Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ
Văn bản gốc(Tây Tạng)
Trang 2 / 20 (50.000 ký tự/trang)
གཟིགས་ལས་རླུང་ཡུལ་ལས་འདས་ཀུན་འདར་མཐོང་། །གཤེགས་པ་ཡེ་ཤེས་ས་བོན་དྲུག་ཏུ་ནི། །ངེས་འབྱུང་རང་ འབྱུང་གཉིས་སུ་མེད་པའི་རྟེན། །སྡོམ་ཞིང་འགོག་པས་ངེས་པ་སྙིང་པོར་བསྐུལ། །རྡོ་རྗེ་འཛིན་པ་མངོན་བྱེད་ཤེས་སྤྱོད་པ། །འཁོར་ལོ་བསྐོར་བསྟན་སྙིང་པོ་མཆོག་ཐོབ་པས། །ཐམས་ཅད་མཁྱེན་པ་བླ་ན་མེད་པར་གྱུར། །དེ་ནི་རྒྱུད་ཅེས་མངོན་པར་བྱང་ཆུབ་ལྔ། ། ཕུང་པོ་དག་པ་ཁམས་གསང་རིགས་གཅིག་ཉིད། །གླེང་གཞི་ངེས་པ་དབང་སོགས་ལམ་རྡོ་རྗེ། །རྒྱུ་ནི་སྤྱོད་པ་ཞི་དྲག་ཁྲོ་ཚོགས་འདྲེན། །གླེང་གཞི་དབྱེ་བ་ཚུལ་གཉིས་རྟོགས་པར་བྱ། །ཡིད་བཞིན་ནོར་བུ་ངོ་བོ་ཉིད་ལྡན་སྐུ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ ལས་རབ་ཏུ་བྱེད་བ་བཅུ་བཞི་པའོ། །མགྲིན་པ་ལོངས་སྤྱོད་འཁོར་ལོར་གསུང་རྡོ་རྗེ། །མཐའ་ལྡན་དྲུག་ནི་གླང་ཆེན་སྟོབས་ལྡན་པ། །བརྗོད་བྱ་མིང་ཚིག་རབ་བྱེད་སྒྲ་ཚོགས་ལས། །ཟུང་གྱུར་རོ་དྲུག་ལོངས་སྤྱོད་དོན་ལྡན་བརྗོད། །འགྲོ་དྲུག་གནས་ དོན་ངེས་པ་རྒྱན་དུ་གྱུར། འཇིག་རྟེན་གནས་དང་འཇིག་རྟེན་འདས་ལས་གྲོལ། །ཡངས་ཐོབ་རྣལ་འབྱོར་རྒྱུ་འབྲས་རྨི་ལམ་དང་། །མཚུངས་པ་སྒྱུ་མར་སྟོན་པ་དྲང་བའི་དོན། །གྲུབ་མཐའ་རིམ་ལྡན་གཟུངས་ལས་ཡོན་ཏན་ཚོགས། །ངོ་བོ་ཉིད་ཀྱིས་གྲོལ་བ་སྟོང་པ་ ཉིད། །རྣམ་པར་མི་རྟོག་སྐྱེ་མེད་དངོས་རྣམ་དག །སྤྲོས་བྲལ་དེ་བཞིན་ཉིད་ལས་ཀུན་དུ་སྟོན། །ཡེ་ཤེས་ཡོངས་སུ་དག་པ་ངེས་པའི་དོན། །དངོས་པོ་མཚན་མར་འཛིན་པའི་བློ་བཟློག་བྱེད། །ཡང་དག་གཉིས་མེད་ཡེ་ཤེས་ལམ་སྟོན་ཅིང་། །དམན་པ་ཟིལ་གནོན་ མཆོག་དོན་རྨད་གྱུར་པ། །དགོངས་བཤད་གསང་ཆེན་འབྱུང་གནས་དོན་ཀུན་བསྒྲུབ། །ཆོས་རྣམས་འབྱུང་བ་རྒྱ་མཚོ་ཆེན་པོ་ལས། །ཐུགས་རྗེའི་ཞགས་པས་འདྲེན་པ་བློ་གྲོས་མཆོག །ཚིག་དོན་སྤྲོ་བསྡུས་བྱང་ཆུབ་གནས་ཐོབ་བྱེད། ཡོན་ཏན་དགོངས་པ་མིན་པ་ཞེས་ བརྗོད་དོ། །རྩ་རླུང་བྱང་སེམས་ཡི་གེ་གནས་དག་པ། །རོ་རྐྱང་སྲོག་རྩོལ་དྲང་ངེས་ཁྱད་པར་གསང་། །སྙིང་གར་འབྲུ་ལྔ་རྩ་བ་འབྲུ་ལྔ་ལྷུང་བ་དག །དགོངས་བཤད་དྲུག་ལྔ་ཤེས་བྱེད་ལམ་སྦྱང་བའོ། །དགོངས་མིན་ཨཱ་ལི་གསུང་དབྱངས་ཡན་ལག་གནས། །དེ་ ཉིད་ཆོས་རྣམས་བདག་མེད་སྒྲ་སྒྲོགས་པ། ཨཱ་ལི་ཀཱ་ལི་དྲུག་ལྡན་མཚན་དཔེ་ནི། །ཇི་བཞིན་སྒྲ་ལས་རྒྱན་སྤྲས་བླ་ན་མེད། །ཇི་བཞིན་མིན་སྒྲ་བཅུ་གནས་རྡོ་རྗེའི་དབྱིངས། །གསང་བ་སྙིང་པོ་བསྡུས་པ་བརྡས་བཤད་ཉིད། །ཐོག་མ་བར་དང་མཐའ་མར་དགེ་བའི་ཆོས། ། བླ་མེད་མི་ཟད་རྣམ་པ་ཐམས་ཅད་དུ། །རབ་འབྱམ་དོན་བསྒྲུབ་རྟོག་པ་ཕྲིན་ལས་ཚོགས། །གྲུབ་སྟེང་གནས་ལས་ཇི་བཞིན་སྒྲར་འབྱུང་སྟོན། །ཕྱིར་མི་བཟློག་པ་བྲལ་དང་མཐའ་ལས་འདས། །ཁྱད་པར་བརྡ་ལས་ཟབ་པ་སྙིང་པོའི་དོན། །རྒྱལ་བའི་སྤྱོད་ཡུལ་ཐ་སྙད་ལས་ གྲོལ་བ། །ཇི་བཞིན་མ་ཡིན་སྒྲ་ཞེས་རྣམ་པར་བསྒྲགས། །དུས་གཞན་ལ་དགོངས་པ་ནི་དྲང་བའི་དོན་ཏོ། །གང་ཟག་གཞན་ལ་དགོངས་པ་ནི་དྲང་བའི་དོན་ཏོ། །མཉམ་པ་ཉིད་ལ་དགོངས་པ་ནི་ངེས་པའི་དོན་ཏོ། །དོན་གཞན་ལ་དགོངས་པ་ནི་ངེས་པའི་དོན་ཏོ། །གང་ཟག་ གི་བསམ་པ་ལ་དགོངས་པ་ནི་དགོངས་བཤད་དོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་དགོངས་བཤད་དོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་དགོངས་བཤད་དོ། །གཞུང་ལ་ལྡེམ་པོར་དགོངས་པ་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །མཚན་ཉིད་ ལ་ལྡེམ་པོར་དགོངས་པ་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅྭ་ལྔ་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་པ་ནི། །རྣམ་པར་བཤད་པ་ཚུལ་བཞིན་ལྡན་པ་ནི། །མ་ནོར་ཕྱིན་ཅི་མ་ལོག་སྟོན་པ་ སྟེ། །འདི་ནི་རྡོ་རྗེ་བཙུན་མོའི་ཆོས་ཚུལ་མཚུངས། །ལྟེ་བའི་འཁོར་ལོ་སྒྲ་ལྡན་ཡིག་འབྲུ་བརྒྱད། །མདོ་ལས་ཨེ་བྃ་མ་ཡཱ་གསང་བ་ཉིད། །རྒྱུད་སྤྱི་བརྡ་དབྱིབས་སྒྲ་དང་རྒྱས་འདེབས་ཏེ། །ཀུན་རྫོབ་རང་གཞན་བདག་བྱིན་བརླབས་པ་ལས། །རྨི་ལམ་སྒྱུ་ལུས་མཚོན་པ་ བར་དོ་སྦྱང་། །སེམས་གསུམ་སྟོང་ཉིད་ཡེ་ཤེས་སྦས་པ་ཉིད། །སྣང་བ་གསུམ་ལས་དྲང་བཞིན་དག་འོད་གསལ། །བདེ་བ་ལས་ནི་གཏུམ་མོ་འབར་འཛག་ལས། །ཕྱི་རོལ་གཉིས་མེད་གསང་བའི་སྙོམས་འཇུག་པ། །སྒྱུ་མའི་རོལ་པ་བཙུན་མོ་ལྟ་བུར་བསྟན། ། དང་པོ་ཡི་གེའི་དོན་ཏེ་སྤྱི་མིང་ཙམ། །སྨོས་པས་ཨཱ་ལི་ཀཱ་ལིས་རྐྱེན་སྦྱར་ནས། །རྣམ་པ་དུ་མའི་བྱེད་པ་སྒྲར་བཅས་པ། །ལས་རྣམས་ལུས་དང་ཡན་ལག་འབྲེལ་པས་མཚོན། །སྤྱི་དོན་གཉིས་ལས་མོད་དོན་ཉན་རང་དང་། །བྱང་ཆུབ་སེམས་དཔའི་ལམ་མཆོག་ལ་ དབང་སྟེ། །འཇུག་པ་རྣམ་ཐར་ལ་སོགས་དྲུག་ལྡན་པ། །ཆོས་རྣམས་ཡོངས་རྫོགས་མཁྱེན་བཅས་འདིར་སྟོན་བྱེད། །རྡོ་རྗེ་ཐེག་པ་སྤྱི་དོན་རྒྱུད་ཀུན་གྱི། །དགོངས་པ་བལྟ་བའི་རྣལ་འབྱོར་གསང་སྟོན་པ། །རིག་སྔགས་གཟུངས་བཅས་གསང་སྔགས་དེ་ཉིད་ཀྱི། ། འདུས་པར་འཇུག་པའི་རིམ་པ་ལམ་གྱུར་པའོ། །སྦས་པའི་དོན་ལས་སྙིང་པོ་གསང་བ་མཆོག །བླ་ན་མེད་པའི་འབྱུང་གནས་བཙུན་མོ་དང་། །ཕྱོགས་མཚུངས་ཕྱི་ལྟར་རིན་ཆེན་རྒྱན་སྤྲས་བཞིན། །སྤྱི་དོན་གཉིས་ཀྱིས་ན་བཟའ་གོས་རིམ་ན། །སྦས་དོན་གསང་བ་ བཙུན་མོའི་ལུས་ངག་ཡིད། །ལུས་ནི་སྒྱུ་མ་ཀུན་རྫོབ་རྨི་ལམ་ལྟར། །ངག་ནི་རླུང་སྔགས་གཉིས་མེད་སྦྱོར་བ་ལས། །རྣམ་ཤེས་སེམས་ཉིད་སྣང་བ་གསུམ་སྦས་པ། །བདེ་བའི་ལམ་གྱིས་སྦས་པ་དགའ་བ་བཞི། །ཡེ་ཤེས་ཆེན་པོ་རོལ་པའི་གསང་བ་མཆོག །སྙིང་ པོ་བདེ་ཆེན་ལྷན་ཅིག་སྐྱེས་པའོ། །ཡེ་ཤེས་འབྱུང་གནས་ཉིད་ནི་སྐད་ཅིག་བཞི། །མཐར་ཐུག་དེ་ཁོ་ན་ཉིད་འོད་གསལ་བ། །དེ་ལ་བརྟེན་པས་ལམ་མྱུར་བགྲོད་པ་སྟེ། །རང་འབྱུང་ཞི་གནས་ལྷག་མཐོང་རོ་མཉམ་པ། །ཟུང་འཇུག་མི་འགྱུར་བྱང་ཆུབ་སེམས་རྡོ་རྗེ། །ལམ་ མཐར་ཕྱིན་པ་ལྷུན་གྲུབ་ངོ་བོ་ཉིད། །བརྗོད་འདས་རྒྱ་ཆེན་པོ་ཡང་དེ་ཉིད་དོ། །ཨེ་བྃ་ལས་ནི་ཕུན་ཚོགས་ལྔ་ལྡན་པ། །དཔེ་དོན་གྱུར་པ་སྒྲ་དང་རྟགས་ལས་ཤེས། །ཡི་གེ་བཞི་བཅུ་གསང་བ་གླེང་གཞི་ལས། ཨེ་བྃ་གསང་བ་གླེང་བསླང་མདོ་རྒྱས་པ། །འཛམ་གླིང་གནས་ སུ་དཀྱིལ་འཁོར་སྣང་བ་བསྟན། །གསང་སྔགས་དབྱིབས་དང་བརྡ་སྔགས་དོན་སྦྱར་བ། །ཐུན་མོང་གྱུར་པ་ཐེ་ཚོམ་སེལ་བའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་དྲུག་པའོ། །སྨིན་མཚམས་མཛོད་སྤུའི་འཁོར་ལོ་མུ་ཁྱུད་ ལས། །རྩ་ཡི་བྱེད་པ་རོ་རྐྱང་ཐབས་ཤེས་ལས། །སྲོག་རྩོལ་འབྱུང་འཇུག་བྱང་སེམས་སྤྲོ་བསྡུ་དང་། །སྒྲོ་འདོགས་གཅོད་པ་ཕྱི་དང་གསང་བའི་ཚུལ། །རྡོ་རྗེའི་ལུས་ཀྱི་གནས་ལུགས་ཁྱད་པར་ལས། །དམག་དཔོན་རལ་གྲི་ཐོགས་པ་ལྟ་བུ་སྟེ། །ཚོགས་སློབ་ གཉིས་ལ་སྤྱི་དང་རང་མཚན་ཉིད། །སྤྲོས་དང་སྤྱོད་པ་དེ་ཉིད་སྣང་བ་ལམ། །རྣམ་ཤེས་ཡེ་ཤེས་དབང་པོ་སྒོ་འབྱེད་པ། །ཆོས་ལ་རབ་ཏུ་དབྱེ་བའི་སྒོ་ནས་བསྟན། །གང་ཟག་རིགས་པ་དབྱེ་བ་གཉིས་སུ་ཤེས། །དབང་གིས་ཕྱེ་བ་ཁྱད་པར་ཆོས་ལ་ཡང་། །ཕྱི་ལས་ གཞོལ་དང་གསང་བ་ནང་གནས་བྱེད། །དེ་ཉིད་ཁྱད་པར་དབྱེ་བ་དེ་ནི་མཚོན་པར་བྱ། །འཇིག་རྟེན་པ་རྣམས་ཁམས་གསུམ་བསམ་གཏན་ཕྱིར་ལྡོག་ལམ། །འཇིག་རྟེན་ལས་འདས་ཕྱིར་མི་ལྡོག་པ་ཡང་དག་སྟོན། །ཡེ་ཤེས་ལས་ནི་བླ་མའི་ལམ་རྟེན་འདོན་རྫོགས་ཐོབ། ། བྱིན་རླབས་ཆུ་རྒྱུན་གྱིས་ནི་བདེ་ཆེན་བླ་མེད་དོན། །རབ་གྲུབ་བདེ་བ་དཔེ་མེད་མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ། །སྒྲོ་འདོགས་སྐུར་འདེབས་བྲལ་བ་དྲི་མེད་གསང་བ་གྲུབ་པ་ཅན། །མཐར་ཐུག་སྙིང་པོ་རྫོགས་སངས་འབྲས་བུ་ལམ་གྱུར་སྤྱོད་པའོ། །དཔལ་ ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་བདུན་པའོ། །གསང་བའི་འཁོར་ལོ་ལ་བརྟེན་རིགས་ལས་ནི། །འགྲོ་བ་བློ་རིགས་ལྔ་ལྡན་དབང་པོ་ནི། །རབ་དང་ཡང་རབ་དམན་པ་འབྲིང་རྣམས་ཏེ། །ཡན་ལག་རླུང་སྒོ་དབང་པོ་ལྔ་སྤྱོད་ཡུལ། །བདུད་ རྩི་ལྔ་ལྡན་དེ་ཉིད་བློན་པོ་སྟེ། །བྱང་སེམས་ཐིག་ལེ་བདེ་བའི་འབྱུང་གནས་སོ། །གསང་བ་བདེ་སྐྱོང་འཁོར་ལོ་དེ་ཉིད་ནི། །སྐལ་ཅན་བློ་ལྡན་འགྲོ་བའི་རྒྱུད་ཀྱིས་བསྡུས། །གང་ཟག་བློ་རིགས་དཔེ་དང་སྦྱར་བ་སྟེ། །སྣོད་ཀྱི་བྱེ་བྲག་ཆོས་མཐུན་མཚུངས་པ་སྟེ། །རྒྱུད་ལ་ འཇུག་པའི་དབང་པོའི་རིམ་པ་ནི། །ཐ་དད་ཆོས་ཅན་བློན་པོར་ཆོས་མཐུན་པ། །ཙནྡན་ལྟ་བུ་དབང་པོ་དམན་པའོ། །ཨུཏྤལ་ལྟ་བུ་ཐ་མར་གྱུར་པ་དང་། །པད་དཀར་སྐལ་ལྡན་འབྲིད་གྱུར་ཅུང་ཟད་དག །པད་དམར་དབང་པོ་རབ་འགྱུར་བརྩོན་པ་ཆེ། ཡང་རབ་རིན་ཆེན་ ལྟ་བུ་བླ་ན་མེད། །རྩ་དང་བྱང་སེམས་ཡི་གེ་རླུང་དག་པ། །ངེས་པ་ཅན་དང་མ་ངེས་པར་འབྱུང་ལ། །སྦྱངས་པ་ཅན་དང་ཐོག་མ་མེད་ནས་ཀྱི། །རང་བཞིན་ཡོན་ཏན་གུས་པ་ཐོབ་གྱུར་པའོ། །ཙནྡན་ལྟ་བུ་ནི་ཉན་ཐོས་ཀྱི་རིགས་ཅན། །ཨུཏྤལ་ལྟ་བུ་ནི་རང་རྒྱལ་བའོ། །པདྨ་ དཀར་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །པད་དམར་ལྟ་བུ་ནི་གསང་སྔགས་ལ་འཇུག་པའོ། །རིན་ཆེན་ལྟ་བུ་ཡོན་ཏན་དང་ལྡན་པ་ནི། དཔལ་རྡོ་རྗེ་འཆང་གི་རིགས་སོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅྭ་བརྒྱད་པའོ། །ཀུན་ རྫོབ་ཀྱི་བདེན་པ་ནི་ཆུ་ཟླ་ལ་སོགས་པའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཉིད་བཅྭ་བརྒྱད་དོ། །དེའི་དོན་ནི་རྒྱ་མཚོར་གཟའ་སྐར་ཤར་བ་ལྟར་སྐད་ཅིག་ལ་འཆར་བའོ། །གཙུག་ཏོར་གནས་ལས་ཡོན་ཏན་ཀུན་མཐར་ཕྱིན། །རྡོ་རྗེ་གསུམ་གྱི་སྙིང་པོ་སྐུ་གསུམ་རྫོགས། ། ཀུན་འདར་བྱང་ཆུབ་སེམས་ཀྱིས་བརྟན་གྱུར་པ། །སྒྲོ་འདོགས་གཅོད་བྱེད་དམག་དཔོན་རལ་གྲི་འཛིན་པའོ། །དོན་དམ་ཀུན་རྫོབ་དབྱེར་མེད་རྟ་མཆོག་སྟེ། །དབུ་མ་ཟུང་འཇུག་རབ་ཏུ་མི་གནས་པ། །སྐུ་བཞི་ལྷུན་གྲུབ་ཡེ་ཤེས་རྫོགས་སངས་རྒྱས། །སྦྱང་གཞི་སྦྱོང་བྱེད་ ལྡན་པར་རིམ་པ་ཉིད། །རྡོ་རྗེ་ལུས་ཀྱི་རྩ་གནས་ཐམས་ཅད་ནི། །དབུ་མ་ལ་བརྟེན་ཆ་ཤས་ཕྲ་རགས་གང་། །མཚུངས་གྱུར་རྡོ་རྗེ་གསང་ཆེན་གྱུར་པ་གང་། །ལམ་གྱུར་བདེན་པ་གཉིས་ཀྱི་དེ་ཉིད་ནི། །ཐམས་ཅད་སྡུད་བྱེད་རིམ་པ་རབ་རྫོགས་ལ། །རྡོ་རྗེ་ལྟ་བུའི་ཏིང་ འཛིན་བྱང་ཆུབ་བས། ཐོག་མ་བར་དང་མཐའ་མ་ཀུན་དུ་ཡང་། །དུས་དང་རྣམ་པ་ཐམས་ཅད་རྟེན་བྱེད་པ། །ཁྱབ་ཅིང་གནས་མེད་གནས་ནི་བསམ་མི་ཁྱབ། །རྒྱུ་འབྲས་འགག་མེད་རྟེན་ཅིང་འབྲེལ་འབྱུང་གི། །སྐུ་སོགས་དབང་ཕྱུག་ཡོན་ཏན་ཚད་མེད་པ། །ནམ་ མཁའ་ཁྱབ་པ་ཡང་དག་ཞིང་ཁམས་ཉིད། །ཟུང་འཇུག་གང་དུ་ཐིམ་པ་གནས་གར་འཇུག །རང་གི་ངོ་བོ་བྱང་སེམས་འགྱུར་མེད་པ། །གཉིས་མེད་རོ་མཉམ་གྱུར་པ་ལམ་དང་ནི། །ལྟ་ལ་སྤྱོད་པ་ཀུན་དུ་ཟུང་འཇུག་པ། །ཐོགས་པ་མེད་པར་འབྱུང་བའི་དཔལ་དང་ ལྡན། །ཡེ་ཤེས་བླ་མེད་དབང་ཕྱུག་བཅུ་གསུམ་ས། །མཐར་ཕྱིན་སྐད་ཅིག་བྱང་ཆུབ་དབྱིངས་ཡེ་ཤེས། །དབྱེར་མེད་བྱང་ཆུབ་ཆེན་པོ་མགོན་པོ་ཉིད། །བདེ་ཆེན་མཉམ་ཉིད་རང་འབྱུང་ཆེན་པོའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་དགུ་ པའོ།། །།ནང་སྟོང་བ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ནི་ཏིང་ངེ་འཛིན་གྱིས་བསྡུས་སོ། །ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་ནི་བརྩོན་འགྲུས་ཀྱིས་སོ། །མཐའ་ལས་འདས་ པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་ནི་དགའ་བ་ཡང་དག་པས་སོ། །རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤིན་ཏུ་སྦྱངས་པས་སོ། །རང་གི་མཚན་ཉིད་དང་། མི་དམིགས་པ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གིས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ནི་དྲན་པ་ཡང་དག་པས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། བཏང་སྙོམས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པས་སོ། །སྐད་ཅིག་ མ་སྟེ་ཆོས་ཉིད་བདེན་པའི་དོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། མགོན་པོ་བྱམས་པ་ལ་ཅུང་ཟད་ཅིག་བཞེངས་ལ་བཟོད་པར་གསོལ་ནས། བཅོམ་ལྡན་འདས་ལ་ཞུས་པ། བདག་ཟབ་དོན་ཅུང་ཟད་ཅིག་ཞུ་བས། སྐབས་ དབྱེ་བར་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དུས་ལ་བབ་པར་ཤེས་ན་ཅི་རིགས་པར་ཞུས་ཤིག །ངས་ལེགས་པར་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། གསང་བ་ཆེན་པོའི་རྒྱུད་འདི་ཡི། །དགོངས་པ་ཟབ་ཅིང་རྒྱ་ཆེ་བས། །གཏིང་དཔག་དཀའ་བར་གྱུར་པས་ན། །ཟབ་དོན་སྙིང་པོ་གསུང་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནམ་མཁའི་སྙིང་པོ་ཤིན་ཏུ་ལེགས། །གསང་ཆེན་དེ་ ཉིད་གོང་འོག་ཏུ། །སྔ་ཕྱིའི་རིམ་པའི་ཁྱད་པར་ཀུན། །བཤད་ཀྱིས་གུས་པས་ལེགས་པར་ཟུང་། །གསང་བའི་དེ་ཉིད་བླ་ན་མེད། །རྒྱུ་འབྲས་ཟབ་ཅིང་རྒྱ་ཆེ་བ། །ཐབས་དང་ཤེས་རབ་འདུས་པའི་རྒྱུད། །ཟུང་འཇུག་བདེ་ཆེན་བསྟན་པར་བྱ། །ཐོག་མ་བར་དང་ མཐའ་དགེ་བ། །བྱང་ཆུབ་སེམས་མཆོག་བསྟན་པ་ཉིད། །གཞི་དང་དངོས་པོའི་ཁྱད་པར་དང་། །ལམ་བྱེད་ནུས་པ་ཕྲིན་ལ་སོགས། །འབྱུང་གནས་ཡེ་ཤེས་བསྟན་པ་ལ། སྨོན་བ་དང་ནི་འཇུག་སེམས་བསྐྱེད། དོན་དམ་བསྟན་པའི་བྱང་ཆུབ་སེམས། ཡང་དག་དོན་ གྱི་སེམས་བསྐྱེད་པ། ཀུན་ཏུ་བཟང་པོའི་ཏིང་འཛིན་ལས། །སྤྱི་བོར་པདྨ་ཟླ་ཉི་ལ། །འཁོར་ལོ་ཨོཾ་དཀར་འོད་འཕྲོ་བ། །མགྲིན་པར་པད་དམར་ཨཱཿའོད་འབར། །ཐུགས་ཀར་ཟླ་བ་རྡོ་རྗེ་ནི། །དཀར་པོ་རྩེ་ལྔ་འོད་འཕྲོ་བ། །དངུལ་ཆུའི་མདོག་འདྲའི་ཧཱུྃ་ཡེ་ཤེས། །ཀུན་རྫོབ་ དོན་དམ་བྱང་ཆུབ་སེམས། །དེ་ཉིད་ཏིང་འཛིན་གནས་པར་བྱ། །དཔྲལ་བར་རིན་ཆེན་ས་ཡིག་གསེར། །ལྟེ་བར་རལ་གྲི་ཧ་ལྗང་བ། །འོད་འཕྲོ་ཡེ་ཤེས་ལྔ་བདག་ཉིད། །འོད་འགྱེད་འགྲོ་བ་སྦྱངས་པ་ལས། །སླར་འདུས་རིགས་ཀྱི་བདག་པོ་ནི། །རྡོ་རྗེ་བཻ་ཌཱུརྱ་ཡི་འོད། ། ཐུགས་ཀར་རྡོ་རྗེ་ལ་ཐིམ་པས། །ཁྲོ་བོའི་རྡོ་རྗེ་ཁ་གྱེས་པས། །འདུས་པ་རྡོ་རྗེ་འཆང་ངོ་བོ། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཉིད། །གཉིས་མེད་བདེ་བ་ཆེན་པོར་གནས། །རྟོགས་པ་བརྗོད་པས་བསྟན་པར་འགྱུར། །རྣལ་འབྱོར་ཏིང་འཛིན་གནས་པ་ནི། འཇིག་རྟེན་ལམ་ ལ་གནས་པ་སྟེ། ཕྱི་ལ་མཆོག་ཏུ་གཞོལ་བས་ནི། །འཇིག་རྟེན་ཆོས་བརྒྱད་རྟོག་པ་འདབ། །མ་སྤངས་ལྷ་ཡི་དམིགས་པ་ལས། །ཕྲ་མོ་རླུང་ལ་བསླབ་པ་དང་། །རགས་པ་ཐིག་ལེ་བསྒོམ་པས་ནི། །ལས་ཆེན་ཐུན་མོང་དངོས་གྲུབ་ལ། །དམིགས་ཕྱིར་གནས་ སྐབས་འབྲས་བུ་ཐོབ། །རིམ་གཉིས་ལྡན་པའི་ཏིང་འཛིན་ལས། །སྤྲོ་བསྡུ་རིགས་ཀྱི་རྣལ་འབྱོར་ལམ། །ས་བོན་ཐིག་ལེའི་དེ་ཉིད་ལས། །ངོ་བོ་ཡེ་ཤེས་བདེ་ཆེན་འགྲུབ། །མཆོག་གྱུར་ནང་དོན་མངོན་དུ་བྱ། །རྣམ་པར་བཀོད་པའི་དཀྱིལ་འཁོར་དང་། །བྱང་ཆུབ་ སེམས་དང་ལུས་གནས་པའི། དཀྱིལ་འཁོར་བདེ་ཆེན་འབྱུང་གནས་ཉིད། སེམས་ཀྱི་དཀྱིལ་འཁོར་མཆོག་གྱུར་པ། །བུམ་པ་གསང་བ་ཤེས་རབ་དང་། །དེ་ཉིད་སྙིང་པོའི་དཀྱིལ་འཁོར་ཏེ། །ཡེ་ཤེས་མཆོག་ཏུ་དབང་བསྐུར་བའོ། །གསང་བའི་དེ་ཁོ་ན་ཉིད་ཡེ་ཤེས་ ཀྱི་དཀྱིལ་འཁོར་ཆེན་པོར་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་ལྷན་ཅིག་སྐྱེས་པ། སྐལ་བ་དང་ལྡན་པ་རྣམས་ལས། ཚད་མེད་པའི་དོན་དམ་པའི་ཡེ་ཤེས་ཀྱི་དབང་རྡོ་རྗེས་ཐོགས་པ་མེད་པར་ཀུན་ཏུ་དབང་བསྐུར་བའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་ པ་ཉི་ཤུ་པའོ། །དེ་བཞིན་གཤེགས་པའི་མཛད་པ་ཡི། །ཆོས་དོན་དེ་ཉིད་བླ་ན་མེད། །སྤྱོད་པའི་གསང་བ་མངོན་དུ་བྱུང་། །ཁྱད་པར་སྣོད་ལྡན་རྟོགས་གྱུར་པའོ། །དག་པའི་གནས་དང་འཁོར་འདུས་ལ། །ཅི་ཕྱིར་ཚིག་ནི་འདི་ལྟ་བུ། །རིགས་པ་མ་ཡིན་ཅེས་པའི་ དོན། །ཐེ་ཚོམ་གནས་སུ་གྱུར་པ་ལས། །ཕྱི་རོལ་གྱུར་དང་ཐུན་མོང་དང་། །ཇི་བཞིན་སྒྲ་དང་མ་ཡིན་དང་། །བསྟན་ལ་རང་དགར་འཇུག་པ་ཅན། །ཡིན་ནམ་སྙམ་དུ་རྟོག་པ་ལ། །བཟློག་པ་དེ་བཞིན་གཤེགས་རྣམས་ཀྱིས། །ཕྱིན་ཅི་ལོག་ཏུ་གྱུར་ ལས་བཟློག །ལན་གསུངས་སྒྲོ་འདོགས་བཅད་པའོ། །སེམས་ལ་དམིགས་པ་བདག་མེད་པ། །རྣམ་པར་དབེན་དོན་བསྟན་པ་ལས། །གསང་བ་བྱང་ཆུབ་རིམ་གྱིས་དང་། །ཅིག་ཅར་རིམ་པ་ཉེར་བསྟན་པ། །དེ་ཉིད་ལམ་དུ་མངོན་པར་འབྱུང་། །སྤྱོད་དང་གྲོལ་བ་ བླ་མེད་པ། །སྣ་ཚོགས་ཐབས་ཀྱིས་གདུལ་དོན་དུ། །སྒྱུ་མ་ལྟ་བུའི་སྤྱོད་པ་སྤྱོད། །རྣལ་འབྱོར་བརྟུལ་ཞུགས་མཆོག་འཛིན་པའི། །ཀུན་འགྲོ་ཀུན་ལ་དབང་བསྐུར་བ། །མི་འཇིགས་དགྲ་ལས་རྒྱལ་བ་སྟེ། །རིག་པ་བརྟུལ་ཞུགས་སྤྱོད་བྱ་བ། །ཀུན་བཟང་མགོན་པོ་ཀུན་ སྤྱོད་དོ། །སྤྲོས་པའི་སྤྱོད་པས་མཉམ་གཞག་དང་། །རྗེས་ཐོབ་གཉིས་མེད་ལམ་དུ་བླང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་ཐོབ་ནས། །ཡེ་ཤེས་ཆེན་པོའི་སྤྱད་བྱ་བ། །ཟུང་འཇུག་བདེ་ཆེན་རོ་མཉམ་ལས། །མཐར་ཐུག་སྤང་བླང་མེད་པར་གྲོལ། །ཨ་བ་དྷཱ་ཏཱིའི་སྤྱོད་པ་ ལས། །སྤྲོས་བཅས་སྤྲོས་མེད་དག་དང་ནི། །ཤིན་ཏུ་སྤྲོས་མེད་སྤྱོད་པ་སྤྱོད། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའོ། །སངས་རྒྱས་ཀུན་གྱི་བླ་མེད་པ། །གསང་བ་བྱང་ཆུབ་སེམས་དབང་བསྐུར། །དབང་པོ་རབ་དང་ཡང་རབ་དང་། ། འབྲིང་གྱུར་མོས་པའི་དབང་བྱས་པས། །ཐམས་ཅད་མོས་སྤྱོད་ལམ་མཚན་པ། །གསང་ཆེན་མཆོག་གི་དོན་ལས་ནི། །ཡེ་ཤེས་ལམ་བསྟན་དེ་ཉིད་དོ། །དཀྱིལ་འཁོར་ཆེན་པོའི་ཚད་གྱུར་བ། །ཡེ་ཤེས་ཚད་མེད་རི་རབ་སྟེ། །སྤྱོད་ཡུལ་བླ་མེད་འདིར་བསྟན་པ། །མཆོད་པའི་ རོལ་པ་ལྷ་མོ་སྟེ། །པདྨ་སྣ་ཚོགས་བདེ་བས་མཆོད། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཀུན། །གསང་ཆེན་ཐེག་པ་ལ་བརྟེན་ནས། །རྡོ་རྗེ་ཡེ་ཤེས་ཏིང་འཛིན་བརྙེས། །རྡོ་རྗེ་འཆང་གི་ངོ་བོར་ནི། །བདེ་ཆེན་མཉམ་པ་ཉིད་གྱུར་པས། །མི་ཕྱེད་ཡེ་ཤེས་མངོན་སངས་རྒྱས། ། རིགས་ལྡན་མཆོད་པ་བླ་ན་མེད་པ་སྟེ། །དྲན་པ་གཅིག་པ་ནས་ནི་ལུས་དབེན་པར། །རགས་པའི་ཏིང་འཛིན་སློབ་དུས་མཉམ་རྗེས་ལས། །ཡུལ་ལྔ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས། །ས་ཡི་སྙིང་པོ་ལ་སོགས་དབང་པོ་ལྔ། །ཡབ་ཡུམ་ལྷར་བརྟེན་སློབ་པ་སྤྱོད་པ་སྟེ། ། གཟུང་འཛིན་མ་སྤངས་སྤྲོས་པ་ལྡན་པའི་ཕྱིར། །སྤྲོས་བཅས་སྤྱོད་པ་ཞེས་ནི་གྲགས་པའོ། །མཆོད་ཡུལ་རིགས་ལྔ་རྣམ་སྣང་ལ་སོགས་པ། །མཆོད་རྫས་ཡུལ་ལྔ་ལྷ་དང་ལྷ་མོར་སྣང་། །མཆོད་བྱེད་སྤྲོས་བཅས་སྤྱོད་པ་ལ་གནས་པ། །མཆོད་ཐབས་སོ་སོར་རིགས་ཀྱིས་ མཆོད་པའོ། །རྟེན་སློབ་སྤྲོས་མེད་དག་དབེན་སེམས་དབེན་ལྡན། །བདག་བྱིན་བརླབས་པས་ཏིང་འཛིན་ཕྲ་བས། །སློབ་མ་མཉམ་རྗེས་ཐབས་དང་ཤེས་རབ་དག །གཉིས་མེད་རྟེན་པའི་ལུས་སེམས་བརྟེན་སློབ་པ། །མཆོད་བྱ་རིགས་ཀྱི་བདག་པོ་ལྔ་སོགས་སོ། །མཆོད་ དངོས་རྣམ་གསུམ་ཁྱད་པར་དག་ཏུའོ། །མཆོད་བྱེད་རྣལ་འབྱོར་གྱིས་ནི་ཐབས་བཅས་མཆོད། །རྟེན་སློབ་ཤིན་ཏུ་སྤྲོས་མེད་འོད་གསལ་ནས། །སྒྱུ་ལུས་དག་པའི་བར་དུ་ཏིང་འཛིན་ནི། །ཤིན་ཏུ་ཕྲ་བ་སློབ་པ་མཉམ་རྗེས་ལ། །བསམས་པས་ཐབས་དང་ཤེས་རབ་དབང་ པོ་དང་། །ཡུལ་ལྔ་གཉིས་མེད་རང་བཞིན་མེད་པར་བསླབ། །སྤྲོས་པ་རྣམ་པར་བྱེད་པ་དེ་ཡི་ཕྱིར། །ཤིན་ཏུ་སྤྲོས་མེད་དེ་ལ་བྱེ་བྲག་ཏུ། །མཆོད་བྱའི་ཡུལ་ནི་ཡེ་ཤེས་སྐུ་འབྱུང་བ། །མཆོད་བྱེད་གང་ཟག་སྒྱུ་མར་གནས་པས་སོ། །དོན་ནི་སྣང་གསུམ་སྒྱུ་མར་ལྡན་པ་ལས། ། མཆོད་དངོས་སྒྱུ་མའི་འདོད་ཡོན་ཉིད་ཡིན་ནོ། །མཆོད་པའི་ཐབས་ནི་བསམ་གཏན་གཉིས་ཀྱིས་ནི། །འོད་གསལ་ངང་དུ་ཐིམ་པ་དེ་ཉིད་དོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའོ། །རྗེས་སུ་མདོར་བསྟན་དྲུག་གིས་ནི། ། དབེན་པ་གསུམ་དང་སྒྱུ་ལུས་དང་། །འོད་གསལ་སྔོན་འགྲོ་རྒྱུ་དག་ལས། །ཏིང་འཛིན་ལས་སྤྱོད་དེས་སྤྱོད་པའི། །སྙོམས་འཇུག་རིམ་པ་གཉིས་ལྡན་ལས། །དག་པའི་སྒྱུ་ལུས་རྫོགས་རིམ་གྱི། །རིགས་ལྔའི་གསང་བའི་སྤྱོད་པ་ལས། །སློབ་བཞིན་ཟུང་འཇུག་ཡེ་ཤེས་ འཐོབ། །བསྐྱེད་རིམ་པས་ནི་མཁའ་གསང་དག །བྱིན་བརླབས་སྙོམས་ཞུགས་སྤྱོད་པའོ། །རྗེས་སུ་དྲན་པ་བཅུ་དྲུག་གིས། །ལམ་དང་སྤྱོད་པ་བསྟན་པ་ལས། །དག་པའི་སྒྱུ་མ་ལ་གནས་ནས། །མཚན་མ་མེད་པའི་ཏིང་ངེ་འཛིན། །རིགས་ལྔའི་དང་པོའི་ སྦྱོར་བ་བསྟན། །སངས་རྒྱས་རྗེས་དྲན་ལ་སོགས་ལྔས། །སྒྱུ་དག་འོད་གསལ་ལུགས་བཟློག་ལས། །རྫོགས་པའི་རིམ་པ་བསྟན་པའོ། །སྣང་གསུམ་ངང་ལས་ལོངས་སྐུ་ནི། །རྡོ་རྗེ་འཆང་དུ་གནས་པ་ལས། །ཡབ་ཡུམ་བདེ་བའི་ངང་ལས་ནི། །རྣམ་སྣང་མཛད་ཀྱི་སྤྲོ་བསྡུ་ཡིས། ། སྤྲུལ་སྐུའི་སྤྲོས་ནས་བསྡུ་བར་བྱ། །རྗེས་དྲན་དྲུག་པས་ལྕེ་ཆུང་གི། །བདུད་རྩི་འབབ་བྱེད་བཅུད་ལེན་བསྟན། །བདུན་པས་བདག་ཉིད་ཡབ་ཡུམ་ལྡན། །མཚན་མ་མེད་ལ་གནས་པ་ཡིས། །དཀྱིལ་འཁོར་རྒྱལ་པོ་མཆོག་གནས་པ། །བརྒྱད་པ་དགུ་བ་བཅུ་པ་ལས། །སྐུ་ གསུང་ཐུགས་རྣམས་བྱིན་བརླབ་པ། །ལྷ་ཡི་རྣལ་འབྱོར་བསྟན་པའོ། །བཅུ་གཅིག་པ་དང་བཅུ་གཉིས་པས། །རྒྱུ་དག་ལྷ་ཡི་སྐུ་གསུང་ཐུགས། །བྱིན་རླབས་བཞི་ཡི་བསྡུས་པ་ལ། །ཐམས་ཅད་ཡེ་ཤེས་དབྱིངས་འཇུག་པ། །ཕྱི་མར་མཆོག་ཐོབ་བསྟན་པའོ། ། བཅུ་གསུམ་པ་ནི་བར་མ་དོར། །སངས་རྒྱས་ལམ་ནི་སྟོན་པའོ། །བཅུ་བཞི་པ་དང་བཅོ་ལྔ་པས། །ཕྱག་རྒྱ་ཆེན་པོ་གྲུབ་པ་སྟེ། །ཚེ་འདིར་འཚང་རྒྱའི་ལམ་སྟོན་བྱེད། །དེ་ལྟར་རྗེས་དྲན་བཅོ་ལྔ་པས། །ཏིང་ངེ་འཛིན་ནི་བསྟན་པའོ། །སྤྱོད་པ་རྗེས་དྲན་བཅུ་དྲུག་པས། ། དཀྱིལ་འཁོར་ཏིང་འཛིན་བསྡུས་ནས་ནི། །སྤྱོད་པ་ལྷ་མོ་དགུའམ་ལྔ། །སྤྱོད་པ་མཐར་ཕྱིན་བྱེད་པའོ། །རྗེས་དྲན་བཅུ་དྲུག་གིས་ནི་འདིར། །མྱུར་བར་སྐྱོབ་པའི་ཁྱད་པར་ཡང་། །ཟབ་དང་རྒྱ་ཆེ་བསྟན་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ ཉི་ཤུ་རྩ་གསུམ་པའོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདེར་གཤེགས་བྱང་ཆུབ་སེམས་དཔར་བཅས། །ཐེ་ཚོམ་གཅོད་མཛད་རྡོ་རྗེའི་ཚིག །ཡང་དག་དོན་ནི་སྟོན་པར་མཛད། །གསང་བ་ཡེ་ཤེས་སྨིན་གྲོལ་གྱིས། །ཏིང་འཛིན་ཡེ་ཤེས་ཆོས་བསྟན་ཏོ། ། དགོངས་ཏེ་གསུངས་པ་གང་ལ་གང་། །སྔོན་བྱུང་རྗེས་འཇུག་ལྡེམ་དགོངས་ཉིད། །གསལ་བ་གཞན་ལས་ཁྱད་པར་གྱུར། །དཀྱིལ་འཁོར་དབུས་དབྱུང་རིགས་བསྡུས་པའི། །དེ་ཉིད་རྒྱལ་བ་བསླང་བར་མཛད། །གཅོད་བྱེད་རྡོ་རྗེ་བཟླས་པ་སྟེ། །མ་བྱིན་ལེན་པ་ སེམས་དམིགས་ཀྱིས། །མི་ཚངས་སྤྱོད་པའི་འོད་གསལ་བ། །སྒྱུ་མས་བརྫུན་དུ་སྨྲ་བ་ཉིད། །ཟུང་འཇུག་རབ་ཏུ་མི་གནས་པས། །ཚིག་རྩུབ་དངོས་འཛིན་ཟློག་པར་བྱེད་པའོ། །ལས་རླུང་ཅུང་ཟད་དུལ་བར་གྱུར་པ་ཡིས། ཡེ་ཤེས་རླུང་གི་ནུས་པ་རྙེད་གྱུར་ནས། ། ཏིང་འཛིན་གསལ་ཞིང་ཕྲ་རབ་འཇུག་པ་ཉིད། །ཀུན་འདར་དུ་ནི་སྲོག་རྩོལ་རབ་སིམ་གྱུར། །དབུ་མར་གནས་པས་འབྱུང་འཇུག་གཡོ་མི་འགྱུར། །དེ་ལས་ཡེ་ཤེས་འོད་ཟེར་གློག་ལྟ་བུ། །ཀུན་ནས་འབྱུང་བ་དེ་ཉིད་ཐིག་ལེའི་ དབུས། །དཀར་དམར་གོང་བུ་འདྲེས་པའི་བྱང་ཆུབ་སེམས། །འབྱུང་བའི་སྒོ་དང་འཇུག་པའི་སྒོ་ཉིད་ནི། །མི་འཕོ་རི་བོང་འཛིན་པ་ཟླ་རྒྱས་པས། །སྣ་ཡི་བུ་ག་གཡས་གཡོན་རྣལ་འབྱོར་པའི། །གཅིག་ནས་འབྱུང་ཞིང་གཅིག་ཏུ་འཇུག་པ་ནི། །ཚིམ་བྱེད་བདེ་གནས་སྙིང་ གི་ལྟེ་བར་ནི། །གནས་པ་རྡོ་རྗེ་འཛིན་པའི་སྙིང་པོ་ནི། །བསྐུལ་བར་གྱུར་པའི་བདེ་གཤེགས་ཐམས་ཅད་ལ། །ཕྱོགས་བཅུར་མཆོད་ནས་དགྱེས་པར་གྱུར་པ་ལས། །བདུད་རྩི་སྤྱན་གྱི་མཛོད་སྤུ་ནས་ཕྱུང་སྟེ། །འཇུག་པ་རྣལ་འབྱོར་སྤྱི་གཙུག་འཁོར་ལོར་ཞུགས། །མགྲིན་ པར་ལོངས་སྤྱོད་ཐུགས་ཀར་ཐིམ་གྱུར་པས། །བྱང་ཆུབ་ཆེན་པོ་ཨ་བ་དྷཱུ་ཏཱི་ར་གནས། །དེ་ཉིད་སྤྲོས་མེད་བདུད་རྩི་རབ་རྒྱས་པས། །གནས་བཅུར་ཁྱབ་པ་ཀུན་འདར་མི་ལྡོག་གྱུར། །བདེ་བ་ཆེན་པོའི་སྙིང་པོ་བསྐུལ་བ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རོ་མཉམ་པས། །བྱང་སེམས་ རྡོ་རྗེ་ཉིད་དུ་མཆོག་མངོན་འགྱུར། །རྒྱལ་སྲས་ཐམས་ཅད་རབ་ཏུ་དགྱེས་གྱུར་པས། །ཡེ་ཤེས་སྙིང་པོ་ནུས་པ་བརྟན་བྱེད་འགྱུར། །འདི་ནི་ཡེ་ཤེས་ཕོ་ཉ་མཆོག་གིས་ནི། །སྐད་ཅིག་ཉིད་ལ་བྱང་ཆུབ་མངོན་དུ་བྱེད། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་ པའོ། །ཡེ་ཤེས་མངོན་པར་འབྱུང་བ་ལས། །སྔགས་ཀྱིས་ལྷ་ཡི་སྐུ་བསྐྱེད་པ། །མངོན་པར་བྱང་ཆུབ་རྣམ་ལྔ་ལས། །རྡོ་རྗེ་འཆང་ཉིད་གྲུབ་བྱེད་པའི། །བདེན་གཉིས་རྣམ་དག་རྒྱུ་འབྲས་ཏེ། །ཡོངས་སུ་དག་པའི་སྐུར་རྫོགས་བྱེད། །རིགས་ཀྱི་ལྷ་ཡི་རྣལ་ འབྱོར་པ། །རིམ་པ་ཇི་བཞིན་རྫོགས་བྱེད་པ། །སྔགས་ཀྱིས་བསྐྱེད་པའི་རྣལ་འབྱོར་རོ། །ཡེ་ཤེས་ཀྱིས་ནི་སྐུ་བསྐྱེད་པ། །རྡོ་རྗེ་འཆང་ཉིད་རྣལ་འབྱོར་པ། །སྒྱུ་མ་སྟོང་ཉིད་འཇུག་པ་སྟེ། །དངོས་པོས་མཐོང་བར་མི་འགྱུར་རོ། །ཁམས་གསུམ་བརྟན་གཡོ་བདག་ ཉིད་བཅས། །རིལ་འཛིན་རྗེས་གཞིག་ཏིང་འཛིན་གྱིས། །ཐམས་ཅད་འོད་གསལ་གནས་འཇུག་པ། །ཡེ་ཤེས་ཟུང་འཇུག་ཐོབ་འགྱུར་བའོ། །བྱང་ཆུབ་སེམས་དཔའི་ཏིང་འཛིན་གྱིས། །མངོན་ཤེས་སྒྲུབ་བྱེད་ས་བོན་བཅས། །དེ་ལས་ཡང་དག་རབ་གྲུབ་འགྱུར། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་སྟོབས། །མཚུངས་མེད་ཡོན་ཏན་རྒྱ་མཚོ་སྟེ། །མི་ཟད་རྒྱན་གྱི་འཁོར་ལོ་མཆོག །ཨཱ་ལི་བཅུ་གཉིས་དབྱངས་ལྡན་པ། །འབྱུང་བ་ལྔ་ཡི་རླུང་གིས་ནི། །ལྷ་མོ་ལྔ་རུ་གྱུར་པ་ལ། །དབྱངས་ཀྱི་ཡན་ ལག་དྲུག་ཅུར་བརྗོད། ཀཱ་ལི་གསལ་བྱེད་ཡི་གེ་ནི། །ཌ་ཌྷ་ད་དྷ་ཡ་ལ་ཏ། །སུམ་ཅུ་རྩ་བཞི་དེ་སྙེད་ལས། །དྲུག་བཅས་བཞི་བཅུ་ཉིས་འགྱུར་ལས། །དཔེ་བྱད་བཟང་པོ་བརྒྱད་ཅུར་འགྱུར། །རང་བཞིན་དག་པས་གནས་འགྱུར་བའོ། །ཡང་ན་དབྱངས་ཡིག་ཉིས་འགྱུར་ བཅས། །མཚན་མཆོག་སུམ་ཅུ་རྩ་གཉིས་པོ། །འགྲུབ་འགྱུར་རྒྱུ་རྐྱེན་ཉེར་ལེན་ལས། །རྒྱུ་འབྲས་མངོན་དུ་གསལ་བར་འབྱུང་། །རྫོགས་སངས་རྒྱས་ཀུན་ཡོན་ཏན་ནི། །འཁོར་ལོས་སྒྱུར་ལས་ཁྱད་འཕགས་པ། །མཛོད་སྤུ་སྨིན་མཚམས་འོད་འབར་བ། །གསང་བ་ སྦུབས་སུ་ནུབ་པ་དང་། །གཙུག་ཏོར་ལྟ་བས་མི་མངོན་པ། །འོད་ཟེར་དཀྱིལ་འཁོར་ཁྱབ་བྱེད་པ། །དབང་གི་ནུས་པ་བརྟན་གྱུར་པས། །གཟུགས་སྐུའི་ཡོན་ཏན་རྒྱུ་འབྲས་ཀྱི། བྱེད་ལས་སྟོབས་ལྡན་འབྱུང་འགྱུར་ཉིད། །གསང་སྔགས་ཟབ་དང་རྒྱ་ཆེ་བ། མྱུར་བ་ཉིད་ དུ་བྱིན་བརླབས་ཤིང་། །བདེ་བ་ལམ་བྱེད་ཚེ་འདི་དང་། །བར་དོར་ཡེ་ཤེས་མངོན་དུ་བྱེད། །བླ་མ་ལས་ནི་གྲོལ་སྤྱོད་འཐོབ། །མངོན་སུམ་རྟེན་འབྲེལ་ཁྱད་པར་རོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའོ། །དེ་ནས་རང་བཞིན་རྟོག་ པ་ནི། །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །བྱ་ཡི་ཚོགས་རྣམས་རྒྱུ་བ་ཀུན། །འགྲོ་འོང་དུ་མ་བྱེད་གྱུར་ཀྱང་། །རྒྱ་མཚོ་གཡོ་བ་མེད་པ་བཞིན། །སྣང་བ་གསུམ་གྱི་ཡེ་ཤེས་ལ། །གོས་པ་མེད་ཅིང་རྟོག་པ་མེད། །རྩ་རྣམས་རྣམ་པར་དག་པས་ནི། །གཏུམ་མོ་ཡེ་ཤེས་མེ་འབར་བའོ། ། རླུང་ནི་སྲོག་རྩོལ་དག་པ་ན། །སྒྱུ་མ་སྨིག་རྒྱུ་ཆུ་ཟླར་འཆར། །ཐིག་ལེ་དག་པར་གྱུར་པ་ན། །འོད་གསལ་བདེ་བ་ཆེན་པོར་འཆར། །བག་ཆགས་རྟོག་པ་དག་པ་ལས། །རྨི་ལམ་སངས་རྒྱས་ཞིང་ཁམས་མཐོང་། །ཡི་གེ་དག་ཅིང་ཁམས་དངས་པས། །མཁྱེན་ པ་བརྐྱང་བས་རྣམ་གྲོལ་འཐོབ། །སེམས་གསུམ་ཞིག་ནས་ཆ་དང་ནི། །སེམས་གསུམ་ལྷག་མཐོང་གང་ཡིན་པ། །རྣལ་འབྱོར་པ་ལ་ངེས་པར་འཆར། །རྟོག་པའི་རྦ་རླབས་ངང་གིས་ཞི། །སྣང་བ་སྐྱེ་བ་མེད་པ་སྟེ། །སྣང་བ་ཐོབ་པ་འགག་པ་མེད། །སྣང་བ་མཆེད་ པ་མི་གནས་ཤིང་། །གནས་པ་མེད་པས་མི་རྟག་པ། །ཉེར་ཐོབ་སྟོང་ཉིད་དོན་གནས་པའོ། །འོད་གསལ་ཆོས་ཉིད་དེ་བཞིན་ཉིད། །མཁའ་ལྟར་དག་པ་བདེ་བ་ཆེ། །མ་འགགས་དྲི་མ་མེད་ཞི་བ། །དོན་དམ་ཕྱག་རྒྱ་ཆེན་པོ་ཉིད། །ས་ལམ་ནུས་པ་ཀུན་རྫོགས་པ། ། སློབ་པའི་ཟུང་འཇུག་སྙིང་པོ་ཉིད། །རྡོ་རྗེ་སྒོ་གསུམ་རྣམ་དག་པས། །མི་སློབ་ཟུང་འཇུག་མངོན་དུ་གྱུར། །དེ་ཉིད་མཐར་ཕྱིན་བླ་མེད་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །འཇམ་པའི་ རྡོ་རྗེའི་ཏིང་འཛིན་གྱིས། །བསམ་གཏན་གཉིས་ཀྱིས་ཡེ་ཤེས་འཇུག །དེ་ཡི་ཁྱད་པར་བཅས་པ་བསྟན། །རིག་པ་འཛིན་པ་ལྔ་གྲུབ་པ། །རྣལ་འབྱོར་དངོས་གྲུབ་ཐོབ་འགྱུར་བཤད། །འབྲུ་གསུམ་བདུད་རྩི་རིལ་བུ་ཡི། །ཡོན་ཏན་ནུས་པ་མྱུར་གྲུབ་བྱེད། རྡོ་རྗེ་དགུག་པའི་ཕྲིན་ལས་ དབང་། །དམ་ཚིག་ཤ་ལྔའི་ཡོན་ཏན་ཚུལ། །དེ་ལས་དངོས་གྲུབ་དབང་ཕྱུག་འཐོབ། །མངོན་གྱུར་འབྲས་བུ་ཕྲིན་ལས་འགྲུབ། །ད་ནི་བསྙེན་བསྒྲུབ་ཡན་ལག་བཞི། །རྡོ་རྗེ་རྣམ་བཞི་ལྷ་ཡི་སྐུ། །ལུས་དབེན་རྡོ་རྗེ་བཟླས་པ་དང་། །སྣང་གསུམ་སྒྱུ་ལུས་འོད་ གསལ་བ། །སོ་སོར་བསྡུས་པ་བསམ་གཏན་ལམ། །སྲོག་རྩོལ་འཛིན་པ་དེ་བཞིན་ཉིད། །རྗེས་དྲན་ཡན་ལག་ཏིང་འཛིན་སྟོབས། །ཟུང་འཇུག་རིམ་པ་བསྟན་པ་ལས། །རིགས་ཀྱི་ཆ་ལས་དེ་ཉིད་གནས། །རྒྱུ་རྐྱེན་ལམ་དང་ནུས་འབྲལ་གང་། །མངོན་འགྱུར་ལྟ་སྟངས་ སྤྱོད་ཡུལ་ཀུན། །རིམ་གྱིས་འཆར་དང་ཅིག་ཅར་བ། །དེ་ཉིད་ཐོད་རྒལ་རིམ་རྟོགས་བྱ། །ཚེ་འདིར་སངས་རྒྱས་ལམ་དང་ནི། །བར་དོར་དངོས་གྲུབ་འབྱུང་ལམ་དང་། །སྒོ་གསུམ་བྱིན་བརླབས་རྡོ་རྗེ་ཡི། །སྨོན་ལམ་ཕྱི་དུས་འགྲུབ་པར་གྱུར། །བསམ་གཏན་གནས་ པ་དབང་པོ་ཐབས། །ཡུལ་ཉིད་ཤེས་རབ་ཏིང་ངེ་འཛིན། །དབྱེར་མེད་སྦྱོར་བ་གསང་གནས་ཏེ། །དུས་གསུམ་ལས་འདས་རྟོག་པའོ། །རྣམ་ཤེས་དེ་ཉིད་གསལ་བ་ལས། །མ་འགགས་ཡུལ་རྗེས་མི་འབྲང་ཞིང་། །མི་གཡོ་ཉོན་མོངས་ལས་དག་པ། །རྣམ་པར་སྤྱོད་ པ་བྱེ་བྲག་གསལ། །རྣམ་པར་མི་རྟོག་དམིགས་མེད་པ། །མི་འཁྲུལ་ལུས་སེམས་ཐ་མི་དད། །ཚོར་བ་ལས་འདས་དགའ་བ་ཉིད། །འཕྲོ་བ་མེད་པས་སེམས་གནས་པའོ། །ཟུག་རྔུའི་རྡུལ་མང་རྣམ་འཚེ་དག །སྒོ་གསུམ་ངང་དུ་དུལ་ཞིང་ཞི། །བདེ་བ་ཟག་མེད་ཆོས་ཉིད་ གནས། །འདུ་འབྲལ་མེད་པར་གྱུར་པས་སོ། །རབ་ཏུ་དུལ་བ་རྣམ་ཤེས་ཚོགས། །དག་གྱུར་ཤེས་བྱ་ཆོས་ཀྱི་ཁམས། །ཟད་ཅིང་གཟུང་འཛིན་རྣམ་དག་པས། །སྟོང་ཉིད་ཡེ་ཤེས་རྩེ་གཅིག་པ། །རྣམ་པ་ཀུན་དུ་མི་ལྡོག་པས། །མཚན་མ་མེད་པ་བྱང་ཆུབ་པའོ། །སྣང་བ་ ཐོབ་པ་སྟོང་པ་ཉིད། མཆོད་པ་སྟོང་ཆེན་གྱུར་པ་སྟེ། །སྣང་ཙམ་ཐམས་ཅད་སྟོང་པ་དང་། །ཉེར་ཐོབ་ཐམས་ཅད་སྟོང་པ་ཉིད། །དག་པ་རབ་གསལ་མཆོག་གྱུར་པས། །རོ་གཅིག་གྱུར་པ་ལུགས་འབྱུང་དང་། །ལུགས་བཟློག་རྟོག་ཚོགས་ཞི་བ་སྟེ། །སངས་རྒྱས་ཀུན་དངོས་ འཇིག་རྟེན་ལམ། །དེ་ཉིད་མཆོག་ཏུ་བསྟན་པ་ཡིན། །དེ་བཞིན་གཤེགས་ཀུན་བདག་ཉིད་ལས། །རྐྱེན་ལས་འབྱུང་བ་ལམ་གྱུར། །རྣལ་འབྱོར་གསལ་དང་མི་རྟོག་པ། །བདེ་བའི་བྱེད་པ་ལྟ་སྟངས་ལས། །ཀ་ར་ཎ་བཅིངས་ནུས་པས་ནི། །སྲིད་པ་གསུམ་པོ་གཡོ་མི་ འགྱུར། །བིདྷུ་ཀུན་དོར་གནང་སྡོམ་ལས། །མི་འགྱུར་བརྟན་བྱེད་ཡོན་ཏན་ཐོབ། །ལུས་གནས་རྩ་ཡི་ཕོ་བྲང་ལས། །གཡས་པའི་ཉི་མ་རྩོལ་བ་སྟེ། །གཡོན་པ་ཟླ་བ་སྲོག་བཅིང་བ། །འབྱུང་འཇུག་གནས་པ་ལམ་བསྟན་པའོ། །དབུ་མར་བྱང་སེམས་རྟེན་བྱེད་པ། །ཀུན་ འདར་ངེས་གནས་འཕོ་མེད་བཟུང་། །མཚན་མར་མི་འགྱུར་མཆོག་གི་རྩ། །ལས་ཀྱི་རླུང་སྒོམ་བྱེ་བྲག་པ། །འགོག་པས་མུན་པ་སྒྲ་གཅན་འཛིན། །གསང་བའི་སྣ་རྩེའི་སྟེང་འོག་ཏུ། །འབྱུང་བ་རྐྱེན་རླུང་སྣང་བ་གྲོགས། །སྒོ་ལྔ་བཟློག་ལས་གནས་པར་བྱ། །ཡེ་ཤེས་སྒྲོན་ མེ་སྣང་བ་སྐྱེ། །རྣལ་འབྱོར་གང་ཞིག་མངོན་གྱུར་པས། །རླུང་སེམས་རྣམ་དག་རྟགས་འཆར་པ། །ཡང་ན་འཕོ་ཚེ་ལམ་འཐོབ་འགྱུར། །དེ་ལས་རང་བཞིན་དག་པའི་ཚེ། །འོད་གསལ་ངང་ལས་སྤྲོ་བསྡུ་ཉིད། །དབུ་མའི་ལམ་ནས་འཇུག་པར་འགྱུར། །བདེ་བའི་ཐིག་ ལེ་ཐབས་དང་ནི། །ཡེ་ཤེས་མེ་ནི་ཤེས་རབ་ཆེ། །གཉིས་མེད་དྷཱུ་ཏཱིའི་ནང་ཞུགས་པས། །བདུད་རྩི་མི་འཕོ་གསང་ལམ་གནས། །དེ་ཉིད་དུ་ནི་སྲོག་བརྟེན་ཅིང་། །འཛིན་པ་ཡེ་ཤེས་ལམ་གྱུར་པའོ། །དེ་ལས་གཏུམ་མོ་འབར་གྱུར་ཞིང་། །ལས་རླུང་གྱེན་ལོག་ལྟེ་བར་ཕྱིན། ། ཧོ་ལས་བདུད་རྩི་འབར་འཛག་གྱུར། །མགྲིན་པར་དགའ་བ་སྙིང་གར་ནི། །མཆོག་དགའ་ལྟེ་བར་ཁྱད་པར་ཅན། །གསང་བར་མི་ལྡོག་ལྷན་ཅིག་སྐྱེས། །མཆོག་ཏུ་མི་འགྱུར་འཐོབ་པའོ། །དེ་ཉིད་ཡེ་ཤེས་རྗེས་དྲན་གཅེས། ལུས་ངག་ཡིད་དང་ཡེ་ཤེས་ཞི། །ཕྱག་རྒྱའི་དེ་ཉིད་ མངོན་གྱུར་པའོ། །ཤེས་པ་དག་ནི་རྣམ་དག་པ། །ལྟེ་བར་འདོད་ཆགས་རྟོག་པ་དག །སྙིང་གར་གཉིད་ཀྱི་རྟོག་བཞི། མགྲིན་པར་རྨི་ལམ་ཤེས་པ་དག །དཔྲལ་བར་སད་པའི་ཤེས་པ་སྤངས། །ལས་རླུང་རྩ་ཡི་འཁོར་ལོ་ཡི། །ཐིག་ལེར་གནས་པ་རྟེན་དང་ནི། །བརྟེན་པ་ བྱང་སེམས་མི་འགྱུར་ཐོབ། །ལས་ཀྱི་ཕུང་པོ་ལོག་གྱུར་ཅིང་། །མཉམ་པའི་བདེན་པ་ལ་འཇུག་པ། །གཙུག་ཏོར་སྒོ་ནི་ཕྱེ་གྱུར་པས། །འབིགས་བྱེད་བརྟན་པའི་དོན་ཐོབ་པས། །ཡོན་ཏན་དཔག་མེད་མངོན་དུ་གྱུར། །ཐབས་དང་ཤེས་རབ་དབྱེར་མེད་ པ། །དཔལ་ལྡན་རྡོ་རྗེ་འཆང་དུ་གྱུར། །དེ་ཉིད་ཡོན་ཏན་ཕྲིན་ལས་ཚོགས། །རྟོག་མེད་ངང་ལས་ཀུན་དུ་འབྱུང་། །སྐད་ཅིག་མངོན་རྫོགས་ཟུང་འཇུག་པ། །ཏིང་ངེ་འཛིན་ཞེས་བརྗོད་པ་སྟེ། །གསང་ཆེན་གནས་འཐོབ་མངོན་སངས་རྒྱས། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་ བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡེ་ཤེས་ཀུན་མཁྱེན་པའི། །གསང་བ་རབ་འབྱམ་གྲུབ་པ་སྟེ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཡང་དག་སྦྱོར་བའི་དོན་གྱིས་ནི། །ཐོགས་མེད་ནུས་པ་ལྡན་གྱུར་པ། །བདེན་པ་གཉིས་ བསྲེས་དོན་བསྟན་པའོ། །ཕྲིན་ལས་བཞི་ཡི་བྱེད་པ་ལས། །གྲུབ་ཚུལ་དེ་ཉིད་བསྟན་པའོ། །བཟླས་ཐབས་བཅུ་ཡིས་གྲུབ་པའི་དོན། །སྔགས་རྣམས་ཀུན་གྱི་དེ་ཉིད་ཀྱིས། །ལམ་རྫོགས་ས་རྣམས་མངོན་གྱུར་པས། །བདག་བྱིན་བརླབ་པར་གྱུར་པའོ། །ཚེ་འདི་ཉིད་ དང་བར་དོར་ནི། །ཡེ་ཤེས་དངོས་གྲུབ་ཐོབ་པར་བཤད། །གོང་དུ་འཕོ་བའི་དོན་གྲུབ་བྱེད། །བཅུ་བདུན་ལྷ་ཡི་འཁོར་ལོ་ལས། །གྲུབ་པ་རབ་གསལ་བདེ་ཐོབ་པའོ། །མཚོན་བྱའི་འབྲས་བུ་མངོན་གྲུབ་ན། །མཚོན་བྱེད་ནུས་པ་ཐོགས་མེད་འབྱུང་། །གསལ་བྱ་གསལ་ བྱེད་རྒྱུ་འབྲས་དང་། །བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་སོ། །ངོ་བོ་ཉིད་ཀྱི་རྒྱུ་འབྲས་ལས། །རྒྱུས་ནི་འབྲས་བུ་སྐྱེད་བྱེད་པས། །འབྲས་བུ་རྒྱུ་ལས་འབྱུང་བས་ན། །ཕན་ཚུན་ལྟོས་པའི་རྒྱུ་འབྲས་སོ། །ངོ་བོ་གཅིག་པར་གྲུབ་འགྱུར་ཏེ། །རྒྱུ་འབྲས་རྣམ་པ་ཐ་དད་ཀྱང་། །རིགས་ མཐུན་གནས་ཉིད་མཚུངས་འབྲལ་བས། །གྲུབ་སྡེ་གཅིག་པར་གྲུབ་པའོ། །རྒྱུ་འབྲས་མ་ལུས་རྟེན་འབྲེལ་ཏེ། །དེ་ཉིད་ནམ་མཁའི་ངོ་བོ་ཉིད། །སྟོང་ཉིད་དངོས་པོ་སྣ་ཚོགས་པར། །གནས་ཀྱང་རོ་མཉམ་འགག་པ་མེད། །ཆོས་རྣམས་སྣང་བ་མ་ལུས་ལ། །ནམ་མཁའི་རང་ བཞིན་ངང་ལས་འབྱུང་། །སྒྲིབ་ཕྱོགས་དང་ནི་སྣང་ཕྱོགས་དག །སྐྱེ་འགག་དེ་ཉིད་དངོས་མེད་པས། །བདེན་གཉིས་ཐ་དད་གྱུར་པ་ན། །ཡེ་ཤེས་ལམ་ནི་དོན་མེད་འགྱུར། །གསལ་སྟོང་གཉིས་ནི་ཐ་དད་ན། །རྟག་ཆད་མཐར་ནི་ལྟུང་བར་འགྱུར། །དངོས་པོའི་གནས་ལུགས་ ལ་བརྟེན་ནས། །དངོས་མེད་ཡེ་ཤེས་འོད་གསལ་བ། །ཟབ་དང་རྒྱ་ཆེ་གཉིས་མེད་པ། །རྒྱུ་རྐྱེན་མ་ལུས་དག་བྱེད་པས། བསམ་གཏན་ཏིང་འཛིན་མཐར་ཐུག་ནི། །རྡོ་རྗེ་ལྟ་བུའི་ངོ་བོ་ཉིད། །དངོས་པོ་ཐམས་ཅད་ཟློག་བྱེད་པ། །ཤིང་གི་ཚོགས་ལ་མེ་འབར་བས། །བསྲེགས་ཏེ་ དངོས་མེད་འགྱུར་བ་ལྟར། །མཐར་ནི་ཐམས་ཅད་སྟོང་ཉིད་དུ། །ཡེ་ཤེས་མེས་ནི་རྣམ་པར་སྦྱངས། །ནམ་མཁའ་ལྟ་བུའི་དབྱིངས་ལས་ནི། །ཡེ་ཤེས་ཕྲིན་ལས་འགག་མེད་འབྱུང་། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་བརྒྱད་པའོ། །དེ་ནས་ རྒྱལ་པོ་རྡོ་རྗེ་འཛིན། །དཔལ་ལྡན་ལུས་ཀྱི་རྣམ་ཤེས་དང་། །ཡེ་ཤེས་སྒྱུ་འཕྲུལ་ལ་སོགས་བསྟན། །ལྷ་མོ་བཞི་དང་ཁྲོ་བོ་བཅུ། །སྣ་ཚོགས་ཕྲིན་ལས་དུ་མ་མཆོག །འགྲོ་བ་འདུལ་བའི་དོན་དུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ཕྱི་ནང་དབྱེ་བ་རིམ་པ་ཡིས། །མ་གྲུབ་ སྤོགས་པའི་ཆོ་ག་ནི། །ཕུར་གདབ་དེ་ཉིད་བསྟན་པའོ། །འདོད་པའི་ཁམས་ན་འགྲོ་བ་ཀུན། །རྣམ་རྟོག་རླུང་གི་ར་བར་ཚུད། །བདག་འཛིན་མདུད་པས་བསྡམས་པ་ལ། །སྨིན་གྲོལ་ཡེ་ཤེས་ལམ་རྟོགས་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །པདྨ་འདབ་བརྒྱད་བཀོད་པ་ལ། ། སོ་བདུན་ཡི་གེ་ལ་དམིགས་པ། །བཅུ་དྲུག་ཆ་དང་ལྡན་པའོ། །དྲོད་ནི་སྣང་བ་རྟོག་བྲལ་སེམས། །སྤངས་ཐོབ་ཡོན་ཏན་འབྱུང་བའི་གཞི། །རྩེ་མོ་མཆོད་པ་ནུས་པ་རྙེད། །འཇིགས་པ་ལས་གྲོལ་བརྟན་པར་འགྱུར། །བཟོད་པ་སྣང་བ་ཐོབ་པ་ཉིད། །རྟོག་པ་ཀུན་ལས་རྣམ་ པར་གྲོལ། །ཆོས་མཆོག་སྣང་བ་ཉེར་ཐོབ་ཉིད། །ཡེ་ཤེས་དེ་མ་ཐག་པ་ཆེ། །ཟིལ་གནོན་རྟེན་འབྲེལ་ཕྱོགས་ཆ་འཆར། །རིགས་པ་མངོན་གྱུར་རྟོག་པ་འདག །དེ་ཉིད་འཁོར་འདས་ཡོན་ཏན་ཐོབ། །གཟུང་འཛིན་ཆ་འདས་ལམ་དུ་གྱུར། །རྒྱལ་བའི་དགོངས་པ་རྟོགས་ པར་བྱ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ཉི་ཤུ་རྩ་དགུ་པའོ། །སྤྲོས་པ་མེད་པའི་སྤྱོད་པ་ཡེ་ཤེས་ཀྱི་གྲུབ་པའི་དོན་བསྟན་པའི་ཕྱིར། དབེན་གནས་དབེན་པ་ཡོན་ཏན་ཀུན་དང་ལྡན་པ། ལུས་གནས་སེམས་ཀྱི་ དུར་ཁྲོད་རབ་ཏུ་སྒྲུབ་པ་ཉིད་དུ་བྱ་བ་སྟེ། དངོས་འཛིན་རྣམ་པར་དག་པ་ཉིད་ཀྱིས་སོ། །སྨེ་ཤ་ཅན་ནི་རྟོག་མེད་མའི་ཤ་ལ་རོལ་པ་ཉིད་དེ། ཁྱད་པར་དུ་ཡེ་ཤེས་ཡང་དག་པ་བསྒྲུབ་པ་སྟེ། དུས་རྟག་ཏུ་ཡེ་ཤེས་ཀྱི་ངང་ལས་མི་འདའ་བར་བསྒྲུབ་པའོ། །རིག་མ་ཤེས་རབ་ ཡེ་ཤེས་ལས་སྐྱེས་མ། རྣམ་པ་ཉི་ཤུས་བྱང་ཆུབ་པ་སྟེ་བཅུ་ཕྲག་གཉིས་མ་ཉིད་དོ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་ནི། ཡེ་ཤེས་ཀྱི་སྐུ་བསྐྱེད་པ། འོད་གསལ་ལས་བྱུང་བའི་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྡོ་རྗེ་འཛིན་པ་ཆེན་པོའི་ཕོ་བྲང་དང་ལྡན་པའོ། ། དེ་ཉིད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ། དཔལ་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དུ་དམིགས་པའོ། །བཤང་གཅིའི་དམ་ཚིག་ནི་ཡུལ་དང་དབང་པོ་གཉིས་མེད་དུ་སྦྱར་བའོ། །ལ་སོགས་ནི་བདེ་བ་སྟོང་པ་ཉམས་སུ་མྱོང་བའི་ཟས་ཀྱིས་ཁྱད་པར་ཡུལ་ལ་སྤྱོད་པའོ། ། དེ་རུ་ཆོ་ག་བཞིན་དུ་ཞེས་པ་རྡོ་རྗེ་འཛིན་པ་ཡབ་ཡུམ་རོལ་པ་བདེ་ཆེན་མི་འགྱུར་པ་ཡོངས་སུ་གྲུབ་པའོ། །དེའི་དཀྱིལ་འཁོར་རྟེན་གཞལ་ཡས་ཁང་ཆོས་འབྱུང་དང་། འབྱུང་བ་རིམ་བརྩེགས་དང་བཅས་པ་རྟེན་དང་བརྟེན་པའི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་ལས་སྐྱེས་པ། ཡེ་ཤེས་ ལས་བྱུང་བའི་མཚན་ཉིད་བདེ་སྟོང་རོ་མཉམ་དུ་འབྱུང་བའི་ངོ་བོ་ཉིད་ཡོངས་སུ་རྫོགས་པའོ། །རབ་ཏུ་བཟང་བས་ན་འོད་གསལ་བའི་ཡེ་ཤེས་ལས་སྐྱེས་པ། བཞིན་རབ་ཏུ་མཛེས་པ་ཡེ་ཤེས་ཀྱི་དབང་པོ་དང་སྟོབས་ལས་བྱུང་བ་ཉིད་དོ། །རྒྱན་རྣམས་ནི་བྲལ་བ་དང་རྣམ་པར་སྨིན་ པའི་ཆ་ལས་འཕགས་པའི་ནོར་ལས་ཡན་ལག་བདུན་ལྡན་ཡེ་ཤེས་ཀྱི་ཆེ་བས་ཡོངས་སུ་རྫོགས་པའོ། །དཀྱིལ་འཁོར་གྱི་དབུས་སུ་བཞག་པ་ནི། རྡོ་རྗེ་འཛིན་པ་ཉིད་དང་། རེག་བྱ་རྡོ་རྗེ་མ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མར་གྱུར་པ་རྣམ་པར་བསྒོམ་ཞེས་པའོ། །དཀྱིལ་འཁོར་ལྔའི་ འཁོར་ལོ་ནི། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར། དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་བ་དང་བཅས་པར་སངས་རྒྱས་ཀྱི་སྐུའི་མཚན་དཔེ་དང་། སྐུ་མདོག་ཕྱག་མཚན་རྒྱན་དང་ལྡན་པ། ཡེ་ཤེས་ལས་འབྱུང་བ་སྐད་ཅིག་གིས་སོ། །དེར་རྣལ་འབྱོར་གྱི་ དབང་ཕྱུག་གསང་སྔགས་ཀྱི་རྣམ་པར་བསམ་པའི་འཁོར་ལོ་ཅན་གྱི་གསང་བ་ཡེ་ཤེས་ཀྱི་བསྒྲུབ་པ་སྟེ། བདེ་སྟོང་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོར་ངོ་བོ་ཉིད་མི་འགྱུར་བའི་མཆོད་པའི་གནས། ཚད་མེད་པས་ཡང་དག་པར་མཆོད་པ། དམིགས་པ་རྣམ་པར་གྱུར་བའི་ ཉམས་ཀྱི་ཏིང་ངེ་འཛིན་གྱིས་སོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་སུམ་ཅུ་པའོ། །དེ་ཉིད་ལས་གསང་བ་བླ་ན་མེད་པའི་བསྒྲུབ་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་པ་སྟེ། སྐུ་རྡོ་རྗེ་མི་འགྱུར་བ་གསུང་རྡོ་རྗེ་འགག་ བ་མེད་པ། ཐུགས་རྡོ་རྗེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། དེ་ཉིད་དབྱེར་མི་ཕྱེད་པའི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཀུན་ཏུ་རྣམ་པར་སྣང་བར་མཛད་པ། རྡོ་རྗེ་འཆང་ཆེན་པོ། སྐུའི་འོད་ཀྱི་སྣང་བ་ ལས་སྤྲོ་བ་དང་བསྡུ་བར་མཛད་པའི་ཕྱིར་འོད་ཟེར་ཆེན་པོ་དང་རབ་ཏུ་ཆེན་པོ། །སྤྲོ་བ་དང་བསྡུ་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རོལ་པ་སྟོན་པའོ། །ཡང་དེ་ཉིད་དུ་རིག་མའི་རིགས་དག་པས། ཡེ་ཤེས་བསྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། བྲམ་ཟེ་མ་ལ་སོགས་པ་ སྟེ། རྡོ་རྗེ་རིགས་ཀྱི་སྨེ་ཤ་ཅན་ལྟ་བུའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི། བཙོ་བླག་མཁན་ཏེ་དངོས་པོ་ཐམས་ཅད་ཡེ་ཤེས་སུ་སྒྱུར་བར་བྱེད་པའོ། །ཡང་ན་བྲམ་ཟེ་ཞེས་པ་སྟེ། སྡིག་པའི་དྲི་མས་མ་གོས་པའོ། །རྒྱལ་རིགས་ནི་རིན་པོ་ཆེའི་རིགས་ལ་སྟེ། ཡེ་ ཤེས་འབར་བའི་ཆེ་བ་དང་ལྡན་པའོ། །རྗེའུ་རིགས་ནི་པདྨ་ཅན་ལ་སྟེ་ཆགས་པ་མེད་པའོ། །རྡོ་རྗེ་ཆོས་ཀྱི་རིགས་ཆགས་པ་མེད་པ་པདྨའི་འདམ་ལས་ཐོན་པ་ལྟ་བུར་བསྒྲུབ་པ་ཉིད་དོ། །ཡང་ན་གར་མཁན་གྱི་རིགས་ཀྱིས་ཀུན་ཏུ་སྒྱུར་བར་བྱེད་པས། འདི་ནི་ཡེ་ཤེས་བདེ་ཆེན་གསང་ བ་ཡེ་ཤེས་མྱུར་དུ་ཐོབ་པར་བྱེད་པ་ཉིད་དོ། །ཡང་ན་པདྨའི་རིགས་ཀྱི་རིག་མ་ལྟ་བུའམ། གཏུམ་པ་མ་རྣམ་རྟོག་རྩད་ནས་གཅོད་པ་དག་གམ། ཁྱད་པར་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། ཞེ་སྡང་རྡོ་རྗེའི་འཁོར་ལོ་དང་ལྡན་པས། སྙིང་གའི་གནས་སུ་ སྟོང་པ་དང་སྙིང་རྗེ་ཐ་མི་དད་པ། བྱང་ཆུབ་རྡོ་རྗེའི་སྦྱོར་བ་དང་ལྡན་པས། རིག་མ་ཨུཏྤལ་མཐིང་གའི་མདོག་འདྲ་བ། སེམས་དཔའ་ཨུཏྤལ་ལ་ཆུའི་དྲི་མས་མ་གོས་པ་དང་མཚུངས་པ། བཙོ་བླག་མཁན་ཐམས་ཅད་ཡེ་ཤེས་སུ་སྒྱུར་བར་བྱེད་པ་ཉིད་དེ། སངས་རྒྱས་ཀྱི་ཡེ་ ཤེས་དང་མཚུངས་པ་དག་ནི། བརྟེན་བསྒྲུབ་པ་མཉམ་རྗེས་གཉིས་སུ་མེད་པས་རབ་ཏུ་གྲུབ་པའི་དབང་ཕྱུག་འཐོབ་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་སུམ་ཅུ་སོ་གཅིག་པའོ། །ཡང་ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་བསྟན་པ་ལས་ནི། དམ་པ་གཉིས་ཀྱི་སྦྱོར་བ་ནི། ཐབས་རླུང་གི་སྦྱོར་བ་དང་། ཤེས་རབ་རིག་པ་སྟོང་ཉིད་སྤྲོས་མེད་ལྷན་ཅིག་སྐྱེས་པ་རང་འབྱུང་རོ་མཉམ་བདེ་བ་ཆེན་པོའི་སྦྱོར་བས་ཡེ་ཤེས་ལ་རོལ་པ་གར་གྱི་ཉམས་ཀྱི་སྤྱོད་པ་ཐམས་ཅད་འོད་གསལ་བའི་ངང་ལས། ཟུང་འཇུག་བདེ་བ་ཆེན་པོར་ཕྲིན་ ལས་ཐམས་ཅད་བརྩམ་པར་བྱ་བའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་འདའ་བར་མི་བྱ་བས་འདའ་བར་དཀའ་བ་སྟེ་ད་ཕན་ཡོན་ནི་སྐུ་གསུང་ཐུགས་གསང་བ་གསུམ་གྱི་ཡེ་ཤེས་དང་ལྡན་པ་དེ་ནི་སྐད་ཅིག་དེ་མ་ཐག་ཏུ་ཡང་། དཔལ་རྡོ་རྗེ་འཆང་ བྱང་ཆུབ་སེམས་རྡོ་རྗེ་དང་ཕྲིན་ལས་ཐ་མི་དད་པ་འཐོབ་པར་འགྱུར་བའི་མཚན་ཉིད་ཀྱི་ཐ་ཚིག་གོ། །རྡོ་རྗེ་ཉི་མ་ནུབ་པ་རྡོ་རྗེ་ནི། སྒྱུ་ལུས་དག་པ་ཐབས་མི་ཕྱེད་པ། ཉི་མ་ནི་སྣང་བ་དང་སྣང་བ་མཆེད་པའི་ཆ་ལས་ནུབ་པ་སྣང་བ་ཐོབ་པ་ལས། ཁྱད་པར་དུ་རང་བཞིན་གྱི་རྟོག་པ་ཐམས་ ཅད་རྩ་རོ་རྐྱང་གཉིས་རླུང་དང་ཤེས་པ་དབྱེར་མེད་དུ་བསྡུས་ནས། རྩ་དབུ་མ་ཡེ་ཤེས་ཀྱི་ངང་དུ། སྤང་བླང་མེད་པར་ནུབ་པ་ཆེན་པོ་ཉིད་དེ། དེ་ཉིད་དུ་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་བདེ་སྟོང་དབྱེར་མེད་འོད་གསལ་ཆེན་པོ་རབ་ཏུ་མི་གནས་པའི་ངང་དུ་གནས་པར་འགྱུར་ བའོ། །དེ་ལས་སློབ་པའི་ཟུང་འཇུག་ཏུ་ལྡང་བས། སྐྱ་རེངས་ཤར་བ་ལྟ་བུ་སྟེ། མཁྱེན་པའི་ཡེ་ཤེས་དུས་གསུམ་ཕྱོགས་བཅུར་ཁྱབ་པའི་སྐད་ཅིག་མའི་ཁྱད་པར་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གྱུར་པའོ། །ཁྱད་པར་སྒྱུ་ལུས་རྣམ་པར་དག་པ་ཡེ་ཤེས་ཀྱི་ རབ་ཏུ་བྱེད་པ་བསྟན་པའི་ཕྱིར། རྒྱལ་པོ་སེམས་དཔའ་སྟེ། ཆོས་རྣམས་ཀུན་དང་མཚུངས་པར་ལྡན་པ་རྒྱལ་པོ་འཁོར་ལོས་སྒྱུར་བ་ནི། རིན་པོ་ཆེ་བདུན་དང་ལྡན་པ་སྟེ། གནས་སྐབས་སུ་འཕགས་པའི་ནོར་བདུན་གྱི་རྒྱན་གྱིས་སྤྲས་པ་ན། རྒྱུད་གསང་ཆེན་ལ་རྒྱན་བདུན་ གྱིས་སྤྲས་པར་གྱུར་པས། སྐུ་གསུམ་ཡན་ལག་བདུན་ལྡན་དུ་གྲུབ་པ་འདོད་དང་ཐར་པ་རབ་ཏུ་གྲུབ་པ་སྟེ། དབང་ཕྱུག་བརྒྱད་ལྡན་ཟུང་འཇུག་བླ་ན་མེད་པ་རབ་ཏུ་གྲུབ་པ་ཉིད་དོ། །དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་རྣམ་པར་འཛིན་པ། རྣམ་པར་དག་པར་སྒྱུ་མ་ རབ་ཏུ་མི་གནས་པར་བསྟན་པའི་དོན་དུ། དེ་ནི་རྡོ་རྗེ་ཆོས་ཀྱི་བདག་ཅེས་ཚད་མེད་པའི་བྱང་ཆུབ་སེམས་ལས་བྱུང་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ། ཕྱིར་མི་ལྡོག་པའི་གནས་ཐོབ་པ། དག་པའི་ས་ལ་གནས་པར་འགྱུར་བ་ནི། ས་བཅུ་ལ་ནི་གནས་པར་འགྱུར་བ་སྟེ། སྣང་བ་ གསུམ་པོ་རང་བཞིན་དང་བཅས་པ། ཐམས་ཅད་དག་པས་བདག་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་པས། ལུས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པར་བགྲོདཔས། རྟེན་དང་བརྟེན་པ་རང་བྱིན་གྱིས་བརླབས་པར་འགྱུར་བའི་ཕྱིར། རྒྱལ་པོ་དཔུང་གི་དམ་ཚིག་འཛིན་ན་ ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་ཕྲིན་ལས་ཡོན་ཏན་མི་ཟད་པ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབང་ཕྱུག་དམ་པ་བརྒྱད་ལ་སོགས་པ་མ་འདྲེས་པའི་ཆོས་སྤོབས་ལ་དབང་སྒྱུར་བ། ཀུན་གྱི་མཆོག་ཚད་མེད་མངོན་དུ་གྱུར་པའོ། །མངོན་པར་བྱང་ཆུབ་རྣམ་གཉིས་ལས། །ཕྱི་ ནང་གཉིས་སུ་དགོས་པས་བཤད། །ནང་གི་དུས་ཏེ་ཆོ་འཕྲུལ་བསྟན། །བདུད་ལས་རྣམ་པར་རྒྱལ་བ་སྟེ། །རྡོ་རྗེ་སྒོ་གསུམ་སོ་སོར་དག །སློབ་བའི་ཕྱི་ཡི་མངོན་བྱང་ཆུབ། །ཐོ་རངས་མི་སློབ་ཟུང་འཇུག་སྟེ། །སྐུ་བཞི་གཅིག་ཏུ་འདུས་པ་སྟེ། །སྐད་ཅིག་ཡེ་ཤེས་རྣམ་གྲོལ་བའོ། །དཔལ་ ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་སུམ་ཅུ་སོ་གཉིས་པའོ། །དེ་ལས་མངོན་པར་བྱང་ཆུབ་པ་བདེ་བ་ཆེན་པོའི་དབང་ཕྱུག་བསྟན་པའི་ཕྱིར། རྡོ་རྗེ་རྣལ་འབྱོར་པས་རྡོ་རྗེ་ལུས་ཀྱི་ཁྱད་པར་ལ་བསྟན་ནས། རིག་མ་མངོན་པར་ འདུ་བྱ་བ་ལས། མཁའ་གསང་བྱིན་རླབས་དང་ལྡན་པས། ཐབས་དང་ཐབས་ལས་འབྱུང་བའི་རྡོ་རྗེ་ཆོས་འབྱུང་པདྨར་ནུབ་པས། ཤེས་རབ་ཟེ་འབྲུ་རྒྱས་པར་ཟླ་བ་དང་ཉི་མ་ངོ་མཉམ་པར་གྱུར་པས། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང་། ཉེ་བར་ཐོབ་ པ་ནུབ་པ་ཅན་གྱི་ཡེ་ཤེས་ཀྱི་བསྒྲུབ་པ་ཀུན་ཏུ་བརྩམ་པའོ། །འོད་གསལ་བའི་ཡེ་ཤེས་ཐོག་མ་དང་མཐར་འབྱུང་བ་ཉིད་ཀྱིས་རང་བཞིན་རྣམས་ཀུན་འདར་དུ་ནུབ་ཅིང་རྣམ་པར་དག་པའོ། །སྐྱ་རེངས་འཆར་བའི་ཆ་ནི་མཁའ་སྣང་དག་པའི་ངང་དུ་ཡེ་ཤེས་འཇུག་པ་དང་བཟློག་ པར་གྱུར་པས། སྟོང་པ་བཞི་ལས་འདས་པའི་ཏིང་ངེ་འཛིན་མཆོག་སྟེ། རྒྱུ་ཀུན་ཏུ་བྱང་ཆུབ་སེམས་འཕེལ་བ་ལས། རྐྱེན་རིག་མའི་སྟོབས་ཀྱིས། རྩ་གནས་ཐམས་ཅད་དུ་ཐིག་ལེ་འཕེལ་ཞིང་རྒྱས་པ་ལས། དགའ་བའི་དུས་སུ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ དང་། མཆོག་དགའི་དུས་སུ་རྣམ་པར་སྨིན་པའི་ཁྱད་པར་གྱི་དགའ་བའི་དུས་སུ་རྣམ་པར་ཉེད་པ་ཉིད་དོ། །སྐད་ཅིག་མ་གསུམ་ལས་འདས་པའི་དུས་དེ་མ་ཐག་པ་ལས། ལྷན་ཅིག་སྐྱེས་པའི་དགའ་བ་ལས་མཚན་ཉིད་བྲལ་བའི་སྐད་ཅིག་མ་མངོན་དུ་གྱུར་པ། བདེ་སྟོང་ རོ་མཉམ་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པའི་དོན་ཟུང་འཇུག་ཆེན་པོ་ཐོབ་པར་གྱུར་པའོ། །དེ་ཉིད་ཡོངས་སུ་དག་པ་བླ་ན་མེད་པའི་ཆེ་བ་བསྟན་པ་ལ། རྒྱན་རྣམས་དོན་གྱི་རྒྱན་ཡེ་ཤེས་ཀྱི་ཆེ་བ་བསམ་གྱིས་མི་ཁྱབ་ཏུ་འཆར་ལ། རྣམ་གྲངས་ཡོན་ཏན་གྱི་ཆེ་བ་ཚད་མེད་ པར་འཆོར་བའོ། །རྣམ་པ་ཐམས་ཅད་དུ་རིམ་དང་ཅིག་ཅར་དུ་ཀུན་ཏུ་སྣང་བའོ། །མེ་ཏོག་ནི་གཟུགས་རྡོ་རྗེ་སྤོས་ནི་དྲི་རྡོ་རྗེ་མ་ལ་སོགས་ཀྱིས་སྒྲ་རྡོ་རྗེ། རོ་རྡོ་རྗེ་དང་། རེག་བྱ་རྡོ་རྗེ་མའི་རྣམ་པར་སྣང་བའོ། །རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་སེམས་རྡོ་རྗེའི་ཕྲིན་ལས། ཕུང་པོ་ ཁམས་དང་སྐྱེ་མཆེད་ཐམས་ཅད་རྟེན་དང་བརྟེན་པར་གྱུར་པ། སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་བདེ་བ་ཚད་མེད་པ་སྐྱེས་པས། སྣང་སྲིད་ཐམས་ཅད་བདེ་བ་ཚད་མེད་པར་གྱུར་པ། ས་གསུམ་ཀུན་ཏུ་སྒྱུ་མའི་རོལ་པས་མི་ཟད་པའི་ཆོ་འཕྲུལ་དཔག་ཏུ་མེད་པ་ སྐད་ཅིག་གཅིག་ལ་འཆར་བར་འགྱུར་བའོ། །དེའི་ཚེ་བསྟན་པ་སྐུ་གསུམ་མཆོག་ནི། བདེ་བ་ལོངས་སྐུ། གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་ཀྱི་སྐུ་སྟེ། དབྱེར་མེད་ངོ་བོ་ཉིད་ལྷུན་གྲུབ་དེ་ལ། ཕྲིན་ལས་ཐོགས་པ་མེད་པར་འཆར་བས་རབ་ཏུ་བསྒོམ་པའོ། ། དཔག་ཚད་བརྒྱའི་ནི། དེ་བཞིན་གཤེགས་པའི་ཞིང་ཁམས་ཚད་མེད་པའི་སྣང་བ་ཆེན་པོས་ཀུན་ཏུ་བྱས་པ་སྤྲོ་བསྡུའི་མཛད་པ་སྟོན་པའོ། །དེ་ལས་དབང་པོ་གཉིས་ཀྱི་སྦྱོར་བ་ནི། ཐབས་སྙིང་རྗེ་ཆེན་པོ་བླ་ན་མེད་པ་ནི་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ སྟོང་ཉིད་ཀྱི་ཏིང་ངེ་འཛིན་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པའོ། །སངས་རྒྱས་ནི་སློབ་པ་ལས་འདས་པ་མི་སློབ་པའི་ཟུང་འཇུག་སྟེ། བྱང་ཆུབ་ནི་ཡང་དག་པའི་ཡེ་ཤེས་ཐུགས་སུ་ཆུད་པའོ། །གནས་ཞི་བ་སྟེ་མཐའ་ཐམས་ཅད་དང་བྲལ་བ་གཉིས་མེད་ཟུང་འཇུག་ ཆེན་པོ་མངོན་དུ་གྱུར་པས་ས་བཅུ་གསུམ་པའི་དབང་ཕྱུག་དམ་པའོ། །ཉེ་བར་བསྡུ་བ་ལ་གདམས་པ་སྟེ། རྡོ་རྗེ་ཅན་ནི་དག་པའི་སྒྱུ་ལུས་ལ་གནས་པ་སྟེ། མི་སློབ་པའི་ཟུང་འཇུག་ལམ་ཐམས་ཅད་མཐར་ཕྱིན་པས་སྲོད་དུས་སུ་བདུད་བཅོམ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ སྙིང་པོའི་ནུས་པ་ཐོབ་པ། ཐོབ་པས་ཡེ་ཤེས་ཆེན་པོ་གསང་བའི་གནས་གྲུབ་པའོ། །ཐོ་རངས་ཤིན་ཏུ་རྣམ་པར་དག་པའི་གྲུབ་པ། ཡེ་ཤེས་རབ་ཏུ་མི་གནས་པ། གཙུག་ཏོར་ཆེན་པོ་རབ་ཏུ་རྫོགས་པ་བདེ་བ་ཆེན་པོ་མི་ཤིགས་པ་བླ་ན་མེད་པ་ཐོབ་པའོ། །བཤང་གཅིའི་ དམ་ཚིག་བཟའ་བ་ནི། དབྱིངས་ཀྱི་ངང་དུ་ཡེ་ཤེས་རོ་མཉམ་དུ་ཐིམ་པས་དངོས་གྲུབ་མ་ཟད་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་དག་པ། རྡོ་རྗེ་སྐུ་གསུང་ཐུགས་ཀྱི་གསང་བ་བྱང་ཆུབ་ཆེན་པོ་རབ་ཏུ་རྟོགས་པའི་སྐད་ཅིག་གཅིག་རྡོ་རྗེ་འཆང་དེ་བཞིན་གཤེགས་པ་མངོན་དུ་གྱུར་ པའོ། །ཡང་དག་པར་གསུངས་པ་ཕྱིའི་མངོན་པར་བྱང་ཆུབ་པ་སྟེ། དགོངས་པས་བཤད་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། རབ་ཏུ་བྱེད་པ་སུམ་ཅུ་སོ་གསུམ་པའོ། །དེ་ལ་འདིར་ཆོས་ཐམས་ཅད་ནི་སྒྱུ་མ་དང་མཚུངས་ པ། སྒྱུ་མ་ལྟ་བུར་སྤྱོད་ཅིང་འཇུག་པ་ཉིད། །སྒྱུ་མ་དེ་དག་བྱིན་གྱིས་རླབས་པའི་རིམ་པ་ལས། །མ་དག་པ་ལས་རྣམ་དག་ལྷ་ཡི་སྐུ། །ལུས་ངག་ཡིད་གསུམ་སྒྱུ་མར་ལམ་དུ་འཆང་། །ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་སོགས་རྣམས། །ཤེས་པ་གཉིས་ལ་དེ་ཉིད་ཡོངས་བསྡུས་ནས། ། གང་ཞིག་སྟོང་ཆེན་གཉིད་ལོག་གྱུར་པ་སྟེ། །རླུང་གི་བྱེད་པས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་ཡུལ་ལས་བྱེ་བྲག་འཁྲུག་པར་སྣང་། །ཀུན་དུ་རྟོག་པའི་རྒྱུ་འབྲས་རྨི་ལམ་རྟོག །གང་གིས་མཚན་དང་ཉིན་དུ་གཉིད་འཇུག་པས། །གཉིད་ལོག་སད་པ་ཐ་དད་གྱུར་པ་མིན། །ས་ མཐུག་བསྒྲིབས་པས་རབ་ཏུ་རིང་གཉིད་ལོག །སྔར་བྱས་འབྲས་བུ་མ་སྨིན་ལས་རྣམས་ཀུན། །དེ་ནས་རླུང་གིས་ལས་རྣམས་འབྱུང་འཇུག་འགྱུར། །སྔོན་ལས་སྨིན་པར་གྱུར་ན་རླུང་སེམས་དག །འཇིག་རྟེན་འཕོ་བ་གནས་གཞན་དག་ཏུ་འགྲོ། །ཇི་ལྟར་ཕྱོགས་བཅུར་བཞུགས་ པའི་རྒྱལ་བ་རྣམས། །དེ་ཡི་སྐུ་ལ་རྐང་རུས་ཤ་ཁྲག་མེད། །སེམས་ཅན་དོན་དུ་ཁམས་ལ་འཇུག་པར་མཛད། །སྤྲུལ་པ་སྒྱུ་མས་འགྲོ་དོན་མཛད་པ་བཞིན། །དེ་བཞིན་གཉིད་ལོག་སད་གྱུར་རིམ་པས་སེམས། །རྣམ་རྟོག་དྲ་བས་བཅིངས་པས་ཐ་དད་ཅན། །ཆོས་རྣམས་ལས་ ནི་ཡོངས་སུ་མ་འདས་ཕྱིར། བདེན་དང་བརྫུན་པ་གཅིག་དང་དུ་མར་མིན། །ཕྱི་རོལ་དོན་དུ་གྱུར་པ་ཅི་ཡང་མེད། །དེ་ཕྱིར་རང་སེམས་སྟོང་ཉིད་ཆོ་འཕྲུལ་ཡིན། །སྒྱུ་མར་སྣང་བ་འཁྲུལ་བ་ལས་བཟློག་བྱ། །ཅིར་སྣང་མེད་བདག་རྟོགས་པར་བྱ། །རྨི་ལམ་དེ་ཉིད་རྟོག་མེད་རང་གསལ་ བ། །འབྱུང་བའི་གནས་ལ་ཁམས་འདུས་སྣང་བ་གང་། །སས་བརྟན་ཆུས་སྡུད་མེས་རྣོ་ངར་ཆགས་པ། །རླུང་གིས་ཡང་ཞིང་གཡོ་བྱེད་མི་བརྟན་པའོ། །ནམ་མཁའ་ལ་འདུས་ལུས་བདེ་ཉམས་བཟང་བ། །བདུད་རྩི་དག་ལས་ནུས་པ་འབྱུང་བ་སྟེ། །གླ་རྩིས་ཞེ་སྡང་བཞི་ མཉམ་གཏི་མུག་ཉིད། །ག་བུར་ཆགས་བྱེད་སི་ཧླས་ང་རྒྱལ་བསྐྱེད། །སྣ་ཚོགས་ལས་ཀྱིས་ཕྲག་དོག་འདུ་འཕྲོ་བྱེད། །ལམ་གྱུར་དམིགས་པས་ཡོན་ཏན་པ་རྣམ་འཆར། །སྔར་ཕྱུང་བ་ལས་ཕྱིས་འབྱུང་རྟགས་སུ་འཆར། །ཡུལ་དུས་མཚན་མ་ངེས་པ་དྲན་པའི་བློ། ། ཉམས་སྣང་བློ་ལས་མ་བཅོས་སྒྱུ་མར་སྣང་། །དེ་ཉིད་རོས་ཟིན་ཡེ་ཤེས་གྲོགས་ཡིན་ནོ། །རང་སྲོག་སྙིང་པོར་གྱུར་པ་སེམས་ཉིད་ལས། །ཆོས་ཉིད་སེམས་ལུས་ཁམས་གསུམ་སྣང་བ་ལ། །གཞན་པ་མེད་ཅིང་རླུང་ལས་ཁམས་གསུམ་སྤྲུལ། །སྒྱུ་ལུས་རྨི་ལམ་རྨིས་པ་ བཞིན་དུ་མཐོང་། །ཁམས་གསུམ་རླུང་རིག་བདག་ཉིད་དེ་བཞིན་ཉིད། །རྗེས་སུ་རྟོགས་པ་འབྲིང་གིས་ཆོས་རྣམས་ཀུན། །སྒྱུ་མ་རྨི་ལམ་ལྟ་བུར་འཆར་བ་དང་། །རབ་ཀྱི་ནམ་མཁའ་ལྟ་བུར་རྟོགས་པ་ནི། །འོད་གསལ་བ་ལ་བསམ་གཏན་ཏིང་འཛིན་ལྡན། །རྗེས་སུ་རྟོགས་ པ་ཤིན་ཏུ་རབ་གྱུར་པས། ཡིད་བཞིན་ནོར་བུ་ལྟ་བུར་རྟོགས་པ་ཉིད། །ཟུང་འཇུག་མངོན་དུ་གྱུར་པའི་དོན་ཉིད་དེ། །ངོ་བོ་ཉིད་ལས་འབད་མེད་གཞན་དོན་དུ། །རྟོག་མེད་མི་གཡོ་ལྷུན་གྲུབ་གྱུར་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། རབ་ཏུ་བྱེད་པ་སུམ་ ཅུ་སོ་བཞི་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། དཀྱིལ་འཁོར་ཐམས་ཅད་བསྡུས་པ་ཡི། འཁོར་ལོ་འབྱུང་བ་བླ་མེད་པ། གསང་ཆེན་དཀྱིལ་འཁོར་བསྟན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཡབ་ཡུམ་རོལ་པ་གསང་བ་ཡི། ། འོག་མིན་གནས་ནས་འདིར་གཤེགས་པ། །བྱིན་རླབས་ཡེ་ཤེས་དབབ་པར་བྱེད། །འདི་ནི་རྡོ་རྗེ་ཆེན་པོ་ཡི། །དབང་བསྐུར་ཡེ་ཤེས་གསང་བ་སྟེ། །རྣལ་འབྱོར་ལུས་ཀྱི་གནས་རྣམས་སུ། །སྤྱི་བོ་ལྟེ་བ་དཔྲལ་བ་དང་། །མགྲིན་པ་སྙིང་ག་གསང་བར་ནི། །བདེར་གཤེགས་ རྡོ་རྗེ་ཆེན་པོ་ཡི། །ཡབ་ཡུམ་ཕྱི་ནང་གསང་བ་ལ། །གཉིས་མེད་རོལ་པས་དབང་བསྐུར་བ། །བདེ་ཆེན་ཡེ་ཤེས་མི་འགྱུར་བའི། །གསང་ཆེན་དབང་ནི་དྲི་མེད་པའོ། །གསང་བ་རྡོ་རྗེ་ཐེག་པ་ཡི། །སྡོམ་པ་གསང་བ་རྒྱས་གདབ་པ། །རིག་པ་འཛིན་པའི་སྙིང་པོ་ནི། ། ཡང་དག་སྡོམ་པ་བསྟན་པའོ། །རླུང་སེམས་འགྱུར་ལྡོག་དུས་གནད་འགྱུར་བ་ཉིད། །རླུང་སེམས་གཅིག་ཏུ་གནས་སམ་ཐ་དད་འགྱུར། །གལ་ཏེ་རླུང་སེམས་གཅིག་ཏུ་མཚུངས་ལྡན་ན། །ཐོག་མར་སྔོན་དུ་འགྲོ་བ་གང་ ཡིན་པ། །འགྲོ་འོང་རིམ་པ་བཞིན་དུ་བྱེད་འགྱུར་ན། །སྔོན་དུ་འགྲོ་བ་གང་ཡིན་དེ་རྗེས་སུ། །འབྲངས་ལས་གང་གང་བྱེད་པ་གང་དེ་སྙེད། །སོ་སོར་བྱེད་དམ་གཅིག་ཏུ་མཉམ་པར་བྱེད། །སོ་སོར་བྱེད་ན་གཅིག་པའི་ཁྱད་པར་ཉམས། །གཅིག་ཏུ་ བྱེད་ན་སྔ་ཕྱི་མེད་པར་འགྱུར། །རླུང་འགགས་ན་ནི་རྟོག་པ་འགག་མི་འགག །གལ་ཏེ་རྟོག་པ་བཟློག་པར་གྱུར་པ་ན། །རླུང་གིས་ལས་ནི་ཇི་ལྟར་བྱེད་པར་གྱུར། །འབྱུང་བ་རླུང་དང་རང་བཞིན་རྟོག་པ་དག །མཉམ་དུ་འབྱུང་འཇུག་བྱེད་དམ་མི་ བྱེད་བརྟག །སྲོག་སྟེ་རླུང་དང་རྣམ་ཤེས་གང་ཡིན་པ། །ཕྱི་རོལ་འབྱུང་བའི་རླུང་ནི་འགགས་པ་ན། །ལུས་ཅན་རྣམས་ཀྱི་སྲོག་ཀྱང་འགག་པར་འགྱུར། །ཕྱི་ཡི་རླུང་དང་ནང་གི་རླུང་དག་ལས། །གཅིག་འགགས་པས་ན་ཕྱི་མ་འགག་འགྱུར་རམ། ། གཅིག་ནི་ལོག་ན་ཐམས་ཅད་ལོག་འགྱུར་གྲང་། །གཅིག་ནི་ལོག་ཀྱང་གསུམ་པོ་མི་ལྡོག་འགྱུར། །འདི་ཡི་དབྱེ་བ་ཁྱད་པར་རྟོགས་པར་བྱ། །རླུང་སེམས་འགྲོ་ལྡོག་གི་གནས་ལུགས་བསྟན་པའོ། །རྟག་ཏུ་མ་བྱིན་ལེན་པ་ནི། །ཡོན་ཏན་ཡེ་ ཤེས་ཕྲིན་ལས་ཀུན། །དུས་མེད་པར་ནི་ནུས་པས་བླང་། །རྣམ་རྟོག་ལྟུང་བྱེད་མ་ལུས་པ། །རང་བཞིན་ཤེས་པས་རྩ་བ་བཅད། །ཆོས་རྣམས་སྒྱུ་མ་རྨི་ལམ་ལྟར། །གསང་བ་བདེ་ཆེན་གྲུབ་པ་ལ། །རྨད་བྱུང་བདེ་ཆེན་འདོད་ཆགས་ ཉིད། །ཤེས་པས་རང་བཞིན་མེད་པར་སྨྲ། །རྡོ་རྗེ་འཛིན་པར་གནས་པར་སྤྱད། །བཟློག་པ་སྨན་ཉིད་ཡེ་ཤེས་ཆེ། །ལོག་པར་ལྟུང་བར་མི་འགྱུར་རོ། །སྡོམ་པ་ཐབས་དང་ཤེས་རབ་དག །གཉིས་མེད་ཕྱག་རྒྱ་ཆེན་པོར་ན། དུས་ཀུན་དུ་ ནི་དེ་ཉིད་སྡོམ། །སྡོམ་པ་ཐམས་ཅད་ཀྱི་གསང་བ་ཟིལ་གནོན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་སྤྱོད་པའི་བརྟུལ་ཞུགས་སོ། །རྡོ་རྗེའི་བདག་ཉིད་གསུམ་འདུས་ནས། །རྡོ་རྗེ་རྣལ་འབྱོར་པ་ཐིམ་འགྱུར། །དེ་གཉིས་སྐུ་གསུང་ཐུགས་རྡོ་རྗེ། །རྟོག་པའི་དཔའ་ རླབས་རབ་ཞི་བ། །ཉེར་དཔྱད་ཡེ་ཤེས་སྒྱུ་མ་དག་པ་ལས། །ཡོངས་དག་རྣལ་འབྱོར་སྤྲོས་བཅས་དང་། སྤྲོས་མེད་ལས་འདས་སྟོང་པ་ཉིད། འོད་གསལ་ཤིན་ཏུ་སྤྲོས་མེད་ལས། ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཐོབ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་ བསྡུས་པ་ལས། རབ་ཏུ་བྱེད་པ་སུམ་ཅུ་སོ་ལྔ་པའོ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དེ་ཉིད་གསང་ཆེན་ཚུལ་མཆོག་སྟེ། །རྡོ་རྗེ་གསུམ་ལས་འཁོར་ལོ་འབྱུང་། །བྱང་ཆུབ་སངས་རྒྱས་གནས་འཇུག་པའོ། །དེ་ཁོ་ན་ཉིད་ ལས་མངོན་རྟོགས། །བསམ་གྱིས་མི་ཁྱབ་རྒྱན་གྱུར་པའོ། །བརྗོད་བྱ་དང་ནི་རྗོད་བྱེད་དང་། །དཔའ་དང་མངོན་གྱུར་སྟོབས་དང་ནི། །ཆོས་དོན་ཁྱབ་པར་གྱུར་པའི་ཕྱིར། །སྟོབས་ལྡན་ཁྱད་པར་རྒྱན་ཡིན་ནོ། །གནས་པ་དང་ནི་གསལ་རྫུ་འཕྲུལ། ། ཡོན་ཏན་ཕྲིན་ལས་རྒྱན་རིམ་བཞིན། །དེ་ནི་རྗོད་བྱེད་རྟག་ཏུ་རྒྱན། །དོན་གྱུར་དགོས་པ་བླ་ན་མེད། །དོན་གནས་བྱེད་པ་ཡེ་ཤེས་ཀྱི། །གསང་ཆེན་བདེ་མཐོང་ཁྱད་པར་ཏེ། །རྒྱན་ལས་དབྱེ་བསྡུ་བསྟན་པའོ། །དེ་ནས་བདེར་གཤེགས་རྡོ་རྗེ་འཛིན། ། འདུས་པའི་ཚོགས་ལ་རྗེས་བརྩེ་བས། །རྡོ་རྗེ་གསང་བ་གསུང་དག་པ། །ཡེ་ཤེས་རྡོ་རྗེས་འདིར་གསུངས་པ། །ཨེ་མའོ་སངས་རྒྱས་མ་ལུས་པའི། །ཆོས་ཀྱི་དབྱིངས་ནི་ཡེ་ཤེས་ཆེ། །འོད་གསལ་རང་བཞིན་ཡོངས་སུ་དག །དྲི་མེད་ནམ་མཁའི་ དབྱིངས་བཞིན་ནོ། །ཡེ་ཤེས་ངོ་བོ་ཉིད་འབྱུང་བ། །ཁམས་གསུམ་དག་ན་བྱང་ཆུབ་སྤྱོད། །འགྲོ་བ་ཀུན་ལ་བདེ་འབྱུང་བའི། །དགེ་བ་ཡོངས་སུ་དག་གྱུར་བྱོས། །དག་པའི་ལུས་ནི་རྣམ་ཐར་གྱི། །སྒོ་གསུམ་གྲུབ་པ་སྐུ་རྡོ་རྗེ། །ངག་ནི་དག་པ་ཆོས་ཀྱི་ ཚུལ། །སོ་སོར་ཡང་དག་རིག་པ་ཆེ། །གསུང་གི་དབྱངས་ནི་མི་ཕྱེད་འགྱུར། །རྣམ་ཤེས་དུས་གསུམ་དུས་མེད་དུ། །ཡེ་ཤེས་བྱང་ཆུབ་ཆེན་པོར་འབྱུང་། །དབྱེར་མེད་བདེ་ཆེན་མི་གནས་པའོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་ནང་དུ། འདི་ལྟ་བུའི་ཚིག་ངན་པ་གསུང་ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་ཐོང་། དེ་སྐད་ཅེས་མ་ཟེར་ཅིག་ཅེས་པ་ནས། འཇིགས་ སྐྲག་དངངས་ནས་བརྒྱལ་བར་གྱུར་ཏོ་ཞེས་པ་དང་། དེ་དག་ལ་སླར་གསོལ་ཞེས་པའི་བར་གྱི་དཔལ་རྡོ་རྗེ་འཆང་གི་བར་གྱིས་གསུངས་པ་ནི། བཞུགས་པ་ལ་ལྡེམ་པོར་དགོངས་པའི་ཐེ་ཚོམ་སེལ་བ་བསྟན་པའོ། །སྲོག་ཆགས་གསོད་ལ་དགའ་བ་ཞེས་པ་ ནས། འདི་ནི་སངས་རྒྱས་འགྲུབ་པར་འགྱུར་གྱི་བར་གྱིས་གསུངས་པ་ནི། འོད་ཀྱིས་རེག་པ་ཙམ་གྱིས། དེ་དག་རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་པས་བསྟན་ནོ། །འདི་ལྟ་བུ་ཡང་དག་པ་མ་ཡིན་པའི་ཚིག་གི་ལམ། རྡོ་རྗེའི་ཚིག་ཅིའི་སླད་དུ་ གསུང་ཞེས་དྲིས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་འདུ་ཤེས་ངན་པ་དང་། དམན་པའི་འདུ་ཤེས་དེ་ལྟ་བུ་མ་སྐྱེད་ཅིག་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པའི་མཆོག་གོ། ། འདི་ལྟ་སྟེ་སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་པ་ནས། དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ་ཞེས་པས། བསྒྱུར་བ་ལ་ལྡེམ་པོར་དགོངས་པའི་ཐེ་ཚོམ་སེལ་བའོ། །སྐུ་མི་འགྱུར་བ་མི་གནས་པ་མ་སྐྱེས་པ་ཞེས་པ་ལ་སོགས་པ་ནས། ཡང་དེ་ནས་འཕགས་པ་འཇམ་དཔལ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། ཁྱེད་རྣམས་ལྟ་ཅི་སྨོས་ཏེ། ངེད་སྒོ་གསུམ་རྡོ་རྗེའི་གསང་བ་མི་འགྱུར་བ་རྙེད་པ་ཡང་སྐུ་དང་གསུང་དང་ ཐུགས་རྡོ་རྗེའི་བྱང་ཆུབ་མི་ཤིས་སོ་ཞེས་པ་དང་། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པའི་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ངོ་བོ་ཉིད་མེད་པ་མི་འགྱུར་བ་ལས་བྱུང་བའོ། །ཞེས་ངོ་བོ་ཉིད་ཆོས་ཀྱི་མཚན་ཉིད་ལ་ལྡེམ་པོར་དགོངས་པའི་ཐེ་ཚོམ་སེལ་བའོ། །དགོངས་པ་སྒྱིད་ ལུག་པ་སྤང་བའི་ཕྱིར། རིགས་ཀྱི་བུ་སེམས་ཅན་ཆེན་པོའི་ཞེས་པ་ནས། རྡོ་རྗེའི་ཡེ་ཤེས་ཐོབ་པའོ་ཞེས་པས་བསྟན་པའོ། །བཅོམ་ལྡན་འདས་མར་མེ་མཛད་ཅེས་པ་ནས་སྐལ་བ་མེད་པའི་ཕྱིར་གྱི་བར་གྱིས་གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བ་དཀོན་པ་ལ་གདམས་ པའོ། །ཡང་ལམ་མ་ལུས་པ་ཡོངས་སུ་རྫོགས་ཤིང་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པ་བསྟན་པ་ནི་འོན་ཀྱང་ཞེས་པ་ནས། སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྡོ་རྗེའི་ཡི་གེའི་ ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་མ་ངུ་ཅིག །སྡུག་བསྔལ་གསུམ་བསྒོམ་པར་མ་བྱེད་ཅིག །བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱིས་གསོལ་པ། བཅོམ་ལྡན་འདས་གསང་བའི་ཡི་གེའི་མིང་ཙམ་ཐོས་པའི་སྐལ་བ་ཡང་མ་མཆིས་ན་ཇི་ལྟར་མི་ངུ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་སྐད་ཅེས་མ་ཟེར་ཅིག །གཉེན་པོ་ལ་ལྡེམ་པོར་དགོངས་པས་ ན་སྒྱིད་ལུག་པ་སྤང་བའི་ཕྱིར་ཡི་གེ་ནི་ཐུན་མོང་སྟེ། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་པ་དང་མ་ཐོས་པ་དེ་བཞིན་དུ་ངེད་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་། རིགས་ཀྱི་བུ་གསང་བའི་ཡི་གེ་འདི་དག་མ་མཐོང་མ་ཐོབ་ ཅིང་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་གསུམ་གྱི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ་ཞེས་ཐེ་ཚོམ་བསལ་བའོ། །སྔགས་ཀྱི་སེམས་དཔའ་མི་བྱ་སྟེ། བྱས་ན་བྱང་ཆུབ་རྙེད་པར་དཀའ་ཞེས་པ་ལ་ཞེན་པ་དང་མ་བྲལ་ ན་འཆིང་བར་འགྱུར་ཞེས་པ་གང་ཟག་གཞན་ལ་དགོངས་པའོ། །མདོར་ན་ཕུང་པོ་ལྔ་རྣམས་ནི་སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས་ཞེས་པ་ལ་སོགས་པ་དོན་གཞན་ལ་དགོངས་པའོ། །ཆོས་ཐམས་ཅད་ལ་མཉམ་པ་ཉིད་མཐོང་ངམ་ཞེས་པ་མཉམ་པ་ཉིད་ལ་དགོངས་ པའོ། །ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ་ཞེས་གསུངས་པས་ནི་དུས་གཞན་ལ་དགོངས་པའོ། །དགོངས་པ་ཉིད་ནི་ཕྱིར་མི་ལྡོག་པའི་དོན་ལ་དགོངས་པ་ནི་ལྡེམ་པོར་དགོངས་པ་དག་གོ། །དགོངས་པ་སྤྱི་ནི་ཡང་དག་པར་དགོངས་པའོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཁྱད་པར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་སུམ་ཅུ་སོ་དྲུག་པའོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །བླ་མ་རྡོ་རྗེ་འཛིན་པ་ལ། །མོས་གུས་ མཐར་ཕྱིན་གྱུར་པས་ནི། །ལམ་གྱི་རིམ་པ་ཀུན་རྫོགས་པས། །སྒྲིབ་དག་ཡོན་ཏན་ཐོབ་པ་སྟེ། །དབང་གི་རྒྱལ་པོ་རྙེད་པ་བཞིན། །ལས་དང་དངོས་གྲུབ་མ་ལུས་པ། །ཡེ་ཤེས་མི་ཟད་གནས་འཐོབ་པའོ། །དམ་ཚིག་དག་གི་འཁོར་ལོར་ནི། །དགའ་བ་ཆེན་པོས་རོལ་པ་ནི། ། ལུས་ཀྱི་གནས་སུ་རྩ་གནས་པ། །འཁོར་ལོ་དྲུག་གི་རྣམ་པ་ལ། །ཐིག་ལེ་ཡི་གེ་རླུང་དག་པ། །བདེ་གསང་སྟོང་ཉིད་ཡེ་ཤེས་ལས། །དབང་ཕྱུག་མཛོད་སྤུ་གཙུག་ཏོར་དུ། །གཉིས་མེད་མཉམ་པ་བདེ་ཆེན་དུ། །རབ་ཏུ་ཐིམ་པས་རྣམ་གྲོལ་ཉིད། །རྟེན་འབྲེལ་ཐམས་ཅད་མཁྱེན་ པར་འགྱུར། །ལས་རྒྱལ་མཆོག་གི་ཕྲིན་ལས་ནི། །དོན་དམ་སྟོང་ཉིད་ངང་ལས་ནི། །རྡོ་རྗེ་སེམས་དཔའི་སྐུར་གྱུར་ལས། །རྣམ་པར་སྣང་མཛད་སྐུར་བསྒྱུར་བ། །ཟླ་བའི་གདན་ལ་གནས་པ་ཡི། །སྤྱན་དང་གཉིས་མེད་སྦྱོར་བ་ལས། །ཞི་བར་འདོད་རྣམས་ཐམས་ཅད་ཀྱི། །དེར་ གནས་གནོད་པ་ཞི་བར་བྱེད། །རྒྱས་ལ་རིན་ཆེན་འབྱུང་གནས་དཔལ། མཱ་མ་ཀཱི་དང་གཉིས་མེད་པས། །སྤྲོ་བསྡུས་རིན་ཆེན་ཆར་དབབ་བྱ། །དབང་ལ་འོད་དཔག་མེད་པ་ཉིད། །གོས་དཀར་ཡུམ་དང་གཉིས་མེད་པས། སྤྲོས་པས་དབང་དུ་བསྡུ་བར་བྱ། །མངོན་ སྤྱོད་གདོན་མི་ཟ་བ་ཉིད། །པདྨ་ཉི་མ་ལ་གནས་པས། །སྒྲོལ་མ་དང་ནི་གཉིས་སུ་མེད། །སྤྲོ་བསྡུས་ཁྲོ་བོས་ལས་ལ་སྦྱར། །དེ་དག་ལས་ཚོགས་ཐམས་ཅད་ཀུན། །སྒྱུ་མ་རྨི་ལམ་ལྟར་གསལ་བས། །བདག་བྱིན་བརླབ་པ་ཉིད་དུ་ལྟ། །སྒྱུ་མའི་དཔེ་བཅུ་ གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་འགྱུར་བ་ཡིན་ཏེ། དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པ་ཀུན་འཁོར་བའི་རྒྱ་མཚོ་ཇི་སྲིད་གནས་པའི་བར་དུ་ཆོས་ཐམས་ཅད་ལ་ དབང་སྒྱུར་བ། ཟབ་པ་དང་རྒྱ་ཆེ་བ་བླ་ན་མེད་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞུགས་ནས། འདོད་པའི་ཡོན་ཏན་དུ་མ་རྣམས་ཀྱིས་རོལ་པར་མཛད་ཅིང་རབ་ཏུ་དགའ་བར་མཛད་པས། ཐམས་ཅད་མཁྱེན་པའི་ཡོན་ཏན་གསང་བ་བསམ་གྱིས་མི་ཁྱབ་ པ་དང་ལྡན་པས། བདག་ཇི་ལྟར་བཞེད་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་མི་ཟད་པ་རྒྱན་གྱི་འཁོར་ལོས་ཕྲིན་ལས་ཐོགས་པ་མེད་པར་རབ་ཏུ་མངོན་པར་འབྱུང་བའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་ བསྡུས་པ་ལས། རབ་ཏུ་བྱེད་པ་སུམ་ཅུ་སོ་བདུན་པའོ།། །།ཨེ་མའོ་རྡོ་རྗེ་ནི་སྣང་བ། ཨེ་མའོ་རྡོ་རྗེ་ནི་མཆེད་པ། ཨེ་མའོ་རྡོ་རྗེ་ཡིན་པར་བཤད་པ་ནི་སྣང་བ་ཐོབ་པའི་ཡེ་ཤེས་སོ། །སྒྱུ་རླུང་སེམས་སྒྱུ་མ་ཙམ་ལས་འབྱུང་བའི་གང་དུ་ཞེས་འོད་ གསལ་བའི་ངང་དུའོ། །དེར་ནི་སྒྱུ་མ་རྨི་ལམ་ལྟ་བུའི་ལུས་མེད་སྣང་ཙམ། ངག་མེད་གྲག་ཙམ་སེམས་མེད་རྟོག་མེད་སྟོང་པ་ཉིད་དོ། །དེར་སྟོང་ཉིད་འོད་གསལ་བའི་ངང་ལས། ལུས་ནི་རྣམ་པར་བསྒོམ་པ་སྒྱུ་ལུས་རྣམ་པར་དག་པའི་སྐད་ཅིག་གིས་ འབྱུང་བའི་ཟུང་འཇུག་གི་སྐུ་ཐོབ་པར་གྱུར་པའོ། །ཟུང་འཇུག་སློབ་བཞིན་པ་ལ་གནས་པས་ནི། ལྷུན་གྱིས་གྲུབ་པའི་དབྱིངས་ཀྱི་དོན་ནམ་མཁའ་འོད་གསལ་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་མོ་རིག་མ་དང་། ཡང་དེ་ཉིད་དུ་ཐབས་སྙིང་རྗེ་ཆེན་པོ་དང་ལྡན་ པའི་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བས་མཉེས་པར་གྱུར་པའི་ངོ་བོ་ཉིད་དོ། །བདུད་འདུལ་བར་མཛད་པས་རིག་མ་ནི་རྣམ་པ་སྒྱུ་མ་ལྟ་བུ་ལས་སྐྱེས་བུ་རྣལ་འབྱོར་པ་དགའ་བ་ཆེན་པོའི་རོལ་པ་ཡེ་ཤེས་མི་འགྱུར་བའི་རྡོ་རྗེ་སྟེ། ཤེས་རབ་པདྨ་ཆོས་ཀྱི་འབྱུང་ གནས་དང་མཉམ་པར་སྦྱོར་བས་ནི་གང་ཞིག་འདི་དག་སྒོམ་པ་ཞེས་སྐུ་རྡོ་རྗེ་དག་པ་དགའ་བའི་སྐད་ཅིག །གསུང་རྡོ་རྗེ་མཆོག་དགའི་སྐད་ཅིག །ཐུགས་རྡོ་རྗེ་དག་པ་དགའ་བྲལ་གྱི་སྐད་ཅིག་དང་གསུམ་ལས་རྡོ་རྗེ་སྐུ་གསུམ་གྱིས་མཚན་པ་ནི་སྐད་ཅིག་བཞི་ལ་ལྷན་ཅིག་ སྐྱེས་པ་རོ་མཉམ་བདེ་བ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པ་སྟེ། ཁྱུ་མཆོག་བྱང་ཆུབ་སེམས་རྡོ་རྗེ་དེ་ནི་མཉེས་པར་གྱུར་པ། ཟུང་འཇུག་སློབ་བཞིན་པའི་བྱང་ཆུབ་སེམས་དཔའ་གྲགས་ཆེན་ས་བཅུ་པའི་ཏིང་ངེ་འཛིན་ཐོབ་པ་དང་མཉམ་པར་འགྱུར་ཏེ། དུས་དག་པ་ཡེ་ ཤེས་སྐད་ཅིག་བདུན་པ་ལ་གཟི་བརྗིད་ཆེ་བ་ནི། ཡེ་ཤེས་དབང་ཕྱུག་ནུས་པ་རྫོགས་པ་ཐོབ་པར་ཡན་ལག་བདུན་དང་ལྡན་པའི་སྐུ་གསུམ་མངོན་དུ་གྱུར་པས་ལོངས་སྤྱོད་རྫོགས་སྐུ་ཡེ་ཤེས་ཁ་སྦྱོར་དུ་གྱུར་པ་བདེ་བ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་འགྲོ་དོན་མངོན་པར་འབྱུང་བ། འགོག་པ་མེད་པའི་ཡེ་ཤེས་རྒྱུན་མི་འཆད་པའི་ཕྱག་རྒྱ་ཆེན་པོ་རང་བཞིན་གྱིས་རྣམ་པར་དག་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་འཐོབ་པའོ། །སབྷ་ཞེས་བདུན་པའི་སྒྲ་སྟེ་དེས་ཡན་ལག་དང་ལྡན་པར་བརྗོད་པའོ། །དེ་ཉིད་ཀུན་དུ་འོང་ཞེས་དང་། །ཡེ་ཤེས་མཚོན་པའི་ ས་ཐོབ་པ། །རྡོ་རྗེ་འཛིན་པའི་ས་ལ་གནས་པས་མངོན་པར་བྱང་ཆུབ་ཆེན་པོ་ཉིད། བདག་གི་ལུས་ངག་སེམས་རྡོ་རྗེ། །མཉམ་རྗེས་གཉིས་སུ་མེད་པར་ནི། །འགྱུར་བ་མེད་དོན་རབ་རྟགས་དང་། །ཕྱག་རྒྱ་ཆེན་པོ་མངོན་གྲུབ་པའི། །གསང་བ་དབང་ཕྱུག་ཆོ་ག་ནི། །བྱང་ཆུབ་ ཡེ་ཤེས་རྡོ་རྗེ་ཡི། །སྐུར་གྱུར་སྒོམ་པ་སྒྲིབ་བྲལ་བའི། །ཟུང་འཇུག་བླ་ན་མེད་པ་ནི། །མཁྱེན་པ་རྒྱས་པས་རབ་མི་གནས། །རྟོག་མེད་སྣང་བ་མེད་པ་ཡི། །སྐད་ཅིག་ཉིད་ལ་ཡོན་ཏན་རྫོགས། །དེ་བཞིན་གཤེགས་པར་གྱུར་པ་ཡིས། །ཐམས་ཅད་མཁྱེན་པ་ ཉིད་དུ་གནས། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། རབ་ཏུ་བྱེད་པ་སུམ་ཅུ་སོ་བརྒྱད་པའོ། །དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་སྐུ་གསུང་ཐུགས། །དམ་ཚིག་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི། །བྱང་ཆུབ་ སེམས་ཀྱི་བདེ་བའི་རང་བཞིན་གྱིས། །དཀྱིལ་འཁོར་མ་ལུས་ཀུན་དུ་སྣང་བར་མཛད། །ས་གསུམ་ཀུན་དུ་ཁྱབ་ཅིང་ཡོངས་གང་བ། །བུམ་པ་རྡོ་རྗེ་མི་འགྱུར་ཆུས་གང་ལྟར། །ཡོངས་སུ་དག་པས་བྱིན་གྱིས་བརླབས་པའོ། །དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་འདི་ ཐམས་ཅད་ཀྱི། །གང་དུ་འགྲོ་བ་སྐུ་གསུམ་ལས་བྱུང་བ། །དེ་དག་རྣམས་ལ་རྡོ་རྗེའི་འོད་ཟེར་གྱི། །དཔལ་གྱིས་རེག་ནས་དབང་བསྐུར་གྱུར་ཐོབ་པས། །འགྲོ་ཀུན་བདེ་བར་གཤེགས་པ་དགྲ་བཅོམ་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རོ་མཉམ་ཐོབ། །དབྱེར་མེད་ཟུང་ འཇུག་བླ་ན་མེད་པར་གྱུར། །ཡང་དག་པར་ནི་མངོན་པར་སངས་རྒྱས་པའོ། །ཆོས་ཀུན་སྙིང་པོ་ལམ་ལས་འདས་པས་ན། །མཐར་ཕྱིན་གྱུར་པས་འབད་རྩོལ་ལས་ལས་གྲོལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་དག་པ། །ཟུང་འཇུག་རབ་ཏུ་མི་གནས་གྱུར་པའོ། ། དངོས་དང་དངོས་མེད་སྤངས་ཐོབ་བྲལ་བའི་ཕྱིར། །མཚན་མའི་ཆོས་ལས་རྒྱུ་རྐྱེན་བྲལ་བའོ། །མཁྱེན་པའི་ཡེ་ཤེས་བདག་མེད་མཉམ་པ་ཉིད། །དམིགས་མེད་ངང་འབྱུང་འོད་གསལ་དེ་ཉིད་ལས། །རང་དག་དབྱིངས་དང་དབྱེར་མེད་རང་གྲོལ་བ། །ཕྲིན་ལས་ཡོངས་ སུ་དག་པ་བླ་ན་མེད། །ཡུལ་དང་ཡུལ་ཅན་བྱང་ཆུབ་ཐོབ་མེད་པ། །རྣམ་པར་མི་རྟོག་མཐའ་བྲལ་བརྗོད་དུ་མེད། །དེ་བཞིན་ཉིད་དག་བདེ་ཆེན་ལྷུན་གྲུབ་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། རབ་ཏུ་བྱེད་པ་སུམ་ཅུ་སོ་དགུ་པའོ། །དེ་བཞིན་ གཤེགས་པ་དུས་གསུམ་དང་། །ཕྱོགས་བཅུ་ཀུན་དུ་ཞིང་ཁམས་རབ་འབྱམ་དང་། །ཀུན་དུ་གཟིགས་ཤིང་ཀུན་མཁྱེན་པ། །མ་ལུས་ཡོངས་དག་ཏིང་ངེ་འཛིན། །ཐམས་ཅད་མཁྱེན་པས་སྐད་ཅིག་ལས། །ནམ་མཁའ་ལྟར་ ནི་རྟོག་མེད་པས། །གདུལ་བྱ་དུས་ལ་བབ་པ་ལ། །འབད་མེད་པར་ནི་སྐུ་གསུང་ཐུགས། །རྒྱུན་མི་འཆད་ཅིང་ཐོགས་མེད་དོན། །སྣང་མེད་ངང་ལས་འབྱུང་འགྱུར་བའོ། །རྒྱུད་ཀྱིས་བསྡུས་དང་མ་བསྡུས་ལས། །རྡོ་རྗེ་ངོ་བོ་ཉིད་སྟོན་འགྱུར། །དེ་ལས་ མངོན་པར་བྱང་ཆུབ་པ་བླ་