི་མཆོད་པའི་རྟེན། །དམ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་རྣམ་སྤྲས་པ། །གང་ཕྱིར་འགྲོ་བའི་བསམ་པ་ཀུན་རྫོགས་པའི། །རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་། །དྲིལ་བུ་སྒྲ་

སྒྲོགས་ཕྱོགས་བཅུ་ཀུན་ཁྱབ་པ། །གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་དགུ། །གདུལ་བྱ་ཐམས་ཅད་ལ་ནི་བསྐྱོད་པའོ། །རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་། །མེ་ལོང་དྲ་བ་དྲ་ཕྱེད་མེ་ཏོག་གི། །ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་མཉམ་པ་
མེད། །ཡེ་ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི། །ཡན་ལག་དྲི་ནི་མེ་ཏོག་ཕུན་སུམ་ཚོགས། །ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ། །རྣམ་ཐར་བརྒྱད་པོ་རྣམ་པར་དག་པ་ཡིན། །རྡོ་རྗེའི་གདུང་དང་ཡང་དག་ལྡན་པ་ནི། །རེའུ་མིག་ཕོ་བྲང་དབུས་ཀྱི་མཚན་ཉིད་དེ། །རྡོ་རྗེ་
འདོད་ཡོན་སྣམ་བུས་ཡོངས་འཁོར་བ། །གྲུ་ཆད་རིམ་གཉིས་ལྷ་སྣམ་ནང་སྐོར་ཡངས། །པཉྩ་རེག་ཡེ་ཤེས་ལྔ་ལྡན་པའི། །རྡོ་རྗེའི་རྩིག་པ་མ་འདྲེས་གསལ་བ་ལས། །ཕྱི་ནང་མེད་པར་ཤེལ་སྒོང་དངས་པ་ལྟར། །དག་ཅིང་དྲི་མེད་ཡེ་ཤེས་ཕོ་བྲང་སྟེ། །རིན་ཆེན་ཕ་གུ་སྣ་
ཚོགས་འཕྲས་སྤྲས་ཤིང་། །དྲ་བ་དྲ་བ་ཕྱེད་པའི་དོ་ཤལ་ཅན། །རྟ་བབས་ཆོས་ཀྱི་འཁོར་ལོ་རི་དགས་བཅས། །བྱམས་སོགས་ཚད་མེད་གདུགས་ཀྱིས་ཁྱབ་པ་ཡི། །རྩེ་མོ་རིན་ཆེན་བུམ་པས་བསྡུས་པ་ཉིད། །ཐེག་མཆོག་གཅིག་ཏུ་ངེས་བར་བསྡུས་པ་སྟེ། །ཚད་མེད་མུ་
ཏིག་རྡོ་རྗེའི་ར་བ་དང་། །མེ་འོད་ཕྲེང་བ་འཁྲིགས་པའི་རང་བཞིན་ཅན། །ཆུ་སྐྱེས་གེ་སར་དུ་མའི་རྣམ་པ་ཅན། །རིགས་ཀྱི་ཡེ་ཤེས་བླ་མེད་བརྒྱན་པ་ཡི། །རྡོ་རྗེ་ཐེག་ཆོས་འཁ
Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ | Tra cứu Kinh điển | Tàng Kinh Việt