Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
ོར་ལོ་རབ་བསྐོར་བའོ། །བླ་མེད་མཐའ་ཡས་འདོད་ཡོན་རིག་མ་ཡི། །ལྷ་མོ་བཅུ་དྲུག་དག་གིས་ ཡོངས་སུ་བསྐོར། །སྟོང་ཉིད་ཤེས་རབ་རང་བཞིན་ངོ་བོ་ཡིས། །གཟུགས་སོགས་ཡུལ་རྣམས་རྣམ་དག་ཕ་རོལ་ཕྱིན། །རྗེས་སུ་དྲན་པས་མཆོད་པས་ཉེར་བརྒྱན་པ། །ཆོས་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་ཡིན། །སྣ་ཚོགས་པདྨའི་ཟེའུ་འབྲུར་ལེགས་གནས་པའི། ། ཉི་ཟླའི་མགོན་བཅས་ལྷ་ཡི་གནས་རྣམས་དང་། །རིན་ཆེན་མ་ལུས་པ་ཡིས་རྣམ་སྤྲས་པའི། །གཞལ་ཡས་ཁང་པ་དེ་ལྟར་བསམ་པར་བྱ། །དེ་ཡི་དབུས་སུ་རྡོ་རྗེ་འཛིན་པ་ནི། །དཀྱིལ་འཁོར་ལྷ་ཚོགས་འབྱུང་བ་ཐམས་ཅད་ཀྱང་། །སྐད་ཅིག་གཅིག་ལས་སྐྱེས་བའི་བདག་ཉིད་དེ། དཔལ་ལྡན་གསང་བའི་རྒྱལ་པོ་རྡོ་རྗེ་འཛིན། །རང་འོད་བཅས་པའི་རིག་མས་འཁྱུད་པ་ནི། །ཞལ་གསུམ་ཕྱག་དྲུག་དུང་དང་ཀུནྡ་ལྟར། །རིན་ཆེན་དུ་མས་སྤྲས་པའི་སྐུ་མཆོག་ཅན། །རྣམ་པར་སྣང་མཛད་ཤར་དུ་རྣམ་པར་གནས། །དཀོན་མཆོག་དཔལ་ལྷོ་འོད་དཔག་ནུབ་ཏུ་ གནས། །གདོན་མི་ཟ་བ་བྱང་གི་ཕྱོགས་སུའོ། །ཤར་ལྷོའི་གྲྭར་ནི་ལྷ་མོ་སྤྱན་མ་དང་། །ལྷོ་ནུབ་གྲྭར་ནི་མཱ་མ་ཀཱི་མཆོག་དང་། །ནུབ་བྱང་གྲྭར་ནི་ལྷ་མོ་གོས་དཀར་མོ། །བྱང་ཤར་གྲྭར་ནི་ལྷ་མོ་སྒྲོལ་མ་སྟེ། །ཤར་ལྷོའི་གཟུགས་དང་ལྷོ་ནུབ་སྒྲ་རྡོ་རྗེ། །ནུབ་བྱང་དུ་ནི་དྲི་ཡི་ལྷ་མོ་དང་། ། བྱང་ཤར་མཚམས་སུ་རོ་ཡི་ལྷ་མོ་དག །མཁས་པས་རིམ་པ་བཞིན་དུ་བསམ་པར་བྱ། །བྱམས་པའི་མགོན་པོ་ས་ཡི་སྙིང་པོ་དག །ཤར་གྱི་སྣམ་བུ་དག་ལ་ལེགས་པར་དགོད། །གསང་བ་འཛིན་དང་ནམ་མཁའི་སྙིང་པོ་ནི། །ལྷོ་ཡི་སྣམ་བུར་གནས་པའི་སེམས་དཔའོ། ། འཇིག་རྟེན་དབང་ཕྱུག་དང་ནི་འཇམ་པའི་དབྱངས། །ནུབ་ཏུ་རྣལ་འབྱོར་མཁས་པས་བསམ་པར་བྱ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། །ཀུན་དུ་བཟང་པོ་བྱང་གི་སྣམ་བུ་དགོད། །གཤིན་རྗེ་གཤེད་པོ་ཤར་སྒོར་གནས་པར་བྱ། །གཞན་གྱིས་མི་ཐུབ་ལྷོ་ཡི་སྒོ་དྲུང་ གནས། །རྟ་མགྲིན་རྒྱལ་པོ་ནུབ་ཀྱི་སྒོ་དྲུང་དགོད། །བདུད་རྩི་འཁྱིལ་བ་བྱང་སྒོར་འབྱུང་བ་སྟེ། །ཤར་ལྷོ་མཚམས་སུ་མི་གཡོ་མགོན་པོ་དང་། །འདོད་པའི་རྒྱལ་པོ་ལྷོ་ནུབ་གྲྭར་དགོད་ཅིང་། །བྱང་ཤར་དུ་ནི་དབྱུག་པ་སྔོན་པོ་ཅན། །སྟེང་ཕྱོགས་གཙུག་ཏོར་འཁོར་ལོས་སྒྱུར་བ་ སྟེ། །འོག་ཕྱོགས་གནོད་མཛེས་རྒྱལ་པོ་རྣམ་པར་བསམ། །དེ་ལྟར་རྣམ་པར་བསམས་པའི་དཀྱིལ་འཁོར་ལ། །ཐམས་ཅད་ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །རྣམ་པ་མ་ལུས་གསལ་བའི་རྒྱན་དང་ལྡན། །རིན་ཆེན་འོད་འཕྲོ་ནོར་བུའི་སྙིང་པོར་བཅས། །ཇི་བཞིན་བལྟས་ཏེ་ དེ་ཡི་གཙོ་བོ་ཡི། །ཐུགས་ཀའི་ཟླ་གནས་མཆོག་གི་ས་བོན་ལས། །འོད་ཟེར་དུ་མའི་རྣམ་པ་རབ་སྤྲོས་པས། །ཕྱོགས་བཅུའི་སངས་རྒྱས་བླ་མར་བཅས་པ་དང་། །རིག་མ་ལྷ་མོའི་མཚེད་པ་ཁྲོ་བོར་བཅས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་མ་ལུས་པ། །བར་སྣང་ཞིང་ ཁམས་རབ་ཏུ་ཁེངས་གྱུར་ལ། །སྡིག་པ་བཤགས་སོགས་མཆོད་པ་རྒྱ་མཚོ་དབུལ། །སྐྱབས་སུ་འགྲོ་ཞིང་བཟོད་པར་གསོལ་ནས་ཀྱང་། །གཤེགས་སུ་གསོལ་བ་བསོད་ནམས་ཚོགས་རབ་བསགས། །དེ་ནས་ཕྱི་དང་ནང་གི་དངོས་པོ་རྣམས། །མ་ལུས་ སྟོང་བ་ཉིད་དུ་ངས་བསམས་ཏེ། །ཐམས་ཅད་ཡེ་ཤེས་ཆོས་ཉིད་དག་པའི་ངང་། །བྲག་ཅ་ལྟ་བུའི་སྒྱུ་མའི་སྒྲས་བརྗོད་དོ། །ཨོཾ་ཨཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་པ་ཨཱ་ཏྨ་ཀོ྅་ཧཾ། ཆོས་ཉིད་ནཱ་ད་ཙམ་དུ་བསྡུས་པའི་དངོས། །དེ་ཉིད་རྟོག་མེད་སེམས་ཀྱི་སྣང་བའི་ངང་། །གསང་སྔགས་ དེ་ཉིད་སྐུར་ནི་ལྡང་པའི་ཕྱིར། །སྟོང་པ་ཙམ་དུ་གནས་པ་ཆོས་ཉིད་ལས། །རང་བྱུང་རྟ་བདུན་རྒྱལ་པོ་རྣམ་པར་བསམ། །བཅུ་དྲུག་ཆ་དང་དེ་ཚོགས་ལས་བྱུང་བའི། །ཟླ་བའི་དཀྱིལ་འཁོར་དག་གི་དབུས་ཉིད་དུ། །འོད་ཟེར་དཔག་ཏུ་མེད་པའི་ཚོགས་ལྡན་པ། །དབུས་མའི་གདན་ལ་ ཡི་གེ་གསུམ་གྱི་ནི། །ཆོ་གས་པདྨ་ཉི་མའི་ལྡན་པ་དག །དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བའི། །རྡོ་རྗེ་འབར་བ་ནོར་བུའི་སྙིང་པོ་ལྟར། །རྒྱུ་དག་མི་རྒྱུའི་དངོས་པོ་མ་ལུས་པ། །དཔག་མེད་ཐུབ་བའི་ཚོགས་རྣམས་འོད་འཕྲོ་བ། །ཕྱོགས་སྒོ་མཐའ་ཡས་ཁྱབ་པར་རབ་བསྒྲུབ་ པ། །དེ་ཉིད་ཡེ་ཤེས་ངང་ལས་རང་བྱུང་བ། །ཤིན་ཏུ་རྣམ་པར་དག་པའི་ངང་དུ་བལྟ། །ཨོཾ་དྷ་རྨ་དྷཱ་ཏུ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ། དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བའོ། །དང་པོ་མགོན་པོའི་སྙིང་པོ་བསྒོམས་ནས་ནི། །ང་རྒྱལ་དེ་ལྡན་མཐའ་ཡས་སྤྲུལ་བ་ཡིས། །འགྲོ་བའི་མཆོག་དང་ ཐུན་མོང་དོན་བྱས་ཤིང་། །ཡི་གེ་གསུམ་དང་གང་དུ་ཟླ་བར་བཅས། །དེ་ལས་འོད་འཕྲོས་རྡོ་རྗེ་སྙིང་པོར་བཅས། །ཐུབ་མཆོག་ཕྲ་རབ་བསྒྲུབ་མཚུངས་མེད་པ་ཡི། །ཀུནྡ་ཟླ་བ་ལྟར་དཀར་མདངས་ལྡན་པའི། །བཅོམ་ལྡན་དང་པོའི་མགོན་པོ་ཞེས་བྱ་བ། །གཡས་དང་གཡོན་གྱི་ཞལ་ ནི་སྔོ་དང་དམར། །ཞལ་གསུམ་ཕྱག་དྲུག་མཛེས་པའི་རྒྱན་དང་ལྡན། །སྣ་ཚོགས་རིན་ཆེན་རྒྱན་ལྡན་ཕྱག་གཉིས་ཀྱིས། །རིག་མ་འཁྱུད་ཅིང་རྡོ་རྗེ་དྲིལ་བུ་འཛིན། །འཁོར་ལོ་བར་མ་ཐ་མ་པདྨ་ནི། །གཡས་པའི་ཕྱག་གིས་བསྣམས་པར་མཛད་པའོ། །ནོར་བུ་རིན་ཆེན་རལ་གྲི་འབར་བ་ ནི། །གཡོན་པའི་ཕྱག་ན་བསྣམས་པ་ཟུང་གིས་མཛེས། །ཁམས་གསུམ་ཁོང་ནི་རྣམ་པར་བརྒྱན་པ་ཡི། །ཐུབ་པའི་སྤྲིན་ཚོགས་དུ་མ་རྣམ་པར་འགྱེད། །རྣམ་པར་ཐར་པའི་སྒོ་གསུམ་རྣམ་དག་པས། །ཐབས་དང་ཤེར་རབ་བདག་ཉིད་སྙིང་རྗེའི་མཆོག །མ་ལུས་ འགྲོ་བའི་དེ་ཉིད་གཅིག་པུ་ཉིད། །རྒྱལ་བ་སྐྱེད་བྱེད་ཉིད་ཀྱི་སྐུ་རུ་བསམ། །མཆོག་ཏུ་རྗེས་ཆགས་དཔག་མེད་ཕུན་ཚོགས་པས། །འདུལ་བའི་འཇིག་རྟེན་མ་ལུས་དམིགས་ནས་ནི། །དགའ་བའི་སྒྱུ་མའི་སྒྲས་ནི་དེ་དག་དང་། །རྒྱལ་བའི་ཚོགས་རྣམས་མ་ལུས་བཞུགས་བར་བྱ། ། དེར་ནི་སྤྱན་ལ་སོགས་པའི་ལྷ་མོ་དང་། །གཟུགས་སོགས་མ་ལུས་ཡུལ་གྱི་རང་བཞིན་དུ། །བྱུང་ནས་རིག་པ་དེ་དག་ཐམས་ཅད་ནི། །རང་གི་རིག་པའི་ནང་དུ་ཆུད་པར་བྱ། །དེ་ཡི་པདྨའི་ལྟེ་བའི་ནང་དུ་ནི། །རྣམ་སྣང་ལ་སོགས་རྒྱལ་བའི་ཚོགས་བཅུག་པས། །ཟླ་བ་ཞུ་བའི་གཟུགས་ སུ་གྱུར་པ་དང་། །དེས་ན་དེ་རྣམས་དེ་འོག་དབང་བསྐུར་བྱ། །ཕྱོགས་བཅུའི་སངས་རྒྱས་རིག་མ་སྲས་བཅས་དང་། །ལྷ་མོ་ཁྲོ་བོའི་བསྲུང་བར་བཅས་པ་དག །ཡི་གེ་གསུམ་གྱི་གཟུགས་སུ་ཐིམ་ནས་ནི། །དེ་ཉིད་ཆ་དང་བཅས་པ་ཧོ་དང་ཧ། །ནཱ་དར་བཅས་པ་འདྲེས་པ་ སེམས་ཀྱི་སྐུ། །སྙིང་གའི་ཆུ་སྐྱེས་ལ་ནི་གནས་པར་བྱ། །གང་དུ་རིག་མ་བདག་ཉིད་བཅས་པ་ཡི། །ལུས་ལ་དཀྱིལ་འཁོར་རིམ་པ་འདིར་དབྱེ་བྱ། གཤིན་རྗེ་གཤེད་དང་གཞན་གྱིས་མི་ཐུབ་དང་། །རྟ་མགྲིན་རྒྱལ་པོ་བདུད་རྩི་འཁྱིལ་བར་བཅས། །མི་གཡོ་འདོད་རྒྱལ་ དབྱུག་པ་སྔོན་པོ་ཅན། །སྟོབས་པོ་ཆེ་དག་ཕྱོགས་མཚམས་ཁྲོ་བོ་རྣམས། །གནོད་མཛེས་གཙུག་ཏོར་འཁོར་ལོས་སྒྱུར་བའི་བར། །རིམ་བཞིན་ཛཿཧཱུྃ་བཾ་ཧོ་ཧཱུྃ་དྲུག་བཅས། །ལག་གཡས་མགུལ་པ་དེ་བཞིན་གཡོན་པའི་མགུལ། །ཁ་དང་གསང་གནས་མཐའ་དང་བཅས་པ་ དང་། །དཔུང་གཡས་ཚིགས་པ་གཡོན་བཅས་དེ་དག་དང་། །པུས་མོ་གཡས་དང་གཡོན་དག་རྐང་པའི་མཐིལ། །སྤྱི་གཙུག་དག་ཏུ་ངེས་པར་དགོད་པར་བྱ། །བྱམས་པ་དང་ནི་ས་ཡི་སྙིང་པོ་དག །ཕྱག་ན་རྡོ་རྗེ་ནམ་མཁའི་སྙིང་པོ་དང་། །འཇམ་པའི་དབྱངས་དང་སྤྱན་རས་ གཟིགས་དབང་སྟེ། །སྒྲིབ་པ་རྣམ་སེལ་ཀུན་དུ་བཟང་པོ་དག །རིམ་པས་མཻ་ཐཱི་ཧཱུཾ་དང་ཨ་དང་ནི། །ཨ་དང་ཧྲཱིཿདང་ཨཱཾ་དང་སཾ་རྣམས་ནི། །རྩ་རྣམས་ལྟེ་བ་དང་ནི་མིག་དག་དང་། །རྣ་བ་སྣ་དང་ལྕེ་དང་རྣམ་ཤེས་རྟེན། །མཚན་མ་དང་ནི་ཚིག་ལ་ཁྱབ་པར་ གནས། །རབ་ཏུ་བསམ་པ་ཡི་གེ་རྣམ་དག་བསྟན། །ལཾ་མཾ་པཾ་ཏཾ་ལྷ་མོ་རིམ་བཞིན་དུ། །སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ། །སྒྲོལ་མ་རྣམས་ནི་ཁམས་བཞིའི་ངོ་བོར་བརྟག །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་རིམ་བཞིན་དུ། །སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་དང་། །གསང་གནས་ རྣམས་ལ་རིགས་ཀྱི་སངས་རྒྱས་ལྔ། །ཕུང་པོ་ལྔ་ཡི་ངོ་བོ་དག་པར་བཞུགས། །དེ་ལྟར་ཕྲ་བའི་སྒོ་ནས་ཡོངས་རྫོགས་པའི། །ལྷ་ཡི་འཁོར་ལོ་ལུས་ལ་བསྐྱེད་པ་ཡིན། །རང་ཉིད་བཅོམ་ལྡན་སྐུ་ཡི་བ་སྤུ་ལས། །འོད་འཕྲོས་རྩེ་མོ་ལས་ནི་རང་བྱུང་བ། །སྤྱན་དང་མཱ་མ་ཀཱི་ མཆོག་ན་བཟའ་དཀར། །རྒྱན་སྤྲས་རིག་མ་ཕྱོགས་སུ་རྣམ་པར་བསམ། །ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་ནི། །འདི་བཅས་ཧ་ཧོ་སྤེལ་བར་རིམ་པ་བཞིན། །པདྨའི་ནང་དུ་བཞུགས་པ་མཉམ་མེད་པ། །ཤེས་རབ་ཆགས་པས་ཞུ་བར་བྱས་པར་བསམ། །དེ་ཡི་མཐུ་ཡིས་དེ་དག་ གཉིས་ཀ་ཡང་། །ཟླ་བ་ཞུ་བར་གྱུར་པར་མཐོང་བ་དང་། །ལྷ་མོ་སྤྱན་ལ་སོགས་པ་དེ་དག་གིས། །གླུ་ཡི་སྒྲ་ཡིས་བསྐུལ་བར་གྱུར་པར་བསམ། །དེ་ལྟར་གླུ་ཡི་ང་རོ་གྱུར་པ་ན། །ཆོས་ཀུན་སྒྱུ་མ་ལྟ་བུར་ཡང་དག་རིག །སྣང་བའི་འོད་ཟེར་གྱི་ནི་དཀྱིལ་འཁོར་ཅན། །གསང་ སྔགས་རང་ཉིད་ལུས་སུ་ཡོངས་གྱུར་ནས། །དེ་ཡི་འོད་ཟེར་མ་ལུས་པ་རྣམས་ཀྱིས། །རང་ལྷ་དང་མཚུངས་སྤྲུལ་པའི་ཐུབ་དབང་པོ། །དཔག་ཏུ་མེད་པ་ཡིད་ཀྱིས་བསྡུས་པ་ལས། །དཔལ་ལྡན་འདས་པའི་གཙོ་བོ་རྡོ་རྗེ་འཛིན། །ཞལ་གསུམ་ཕྱག་དྲུག་རྒྱལ་བའི་བདག་པོ་ནི། ། ཨུཏྤལ་སྔོན་པོ་མཐོན་མཐིང་མདོག་འདྲ་ལ། །གཡས་དཀར་གཡོན་དམར་ཀུནྡ་བྱི་རུའི་མདོག །གཡས་གཡོན་དང་པོ་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཉིས་འཁོར་ལོ་ནོར་བུ་འོད་ལྡན་དང་། །གཡོན་གཉིས་པདྨ་སྡོང་བུ་རལ་གྲི་བསྣམས། །རིན་ཆེན་དབུ་རྒྱན་རྣ་ཆ་གདུ་བུ་ དང་། །དཔུང་རྒྱན་དོ་ཤལ་སྣ་ཚོགས་རྒྱན་དང་ལྡན། །ཡིད་བཞིན་ནོར་བུ་གཙུག་ཏོར་དབུས་མཚན་པ། །ལྷ་ཡི་ན་བཟའ་སྟོད་གཡོགས་ཤམ་ཐབས་བཅས། །ཉི་ཟླ་པདྨའི་དབུས་སུ་གསལ་བར་བསམ། །མ་ལུས་འོད་ཀྱི་འོད་འཕྲོ་འབར་བ་དང་། ཐུབ་པའི་དབང་པོ་སྤྲོ་བས་རྣམ་ བརྒྱན་ཅིང་། །སྐྱོབ་པ་ནམ་མཁའི་ཡོངས་ཁྱབ་ཞིང་ཁམས་ཡིན། །དངོས་རྣམས་ཐམས་ཅད་གཟུང་དང་འཛིན་པ་དང་། །བྲལ་བ་དངོས་པོ་མེད་པ་ཉིད་དུ་ཤེས། །རྣམ་བྱང་གཅིག་ཏུ་མངོན་པར་ཞེན་པ་ནི། །མེད་པར་བྱིན་གྱིས་བརླབས་པ་འདི་ཉིད་བྱ། །ཨོཾ་དྷ་རྨ་དྷཱ་ཏུ་སྦ་བྷ་བ་ ཨཱ་ཏྨ་ཀོ྅་ཧཾ། །དེ་འོག་རང་རིགས་ས་བོན་འོད་རྣམས་ཀྱིས། རང་གི་མིག་སོགས་གཏི་མུག་རྡོ་རྗེ་སོགས། །ཇི་བཞིན་བཀང་ནས་རང་སྙིང་དྲི་མེད་ཟླ་བ་ཡི། །རྡོ་རྗེ་ལྟེ་བའི་དབུས་གནས་ཧཱུྃ་ཡིག་སྟེ། །ཐུགས་ཀྱི་རྡོ་རྗེ་དེ་བཞིན་མགྲིན་པ་དང་། །མགོ་བོར་གནས་པ་པདྨ་འཁོར་ལོ་ཡི། ། ཨཱཿདང་ཨོཾ་ནི་གསུང་གི་རྡོ་རྗེ་དང་། །སྐུ་ཡི་རྡོ་རྗེ་ཉིད་དུ་བསམ་པར་བྱ། །དེ་ཡི་ཐུགས་ཀའི་འོད་ཀྱི་ཚོགས་རྣམས་དང་། །ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཀྱི། །ཀུན་ནས་རྒྱལ་བའི་དབང་པོ་མཆོད་ནས་ནི། །ཐུགས་ཀྱི་རྡོ་རྗེ་ལ་སོགས་བྱིན་གྱིས་བརླབ། །ནམ་མཁའ་ ལྟ་བུའི་ངོ་བོར་རྡོ་རྗེ་གསུམ། །མཚན་ཉིད་དག་དང་བྲལ་བར་དམིགས་ནས་ནི། །ཕྱོགས་ཚོགས་ཀུན་ན་བཞུགས་པའི་ཐུབ་པའི་ཚོགས། །སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་བསྐུལ། །ཐུབ་པ་མཆོག་གི་འོད་ཟེར་ལས་བྱུང་བའི། །རིག་པའི་ཚོགས་རྣམས་བུམ་པ་ ཕྱག་བསྣམས་ཏེ། །ཡེ་ཤེས་ཆུ་ཡིས་མངོན་པར་དབང་བསྐུར་བས། །རང་རིགས་གཙོ་བོས་ཅོད་པན་རྒྱས་བཏབ་གྱུར། །དེ་ལས་བདག་ཉིད་དམ་ཚིག་སེམས་དཔའ་ཡི། །ཐུགས་ཀར་ཟླ་བར་གནས་པའི་ཡེ་ཤེས་སེམས། །རང་འདྲ་མཚུངས་པའི་རྡོ་རྗེ་སེམས་དཔའ་ བསམ། །དེ་ཡི་ཐུགས་ཀར་གསལ་བའི་དཀྱིལ་འཁོར་ལ། །ཏིང་འཛིན་སེམས་དཔའ་རྡོ་རྗེ་ས་བོན་བཅས། །ཁྱད་པར་གསང་བ་དམ་པ་དང་པོར་གནས། །དེ་བཞིན་རང་གི་ལྷ་འདྲ་རང་སྔགས་ཀྱིས། །སྤྲུལ་པའི་རིག་མ་ཉིད་ནི་ཡང་དག་བལྟ། །སྐྱེ་མཆེད་བྱིན་གྱིས་བརླབ་ ཅིང་ཡི་གེ་གསུམ། །རྣམ་པར་དགོད་པ་ལུས་ནི་འོད་དང་ལྡན། །ལེགས་པར་བསླབས་པའི་ཕྱག་རྒྱ་དེ་ཉིད་ཀྱི། །ལུས་ལ་ལྷ་ཡི་ས་བོན་བཀོད་ནས་ནི། །མཉམ་པར་བཞག་ནས་བྱིན་གྱིས་བརླབ་པ་ཉིད། །ཡང་དག་ཡེ་ཤེས་ཕྱག་རྒྱས་རྒྱས་བཏབ་ལྡན། ། དེ་ཉིད་ཤེས་པས་སྤྱི་བ་མགྲིན་པ་དང་། །སྙིང་གའི་གནས་དང་ལྟེ་བ་གསང་བ་ལས། །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱའི་ས་བོན་རྣམས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཚོགས། །ལྔ་པོ་རྣམས་ཀྱིས་ཤིན་ཏུ་བྱིན་བརླབས་ཏེ། །འོད་ཀྱི་ཕྲེང་བ་དམ་པས་འགྲོ་ཀུན་ཁྱབ། །དེ་ ཡི་འབྱུང་བ་དག་ལ་ལྷ་མོ་བཞི། །སྤྱན་མ་ལ་སོགས་རིམ་པས་ཡང་དག་དགོད། །དེ་ཡི་གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་རེག་བྱ་རྡོ་རྗེ་འི་ངོ་བོ་ཉིད། །ཉེ་བའི་སྤྱན་སོགས་ལྷ་མོ་བཞི་དང་བཅས། །སེམས་མ་བརྒྱད་ཀྱི་རྣམ་པར་ཡོངས་སུ་བསམ། །བདེ་བ་ཆེན་པོར་སྙོམས་ པར་ཞུགས་པའོ། །རྡོ་རྗེ་རོ་ལངས་མ་དང་རྣམ་པར་རྒྱལ་བ་མ། །རྡོ་རྗེ་ཁྲོ་གཉེར་མ་དང་རལ་གཅིག་གམ། །བདེ་བར་གཤེགས་ཡུམ་རྡོ་རྗེ་མ་དང་ནི། སྣ་ཚོགས་རིན་ཆེན་སྣ་ཚོགས་པདྨར་བཅས། །སྣ་ཚོགས་ལས་མ་ནམ་མཁའི་རྡོ་རྗེ་མ། །ས་འཛིན་རྡོ་རྗེ་མ་དང་བཅས་ པ་ཡི། །རོལ་པའི་ཁྲོ་མོ་བདེ་བས་རྒྱས་པར་དགོད། །འདིར་ནི་གཉིས་སུ་མེད་པར་འདུས་བྱས་པ། །དགའ་བས་ཡོངས་སུ་རྒྱས་པའི་ཏིང་འཛིན་ཅན། །ཨོཾ་གྱིས་ཡེ་ཤེས་འོད་ཟེར་ལྡན་པར་གྱུར། །ཨཱཿཡིས་སྣ་ཚོགས་པདྨ་ལྟེ་བར་བཅས། །ཧཱུྃ་གི་རྡོ་རྗེ་ལས་བྱུང་དྲི་མེད་ པ། །ཡིད་ཚུལ་དམ་པའི་ཆུ་སྐྱེས་ལ་གནས་པའི། །ཤེས་རབ་དམ་པའི་རྒྱུ་མཐུན་ངོ་བོ་ཉིད། །ཐབས་དང་བཅས་པར་འབྱུང་བ་རང་གི་ལས། །དེ་ཡི་བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །སྔགས་ལ་དགའ་བ་ཀུན་དུ་བརྩམ་པར་བྱ། །ཨོཾ་ས་རྦ་ཏ་ཏཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་ སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གནས་པ་ཡི། །ལྷ་དང་སྔགས་དང་བཅས་ལས་བྱུང་རྣམས་ཀྱིས། །མ་ལུས་སངས་རྒྱས་སོགས་རྣམས་བཅུག་ནས་ནི། །རང་གི་སྙིང་པོ་ལས་བྱུང་མ་ལུས་པའི། །རང་གི་དཀྱིལ་འཁོར་ས་ཡི་གཟུགས་བསམ་ ལ། །ཆོ་ག་འདི་ཡིས་སེམས་ནི་བརྟན་པོར་ལྡན། །འཇིག་རྟེན་རྣམས་ལ་ཕན་ཕྱིར་ཡང་དག་དབྱུང་། །ཡེ་ཤེས་བླ་མེད་དམ་པའི་མཆོད་པ་བརྩམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་བཛྲ་སྭ་བྷཱ་པ་ཨཱ་ཏྨ་ཀོ྅ཧཾ། །པདྨའི་གནས་སུ་རིན་ཆེན་དཀྱིལ་འཁོར་པའི། །རྣམ་པ་དུ་མ་རྫོགས་ པའི་དཔལ་དང་ལྡན། །དེར་ནི་སོ་སོར་མངོན་པར་བྱང་ཆུབ་པའི། །ཡེ་ཤེས་ལས་བྱུང་རྡོ་རྗེ་མི་བསྐྱོད་པ། །བྷ་གའི་གཞལ་ཡས་ལས་ནི་རང་བྱུང་བ། །རྣམ་པ་ཡོངས་སུ་རྫོགས་པར་དབྱུང་བར་བྱ། །བཛྲ་དྷྲྀཀ་ཅེས་གསང་སྔགས་ལས་བྱུང་བ། །ཐུགས་ཀྱི་རྡོ་རྗེ་མགོན་པོ་ཐུབ་ པ་ནི། །སྐྱེ་བོའི་དོན་མཛད་དམ་པ་ཡང་དག་བསྐུལ། །མཐིང་ཤུན་གསལ་བ་ཡེ་ཤེས་རྒྱལ་པོའི་འོད། །ནོར་བུ་སྔོན་པོའི་འོད་འདྲར་ཡང་དག་འབར། །གཡས་དང་གཡོན་པའི་ཞལ་ནས་དཀར་དང་དམར། །དམ་པ་དང་པོ་ལྟ་བུའི་ཕྱག་དང་ལྡན། །དང་པོ་གཉིས་ཀྱིས་ཡུམ་ ལ་འཁྱུད་པ་དང་། །རྡོ་རྗེ་དྲིལ་བུ་འཛིན་པར་མཛད་པའོ། །བར་མ་གཉིས་ཀྱིས་འཁོར་ལོ་ནོར་བུ་དང་། །ཐ་མས་པདྨ་རལ་གྲི་ལེགས་བསྣམས་པའོ། །རིན་ཆེན་དུ་མའི་རྒྱན་རྣམས་ཡོངས་རྫོགས་པས། །ཚད་མེད་ནོར་བུ་སྣ་ཚོགས་ཀྱིས་སྤྲས་ཡིན། །དབུ་མའི་ལམ་ནས་གྱེན་དུ་ བརྒྱུད་ནས་ནི། །ཐུགས་ཀ་ནས་ནི་བྱོན་ཏེ་ལེགས་བལྟམས་ནས། །ཕྱོགས་བཅུར་གཟིགས་ཤིང་འོད་ཟེར་གྲངས་མེད་ལས། །ཞིང་ཁམས་མཐའ་ཡས་ཁྱབ་པར་ལེགས་སྤྲོ་བའི། །ཐུབ་པ་མཆོག་གིས་གདུལ་བྱའི་དོན་དུ་ནི། །སངས་རྒྱས་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར། ། སེམས་ཅན་ཚོགས་རྣམས་མ་ལུས་གོ་འཕང་བཀོད། །ཞེ་སྡང་རྡོ་རྗེའི་སྐུ་མཆོག་ཐོབ་བྱས་ཏེ། །ཁ་དོག་དཔག་ཏུ་མེད་པའི་འོད་ཚོགས་ལས། །བློ་དང་ལྡན་པས་ལེགས་བསྡུས་བདག་ཉིད་ལ། །དངོས་པོ་ཐམས་ཅད་ཀྱིས་ནི་ཞུགས་པར་བྱ། །སྐད་ཅིག་དེ་ལ་བདག་ཉིད་ ཡོངས་བསྒྱུར་ཏེ། །སླར་ཡང་བཅོམ་ལྡན་ཞེ་སྡང་རྡོ་རྗེ་ནི། །རིན་ཆེན་ཨིནྡྲ་ནཱི་ལའི་ཁ་དོག་ལྟར། །མཐིང་ནག་ཅུང་ཟད་ཁྲོས་པའི་བདག་ཉིད་ཅན། །རྡོ་རྗེ་སྐྱིལ་ཀྲུང་དག་གིས་ལེགས་བཞུགས་པའོ། །མི་འཇིགས་སེང་གེའི་ཁྲི་ལ་གནས་མཛད་ཡིན། །ཛི་ན་ཛིཀ་སྔགས་ལས་ ནི་རང་བྱུང་བའི། །རྣམ་སྣང་མཛད་ཅེས་བྱ་བ་སྐུ་རྡོ་རྗེ། །སྟོན་ཀའི་སྤྲིན་དཀར་དག་པ་ལྟ་བུའི་མདོག །ཞལ་གསུམ་ཕྱག་དྲུག་སྣ་ཚོགས་རྒྱན་གྱིས་མཛེས། །གཡས་མཐིང་གཡོན་དམར་རྩ་བསྐུ་དང་མཚུངས། །དང་པོ་གཉིས་ཀྱིས་འཁོར་ལོ་དྲིལ་ བུ་འཛིན། །རིག་མ་ཡེ་ཤེས་ལེགས་པར་འཁྱུད་པའོ། །བར་མ་གཉིས་ཀྱིས་རྡོ་རྗེ་རིན་ཆེན་དང་། །ཐ་མས་པད་དཀར་རལ་གྲི་ལེགས་བསྣམས་པའོ། །དེ་ཉིད་ཐུགས་ཀ་ནས་ནི་ཕྱུང་ནས་ནི། །མཛད་པ་སྤྱོད་དེ་གཏི་མུག་ཅན་སྦྱངས་ནས། །སྟོབས་མཆོག་གླང་ པོའི་གདན་ཁྲིའི་སྟེང་དུ་ནི། །ཤར་གྱི་པདྨ་ཟླ་བའི་དབུས་སུ་བསམ། །རཏྣ་དྷྲྀཀ་སྔགས་ལས་ནི་རང་བྱུང་བའི། །དཀོན་མཆོག་དཔལ་ཞེས་བྱ་བ་རིན་ཆེན་སྐུ། །འཛམ་བུའི་ཆུ་བོ་གསེར་གྱི་འོད་དང་མཚུངས། །ཞལ་གསུམ་ཕྱག་དྲུག་ནོར་བུའི་ཚོགས་ཀྱིས་བརྒྱན། །གཡས་ སྔོ་གཡོན་དཀར་གཞོན་ནུ་རིན་ཆེན་ཏོག །དང་པོའི་གཡས་གཡོན་ཕྱག་གིས་ལག་བསྣོལ་ཏེ། །ཡིད་བཞིན་ནོར་བུ་དྲིལ་བུ་ལེགས་པ་འཛིན། །བར་མས་འཁོར་ལོ་དང་ནི་རྡོ་རྗེ་དང་། །ཐ་མས་གསེར་གྱི་མེ་ཏོག་རལ་གྲི་འཆང་། །དེ་ཉིད་འོད་ཟེར་ཕུང་པོ་དང་བཅས་པ། ། ཕྱུང་སྟེ་གཡས་ལོགས་ངོགས་སུ་བཏོན་ནས་ཀྱང་། །མཛད་པ་སྤྱོད་དེ་ང་རྒྱལ་ཅན་དོན་བྱས། །སླར་ལོག་རྫུ་འཕྲུལ་རྟ་ཡི་ཁྲི་ལ་བཞུགས། །པདྨ་ཟླ་བའི་གདན་ལ་ལྷོར་གནས་པའོ། །ཨཱ་རོ་ལིཀ་སྔགས་ལས་ནི་རབ་བྱུང་བའི། །འོད་དཔག་མེད་པ་གསུང་གི་རྡོ་རྗེ་ནི། །པདྨ་ རཱ་ག་ལྟ་བུའི་མདངས་དང་ལྡན། །ཞལ་གསུམ་པ་ལ་ཕྱག་དྲུག་ངེས་བྱུང་བའི། །གཡས་ནག་གཡོན་དཀར་རྩ་བ་སྐུ་དང་མཚུངས། །དང་པོ་གཉིས་ཀྱིས་པདྨ་དྲིལ་བུ་དང་། །བར་པས་རྡོ་རྗེ་རིན་ཆེན་སྙེ་མ་ཅན། །ཐ་མས་འཁོར་ལོ་རལ་གྲི་འཛིན་མཛད་པ། །རིན་ཆེན་དུ་མས་ སྤྲས་པའི་བདག་ཉིད་ཆེ། །ཐུགས་ཀ་ནས་ཕྱུང་སྤྲོ་བསྡུས་འགྲོ་བའི་དོན། །འདོད་ཆགས་ཅན་གྱི་དོན་བྱས་སླར་འདུས་པས། །མཛེས་པ་རྨ་བྱའི་ཁྲི་ལ་ནུབ་ཕྱོགས་བཞུགས། །པྲཛྙཱ་དྷྲྀཀ་ཅེས་གསང་སྔགས་ལས་ཕྱུང་བ། །གདོན་མི་ཟ་བ་ཕྲིན་ལས་རྡོ་རྗེ་ནི། །རིན་ཆེན་མ་རྒད་ལྗང་ གུའི་མདོག་འཆང་བ། །ཞལ་གསུམ་ཕྱག་ཕྱག་དྲུག་སྣ་ཚོགས་ནོར་བུས་སྤྲས། །གཡས་དཀར་གཡོན་མཐིང་རྩ་བ་སྐུ་དང་མཚུངས། །དང་པོ་གཉིས་ཀྱིས་རལ་གྲི་དྲིལ་བུ་བསྣོལ། །བར་པས་སྣ་ཚོགས་རྡོ་རྗེ་པདྨ་སྔོ། །ཐ་མས་འཁོར་ལོ་ནོར་བུ་འོད་འཕྲོ་བསྣམས། །དེ་ཉིད་ཐུགས་ ཀ་ནས་ནི་ལེགས་བྱོན་ནས། །མཛད་པ་སྤྱད་དེ་ཕྲག་དོན་ཅན་དོན་བྱས། །འདབ་བཟངས་མཁའ་ལྡིང་ཁྲི་ལ་ལེགས་བཞུགས་པ། །བྱང་ཕྱོགས་པདྨ་ཉི་མའི་དབུས་བཞུགས་པའོ། །འདི་དག་དབུས་དང་ཕྱོགས་བཞིའི་ལེའུ་ཚེ་ཡི། །རྣམ་པ་དག་ལ་ལེགས་པར་རབ་ བཞུགས་པའོ། །དེ་དག་མཚམས་ཀྱི་གྲྭ་བཞིར་འབྱུང་བ་ནི། །རིགས་ཀྱི་ལྷ་མོ་བཞི་ནི་ལེགས་གནས་པའོ། །རལ་པའི་ཅོད་པན་མཛེས་དང་སྣ་ཚོགས་པའི། །རིན་ཆེན་མཆོག་གི་འོད་ཟེར་འབར་བས་བརྒྱན། །རིག་པའི་མགོན་པོ་དང་བཅས་འབྱུང་བའི་སྐུ། །ཐམས་ ཅད་པདྨ་ཉི་ཟླ་དག་གནས་བསམ། །མ་ཧཱ་ར་ཏི་ཞེས་བྱ་ལྷ་མོ་སྤྱན། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ལ་གནས་པས། །མཆོག་ཏུ་སྒེག་ཅིང་སྐུ་ཡི་རྡོ་རྗེ་འདྲ། །མེ་ཡི་ཕྱོགས་ཉིད་དུ་ནི་བསམ་པར་བྱ། །དྭེ་ཏཱ་ར་ཏི་ཞེས་བྱ་དགའ་བ་ཆེ། །ཡིད་འོང་མཆོག་སྩོལ་མཱ་མ་ཀཱི་ཞེས་པ། །ཞལ་ མཛེས་ཕྱག་རྒྱ་ཐུགས་ཀྱི་རྡོ་རྗེ་འདྲ། །རྣམ་པར་སྒེག་པ་བདེན་བྲལ་མཚུངས་སུ་བསམ། །རཱ་ག་ར་ཏི་ཞེས་བྱ་ཡུམ་མཆོག་ནི། །དྲི་མེད་རིན་ཆེན་འོད་ཀྱི་ཕྲེང་བ་ཡིས། ཕྱོགས་ཀྱི་ཚོགས་ཁེབས་རང་གི་ངོ་བོ་ནི། །རླུང་དུ་གསུང་གི་རྡོ་རྗེ་མཚུངས་པར་བསམ། །བཛྲ་ར་ཏིས་རབ་ བསྐུལ་སྒྲོལ་མ་ནི། །རྡོ་རྗེ་དགའ་མ་ཡོན་ཏན་མཐའ་ཡས་པ། །དྲི་མེད་སྐུ་ནི་དོན་ཡོད་རྡོ་རྗེ་ལྟར། །དབང་ལྡན་ཕྱོགས་སུ་ངེས་པར་བཞུགས་མཛད་པའོ། །སངས་རྒྱས་ཡུལ་གྱུར་འདི་དག་རྣམས་ཀྱི་ནི། །དང་པོ་གཡས་མཐར་ཨུཏྤལ་དཀར་པོ་དང་། །གཉིས་པའི་གཡས་ མཐར་ཨུཏྤལ་སྔོ་དང་ལྡན། །གསུམ་པའི་ཐ་མ་གཡོན་པར་ཨུཏྤལ་དམར། །གཡས་པའི་ཕྱག་གིས་འབྱེད་མཛད་བསྣོལ་མ་ཉིད། །བཞི་པའི་གཡས་མཐར་ཨུཏྤལ་དཀར་པོའོ། །གཟུགས་ཀྱི་རྡོ་རྗེ་ལྷ་མོ་སྤྱན་མཚུངས་པ། །རྩ་བའི་ཕྱག་གིས་མེ་ལོང་འཛིན་མཛད་པ།། དེ་ཉིད་མཆོད་བྱེད་ལྷ་མོ་རྒྱན་རྣམས་རྫོགས། །མེ་ཡི་གྲུ་ཆད་དག་ལ་གནས་པར་བསམ། །སྒྲ་ཡི་རྡོ་རྗེ་ལྷ་མོ་བདེན་བྲལ་དུ། །དང་པོ་གཉིས་ནི་རྒྱུད་མངས་སྦྲེང་མཛད་པ། །ཀུན་དུ་མཆོད་བྱེད་མཛེས་པའི་གར་ལྡན་པ། །མཱ་མ་ཀཱི་དང་མཚུངས་པ་དགོད་པར་བྱ། ། རྡོ་རྗེ་དྲི་ཡི་ལྷ་མོ་རླུང་ལྷའི་ཕྱོགས། །དང་པོས་ལྷ་རྫས་དྲི་མཆོག་དུང་ཕོར་འཛིན། །ཁྱད་པར་འཕགས་པའི་ཡོན་ཏན་རྒྱན་སྤྲས་པ། །ནམ་བཟའ་དཀར་མོ་དང་མཚུངས་རྣམ་པར་བསམ། །རྡོ་རྗེ་རོ་ཡི་ལྷ་མོ་སྒྲོལ་མར་མཚུངས། །རིན་ཆེན་པད་སྣོད་ལེགས་བཀང་བཏུང་བ་ འཛིན། །འདི་ཉིད་རོལ་པའི་ཡེ་ཤེས་གཟུངས་མ་ལྷ། །དབང་ལྡན་ཕྱོགས་ཀྱི་གྲྭར་ནི་ལེགས་བཞུགས་པའོ། །རེག་བྱ་རྡོ་རྗེ་ལྷ་མོ་ཡེ་ཤེས་ཡུམ། །གསང་བ་དབྱིངས་ཕྱུག་མ་ནི་དབུས་གནས་པའོ། །པདྨ་ཟླ་ཉི་དག་ལ་ལེགས་གནས་པ། །བྱམས་པའི་མགོན་པོ་སྤྲིན་དཀར་ དག་པའི་འོད། །ཀླུ་ཤིང་མེ་ཏོག་འབྲས་ལྡན་ལེགས་འཛིན་པ། །རིན་ཆེན་རྒྱན་ལྡན་རོལ་པའི་སེམས་དཔའོ། །ས་ཡི་སྙིང་པོ་དུང་དང་མཚུངས་པར་མཛེས། །འཁོར་ལོ་འཛིན་པ་དར་དཔྱངས་ཅོད་པན་ལྡན། །རྣམ་པར་འགྱིང་བག་ལྡན་པས་བཞུགས་པ་ནི། །ཤར་གྱི་ ལྷ་སྣམ་དག་ལ་སྐྱིལ་ཀྲུང་གནས། །གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ནི། །གུར་གུམ་བཟང་པོའི་མདོག་ལྟར་དམར་སེར་ལ། །ཕྱག་ན་རིན་ཆེན་རྡོ་རྗེ་འབར་བ་འཛིན། །སྣ་ཚོགས་རྒྱན་བཅས་ཀུན་ནས་འོད་འབར་བའོ། །ནམ་མཁའི་སྙིང་པོ་གསེར་གྱི་འོད་མངའ་བ། ། མ་རྒད་ཏ་ནི་ཆད་དགུ་པ་འཛིན་ཅིང་། །ལེགས་པར་གཙོ་ལ་བལྟ་བ་སེམས་དཔའ་ཆེ། །ལྷོ་ཡི་ལྷ་སྣམ་དག་ལ་དགོད་པར་བྱ། །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་ནི། །བན་དྷུ་རི་ཀའི་མེ་ཏོག་ལྟར་མཛེས་པ། །གཡོན་པའི་པདྨ་ངེས་པར་གཡས་པས་འབྱེད། །སེམས་ དཔའི་སྐྱིལ་ཀྲུང་དག་གིས་བཞུགས་པའོ། །འཇམ་པའི་དབྱངས་ནི་དམར་སེར་དངས་པ་ལ། །ཨུཏྤལ་དམར་པོ་སྡོང་པོར་བཅས་འཛིན་པ། །གཡས་པས་ཁ་འབྱེད་ཕྱག་རྒྱ་ལྡན་པ་སྟེ། །ནུབ་ཀྱི་ལྷ་སྣམ་དག་ལ་བཞུགས་པར་བསམ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བ་ནི། །མ་རྒད་ལྗང་གུའི་མདོག་དང་མཚུངས་པ་སྟེ། །ཕྱག་ན་རལ་གྲི་འབར་བ་དང་པོར་འཛིན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་པར་བསམ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ནི། །དུར་བའི་ལོ་མའི་ཁ་དོག་མཚུངས་པ་ཉིད། །སྣ་ཚོགས་རྡོ་རྗེ་འཛིན་པ་ འགྱིང་བག་ཅན། །བྱང་ཕྱོགས་ལྷ་ཁྱམས་དག་ལ་བཞུགས་པར་བསམ། །འདི་དག་སོ་སོའི་གཙོ་བོའི་སྐུ་མཚུངས་ཏེ། །ཞལ་གསུམ་ཕྱག་དྲུག་ངེས་པ་གསལ་བར་བརྗོད། །རྣམ་ཤེས་ཚོགས་བརྒྱད་རྟོག་པ་སྦྱངས་ནས་ནི། །སླར་འདུས་སོ་སོར་གསལ་བར་གྱུར་ པར་བསམ། །ཡ་མཱནྟ་ཀྲྀད་ཅེས་བྱ་གཤིན་རྗེ་གཤེད། །མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན། །དུས་མཐའི་མི་བཟད་སྦྱིན་གྱི་དཀྱིལ་འཁོར་མདོག །ཐུགས་ཀྱི་རྒྱལ་པོ་དག་དང་སྐུ་མཚུངས་པ། །དྲག་པོ་རིགས་ཀྱི་འོད་ཟེར་དཔག་མེད་འཕྲོ། ། གཤིན་རྗེ་མཐར་བྱེད་ཤིན་ཏུ་གདུག་པ་ཡི། །སྦྲུལ་གྱིས་ལུས་ཀྱི་ཡན་ལག་རྣམ་བརྒྱན་པ། །དཔལ་ལྡན་ཤར་གྱི་སྒོར་ནི་བསམ་པར་བྱ། །པྲཛྙཱ་ནྟ་ཀྲྀད་ཅེས་བྱ་བླ་མེད་འོད། །དྲག་ཅིང་ཕྱག་སོགས་སྐུ་ཡི་རྡོ་རྗེ་འདྲ། །གཞན་གྱིས་མི་ཐུབ་ཅེས་བྱ་གཏུམ་པོ་ནི། །ལྷོ་ཡི་ཕྱོགས་ཀྱི་སྒོ་རུ་ བསམ་པར་བྱ། །པདྨཱནྟ་ཀྲྀད་ཅེས་བྱ་ནུབ་ཕྱོགས་ཀྱི། །འཁོར་ལོའི་འོད་ཀྱིས་མངོན་པར་ཁེབས་བྱེད་པ། །འོད་མདངས་འཇིག་དུས་མེ་འདྲ་འཇིགས་པར་ལྡན། །ཕྱག་ལ་སོགས་པ་གསུང་གི་རྡོ་རྗེ་འདྲ། །གདུག་པ་མ་ལུས་རྣམ་གནོན་འཇིགས་པའི་ཞལ། །ཐུབ་དབང་ཧ་ཧ་ཞེས་ནི་བཞད་ པ་ཡིས། །རི་བོར་བཅས་པ་སྒྱེལ་བས་སྐྲག་མཛད་པ། །རྟ་མགྲིན་དེ་བཞིན་ནུབ་ཀྱི་ཕྱོགས་སུ་བསམ། །བིགྷ་ནཱན་ཏ་ཀྲྀད་ཅེས་བྱ་དཔའ་བོ་ནི། །དུས་མཐའི་མེ་ལྟར་དྲག་པ་བདུད་རྩི་འཁྱིལ། །འཕགས་པའི་ཞལ་ཕྱག་ཕྲིན་ལས་རྡོ་རྗེ་མཚུངས། །དེ་བཞིན་བྱང་གི་སྒོར་ནི་བསམ་ པར་བྱ། །རྡོ་རྗེ་ཐོ་བ་དབྱུག་པ་པདྨ་དང་། །རྡོ་རྗེ་གཏུན་ཤིང་ཁྱད་པར་འདི་དག་འཛིན། །ཐམས་ཅད་རིགས་ཀྱི་གཙོ་བོས་དབུ་བརྒྱན་པའི། །ཅོད་པན་ཡེ་ཤེས་རྒྱས་གདབ་བསྟན་པ་ཡིན། །འདི་དག་ཁྲོ་བོ་མངོན་པར་འབྱུང་བ་དག །གསང་སྔགས་ལས་བྱུང་ཅོད་པན་ལྷར་བཅས་པ། ། ཞལ་གསུམ་ཕྱག་དྲུག་འཇིགས་པའི་ཆ་བྱད་སྟོན། །མེ་དཔུང་ཀློང་དཀྱིལ་འབར་བར་རབ་ཏུ་བཞུགས། །མེ་ཡི་མཚམས་སུ་ཁྲོ་རྒྱལ་མི་གཡོ་བ། །ཨིནྡྲ་ནཱི་ལའི་མདོག་མཚུངས་གཙིགས་པའི་ཞལ། །གཡས་ཞི་དཀར་བ་གཡོན་དམར་བཞད་པ་ལས། །དབུས་ ངམ་མཆེ་བ་རྣམ་པར་གཙིགས་པའི་སྐུ། །དང་པོ་རལ་གྲ་སྡིགས་མཛུབ་ཞགས་པ་འཛིན། །བར་མས་འཁོར་ལོ་པདྨ་འཛིན་པ་ཉིད། །ཐམས་དགྲ་སྟ་ནོར་བུ་བསྣམས་པ་སྟེ། །པདྨ་ཉི་མར་གཡོན་བརྐྱང་ཞབས་ཀྱིས་བཞུགས། །བདེན་བྲལ་དུ་ནི་འདོད་པའི་རྒྱལ་པོ་སྟེ། །ཤིན་ ཏུ་དྲག་པོ་བཻཌཱུ་རྱ་ཡི་མདོག །དང་པོས་སྡིགས་མཛུབ་བསྣོལ་མ་མཐེའུ་ཆུང་སྦྲེལ། །རྡོ་རྗེའི་ལྕགས་ཀྱུ་ཞགས་པ་འཛིན་པ་དང་། །རལ་གྲི་ཨུཏྤལ་དམར་པོ་ཐ་མར་འཛིན། །འཇིགས་རུང་གསུས་ཆེ་པད་ཉིའི་གདན་ལ་བཞུགས། །རིགས་འཛིན་དུ་ནི་ཁྲོ་བོ་དབྱུག་སྔོན་ཅན། ། ཆར་སྤྲིན་སྔོན་པོ་ལྟ་བུའི་ཁ་དོག་འཆང་། །དང་པོས་དབྱུག་པ་སྡིགས་མཛུབ་མེ་དཔུང་འཕྲོ། །བར་མས་རལ་གྲི་ནོར་བུ་ལེགས་འཆང་བ། །ཐ་མས་འཁོར་ལོ་པདྨ་ལེགས་བསྣམས་པ། །གཏུམ་པོ་འཇིགས་པ་སེལ་མཛད་དེར་བཞུགས་ཡིན། །འབྱུང་པོ་འཇིགས་མཛད་ རྡོ་རྗེ་སྟོབས་པོ་ཆེ། །མེ་ཏོག་ཨུཏྤལ་སྔོན་པོའི་འོད་མཚུངས་པ། །དང་པོ་རྔ་ཡབ་རྡོ་རྗེ་སྡིགས་མཛུབ་དང་། །བར་པས་རལ་གྲི་ཞགས་པ་འཛིན་པའོ། །ཐ་མས་འཁོར་ལོ་ནོར་བུ་འབར་བ་སྟེ། །གདོན་འཇོམས་སྒེག་པོ་པདྨ་ཉི་མར་གནས། །སྟེང་ཕྱོགས་ཤར་སྒོའི་རྩ་ བར་འབྱུང་བ་ཡི། །ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་ནི། །མཁའ་འདྲ་སྔོ་བསངས་གཙུག་ཏོར་ཕྱག་རྒྱ་ནི། །སྤྱི་པོར་དང་པོའི་ཕྱག་གིས་བཅིངས་པ་སྟེ། །བར་མ་རྡོ་རྗེ་དང་ནི་པདྨ་འཛིན། །ཐ་མ་རལ་གྲི་སྡིགས་མཛུབ་མཛད་པའོ། །རྣམ་འཚེ་འཇོམས་མཛད་གཡོན་བརྐྱང་ གནས་པ་ཡིས། །ཚངས་གནས་དེར་ནི་པད་ཉིའི་གདན་ལ་བཞུགས། །འོག་ཕྱོགས་ནུབ་སྒོའི་རྩ་བར་བཞུགས་པ་ཡི། །རྒྱུ་དང་མི་རྒྱུ་བ་ཡི་གདུག་པའི་དུག །ཀ་ལ་ཀུ་ཊ་འཇོམས་པ་གནོད་མཛེས་ནི། །མཐིང་ཤུན་བཟང་པོའི་མདོག་དང་མཚུངས་པ་ཡི། །དང་པོས་རྡོ་རྗེ་སྡིགས་ མཛུབ་ཞགས་པ་ཅན། །བར་པས་འཁོར་ལོ་པདྨ་ཐ་མས་ཀྱང་། །རལ་གྲི་དང་ནི་ནོར་བུ་རིན་ཆེན་འཛིན། །ས་བདག་མ་ལུས་གནོད་མཛེས་རྡོ་རྗེ་བཞུགས། །ཁྲོ་བོ་བཅུ་པོ་ཀུན་གྱི་རྣམ་པ་ནི། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་དང་། །ཐུང་ཞིང་སྦོམ་ལ་ གསུས་འཕྱང་སྦྲུལ་བརྒྱད་ཀྱིས། །རབ་ཏུ་བརྒྱན་ཅིང་དབུ་སྐྲ་གྱེན་དུ་བརྫེས། །ཞལ་གསུམ་ཕྱག་དྲུག་དཔའ་བའི་ཉམས་དང་ལྡན། །སྨིན་མ་གྱེན་བསྐྱོད་ཨག་ཙོམ་གྱེན་དུ་འཁྱིལ། །སྣ་ཚོགས་ནོར་བུའི་རྒྱན་བཅས་སྟག་ཤམ་ཅན། །མཆེ་གཙིགས་ཞལ་ནི་བཞད་ཅིང་སྒྲ་སྒྲོགས་ པ། །ཧ་ཧ་ཞེས་བརྗོད་མི་བཟད་གད་རྒྱངས་མངའ། །བཀའ་བསྒོ་རྫོགས་བྱེད་མ་ལུས་བགེགས་འཇོམས་མཛད། །གཡོན་བརྐྱང་གཡས་བསྐུམ་པདྨ་ཉི་མར་གནས། །དེ་ལྟར་སུམ་ཅུ་རྩ་གཉིས་དཀྱིལ་འཁོར་བའི། །ལྷ་རྣམས་ཕྱག་རྒྱ་བཞི་ལྡན་བསྐྱེད་ནས་ནི། །སྐུ་བཞི་དབྱེར་མེད་ ཡེ་ཤེས་ངང་དུ་བལྟ། །འདི་ནི་སངས་རྒྱས་ཐམས་ཅད་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་ རྒྱུད་ལས་གསང་བ་ཆེན་པོའི་དཀྱིལ་འཁོར་རབ་ཏུ་སྟོན་པ་རྡོ་རྗེའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ། །བརྟག་པ་ལྔ་པ་དྲི་མ་མེད་པའི་ཡེ་ཤེས་བྱིན་གྱིས་བརླབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་ འདུས་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གིས་ཡང་དག་པར་གསོལ་བ་བཏབ་པ་ནི། །གསང་བ་འཛིན་ པ་མ་ལུས་པའི། །སྐུ་གསུམ་ཆོས་ཀྱི་དབྱིངས་འབྱུང་བའི། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དམ་པའི་སྙིང་པོ་མཆོག་སྩོལ་མཛོད། །ཅེས་གསོལ་བ་བཏབ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་དེ་བཞིན་གཤེགས་པའི་ཚོགས་ ཆེན་པོར་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་དང་བཅས་པ་ལ་སྣ་ཚོགས་མཆོད་པའི་སྤྲིན་ནམ་མཁའ་དང་མཉམ་པས་ཞིང་ཁམས་མ་ལུས་པ་ཀུན་ནས་ཁྱབ་པར་བྱས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྤྲིན་གྱི་རིན་པོ་ཆེ་འབར་བ་དུ་མས་བརྒྱན་པས་རྣམ་པ་མ་ འདྲེས་པའི་ཚོགས་ཀྱིས་ཀུན་ནས་སྣང་བར་གྱུར་པ་ནི་འདི་ལྟ་སྟེ། རིན་པོ་ཆེ་དུ་མ་ལས་བྱུང་བའི་གདུགས་རིན་པོ་ཆེ་དང་། བ་དན་རིན་པོ་ཆེ་དང་། རིན་པོ་ཆེའི་རྒྱལ་མཚན་དང་། ནོར་བུའི་རྒྱལ་པོ་ལས་བྱུང་བའི་ལྷའི་བླ་རེ་རིན་པོ་ཆེ་དང་། རིན་པོ་ཆེ་དུ་མའི་རྒྱུ་ལས་བྱུང་བའི་དར་འཕེན་ དུ་མའི་ཚོགས་དང་། སྣ་ཚོགས་རིན་པོ་ཆེའི་གོས་ལས་བྱུང་བའི་བ་དན་རྒྱུད་རིངས་དུ་མའི་ཚོགས་དང་། སྣ་ཚོགས་འཕྱང་བ་དང་། སྣ་ཚོགས་ཆུན་འཕྱང་བསྐྱོད་པ་ལས་དྲིལ་བུ་གཡེར་ཀའི་སྒྲ་སྒྲོགས་པའི་བ་དན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྷའི་རོལ་མོའི་ཚོགས་དུ་ མས་ཡང་དག་པར་མཆོད་པར་བྱས་སོ། །གཞལ་ཡས་ཁང་རིན་པོ་ཆེས་སྤྲས་པ་ནི་རིན་པོ་ཆེ་མུ་ཏིག་གི་དྲ་བ་དང་དྲ་བ་ཕྱེད་པས་བཻ་ཌཱུརྱའི་གཞི་ཡོངས་སུ་བཀོད་པ་དང་། རིན་པོ་ཆེ་གསེར་གྱི་ཕ་གུ་སྣ་ཚོགས་པའི་འཕྲ་དུ་མས་བཀོད་པ་ནི་ཁ་བད་ཀྱི་ཚུལ་དུ་བརྒྱན་པར་གྱུར་ཏོ། །བ་ཀུ་ ལའི་གསེར་གྱི་སྐར་ཁུང་གིས་བརྒྱན་པ་དང་། ཕྱི་རོལ་དང་ནང་དུ་ཡང་འདོད་པའི་ཡོན་ཏན་གྱི་ལྷ་མོ་རིན་པོ་ཆེ་པདྨ་རཱ་གའི་སྟེགས་བུ་ལ་འཁོད་ཅིང་ཀུན་ནས་ཡོངས་སུ་མཆོད་པར་བྱེད་དོ། །རིན་པོ་ཆེ་སྣ་ཚོགས་བཀོད་པའི་ཁ་བད་ནི་མདའ་ཡབ་ཀྱིས་མཛེས་པར་ཡོངས་སུ་བརྒྱན་པར་ གྱུར་ཏོ། །ཡོངས་སུ་མཆོད་ཅིང་རྒྱས་པར་བྱེད་པ་ཉིད་དོ། །དེ་ནས་དེ་བཞིན་གཤེགས་པ་ཞལ་བཟངས་སངས་རྒྱས་ཐམས་ཅད་ཀྱི་གླུའི་སྒྲོན་མེ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕུན་སུམ་ཚོགས་པའི་ཡེ་ཤེས་ལམ། ། མཉམ་པ་ཉིད་དུ་གནས་པ་ལ། །རྣམ་པར་ཞི་བ་མི་གནས་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤུགས་གནས་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་བདེན་པ་མཐོང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་ གསུངས་སོ། །ཡོངས་སུ་དག་པའི་སྒོ་དང་ནི། །མཐའ་དབུས་དག་པ་རྡོ་རྗེའི་དབྱིངས། །མཚུངས་པར་ལྡན་པ་དག་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྡན་པས་སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ གཟིགས་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཀྱིས་སེམས་ནི་མི་མཐོང་ཞིང་། །སངས་རྒྱས་རྣམས་ཀྱིས་དོན་དམ་ཆེ། །རྣམ་པར་གཟིགས་པ་མེད་གྱུར་ཕྱིར། །བྱང་ཆུབ་སེམས་འདི་གསུངས་པའོ། ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྲུང་བའི་དབང་པོས་སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤེས་རབ་རྣམ་པར་དག་པ་ཡི། །སྣང་བ་ཆེན་ཆེན་པོའི་ ཡེ་ཤེས་མེ། །མ་ལུས་སྟོང་ཉིད་རང་བྱུང་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་ སེམས་འདི་གསུངས་སོ། །ཆོས་རྣམས་ནམ་མཁའི་ངོ་བོ་ཉིད། །རྣམ་པར་ཤེས་བ་སྐྱེ་མེད་དེ། །སྐྱེ་བ་ཙམ་དུ་བགྱིད་མ་ལེགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་རྒྱ་མཚོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ མངོན་པར་རོལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཡེ་ཤེས་སྒྱུ་མ་ལས། །རྣམ་པའི་དྲ་བ་དག་པའི་ཕྱིར། །དཔེ་བྲལ་བདེ་བའི་ས་གཅིག་པུ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་ བཞིན་གཤེགས་པ་བདུད་རྩིའི་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལས་མ་བྱུང་བ་རྡོ་རྗེ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་རྐྱེན་ཡུལ་དག་མི་དམིགས་པས། །རྡོ་རྗེ་དག་དང་མ་དག་མེད། །སྤྲོས་མེད་ཚུལ་ནི་ རྙོག་པ་བྲལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཟིལ་གནོན་དཔེ་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔག་མེད་ཡོངས་སུ་བསྡུ་བའི་གནས། །ཟག་མེད་རྨི་ལམ་གནས་མེད་པ། །ཐམས་ཅད་བྱེད་པ་པོ་མེད་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཆོད་པར་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་བསྒྲུབས་པའི་ ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐ་སྙད་གདགས་པ་བྲལ་པའི་ཕྱིར། །དངོས་མེད་ངོ་བས་སྟོང་པས་ན། །ཡེ་ཤེས་ཙམ་ལ་དམིགས་མེད་དེ། །མངོན་པར་མིག་ནས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ དེ་བཞིན་གཤེགས་པ་མེ་ཏོག་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་གནས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དབེན་ཞིང་རྣམ་དག་དེ་བཞིན་ཉིད། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེ་ལས། །འགྱུར་བ་མེད་པའི་ངང་ ལ་བཞུགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཁམས་གསུམ་མཆོད་གནས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལུས་དང་ངག་དང་ཡིད་ཀྱི་ལས། །རྣམ་པར་ཟད་མེད་འགྱུར་བ་ལྟར།། །སངས་རྒྱས་ཡེ་ཤེས་དེ་བཞིན་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་གཅན་ཉི་མའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་འཇིགས་པ་མེད་པའི་ཚུལ་རྡོ་རྗེའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བདག་མེད་ལས་བྱུང་བའི། །དམ་ཆོས་སེང་གེའི་སྒྲ་སྒྲོགས་པས། འཛིན་པའི་རྟོག་པ་དེངས་པར་བྱེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ ལྷ་ཡིས་མཆོད་པས་སངས་རྒྱས་ཐམས་ཅད་ཀྱི་མི་འགྱུར་བའི་གདན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་རྡོ་རྗེའི་རླུང་གིས་ནི། །རིན་མེད་དབང་ཆེན་རྡུལ་ཕྲན་དག །རྡོ་རྗེ་ཡེ་ཤེས་འགྱུར་མེད་པས། །བྱང་ ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐར་པའི་རྒྱལ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་དབྱངས་ཀུན་ནས་སྣང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདེན་པར་སྨྲ་པའི་ གསུང་གིས་ནི། །ཐོགས་མེད་རྡོ་རྗེ་དབྱངས་གཅིག་གིས། །སྟོང་གསུམ་ཀུན་དུ་སྒྲོག་པར་བྱེད། །བྱང་ཆུབ་ཐབས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགེ་བའི་ཚུལ་གཙུག་གིས་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཐོབ་པར་སྟོན་པ་རྡོ་རྗེ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མོས་པས་འཇུག་པའི་སེམས་ཅན་ལ། །མི་རྟག་སྡུག་བསྔལ་སྟོང་བཞི་བ་དང་། །བདག་མེད་ཡེ་ཤེས་སྟོང་ཉིད་སྟོན་བར་བྱེད། །འདི་ནི་ཡེ་ཤེས་དག་པའི་ཚུལ་བསྟན་པའོ། ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདུད་རྩི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་མཉམ་པའི་སྐུའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མངོན་པར་བསྒྲུབ་པ་འཕགས་པའི་ཆོས། །དེ་ཉིད་མཚན་མ་རྟོག་བྲལ་ བ། །སྤོང་བ་མེད་ཅིང་ལྷུན་གྱིས་གྲུབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་ཐུབ་པའི་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱག་ རྒྱ་ཆེན་པོ་མཆོག་ཆེན་པོ། །དུས་གསུམ་མི་མཉམ་ཆོས་ཀྱི་སྐུ། །དོན་དམ་རབ་ཏུ་མི་གནས་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་བརྟན་པ་བཟང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་སྒྱུ་མའི་རྣམ་པར་སྟོན་པ་ རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྒྱུ་མ་དོན་དམ་པར་མི་གནས། །སྒྱུ་མའི་ཚོགས་གཉིས་འབད་མེད་པས། །དེ་ཉིད་ངང་དུ་ཐོབ་ཅིང་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་ གཤེགས་པ་རིན་ཆེན་ཕུང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བརྗོད་དུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་བཞིན་རྟོག་པ་དག་པའི་དང་། །དེ་ཉིད་སྤང་བླང་ལས་གྲོལ་ཕྱིར། །འོད་གསལ་ངང་དུ་སྨྲར་མེད་དོན།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་རྒྱན་མངོན་པར་བསྟན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྐོག་གྱུར་གནས་པའི་ རྟེན་དག་ཅིང་། །ཚད་མེད་བཞི་ལས་འཚར་བ་གང་། །དེ་བཞིན་གཤེགས་པས་ཡོངས་སུ་མཁྱེན། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པས་གསུངས་པ་ཡི། །སྙིང་པོ་མངོན་པར་བྱང་ཆུབ་པ། །སྟོང་ཉིད་ཡེ་ཤེས་ནམ་མཁའ་ ལྟར། །ཆོས་སྐུ་རང་བྱུང་མཉམ་པ་ཉིད། །འགོག་པ་མེད་ཕྱིར་སྣང་བ་པོ། །འོད་གསལ་སྙིས་པོ་འབྲས་འབྱུང་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་གསང་བ་འདུས་བ་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་གཉིས་སུ་ མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དབྱིངས་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་དོན་གྱི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཉི་མ་ལྟར་གཤེགས་པ་ཐམས་ཅད་ཀྱི་ལུས་དྲན་པ་ཉེ་བར་གཞག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལུས་ཀྱིས་ལུས་ཀྱི་རྗེས་ལྟ་ཞིང་། །དེ་ཉིད་རང་བཞིན་མེད་པར་ཡང་། །ཆ་ཤས་མེད་པའི་རྣམ་པ་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དག་པའི་འོད་ ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཚོར་བ་དྲན་པ་ཉེ་བར་གཞག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བདེ་སྡུག་བཏང་སྙོམས་ཀྱི། །ཚོར་བར་རང་བཞིན་མེད་པར་ནི། །དག་པ་རྐྱེན་བྲལ་ཆོས་ཉིད་དེ། །བྱང་ཆུབ་ཚུལ་ འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་གཙུག་ཏོར་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་དྲན་པ་ཉེ་བར་གཞག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡུལ་དང་ཡུལ་ཅན་མི་ དམིགས་ཤིང་། །འདུ་ཤེས་འདུ་བྱེད་རྣམ་དག་པ། །རང་ལས་བྱུང་བའི་གནས་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་རྫོགས་པས་སངས་རྒྱས་ཐམས་ཅད་ཀྱི་སེམས་དྲན་བ་ཉེ་བར་གཞག་པ་རྡོ་རྗེ་ཞེས་ བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཟབ་ཅིང་ཕྲ་བ་རྟག་མེད་པ། །རྟེན་བྱེད་རྣམ་ཤེས་ས་བོན་ཚུལ། །རྟོགས་པ་མེད་པར་གནས་པ་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་ པ་སེང་གེའི་སྙོམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་དག་ལ་མ་ལ་ངེས་པར་ཞུགས་པ་ཡི། །བླ་ན་མེད་པའི་བདུན་པ་མི་ཕྱེད་པས། །གོང་དུ་བགྲོད་ བར་བྱེད་པའི་མཆོག་འདི་ནི། །ཚོགས་པ་འདི་ནི་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྱེན་དུ་འཕགས་པས་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། །དཀར་པོའི་ཕྱོགས་རྒྱུན་རབ་འཕེལ་ཞིང་། །དགེ་བའི་རྩ་བ་མི་ཟད་པ། །ཡང་དག་ཡེ་ཤེས་རྩོམ་པའི་ཚུལ། །བྱང་ཆུབ་དག་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་བྱིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་ རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུན་ཆད་མེད་པའི་བསམ་གཏན་གནས། །ཡེངས་མེད་ཚུལ་ལ་གནས་གྱུར་ཅིང་། །བདེན་དོན་སྤྱོད་པ་རྣམ་པར་འཛིན། །རྣམ་པར་སད་ བྱེད་རྟེན་གྱུར་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། དེ་ནས་དེ་བཞིན་གཤེགས་པ་འོད་དགྱེས་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁྱད་ པར་གྱིས་ནི་བསམ་གཏན་ལ། །སེམས་ནི་ཡེ་ཤེས་ངང་གྱུར་པས། །མཚན་མས་སྟོང་པའི་རིགས་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དགེ་བའི་བག་ལ་ཉལ་གྱུར་པ། །རྣམ་པར་སད་བྱེད་རྟེན་གྱུར་པས། །བདག་ཉིད་ཐར་པ་ཐོབ་པའི་ཆོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་ གཤེགས་པ་ཡེ་ཤེས་དགྱེས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་ཆོས་སྐྱེས་པ་རྣམ་པར་དག་པར་བསྲུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་ངེས་པར་གནས་པ་ཡི། །དག་པའི་དགེ་བ་ཕྱོགས་མེད་པ། ། བརྟན་ཞིང་ཕྱིར་མི་ལྡོག་པར་ནི། །གནས་པ་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བཀོད་པ་མཛེས་པས་སངས་རྒྱས་ཐམས་ཅད་ཀྱི་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། །སྡིག་ཏོར་གྱུར་པའི་ཕུང་པོ་དག །ལོག་པའི་ལས་རྣམས་ངེས་སྤོང་བ། །ཚུལ་ཁྲིམས་ངོ་བོ་བསྟན་པའི་མཐུ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཏི་མུག་མེད་པར་གཤེགས་པས་སངས་རྒྱས་ ཐམས་ཅད་ཀྱི་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་དག་དངོས་པོ་མི་དམིགས་པས། །ཡོངས་སུ་དག་པས་རྩ་བ་བྲལ། །ལྡོག་པ་མེད་པའི་ཚུལ་གནས་པས། །བྱང་ཆུབ་ ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བླ་ན་མེད་པས་སངས་རྒྱས་ཐམས་ཅད་ཀྱི་དད་པའི་དབང་པོ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་དག་འབྲས་བུས་བསྡུས་པ་ཡི། ། དངོས་པོ་ཞིང་དག་རྣམ་དག་པས། །ཕྲ་རབ་བརྟེན་པ་འདོད་པ་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་དབང་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ ཆུབ་ཀྱི་སེམས་འདི་གསུངས་སོ། །དགེ་བ་དང་ནི་ལྷག་པར་སྤྲོ་བའི་ཆོས། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་སྟེ། །སྒྱུ་མའི་ཡེ་ཤེས་འདིས་ནི་སྤྲོ་བ་གང་། །བྱང་ཆུབ་ཚུལ་འདི་ངེས་པར་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདེ་བར་དེ་བར་དགོངས་པས་ སངས་རྒྱས་ཐམས་ཅད་ཀྱི་དྲན་པའི་དབང་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་བརྗེད་གཟུངས་སུ་གྱུར་པ་ནི། །བདེ་བ་བསྟན་པའི་ངང་འབྱུང་བ། །ལྟུང་བ་བག་མེད་གནས་སྤོང་བས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་ གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དབང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་པར་བཞག་དང་རྗེས་ཐོབ་ལ། །སྒྱུ་མ་ཁམས་གསུམ་ ལམ་སྣང་བ། །དབེན་པས་དེ་ཉིད་ཐོབ་པས་སོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོ་ག་མཁྱེན་པས་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་དབང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། །འཁོར་དང་མྱ་ངན་འདས་པ་ཡི། །སྤྱི་དང་རང་གི་མཚན་ཉིད་རྣམས། །ངོ་བོ་ཉིད་དག་རབ་སྟོན་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དག་པའི་རྒྱ་མཚོས་སངས་རྒྱས་ཐམས་ ཅད་ཀྱི་རྣམ་པར་གྲོལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་དབེན་དོན་ཀུན་ཤེས་པས། །བསམ་གཏན་བདེ་ལ་མ་ཞེན་ཅིང་། །ཁྱད་པར་བྱང་ཆུབ་སེམས་དཔའ་ཆོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་མངའ་བས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་དགྱེས་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དང་དུ་བླང་བ་རློམ་སེམས་མེད། །གང་དུ་ཆོས་དབྱིངས་ ངང་འཇུག་པ། །གཅིག་དང་དུ་མར་དམིགས་པས་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྟོགས་པ་མི་མངའ་བས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་གཉིས་སུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྲལ་བ་མེད་ཅིང་མི་ཤིགས་པ། །འཁྲུག་མེད་བྱེ་བྲག་མ་སྦངས་ནས། །འདྲེན་པ་ཆོས་ཀྱི་གཏེར་གྱུར་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །འདི་ནི་གཞལ་ཡས་ཁང་མིན་ཡུལ་ནི་དབང་པོ་མིན་ཅིང་འབྱུང་ སོགས་མིན། །གཟུགས་ལ་སོགས་པ་མ་ཡིན་སྲོག་གནས་མིན་ཞིང་མིར་གྱུར་འདི་ནི་རྒྱལ་བ་སྟེ། །འཁོར་ལོའི་གཙོ་ཡི་ཆོས་ཉིད་ཡིན་ཏེ་དེས་ནི་དཀྱིལ་འཁོར་དུ་མར་སྤྲུལ། །ཁམས་གསུམ་འདི་ན་སྣ་ཚོགས་འཁོར་ལོར་ཤེས་ན་སེམས་ནི་ཅི་སྟེ་འཁྲུལ་བར་བྱེད། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་རིགས་ཀྱི་དཀྱིལ་འཁོར་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་འདུན་པའོ།། །།དེ་ནས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་སྐྱེ་བོ་དགའ་བར་མཛད་པས་སངས་རྒྱས་ཐམས་ཅད་ཀྱི་དང་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཞན་རྐྱེན་ན་བས་མི་རྫི་བའི། །ཡེ་ཤེས་མངོན་པར་འཕེལ་བས་ན། །མཆོག་ཏུ་རྟེན་ འབྲེལ་ཡིད་ཆེས་ཡིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྨ་བྱའི་ང་རོས་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སེམས་ བསྐྱེད་གཞན་དོན་དུ། །དགེ་བའི་རྩ་བ་བསྐྲུན་པ་ལས། །ལེ་ལོ་རྣམ་པར་སྤངས་པ་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མ་ཞུམ་པས་སངས་རྒྱས་ཐམས་ཅད་ཀྱི་དྲན་པོའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་སྤྲོ་བ་ཚད་མེད་པ། །རྒྱུན་དུ་ཆོས་རྒྱུན་གཟུངས་ཐོབ་པས། །རྟག་ཏུ་དགེ་བས་དུས་མཐའ་གང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྲེད་པའི་དྲི་མ་ སྤངས་པས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་གཡེངས་པའི་དྲི་མ་བྲལ། །འཁྲིག་པ་བྲལ་བའི་བདེ་བ་རྒྱས། །གཞན་དུ་དགའ་བ་ཚད་མེད་པས། །དེ་ ཉིད་གསང་བའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤྱོད་པའི་ལམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཤེས་རབ་འཆལ་ སྤངས་ནས། །རབ་ཏུ་བྱེད་པ་ཐོགས་མེད་པ། །སྟོང་ཉིད་ཡེ་ཤེས་ཐུགས་རྗེའི་བདག །བྱང་ཆུབ་སེམས་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷ་ཐམས་ཅད་ཀྱིས་སྙན་པར་བསྒྲགས་པས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡང་དག་ པ་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པ་ཀུན་ཏུ་ཁྱབ་པ་ཡི། །རང་རིག་ཡེ་ཤེས་འདུ་འབྲལ་མེད། །ཁྱད་པར་མངོན་པར་རྟོགས་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱིན་ཅི་མ་ལོག་ཁྱད་པར་ལ། །རང་ གི་ལུས་དང་ལོངས་སྤྱོད་ཚོགས། །སེམས་ཅན་ཀུན་ལ་སྟེར་བས་ན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་པདྨས་སངས་རྒྱས་ཐམས་ཅད་ཀྱི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྐོག་ཏུ་གྱུར་པ་ལས་འདས་ཤིང་། །གཞོན་ནུའི་བདེ་བ་རྟོག་བྲལ་བས། །ཟག་མེད་བདེ་བས་རྒྱས་གྱུར་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ དཔལ་རྡོ་རྗེ་འཛིན་པས་སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཉམས་པ་མེད་ཅིང་འཕེལ་བའི་ཆོས། །བདེ་བ་དང་ནི་དགྱེས་སྤྱོད་པ། །ལྔང་བ་དང་ ཡང་ཟོ་བདོག་བདེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་ལས་རྣམ་པར་རྒྱལ་བས་སངས་རྒྱས་ཐམས་ཅད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ ཀྱི་སེམས་འདི་གསུངས་སོ། །རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་པའི། །སྤྱི་དང་རང་གི་མཚན་ཉིད་ལས། །ཆོས་ཀུན་རྣམ་པར་འབྱེད་པ་ཡི། །རབ་ཏུ་མི་གནས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འབྱོར་ལྡན་གྲགས་པས་སངས་ རྒྱས་ཐམས་ཅད་ཀྱི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྣོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་གོ་ཆ་དང་ལྡན་ཞིང་། །གོང་ནས་གོང་དུ་འཕེལ་བྱེད་པ། །དེ་ཉིད་འཕེལ་བར་གྱུར་པ་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་བཟང་པོས་སངས་རྒྱས་ཐམས་ཅད་ཀྱི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཁའ་དང་མཉམ་པའི་སེམས་ཅན་ ལ། ཕྱོགས་རིས་མེད་པར་ཁྱབ་པ་ཡི། །གཉིས་མེད་མཉམ་པར་གནས་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱིན་ཅི་མ་ལོག་ཡེ་ཤེས་ནི། །མངོན་སུམ་དག་པའི་ངོ་བོར་གྱུར། །ལྷག་པའི་སྡོམ་འཕེལ་འགྱུར་བ་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ང་རོས་སངས་ རྒྱས་ཐམས་ཅད་ཀྱི་ཡང་དག་པའི་རྟོག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་དཔའ་རྟོགས་པས་མི་ཕྱེད་པས། །ཀུན་སློང་ངན་པ་རྣམ་རྟོག་སྟེ། །བྱང་ཆུབ་སེམས་ཀྱི་རྗེས་འགྲོ་བས། །བསྒོམ་པར་བྱ་བའི་ཚུལ་འདི་ བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ལྟར་ཤར་བས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ངག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་འདྲེས་དྲི་མ་མེད་བ་ཡི། །རང་གི་ཡེ་ཤེས་དེར་ སྟོན་མཛད། །རྣམ་པར་དག་པས་ཚུལ་བསྟན་པ། །བྱང་ཆུབ་དེ་ཉིད་བཤད་པ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཛིན་པའི་མཆོག་གིས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ལས་ཀྱི་མཐའ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ ཆུབ་ཀྱི་སེམས་འདི་གསུངས་སོ། །བདག་ཉིད་བྱང་ཆུབ་ཆེན་པོ་རུ། །རིང་བའི་ཆོས་དག་མངོན་གྱུར་པས། །ཕྱིར་མི་ལྡོག་པའི་སེམས་ཐོབ་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་གཡོ་ བས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་བའི་འཚོ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལུས་ངག་ཡིད་གསུམ་གཞན་དོན་དུ། །ངེས་པར་སྔོ་བ་བླ་ན་མེད། །ཡང་དག་དོན་ལ་རྒྱུན་སྤྱོད་པའི། །བྱང་ཆུབ་ཚུལ་ འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཕན་པ་དང་ལྡན་པར་གཤེགས་པས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་རྩོལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤིན་ཏུ་ངེས་པར་གཞན་གྱི་ དོན། །དངོས་དང་བརྒྱུད་པས་མཛད་པ་པོ། །རོ་མཉམ་ཡེ་ཤེས་རོལ་པ་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་དྲན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐུགས་རྗེས་ཁྱད་པར་ཡུལ་གྱུར་པ། །བདེ་བ་ཉམས་པ་མེད་པ་དང་། །བསྟན་པ་སྙིང་པོ་འདྲེན་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་ པོས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེའི་མཆོག་ཏུ་དགའ་བའི་ཏིང་ངེ་འཛིན་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྲ་རགས་རྟོག་པ་མ་ལུས་པ། །ཆོས་ཀྱི་དབྱིངས་སུ་ནུབ་ནས་ནི། །ཟུང་འཇུག་ཆོས་སྤྱོད་དང་གནས་པས། ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་ཡེ་ཤེས་ཀྱི་སྣང་བ་མི་ཟད་པས་དུས་གསུམ་དུ་རྒྱུན་མི་འཆད་ཅིང་ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་ མེད་པའི་གནས་ཀྱི་དབང་ཕྱུག་དམ་པས་སྟོན་པར་བྱེད་དོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགྱེས་པའི་མཆོག་སྩོལ་བས་དྲི་མ་མེད་པར་སྤྱོད་ལ། འཕགས་པ་ཐམས་ཅད་ལ་མཆོད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་བའི་ལམ་མཚུངས་པ་མེད་ པར་ཚད་མེད་པའི་འོད་ཟེར་དུ་མས་སྣང་བ་དང་ཡོངས་སུ་དག་པར་བྱེད་པ་ཉིད་དེ། འདིར་གསང་པ་ཆེན་པོའི་ཚུལ་ལ་ཕྱིན་ཅི་མ་ལོག་ས་གནས་ཤིང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལས་ངེས་པར་ཐོབ་པ་སྟོན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྟོན་པ་ཡིན། བླ་མ་ཡིན། བཀུར་ གནས་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཡེ་ཤེས་མི་ཟད་པའི་གཏེར་ཡིན། །མཚུངས་པ་མེད་པའི་རྒྱ་མཚོ་ཡིན། །ཡོན་ཏན་དྲི་མ་མེད་པའི་གླིང་ཡིན། །གཟི་བརྗིད་མི་ཟད་པའི་ཉི་མ་ཡིན། །རིན་ཆེན་དུ་མའི་རྒྱལ་མཚན་ཡིན། །མི་ཤེས་པའི་རབ་ རིབ་སེལ་བའི་ཟླ་བ་ཡིན། །མུན་པ་ལ་གནས་པའི་སྒྲོན་མེ་ལྟ་བུ་ཡིན། །ནད་ཐམས་ཅད་ཞི་བར་ནུས་པའི་སྨན་པའི་རྒྱལ་པོ་ཆེན་པོ་ཡིན། །སྲིད་པ་ལས་སྒྲོལ་བར་བྱེད་པའི་གྲུ་ཆེན་པོ་ཡིན། དགོས་འདོད་དུ་མའི་གཞི་རིན་པོ་ཆེ་བསམ་འཕེལ་ཡིན། ཕུན་སུམ་ཚོགས་པ་དུ་ མའི་ལྗོན་ཤིང་ཆེན་པོ་ཚད་མེད་པས་སྐྱོབ་པ་ཉིད་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་རྒྱུད་རྒྱས་པར་བྱེད་པའི་བླ་མ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་ཐ་དད་མེད་ཅིང་དབྱེར་མེད་པ་ཉིད་དོ། །འདིས་ནི་རིམ་པ་ངེས་པར་སྟོན་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ལམ་མ་ལུས་པ་རྫོགས་པར་བྱེད་པ་ འདི་ཉིད་དེ་དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། སྲབས་པའི་ས་དང་། མཐོང་བའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། བསྲུང་བའི་ས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། ། མོས་པར་སྤྱོད་པ་དང་། འཇུག་པའི་སྒོ་ལ་སྤྱོད་པ་དང་། ལམ་གནས་པ་ལ་སྤྱོད་པ་རྫོགས་པར་བྱེད་དོ། །རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་འཕྲོ་བ་དང་། འོད་བྱེད་པ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་བ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གྱི་བར་དུ་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །དཔེ་མེད་པའི་ས་དང་། ཡེ་ཤེས་ཆེན་པོའི་ས་དང་། དཔལ་རྡོ་རྗེ་འཛིན་པའི་བར་དུ་མ་ལུས་པའི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དེ། མངོན་ པར་འབྱུང་བ་རོལ་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་སྟོན་པ་ཉིད་དོ། །དེ་ཕྱིར་ཀུན་ནས་ཀུན་དུ་ངེས་པར་བླ་མ་ལ་མཆོད་ཅིང་བརྟེན་པར་བྱ་བ་ལ་འབད་པ་ཉིད་དོ། །འདི་དག་གིས་ཀྱང་ལུས་གཅིག་གིས་ཡེ་ཤེས་དུ་མ་ཡོངས་སུ་སྡུད་པར་བྱེད་པའི་ཕྱིར་ཚེ་ གཅིག་གིས་མངོན་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་བ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་བ་བླ་ན་མེད་པའི་ལམ་ ཡོངས་སུ་རྫོགས་པར་སྟོན་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དབྱངས་ཀྱིས་བསྐུལ་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེའི་མཛོད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ སོ། །གསུང་བ་འཛིན་པ་མ་ལུས་པ། །ཡེ་ཤེས་ཆུ་དང་འོ་མ་བཞིན། །སྔ་ཕྱི་གཅིག་ཏུ་འདྲེས་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཽ་ཏ་མ་ཡེ་ཤེས་མངོན་པར་རོལ་པས་སངས་རྒྱས་ཐམས་ཅད་ཀྱི་ རྡོ་རྗེའི་སྤྲིན་གྱི་འོད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་འབྱུང་བའི་ཡེ་ཤེས་ཀྱིས། །སྐུ་ཡི་རྡོ་རྗེའི་རོལ་པ་གང་། །མ་སྐྱེས་དེ་བཞིན་ཉིད་སྦྱོར་བས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ དེ་བཞིན་གཤེགས་པ་མདངས་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་ཆུ་བོ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྗོད་པ་ཐ་སྙད་བྲལ་བ་ཡི། །གསུང་གི་རྡོ་རྗེའི་དབང་ཕྱུག་གང་། །སྐྱེ་མེད་ངོ་བོ་ ཉིད་སྟོན་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གནས་པའི་རང་བཞིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་ལོག་ལྟའི་རི་བོ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་རྟོག་ལས་གྲོལ་བ་ཡི། །ཡེ་ཤེས་ཕུང་པོའི་རང་བཞིན་ཅན། །མཉམ་ཉིད་བྱང་ཆུབ་མི་ཕྱེད་པས། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་བཟང་པོས་སངས་རྒྱས་ ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ཀུན་དུ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཟབ་མོའི་གནས་ལ་བསམ་གཏན་གང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཤིན་ཏུ་དགྱེས་པར་སྤྱོད་པ་ནི། །བྱང་ཆུབ་ཚུལ་ འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་མེ་ཏོག་གིས་སངས་རྒྱས་ཐམས་ཅད་ཀྱི་འབྱུང་བར་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གནས་ལུགས་དེ་བཞིན་ཉིད་སྟོང་པས། །རྒྱུ་དང་ རྐྱེན་ལས་རྣམ་གྲོལ་ཉིད། །མ་འགགས་ཐ་སྙད་རྙོག་བ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བཀྲ་ཤིས་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་ཡེ་ཤེས་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟོགས་པར་བྱ་བའི་དོན་དམ་ནི། །རྟེན་འབྲེལ་མཚན་ཉིད་སྟོན་པ་ལས། །སྟོང་ཉིད་ཡེ་ཤེས་ཆོས་ཀྱི་སྐུ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེས་པ་ལེགས་སྟོབས་ཀྱིས་ སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་རབ་ཏུ་ཞི་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དམིགས་སུ་མེད་པའི་དོན་དམ་ནི། །བསམ་པ་ཤེས་བརྗོད་ཡུལ་འདས་པ། །དམིགས་པ་ཀུན་ལས་འདས་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་ པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་གཟི་བརྗིད་ཀྱིས། སངས་རྒྱས་ཐམས་ཅད་ཀྱི་འཛམ་བུའི་ཆུ་བོའི་འོད་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་སྲིད་པའི་ བརྟན་པ་དང་། །གཡོ་བའི་སྣ་ཚོགས་གང་འབྱུང་བ། །དཔག་མེད་འདི་ཡིས་གནོན་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྟོབས་ཀྱི་རྩལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་བསྐལ་བ་འཁོར་བའི་མུན་པ་སེལ་བྱེད་རྡོ་རྗེའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདག་དང་བདག་གིར་འཛིན་པ་ཡི། །བློ་ཡི་མུན་པ་མ་ལུས་པ། །ཡེ་ཤེས་སྣང་བས་འཇོམས་པར་མཛད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགེ་ བའི་སྒྲོན་མེས་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བའི་དོན་མཛད་སྒྲོན་མེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འོད་གསལ་ཤེས་རབ་མེད་འབར་བས། །ཉོན་མོངས་མ་ལུས་ཁྱོད་ཀྱིས་བསྲེགས། །ཟག་བའི་དྲི་མ་སེལ་མཛད་པ། ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་སྟོན་པས་སངས་རྒྱས་ཐམས་ཅད་ཀྱི་ཐོགས་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདུད་སྡེ་ཤིན་ཏུ་མི་ཟད་པ། །ཐམས་ཅད་འདུལ་ མཛད་དཔའ་པོ་ཆེ། །སྟོབས་ཆེན་འཇིག་རྟེན་གསུམ་ལས་རྒྱལ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷ་སྒྲ་ཐུབ་པས་སངས་རྒྱས་ཐམས་ཅད་ཀྱི་གདུལ་དཀའ་མ་ལུས་པ་འདུལ་བར་མཛད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ མཆོག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བྱམས་པའི་ཏིང་འཛིན་གྱིས། །སྙིང་རྗེའི་ཡུལ་གྱུར་གཟིགས་ནས་ནི། །ཕ་རོལ་རྟོག་པ་རྩད་གཅོད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་ བཞིན་གཤེགས་པ་རབ་ཏུ་ཞི་བས་སངས་རྒྱས་ཐམས་ཅད་ཀྱི་ལྷག་པར་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཚུངས་མེད་སྟོན་པ་གཅིག་པ་དང་། །དུ་མ་ལས་ནི་ཡོངས་གྲོལ་ཞིང་། །ཀུན་རྫོབ་ཐ་སྙད་ཟད་བྱེད་པ། །བྱང་ ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཉི་མའི་ཞལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་དག་པའི་ཀློང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་ནས་སངས་རྒྱས་མ་ལུས་པའི། ། བསྟན་པ་གཞན་དོན་ཕྱིར་འབྱུང་བ། །ཐུབ་པ་བརྡལ་བ་ཆེན་པོར་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐར་པ་ཐར་པའི་བརྟུལ་ཞུགས་ཀུན་ནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ ཀྱི་སེམས་འདི་གསུངས་སོ། །བཅུ་གཉིས་སྤྱོད་པའི་ཚུལ་གྱིས་ནི། །ཡོན་ཏན་སྡུད་པའི་ཚུལ་འཆང་བ། །དམིགས་མེད་ཀུན་རྫོབ་དག་པ་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དྲི་མེད་འོད་ཀྱིས་སངས་རྒྱས་ཐམས་ ཅད་ཀྱི་ཞལ་བཟངས་རྒྱས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་ནས་ཞལ་གྱི་སྣང་བའི་སྒོ། །དཔག་མེད་ཞལ་དང་ཕྱག་རྒྱ་དག །དུ་མར་སྣང་བའི་སྟོན་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་ བཞིན་གཤེགས་པ་བརྟུལ་ཞུགས་གནས་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས་ཚུལ་ཟབ་པར་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །དྲང་སྲོང་སྤྱོད་པ་གཙང་མའི་གནས། །རི་སུལ་གནས་ལ་བརྟེན་པ་ཡི། །ཆོག་ཤེས་བག་ཡོད་སྙེངས་བྲལ་ པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡུལ་མེད་པས་སངས་རྒྱས་ཀྱི་སྣང་མེད་འོད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཞི་བ་སྤྲོས་བྲལ་མཁའ་ལྟ་བུ། །མཐའ་དབུས་མེད་པའི་ངོ་བོ་ ཉིད། །གོ་འབྱེད་ཡེ་ཤེས་ལྷུན་གྱིས་གྲུབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྙིང་པོ་འཕགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྟོགས་པ་བསམ་གྱིས་མི་ཁྱབ་པར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་མི་རྟོག་རང་བྱུང་བ། །སྣང་ལ་རང་བཞིན་མེད་པ་ནི། །མ་གྲུབ་གྲུབ་པའི་ལམ་གྱུར་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །སེམས་བསྐྱེད་ངེས་པ་དང་པོ་སྟེ། །ཚོགས་བསགས་པ་ནི་ཟུང་ འབྲེལ་འབྱུང་། །ཚད་མེད་དྲོད་ལ་སོགས་པར་འགྱུར། །སྟོང་ཉིད་ཡེ་ཤེས་མཐོང་བ་ཉིད། །དང་པོར་རྡོ་རྗེ་སེམས་དཔའ་ནས། །དཀྱིལ་འཁོར་ཡོངས་རྫོགས་གོམས་བྱེད་པས། །བསྡུ་བ་ཡོངས་སུ་དག་པ་ཉིད། །བླ་ན་མེད་པའི་ཚུལ་ཉིད་དོ། །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཡེ་ཤེས་ངེས་པར་བྱེད་པ་གནས་གཏན་ལ་དབབ་པའི་དོན་གྱི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མིག་སྨན་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་པའི་མཚན་ཉིད་མཚོན་པ་ལས། །ཆུ་ཤིང་སྟེ་ མའི་བདུད་རྩི་བཞིན། །སྙིང་པོ་མེད་པའི་སྙིང་པོར་གྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཕེལ་བར་མཛད་པས་སངས་རྒྱས་ཐམས་ཅད་ཀྱི་ཀུན་ཏུ་རོལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་ཤེས་ཡེ་ཤེས་གཟུངས་ཅན་ནི། །མཚན་མ་མེད་པའི་རྣམ་པ་ཅན། །དྲི་མེད་ས་བོན་འབྱུང་གནས་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་འོད་སངས་རྒྱས་ཐམས་ཅད་ཀྱི་ ཡེ་ཤེས་མངོན་པར་རྟོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་རྫོགས་པའི་བྱང་ཆུབ་ལམ། །འོད་ཟེར་ཀུན་དུ་འབར་བཅས་པས། །ནཱ་ད་འཛིན་མེད་གཉུག་མར་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་ གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དུས་མཁྱེན་འོད་སངས་རྒྱས་ཐམས་ཅད་ཀྱི་ཙནྡན་གྱི་དྲི་རྒྱལ་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྔོན་དུ་འགྲོ་བ་ཡིད་ཡིན་ཏེ། །ཡིད་ཀྱི་འཇུག་པའི་རང་བཞིན་རྣམས། །དག་པ་ གསང་བ་ཆེན་པོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲན་པའི་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐོགས་མེད་སྤྱོད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་གཡོ་འགོག་པའི་ ལམ་སྤངས་ཤིང་། །མ་རིག་རྡུལ་དང་བྲལ་བ་ཡིན། །སྙིང་གི་པདྨ་སད་བྱེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་སྡུད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཚན་མ་མེད་པའི་སྐུ་གཅིག་པུ། །ཉོན་མོ