Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ
Văn bản gốc(Tây Tạng)
Trang 9 / 20 (50.000 ký tự/trang)
གི་འོད་སངས་རྒྱས་ཐམས་ཅད་ཀྱི་བསྲུང་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་ཡེ་ཤེས་འོད་ཀྱིས་ནི། །རྟོག་པའི་དྲི་མ་རྣམ་སེལ་བ། །དེ་ཉིད་རྣམ་གྲོལ་ བསྟན་པ་གང་། །གཉིས་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གསེར་གྱི་རི་བོས་སངས་རྒྱས་ཐམས་ཅད་ཀྱི་འོད་མཆོག་མ་ལུས་པ་རྣམ་པར་འབྱེད་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ སོ། །དྲི་མེད་ལྷུན་གྲུབ་ཡེ་ཤེས་རང་འབྱུང་བ། །འོད་གསལ་ཆོས་དབྱིངས་སྙིང་པོ་བླ་ན་མེད། །ཆོས་ཉིད་ཆོས་ཅན་དབྱེར་མེད་པ་དེབ་ཆེ། །མཉམ་ཉིད་གནས་པ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སེང་གེས་ བྱིན་པ་སངས་རྒྱས་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་ཉིད་མཉམ་པའི་ངོ་བོ་ཉིད། །དག་པའི་ས་ཡི་དབང་ཕྱུག་གར། །རྫོགས་པའི་གཙུག་ཏོར་དམ་ཚིག་ཆེ། ། གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པའི་རྒྱལ་བས་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། །རྒྱལ་བ་རྒྱལ་མཚོ་ཀུན་གྱི་རང་བཞིན་ཐུགས། །དུས་གསུམ་སངས་རྒྱས་སྐྱེ་མེད་ངོ་བོར་མཉམ། །རྣལ་འབྱོར་རང་སེམས་གཅིག་པུར་གཉིས་སུ་མེད། །ཁྱད་པར་མེད་པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སངས་རྒྱས་མཆོག་ དགའ་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཆོག་ཏུ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྙིང་པོ་སྒྱུ་མའི་རང་བཞིན་ཉིད། །ཆོས་ཉིད་ཡོངས་སུ་དག་པ་གང་། །སངས་རྒྱས་ངོ་བོ་ཉིད་ཀྱིས་འགྲུབ། ། འདི་ནི་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་བསྟན་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་སྤྱོད་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ སོ། །སངས་རྒྱས་གསང་བ་གཉིས་པོ་ནི། །ཕྱོགས་བཅུའི་ཞིང་ཁམས་རང་ལ་གནས། །ངང་ཉིད་རྟོག་མེད་ཡེ་ཤེས་སྐུ། །འདི་ནི་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གྲགས་པ་རྫོགས་པས་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱའི་སྣང་བ་ ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལུས་མེད་དབང་པོའི་ཕུག་གནས་ཤིང་། །རིང་དུ་འགྲོ་ཞིང་གཅིག་པུར་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །འདི་ནི་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་ སོ། །དེ་ནས་བཅོམ་ལྡན་འདས་བསྙེམས་པ་དང་བྲལ་བས་འདུལ་བ་སྣ་ཚོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བློ་ལྡན་ས་གསུམ་འགྲུབ་པའི་གཞི། །ཡོན་ཏན་འབྱུང་གནས་རིན་ཆེན་སེམས། །བསམ་པའི་དགོས་འདོད་སྐོང་ བྱེད་ལ། །ཁྱད་པར་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མཆོད་འོས་ལྷས་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁྱབ་བདག་དཔལ་ལྡན་རྡོ་རྗེའི་ སྐུ། །འདི་ཉིད་ལུས་ནི་དྲི་མ་མེད། །ཆོས་ཅན་མ་གྲུབ་རང་སར་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མ་སྒྲོལ་མ་ཆེན་པོ་ཞེས་བྱ་བས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་གཡོ་བའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕུང་པོ་ལ་སོགས་དངོས་མེད་པ། །གང་ཟག་བདག་མེད་སྟོང་པ་ཉིད། །ཆོས་ལ་དམིགས་པ་རྟོག་པ་བྲལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ འཇིག་རྟེན་འོད་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རིལ་པོར་འཛིན་པ་བསྡུ་བ་དང་། །རྗེས་སུ་གཞིག་པ་སྤྲོ་བ་ཉིད། །གཉིས་མེད་བསམ་གཏན་ལ་གནས་པ། །གཅིག་པུ་བྱེད་པའི་ཚུལ་བསྟན་ པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྤོས་དྲི་ཞིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་བདེ་བ་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་བདེ་བ་ཆེན་པོའི་ངང་། །རྟག་ཏུ་བཞུགས་པའི་ངོ་བོ་ ཉིད། །རང་འབྱུང་འགྱུར་མེད་སྙིང་པོ་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཡོན་ཏན་མཆོག་འཛིན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ སོ། །དྲི་མེད་སྒྱུ་མའི་ཆོས་ཉིད་ནི། །ཡོད་མེད་ཐ་དད་ལས་འདས་པ། །སྣང་ལ་རང་བཞིན་མེད་པ་ཉིད། །འགག་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མུན་པ་དང་རྣམ་པར་བྲལ་བས་འགྲོ་བ་ཐམས་ཅད་ཀྱི་བློའི་མུན་པ་སེལ་བ་ཡེ་ཤེས་ཀྱི་རོལ་བའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ཉིད་རང་བཞིན་མི་དམིགས་པས། །ཡོངས་སུ་དག་པར་ཤེས་པར་བྱ། །ཟུང་འཇུག་དེ་བཞིན་ཉིད་ལས་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སེང་གེའི་འགྲམ་ པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྟོག་མེད་དབྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་པ་ཉིད་ལས་གང་འབྱུང་བའི། །བདེ་ཆེན་རང་འབྱུང་རང་ཉིད་ནི། །མི་ཟད་རྒྱན་གྱི་འཁོར་ལོ་སྟེ། །གསང་བའི་ཚུལ་ འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་གཉིས་མེད་མཉམ་པ་རང་བྱུང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་རང་བྱུང་བརྟན་གཡོ་བཅས། ། ཐམས་ཅད་རང་ཉིད་དཀྱིལ་འཁོར་དང་། །བདེ་ཆེན་ཟབ་པའི་ཚུལ་རྡོ་རྗེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྐྱོན་རབ་ཞི་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྒྲོན་མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ ཆུབ་ཀྱི་སེམས་འདི་གསུངས་སོ། །རྟག་ཏུ་དམིགས་པར་བཅས་པ་ཡི། །ཕྱག་རྒྱ་ཆེན་པོ་དངོས་མེད་དེ། །དངོས་མེད་ངོ་བོ་ཉིད་དུ་དག །རིན་ཆེན་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བདུད་རྩི་འཆང་བས་སངས་རྒྱས་ཐམས་ཅད་ཀྱི་མིག་འཕྲུལ་ སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་ སེམས་དཔའ་ཆེ། །ཀུན་དུ་བཟང་པོས་སླར་གསོལ་པ། །དྲི་མེད་མཉམ་པ་ཡེ་ཤེས་སྐུ། །སངས་རྒྱས་ཐམས་ཅད་བདག་ཉིད་དེ། །གནས་དང་སྟོན་པ་རང་བྱུང་བ། །ཆེ་བའི་བདག་ཉིད་སླད་གནས་པ། །དཔལ་མཆོག་གསང་བ་འདི་ཉིད་དུ། །སྐལ་ལྡན་རྒྱལ་བ་བླ་ན་མེད། །ཅེས་ གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་རང་བྱུང་དུ་བསྟན་པའི་བདག་ཉིད་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ལེའུ་ཉི་ཤུ་པའོ།། །། དེ་ནས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས། །དེ་བཞིན་གཤེགས་པའི་ཚོགས་བཅས་དཔག་མེད་དང་། །རྣལ་འབྱོར་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཚོགས། །རིགས་དང་ལྷ་མོར་བཅས་པ་དཔག་མེད་དང་། །ཁྲོ་བོའི་རྒྱལ་པོ་དུ་མར་བཅས་པ་དག །གསང་བའི་ དཀྱིལ་འཁོར་གཅིག་ཏུ་འདུས་བྱས་ནས། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན་གྱི་གཙོ། །བྱང་ཆུབ་སེམས་ཀྱི་རྡོ་རྗེའི་བདག་པོ་ལ། །ཚོགས་པ་འདུས་པ་བརྗོད་ཀྱིས་མི་ལང་བའི། །འཁོར་གྱི་དཀྱིལ་འཁོར་རྣམས་ཀྱིས་དཔག་མེད་ལྡན། །མཆོད་པའི་རིམ་པ་ཕྱི་ནང་ གསང་བ་དང་། །དེ་ཁོ་ན་ཉིད་རྣམ་པ་མཐའ་ཡས་པས། །ཡེ་ཤེས་རྒྱལ་བ་མི་ཟད་དམ་ཚིག་གི། །རིན་ཆེན་སྤྲིན་གྱིས་ཡང་དག་པར་མཆོད་དེ། །མགོ་བོས་ཕྱག་འཚལ་ནས་ནི་འདི་སྐད་གསོལ། །ཕྱོགས་བཅུ་དུས་གསུམ་དེ་བཞིན་གཤེགས་པའི་ཚོགས། །མ་ལུས་འདུས་པ་ཀུན་གྱི་ གསང་བའི་དོན། །ཐོག་མ་དབུས་མཐར་གནས་པ་ཡེ་ཤེས་ཆེ། །གསང་བ་རྡོ་རྗེ་སྙིང་པོ་ལྷན་ཅིག་སྐྱེས། །བརྗོད་བྱ་བླ་མེད་གྱུར་པས་འདུས་པའི་ཆོས། །སྙིང་པོའི་འབྲས་བུ་ཀུན་གྱི་རྩ་བ་གང་། །ཐབས་དང་བསྟན་པ་དེ་ཡི་ཁྱད་པར་མང་། །བཅོམ་ལྡན་དྲི་མེད་གསང་བ་བཤད་ དུ་གསོལ། །དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། །དཔལ་ལྡན་བྱང་ཆུབ་སེམས་རྡོ་རྗེས། །དེ་བཞིན་གཤེགས་པའི་ཚོགས་རྣམས་ལ། །གསང་བ་བྱང་ཆུབ་བཀའ་སྩལ་ཏོ། །ཕུན་སུམ་ཚོགས་པའི་འཁོར་རྣམས་ལ། །རབ་ཏུ་གཟིགས་ནས་དགྱེས་གྱུར་པས། །བཅོམ་ ལྡན་དེ་བཞིན་གཤེགས་པ་རྣམས། །གནས་འདི་ཞུས་པ་ཤིན་ཏུ་ལེགས། །ལེགས་སོ་ལེགས་སོ་སེམས་དཔའ་ཆེ། །ཟབ་ཅིང་རྒྱ་ཆེ་མཆོག་གི་ཡུལ། །འོན་ཀྱང་འདིར་ནི་བདེ་གཤེགས་ཀྱང་། །ཐེ་ཚོམ་འཇུག་པའི་གནས་ཡིན་ན། །དེ་ལས་གཞན་པར་གྱུར་པ་ཡི། །བྱང་ཆུབ་ སེམས་དཔར་གྱུར་པའི་ཚོགས། །དེ་ལས་སྤྱོད་ཡུལ་ལྟ་ཅི་སྨོས། །དེ་ནས་བཅོམ་ལྡན་འདས་ཐམས་ཅད། །མཆོག་དོན་ངོ་མཚར་སྤྱོད་པ་དང་། །ཐུན་མོང་གནས་ལ་དམང་གྱུར་པ། །ཟབ་པ་དང་ནི་རྒྱ་ཆེ་ལ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །དཀྱིལ་འཁོར་ས་ཡི་བདག་ པོ་ལ། །འདི་སྐད་ཅེས་ནི་ཞུས་པར་འགྱུར། །གནས་དང་དུས་དང་ཕྱག་རྒྱ་དང་། །འདུས་པ་ཁྱད་པར་གྱུར་པ་ལའང་། །གསང་བ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཚད་མེད་ཡེ་ཤེས་ཞིང་ཁམས་ཀྱི། །སྣང་བ་རབ་ཏུ་རྒྱས་པ་ལ། །རྒྱུ་ཐབས་ཁྱད་པར་གྱུར་པ་ཡི། །གསང་ ཆེན་སྐུ་གསུང་ཐུགས་ཀྱི་གསང་། །དེ་ཉིད་འདུས་པ་འདི་མཆོག་ཏུ། །སྟོན་པ་འཕྲོ་བར་མ་གྱུར་པ། །དེ་སྲིད་དུ་ནི་ཀུན་མཁྱེན་གྱིས། །ལྷན་ཅིག་སྐྱེས་པའི་འདུས་པ་ལས། །ལུས་ངག་ཡིད་ནི་བྱིན་བརླབ་ཅིང་། །ཁྱད་པར་མཆོག་དབང་བསྐུར་མཛད་དེ། །ཕྱི་ནང་གསང་བའི་ རིམ་ཕྱེ་བ། །བུམ་པ་དང་ནི་གསང་བ་དང་། །ཤེས་རབ་ཡེ་ཤེས་དེ་བཞིན་དུ། །རབ་ཏུ་བསྐུར་བས་སྨིན་བྱས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། གསང་བ་བྱང་ཆུབ་སེམས་རྡོ་རྗེ། །རྟོགས་དཀའ་མི་ཕྱེད་དམ་ཚིག་གིས། །གང་ཕྱིར་དགོངས་ཏེ་ བཤད་པ་དང་། །དགོངས་མིན་དྲང་བའི་དོན་གྱུར་དང་། །ངེས་དོན་ཇི་བཞིན་པ་དང་ནི། །ཇི་བཞིན་མ་ཡིན་རྣམ་ཕྱེ་བས། །ཡི་གེའི་དོན་དང་སྤྱི་ཡི་དོན། །སྦས་པ་གསུམ་དང་མཐར་ཐུག་གཉིས། །དང་པོ་གཅིག་དང་ཚུལ་གཉིས་ལྡན། །དཔག་མེད་རྡོ་རྗེའི་ཚིག་གི་རྒྱ། །ངེས་ཕྱིར་ རབ་ཏུ་སྟོན་པ་ཉིད། །འཇུག་བྱ་དེ་དག་ལུས་ངག་ཡིད། །རིམ་པ་གཉིས་ཀྱི་བདེ་བ་དང་། །ཡིད་བདེ་རབ་ཏུ་མྱོང་བགྱིད་པ། །ཐབས་ཟབ་རྒྱ་ཆེ་མྱུར་བའི་ལམ། །ཡན་ལག་དམ་ཚིག་ལྡན་པ་ཡི། །ཐོབ་བྱ་ཐོབ་བྱེད་ཁྱད་པར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁྱེན་ པའི་ཡེ་ཤེས་བླ་མེད་པ། །མངོན་པའི་ཡེ་ཤེས་བླ་ན་མེད། །མངོན་པར་བྱང་ཆུབ་གནས་གྱུར་པའི། །འབྲས་བུ་ཡང་དག་ཐོབ་གྱུར་ནས། །གསང་བའི་རྒྱུད་མཆོག་བསྟན་དུ་གསོལ། །དེ་ལྟར་གསོལ་བ་བཏབ་གྱུར་པས། །དེ་ནས་བླ་མེད་བཅོམ་ལྡན་འདས། །དེ་བཞིན་གཤེགས་ཀུན་ གཙོ་བོ་ཡིས། །གསང་བ་བྱང་ཆུབ་སེམས་རྡོ་རྗེ། །དེ་བཞིན་གཤེགས་པ་དུ་མ་རྣམས། །སྟོང་པ་ཉིད་དུ་འཇུག་པ་ཡི། །དཔག་མེད་ཟིལ་གནོན་རྡོ་རྗེ་ཞེས། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །དེ་ནས་གསང་བའི་བདག་པོ་དེ། །འོད་གསལ་དྲི་མེད་དབྱིངས་ཉིད་ལ། །ཡེ་ཤེས་འཇུག་ པའི་ངོ་བོ་ཡིས། །དབྱེར་མེད་གནས་པར་གྱུར་མ་ཐག །རྡོ་རྗེའི་ལུས་ཀྱི་རྩ་གནས་ནི། །སྟོང་ཕྲག་བདུན་ཅུ་ལ་སོགས་པ། །རྩ་ཡི་བུ་ག་ཁོང་སྟོང་དག །ཐིག་ལེ་ཞུ་བའི་གཟུགས་ཀྱིས་ནི། །བྱང་ཆུབ་རྡོ་རྗེའི་རྣམ་པར་ནི། །ཞུ་ཞིང་ཡང་དག་གནས་པར་གྱུར། །དེ་ཉིད་ཆོས་སྐུའི་ངོ་བོ་ཉིད། ། བདེ་དང་སྟོང་པ་དབྱེར་མེད་པ། སྙིང་རྗེ་ཚད་མེད་རྣམ་པ་ལས། དེ་ནས་བཅོམ་ལྡན་འདས་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་རྡོ་རྗེ། རྣམ་པ་རང་བེན་དོན་ཉིད་དུ་གནས། །སྒྱུ་མ་སྦྱོང་བའི་དམ་ཚིག་དང་། མངོན་པར་བྱང་ཆུབ་འོད་གསལ་བའི། ། སྟོང་ཉིད་རྡོ་རྗེ་རྫོགས་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རིག་པ་ཐབས་དང་ཤེས་རབ་དག །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །སྐྱེས་བུའི་རྣམ་པར་གྱུར་པ་དག །གནས་པའི་ངང་ལས་ལྡང་བ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཡུལ་དང་དངོས་པོ་རྣམ་དག་པའི། ། སྐུ་གསུང་ཐུགས་ནི་བྱིན་བརླབས་པ། །ཡེ་ཤེས་ཆེན་པོའི་ངང་གནས་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྟོན་ཀའི་འདམ་བུའི་མདོག་འདྲ་བ། །སྤྲིན་དཀར་དག་པའི་ཚུལ་ཅན་ཉིད། །དེ་མ་ཐག་ཏུ་སྣང་བར་མཛད། །བྱིན་གྱིས་བརླབས་ པའི་རྗེས་ཞུགས་པ། །མཚན་དང་དཔེ་བྱད་འབར་བ་དང་། །རང་འབྱུང་ཡེ་ཤེས་ལྷག་པའི་ལྷ། །ཐམས་ཅད་བདག་པོ་རྡོ་རྗེ་འཛིན། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །སྣ་ཚོགས་རིན་ཆེན་གྱིས་བརྒྱན་ཅིང་། །ཨིན་དྲ་ནི་ལ་འབར་བ་དང་། །དང་པོ་མགོན་པོ་རྣམ་པར་སྤྲུལ། །དུང་ དང་ཀུན་ད་ལྟར་དཀར་བ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཀྱིལ་འཁོར་གནས་པའི་རང་བཞིན་གྱིས། །རྣམ་པ་གསལ་བ་ཉིད་དུ་གཟིགས། །དེ་ནས་སངས་རྒྱས་རྡོ་རྗེ་འཛིན། །རྣམ་པར་སྣང་མཛད་ཆེན་པོ་ཉིད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །འདོད་ཆགས་ཀྱིས་འདུལ་ འགྲོ་གཟིགས་ནས། །འདོད་ཆགས་གསང་བའི་ཚུལ་ཞེས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །བཀོད་པ་རབ་ཏུ་མི་ཟད་པ། །དེ་དག་ཐམས་ཅད་བསྡུས་ནས་ནི། །ཉིད་ཀྱི་སྐུ་ལ་ཐིམ་པར་མཛད། །དེ་ནས་འདུས་པའི་ལྷ་ཚོགས་ ཀྱིས། །དབྱེར་མེད་གནས་པའི་དད་ལས་ནི། །རྡོ་རྗེ་འཛིན་པ་གསང་བའི་བདག །ཡོངས་སུ་མཉེས་པའི་དོན་དུ་ནི། །ཉིད་ཀྱི་སྐུ་ལས་སྤྲོས་པ་ཡི། །བ་སྤུའི་བུ་གའི་འོད་ཟེར་གྱི། །རྩེ་མོ་རྣམས་ལས་སྤྲོས་གྱུར་པ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སངས་རྒྱས་སྤྱན་དང་མཱ་མ་ ཀཱི། །གོས་དཀར་མོ་དང་སྒྲོལ་མ་དང་། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་རྡོ་རྗེར་གྱུར་པ་ཡིས། །ས་དང་ཆུ་དང་མེ་དང་རླུང་། །ཚད་མེད་ཡུལ་དང་སྤྱོད་པ་ཡིས། །ཆགས་པ་ཆེན་པོས་རྗེས་ཆགས་ནས། །བདེ་བའི་རོལ་པ་སྟོན་པར་མཛད། །རྣམ་པར་སྣང་མཛད་ཡེ་ཤེས་ཆེ། ། དེ་ཉིད་མེ་ལོང་སོགས་བདག་ཉིད། །གསང་བ་འཛིན་པ་ཐུབ་པའི་རྒྱལ། །རྡོ་རྗེ་མི་བསྐྱོད་རྒྱལ་པོ་ཉིད། །གསང་བ་འཛིན་པ་མ་ལུས་པའི། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱལ། །སྙིང་པོ་རྡོ་རྗེ་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་བཙུན་མོ་རྣམས། །གཅིག་ཏུ་གྱུར་པའི་མཁའ་དབྱིངས་ནི། ། དམ་ཚིག་ཆེན་པོའི་མཁའ་དབྱིངས་ཏེ། །རྙོག་པ་མེད་ཅིང་རྡུལ་མེད་པའི། །དཀྱིལ་འཁོར་གྲུ་བཞིར་བྱིན་བརླབས་པ། །ཕྱོགས་མཚམས་མཉམ་པར་ལྡན་པ་ལ། །གྲུབ་པའི་གནས་བརྒྱད་ཡོངས་བསྐོར་བ། །ཞིང་ཁམས་ཡོངས་སུ་དག་པ་ཡི། །འཛམ་གླིང་པད་མའི་ལྟེ་བ་ལ། །སྣ་ཚོགས་མི་ཤིགས་ཨེ་དང་ བྃ། །གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱི་ཀུན་དུ་རྒྱས། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་ནས་སངས་རྒྱས་ཀུན་གྱི་བདག །གསང་བ་ རབ་ཏུ་འཛིན་པ་པོ། །དཀྱིལ་འཁོར་ཉི་ཤུ་རྩ་ལྔ་པ། །སུམ་ཅུ་གསུམ་པར་ལྡན་པ་ཡིས། །ཕོ་བྲང་ཡངས་པའི་གཞལ་ཡས་དེར། །དེ་བཞིན་གཤེགས་པ་སྟོང་དང་ནི། །གཉིས་དང་བྱང་ཆུབ་སེམས་དཔར་བཅས། །ཕྱི་རོལ་འཇིག་རྟེན་སྐྱོང་བ་བཞི། །སྣ་ཚོགས་དཀྱིལ་འཁོར་ཆེན་ པོ་ཡི། །དབུས་སུ་ཡང་དག་བཞུགས་གྱུར་པའོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས། །མི་བསྐྱོད་པ་དང་དཀོན་མཆོག་དཔལ། །ཚེ་དཔག་མེད་དང་གདོན་མི་ཟ། །དཔལ་ལྡན་རྣམ་པར་སྣང་མཛད་སོགས། །དེ་བཞིན་གཤེགས་པ་ཐུབ་པའི་རྒྱལ། །དེ་ཉིད་སྐུ་གསུང་ ཐུགས་ཡེ་ཤེས། །ཕྲིན་ལས་ལྡན་པར་བཞུགས་པའོ། །དེ་ནས་རང་བཞིན་དག་པ་ཡི། །ཆོས་ཀྱི་དབྱིངས་ན་གནས་གྱུར་པ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །སེམས་ཅན་ཁམས་ཀྱི་སྣོད་བཅུད་དང་། །ཡུལ་དང་དབང་པོ་ཐམས་ཅད་ཀུན། །རྡོ་རྗེ་སེམས་དཔས་བྱིན་བརླབས་ཤིང་། ། དབང་བསྐུར་སྔགས་དང་ཕྱག་རྒྱ་དང་། །ཡེ་ཤེས་ཀྱི་ནི་དབང་བསྒྱུར་བས། །དེ་དག་ཐོབ་པའི་ཁྱད་པར་ནི། །ཐ་མ་འབྲིང་དང་མཆོག་རྣམས་ལ། །བདེ་བ་དང་ནི་ཡིད་བདེ་བས། །གསང་བ་ཡེ་ཤེས་སྤྱོད་ཡུལ་ཐོབ། །དེ་ལས་སྤྲུལ་པའི་སྐུ་བྱུང་བ། །བཅོམ་ལྡན་དེ་ཉིད་ཐུགས་ཀ་ནས། །སྤྲུལ་ པའི་དཀྱིལ་འཁོར་དཔག་མེད་པ། །བྱེ་བ་གྲངས་མེད་བཀྱེ་ནས་ནི། །གདུལ་བྱ་གདུལ་ཕྱིར་དབང་བསྐུར་ཞིང་། །སྤྱི་དང་ཁྱད་པར་གྱིས་འདུལ་འགྱུར། །དེ་ནས་སངས་རྒྱས་ཚོགས་དག་གིས། །བསྐུལ་བས་ཆེད་དུ་བརྗོད་པ་གསུངས། །ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསང་། །བྱང་ཆུབ་ སེམས་ནི་རང་བྱུང་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་རྟོག་མེད་མི་གནས་པའོ། །དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། །སྐུ་བཞི་ཡེ་ཤེས་རོ་གཅིག་པས། །མཛད་པ་ཐམས་ཅད་རྫོགས་བྱེད་པ། །རབ་འབྱམ་ཆོ་འཕྲུལ་སྟོན་པའོ། །དཀྱིལ་འཁོར་གྱི་ འཁོར་ལོ་ངེས་པར་སྤྲུལ་པས་རྒྱུད་ངེས་པར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཕྱི་རོལ་ཡུལ་སྣང་རྫས་སུ་འདོད། །གཡག་རྔ་ནེའུ་གསིང་ལྟ་བུ་ལ། །བར་དུ་སྣང་མུན་ཤོང་བ་ཙམ། །སེམས་ལས་ཐ་དད་པར་གནས་པ། །སྐད་ཅིག་མི་རྟག་པར་འདོད་པས། །ཡུལ་སེམས་ཐ་དད་ བྱེ་བྲག་སྨྲ། །ཕྱི་རོལ་ཡུལ་དག་ཕྲ་བ་རྣམས། །འདུས་ནས་རིགས་པ་འབྱུང་བ་ལྟར། ཡུལ་དུས་རྣམ་པར་ངེས་པ་ལས། །རིགས་པ་འདྲ་བའི་རྣམ་པར་བཞག །ཡུལ་དགག་པ་ཡི་ཐ་མ་དང་། །ཤེས་པ་སྐྱེ་བའི་ཐོག་མ་རུ། །ཕྲད་པར་འདོད་པ་གྲུབ་པའི་མཐའ། །མདོ་སྡེ་ པ་ཡི་དགོངས་པ་སྨྲ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །རྣམ་པར་རིག་ཙམ་སྐད་ཅིག་མ། །རང་གསལ་རྒྱུན་གནས་སྤྲོས་བྲལ་འདོད། །རང་རིག་སྐད་ཅིག་གསལ་བ་དང་། །མི་གསལ་སྣ་ཚོགས་རྟོག་བྲལ་དུ། །རྣམ་མེད་རྣལ་འབྱོར་སྤྱོད་པ་སྨྲ། །དངོས་རྣམས་ སྟོང་པ་སྒྱུ་མ་བཞིན། །སྣང་ཡང་བདག་ལས་རང་སྟོང་པ། །སེམས་ཀྱི་རྟོག་པ་རྣམ་བཟློག་སྟེ། །མཁའ་དབྱིངས་དྲི་མེད་རྟོག་རྒྱུན་འཆད། །འདི་ལྟར་སྲིད་པ་ཞི་བ་ལས། །རྣམ་གྲོལ་སྟོང་ཉིད་སྙིང་རྗེ་དང་། །དབྱེར་མེད་བྱང་ཆུབ་སེམས་ཀྱི་མཆོག །ཟུང་འཇུག་རབ་ཏུ་མི་ གནས་པ། །དཔལ་ལྡན་འདུས་འདིར་གྲུབ་མཐའ་ཀུན། །བློ་ཡི་རིམ་པས་འདིར་འདུས་ཏེ། །དེ་བས་འདིར་ནི་ཆོས་ཀུན་གྱི། །སྙིང་པོ་འདུས་པའི་རྩ་བར་གསུངས། །གསང་བ་བླ་ན་མེད་པའི་དོན། །ཡེ་ཤེས་རྣམ་གསུམ་རིམ་འཇུག་ཅིང་། །སྒྲོན་མེ་འོད་གསལ་སྣང་བ་ ལས། །ཟུང་འཇུག་རྡོ་རྗེ་མི་ཕྱེད་པ། །ལྷ་ཡི་འཁོར་ལོ་སྤྲུལ་ནས་ནི། །དབྱེར་མེད་མི་གཡོ་ཏིང་ངེ་འཛིན། །མཆོག་ནི་དྲི་མེད་རང་སྣང་ལས། །གཉིས་མེད་ངང་དུ་རབ་ཞུགས་པའོ། །བྱང་ཆུབ་སེམས་ཀྱི་ངང་ཉིད་ལས། །རྟག་ཏུ་འོད་གསལ་བར་གནས་ཀྱང་། ། འགྲོ་བའི་དོན་ལས་མི་འདའ་བས། །དམ་ཚིག་འབྱུང་བའི་ཏིང་ངེ་འཛིན། །བྱང་ཆུབ་སེམས་ཀྱི་ཟ་མ་ཏོག །བདེ་བ་ཅན་ནི་མི་ཤིགས་པ། །རིན་ཆེན་འབྱུང་བའི་ཏིང་ངེ་འཛིན། །བདེ་བ་ཆེན་པོའི་བྱང་ཆུབ་སེམས། །འགྲོ་བ་ཀུན་ལ་སྟེར་བ་ནི། །མ་ཆགས་པ་ཡི་ཡེ་ཤེས་ཀྱིས། །འདོད་ ཆགས་འབྱུང་བའི་ཏིང་ངེ་འཛིན། །རྣམ་པ་སྣ་ཚོགས་སྒྱུ་མ་ལས། །གདོན་མི་ཟ་བ་གནས་མེད་པ། །འོད་གསལ་འབྲས་བུ་མངོན་ཕྱོགས་པ། །དམ་ཚིག་འབྱུང་བའི་ཏིང་ངེ་འཛིན། །ཟག་པ་མེད་པའི་དགའ་བ་ཡིས། །ཡེ་ཤེས་ཆེན་པོའི་རོས་ཁྱབ་པས། །རྡོ་རྗེ་འཛིན་པ་མཉེས་ གྱུར་པའི། །དམ་ཚིག་བླ་མེད་ཏིང་ངེ་འཛིན། །ཡང་དག་ཡེ་ཤེས་ནོར་བུ་ལྟར། །རིན་ཆེན་འོད་འཕྲོ་སྤྲིན་ཚོགས་ཀྱིས། །སངས་རྒྱས་ཐམས་ཅད་རྗེས་སུ་ཡང་། །མཉེས་བྱེད་རྡོ་རྗེ་ཏིང་ངེ་འཛིན། །ཟག་པ་བསྡུས་བྱས་བདེ་བ་ལས། །བཅུ་དྲུག་འགྱུར་གྱིས་ཁྱད་འཕགས་པ། ། འདོད་ཆགས་རྗེས་སུ་འཛིན་བྱེད་པ། །ཆགས་པར་བྱེད་པའི་ཏིང་ངེ་འཛིན། །སྐུ་གསུང་ཐུགས་ཉིད་རྡོ་རྗེ་ལས། །མི་ཕྱེད་འོད་གསལ་བར་ཐིམ་ལ། །སྒྱུ་མ་སླུ་བ་རྡོ་རྗེ་ཉིད། །སྣང་བ་ཐིམ་པས་ཏིང་ངེ་འཛིན། །ཡེ་ཤེས་མེ་ལོང་ལྟ་བུ་ལས། །སྲིད་གསུམ་སྣང་བར་མཛད་པ་ སྟེ། །སྣང་མཛད་རྡོ་རྗེ་འཁོར་ལོ་ནི། །མི་ཟད་སྐུ་ཡི་ཏིང་ངེ་འཛིན། །སྣང་བ་གསུམ་ལས་འདས་པ་ཡི། །རང་བཞིན་མངོན་པར་བྱང་ཆུབ་པ། །རྣམ་པར་དག་པ་རྡོ་རྗེ་ཡི། །འོད་གསལ་བ་ཡི་ཏིང་ངེ་འཛིན། །སྲིད་ཞི་མཉམ་ཉིད་མཉམ་པའི་སྐུ། །ཆོས་རྣམས་གཉིས་མེད་རོ་གཅིག་ པས། །རིན་པོ་ཆེ་ལྟར་འབྱུང་བའི་གནས། །ཡོན་ཏན་གཏེར་གྱུར་ཏིང་ངེ་འཛིན། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི། །གང་ལས་འོད་གསལ་ཆོས་ཀྱི་སྐུ། །མངོན་པར་བྱང་ཆུབ་པ་ཡི་ཚུལ། མི་ཕྱེད་རྡོ་རྗེའི་ཏིང་ངེ་འཛིན། བླ་མེད་མངོན་པར་བྱང་ཆུབ་པ། ། གསང་བ་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན། །རྟོགས་པའི་ཡེ་ཤེས་མཆོག་ཏུ་འགྱུར། །ཆོས་ཉིད་མི་ཟད་དབྱིངས་ཀྱི་དང་། །སྣང་སྟོང་ཐ་དད་མེད་པ་སྟེ། །རོ་གཅིག་འདུ་འབྲལ་མེད་པ་ཉིད། །སྟོང་དང་སྙིང་རྗེའི་ཏིང་ངེ་འཛིན། །ཆོས་རྣམས་ཐམས་ཅད་བདག་མེད་ པས། །ཀུན་དུ་སྟོང་ཞིང་མ་བཅོས་པ། །ལྷུན་གྲུབ་རྡོ་རྗེའི་ངང་གནས་པ། །ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །འོད་ཆེན་རྣམ་པར་སྣང་བར་བྱེད། །འོད་གསལ་འབར་བ་རྡོ་རྗེ་ཡིས། །ཚེ་དཔག་མེད་པའི་ཏིང་ངེ་འཛིན། །སྣང་བའི་དངོས་པོ་སྣ་ཚོགས་པ། ། སྒྱུ་མ་རྐྱེན་སྐྱེས་ཟིལ་གནོན་པ། །རྡོ་རྗེ་འོད་གསལ་ཏིང་ངེ་འཛིན། །དམིགས་པ་མེད་པའི་སྙིང་རྗེ་ཅན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་དགའ་བས་ཁྱབ་ཅིང་དགྱེས་པ་ཆེན་པོ་ཡོངས་སུ་སྤྱོད་པར་འགྱུར་ རོ། །དེ་ནས་གསང་བ་གསུམ་གྱི་དངོས། །རྡོ་རྗེ་འཛིན་པས་འདི་གསུངས་སོ། །དཀའ་ཐུབ་སྡོམ་པ་མི་ཟད་པས། །ལུས་སྐམས་གྱུར་ཅིང་སྡུག་བསྔལ་གྱུར། །སྡུག་བསྔལ་གྱི་ནི་སེམས་བྱིངས་ཏེ། །དེ་ལ་དངོས་གྲུབ་གཞན་དུ་གྱུར། །བརྗོད་པ་ཐམས་ཅད་ཡི་གེ་སྟེ། །ཀུན་ གྱི་རྩ་བ་ཨ་ལས་བྱུང་། །དེ་ལས་ཆོས་ཀྱི་ཕུང་པོ་ནི། །བརྒྱད་ཁྲི་བཞི་སྟོང་དག་ཏུ་སྣང་། །དབྱངས་དང་གསལ་བྱེད་ངག་ཡིན་ཏེ། །ངག་ནི་རླུང་གི་རྩ་བ་ཅན། །སྒྲར་སྣང་ཙམ་ཉིད་ཀུན་རྫོབ་སྟེ། །ཐིམ་པ་དོན་དམ་བརྗོད་པའོ། །ཡང་གནས་འདི་ལ་སངས་རྒྱས་ཀུན་གྱི་རང་བཞིན་ནི་ འདོད་པའི་ཡོན་ཏན་ལྔའི་ཡུལ་ལ་རང་གི་བསོད་ནམས་དང་ཡེ་ཤེས་གཉིས་སུ་མེད་པར་སྤྱད་པ་སྤྱོད་པར་བྱེད་དེ། རང་རིག་པའི་ཡེ་ཤེས་སྒྱུ་མ་དང་མཚུངས་པས་སྤྱད་པ་སྤྱོད་པར་བྱེད་དོ། །འདི་ལྟར་ཆོས་རྣམས་ཐམས་ཅད་གཟུགས་བརྙན་དང་། སྤྲུལ་པ་དང་། སྒྲ་བརྙན་དང་། བྲག་ ཅ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དབང་པོའི་གཞུ་དང་། སྤྲིན་དང་། མིག་ཡོར་དང་། གློག་དང་། ཆུའི་ཆུ་བུར་དང་། སྒྱུ་མའི་རྣམ་པར་བལྟ་སྟེ། དེ་ལྟ་ན་ཡང་དོན་དམ་པ་ནི་རྣམ་པར་དམིགས་སུ་མེད་དོ། །ཆོས་ཐམས་ཅད་ ནི་རང་བཞིན་མེད་པའི་ཕྱིར་རྟེན་འབྲེལ་ཚོགས་པའི་སྣང་བ་དགག་ཏུ་མེད་དོ། །དེ་ཡང་དག་པར་བདེན་པས་སྟོང་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འདུས་པ་རྣམས་ཀྱིས་མངོན་པར་དགའ་བའི་ཡིད་ཀྱིས་ དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ལེགས་སོ་ལེགས་སོ། །གསང་བའི་གནས་ཀྱི་སྤྱོད་པ་ངོ་མཚར་ཞིང་རྨད་དུ་རབ་ཏུ་བྱུང་བ་རབ་ཏུ་བསྟན་པ་གསང་བའི་སྤྱོད་ཡུལ་ལ་དགོངས་ཏེ་རང་རང་གི་སྟན་ལ་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་དམན་པའི་སྤྱོད་པ་ལས་རིང་ཞིང་ལམ་བདེ་བ་ཆེན་པོས་ཡེ་ཤེས་ལ་རོལ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།རྡོ་རྗེ་འཛིན་པ་ཀུན་གྱི་གསང་། །གསང་བ་གསུམ་དུ་ གནས་པ་གང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོར། །གསང་བ་རབ་ཏུ་གྱུར་པ་གསུངས། །གསང་བའི་ཡི་གེ་རྟོགས་དཀའ་བ། །མ་འོངས་སྐྱེ་བོ་གདུལ་སླད་དུ། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱི། །ཕྱི་ནང་སྦས་པ་རིམ་པས་བསྟན། །ཨེ་ཡི་རྣམ་པས་ལྷ་མོ་ སྤྱན། །བྃ་གི་རྣམ་པ་བདག་མར་བརྗོད། མ་ནི་ལྷ་མོ་གོས་དཀར་མོ། །ཡཱ་ནི་རྣམ་པ་སྒྲོལ་མར་བརྗོད། །ཤྲུ་ནི་བྱང་ཆུབ་སེམས་རྡོ་རྗེ། །ཏྃ་ནི་ཤེས་རབ་ཕ་རོལ་ཕྱིན། །མེ་ལོང་ཡེ་ཤེས་ཨེ་ཞེས་བརྗོད། །ཀ་ནི་མི་བསྐྱོད་རྡོ་རྗེ་སྟེ། །སྨིན་ཞེས་དོན་ཡོན་གྲུབ་པ་ཉིད། །རིན་ ཆེན་འབྱུང་བ་ས་ཞེས་བྱ། །འོད་དཔག་མེད་པ་མ་ཞེས་བརྗོད། །རྟག་པའི་རྡོ་རྗེ་ཡེ་ཞེས་པའོ། །བྷ་ནི་དྲི་ཡི་རྡོ་རྗེ་མའོ། །ཡི་གེ་ག་ནི་རོ་རྡོ་རྗེ། །བཱན་ནི་གཟུགས་ཀྱི་རྡོ་རྗེ་མའོ། །ས་ཡི་རྣམ་པ་རེག་རྡོ་རྗེ། །རྦ་ནི་སྒྲ་ཡི་རྡོ་རྗེ་མ། །ཏ་ནི་ཆོས་དབྱིངས་རྡོ་རྗེ་ཡི། །ཐཱ་ནི་སྒྲིབ་པ་རྣམ་ པར་སེལ། །ག་ནི་འཇིག་རྟེན་དབང་ཕྱུག་བརྗོད། །ཡི་གེ་ཏ་ནི་ས་སྙིང་པོའོ། །ཀཱ་ནི་ནམ་མཁའི་སྙིང་པོ་སྟེ། །ཡ་ནི་ཕྱག་ན་རྡོ་རྗེར་གནས། །བཱཀ་ནི་ཀུན་དུ་བཟང་པོའོ། །ཙིཏ་ནི་བྱམས་པར་བརྗོད་པར་བྱ། །ཏ་ནི་འདོད་པའི་རྒྱལ་པོ་སྟེ། །ཧྲྀ་ད་ཡ་ནི་སྙིང་པོ་ཉིད། ། བ་ནི་དབྱུག་སྔོན་ཅན་དུ་གྲགས། །ཛྲ་ནི་སྟོབས་ཆེན་འབར་བ་སྟེ། །ཡོ་ནི་མི་གཡོ་གཏུམ་པོའོ། །ཥིད་ནི་བྱ་བ་ནན་ཏན་ཏེ། །བྷ་ནི་གནོད་མཛེས་རྒྱལ་པོའོ། །གེ་ནི་གཙུག་ཏོར་འཁོར་ལོས་སྒྱུར། །ཥུ་ནི་བགེགས་མཐར་བྱེད་པ་སྟེ། །པི་ནི་ཤེས་རབ་མཐར་བྱེད་དོ། །ཛ་ནི་ གཤིན་རྗེ་མཐར་བྱེད་དེ། །ཧ་ནི་མཐར་བྱེད་པད་མ་འཛིན། །ར་ནི་སོ་སོར་རྟོག་པ་ཉིད། །ཐབས་དང་ཤེས་རབ་མཉམ་སྦྱོར་བ། །ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །འབྱུང་བཞི་ལྷ་མོ་བཞི་རུ་བརྗོད། །ཡུལ་ལྔ་འདོད་ཡོན་ལྷ་མོ་ལྔ། །རྣམ་ཤེས་བརྒྱད་ནི་བྱང་ཆུབ་སེམས། །ལུས་ཚིགས་ ལ་གནས་ཁྲོ་རྒྱལ་བཅུ། །བསྡུས་པ་ཡེ་ཤེས་ལྔར་སྦྱོར་བ། །བདེ་བ་ཆེན་པོའི་ཡེ་ཤེས་ནི། །དཔལ་ལྡན་རྡོ་རྗེ་འཆང་གི་དངོས། །མིག་དང་མི་ཡིས་གནས་པ་ལས། །དེ་ཉིད་ཀྱིས་ནི་སྦྱར་བ་ཡིས། །དེ་ལས་གྱུར་པའི་གྲངས་རྣམས་ཀྱི། །དཀྱིལ་འཁོར་དེ་སྙེད་རྣམས་སུ་འགྱུར། ། ཕྱོགས་དང་གདེངས་ཀ་གདོང་བ་དང་། །རིས་བྱེད་རིགས་ཀྱིས་ཕྱེ་བ་གང་། །རྩ་བའི་དཀྱིལ་འཁོར་གྱུར་པ་སྟེ། །གཞན་དུ་འཕྲོས་པའི་དཀྱིལ་འཁོར་ཡིན། །ཀ་ནས་བཟུང་སྟེ་རིམ་བཞིན་དུ། །དེ་བཞིན་ཧ་ཡི་བར་དག་ཏུ། །དེ་དག་སྣ་ཚོགས་རྒྱུར་གྱུར་པ། །སྟོང་ཕྲག་སུམ་ཅུའི་ བདག་ཉིད་དོ། །ཐབས་དང་ཤེས་རབ་ངོ་བོ་ཉིད། །སྟོང་ཕྲག་སུམ་ཅུ་རྩ་བཞིར་འགྱུར། །རྩ་བའི་རྒྱུད་དང་བཤད་པ་དང་། །ཆ་མཐུན་ཡན་ལག་རྒྱུད་གྱུར་པས། །དེ་དག་སྡེ་དང་བཅས་པ་ཡིས། །གསང་ཆེན་རྒྱུད་སྡེར་བརྗོད་པར་བྱ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། ། ལྷ་འདི་རྣམས་ནི་ཐོག་མར་བཞུགས། །འདིས་ནི་རྒྱུད་རྣམས་གསང་ཆེན་ཀུན། །རྣལ་འབྱོར་རྒྱུད་ཅེས་རྒྱས་བཏབ་པའོ། །མདོ་སྡེ་རྣམས་ལ་གནས་སོགས་པ། །ཐུན་མོང་དབྱེ་བས་ཕྱེ་བ་ཉིད། །ཡི་གེ་བཞི་ནི་ཐུན་མོང་དུ། །བསྡུས་པས་ཆོས་ཀྱི་བདག་ཉིད་ཅན། ། མདོ་ཀུན་ཡུལ་དུ་གྱུར་པའོ། །གསང་བའི་གནས་ཀྱི་མཚན་ཉིད་ནི། །ཉན་ཐོས་རང་རྒྱལ་ལ་སོགས་པས། །རྣམ་པ་ཀུན་དུ་མ་བཤད་དེ། །འདི་སྐད་བདག་ཅེས་དང་པོར་བརྗོད། །དུས་གཅིག་དུས་གསུམ་སྐད་ཅིག་སྟེ། །སྟོན་པ་རང་འབྱུང་ཆེ་བའི་སྐུ། །དེ་བཞིན་གཤེགས་ པ་བདེ་བར་གཤེགས། །དེ་བཞིན་དུ་ནི་རྟག་གཤེགས་ལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས། །པདྨའི་མིང་ཅན་བཙུན་མོའི་གནས། །དེར་ནི་མངོན་པར་བཞུགས་པར་མཛད། །བཙུན་མོ་རྡོ་རྗེ་སེམས་དཔའ་དང་། །རིན་ཆེན་ཆོས་དང་བཅས་པ་ཡི། །རྡོ་རྗེ་ལས་ ཀྱི་སེམས་མར་བརྗོད། །དེ་དག་ཀུན་གྱི་བདེ་བའི་གནས། །བསྐྱེད་དང་སྡུད་པར་མཛད་པ་པོ། །ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཡུལ་རྣམས་ཐམས་ཅད་རྟེན་པའི་གཞི། །ཡང་དག་བཙུན་མོའི་བྷ་ག་དེར། །ཕྱོགས་བཅུ་དུས་གསུམ་ སངས་རྒྱས་རྣམས། །མངོན་པར་རབ་ཏུ་ཞུགས་མཛད་དེ། །སྤྲོ་དང་བསྡུ་བའི་ངོ་བོ་ཉིད། །རབ་ཏུ་མི་གནས་དབྱེར་མེད་བཞུགས། །མདོ་དང་གསང་བར་སྤྱོད་པའི་ཚུལ། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །གསང་ སྔགས་ཐེག་པ་ཁྱད་པར་འཕགས། །གསང་བ་བྱ་བ་སྤྱོད་པའི་རྒྱུད། །ཤིན་ཏུ་ཆེས་གསང་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་གསང་ཆེན་ནོ། །འདི་ནི་སྐུ་གསུང་ཐུགས་གསང་བ། །མཚན་དང་དཔེ་བྱད་རྣམས་དང་ནི། །རྗོད་བྱེད་རང་གི་མཚན་ཉིད་དེ། །ཕུང་པོ་ཁམས་དང་ སྐྱེ་མཆེད་སོགས། །གསང་བའི་དཀྱིལ་འཁོར་ལ་ཞུགས་པ། །རྟེན་དང་བརྟེན་པར་བཅས་པ་ནི། །མཁས་པ་རྣམས་ལ་བསྔགས་པ་ཡིན། །རྨོངས་པ་དེ་ལྟར་འདོད་པ་རྣམས། །སྐྱེ་དང་འཇིག་དང་གནས་པ་དང་། །རྒྱུད་གཞན་རྣམས་ལ་ངེས་བསྟན་པ། །རྟག་ཏུ་རྟེན་ འབྲེལ་ཚུལ་དེ་བརྗོད། །འབྲས་བུ་རྒྱུས་ནི་རྒྱས་བཏབ་ཅིང་། །རྒྱུ་ལ་འབྲས་བུས་རྒྱས་གདབ་པར། །བསམ་གྱི་གཞར་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་ཡང་མི་འགྱུར། །རྒྱུད་ཀུན་ལ་ནི་གསང་ཆེན་གྱི། །སྙིང་པོ་ཕྱག་རྒྱས་རྒྱས་གདབ་ཕྱིར། །དེ་ཉིད་གསང་བ་ཡང་དག་པར། །མི་ ཕྱེད་པར་ནི་བསྟན་པ་ཡིན། །སེམས་ཅན་ཀུན་གྱི་ལུས་གནས་པ། །སྐུ་ཡི་གསང་བ་རྟག་པ་ཉིད། །སེམས་ཅན་ཀུན་གྱི་ངག་ལ་ནི། །གསུང་གི་གསང་བ་རང་བྱུང་དུ། །སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། ། བདེ་གཤེགས་སྙིང་པོ་འཇུག་པ་ཉིད། །སེམས་ཅན་སངས་རྒྱས་སྒྲས་བཏགས་སོ། །སྐུ་ཡི་དངོས་གྲུབ་སྣང་བའི་དངོས། །མི་ཟད་སྤྲུལ་པས་འགྲོ་དོན་སྤྱོད། །གསུང་གི་དངོས་གྲུབ་བྲག་ཅ་ལྟར། །བརྗོད་པ་དུ་མའི་སྒྲ་རུ་སྟོན། །ཐུགས་ཀྱི་དངོས་གྲུབ་རྟོག་པའི་ཚོགས། །ཡེ་ཤེས་བདེ་ཆེན་ བསམ་མི་ཁྱབ། །ཏིང་འཛིན་སེམས་ཀྱི་སྤྱོད་པ་ནི། །སྟོང་ཉིད་ཡེ་ཤེས་དངོས་གྲུབ་བོ། །དེ་ཉིད་བྱང་ཆུབ་སེམས་རྡོ་རྗེ། །བླ་མ་ཉིད་དུ་བསྡུས་པ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དག་པས་དུག་ མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་ངེས་འགྱུར་ཡིན། །དེ་ཉིད་ངོ་བོ་ཡོངས་ཤེས་པས། །རྒྱུད་འདིར་ལམ་དུ་གྱུར་པ་ཡིན། །སྔགས་འདུན་ཐབས་དང་ཤེས་རབ་སྟེ། །དབྱེར་མེད་དེ་བཞིན་གཤེགས་པའི་ཐུགས། །ཤེས་རབ་བྷ་གའི་བརྡར་ བརྟགས་པས། །དབྱངས་སུ་བརྗོད་པ་གསང་བའི་ཚུལ། །ཨཱ་ལི་བཅུ་གཉིས་རྟེན་འབྲེལ་ཏེ། །མ་རིག་ལ་སོགས་འགག་པར་བསྟན། །རོ་ཧི་ཏ་ལ་སོགས་པ་དང་། །ཁྱིམ་ནི་བཅུ་གཉིས་རླུང་དག་སྟེ། །དུས་སྦྱོར་བ་དང་མཚུངས་པས་ན། །ལུགས་འབྱུང་དེ་ཉིད་ལུགས་ བཟློག་པར། །དེ་ཉིད་ཡང་དག་རིམ་པས་བསྟན། །ཀཱ་ལི་སུམ་ཅུ་རྩ་བཞི་པོ། །ཐབས་ཀྱི་ཡི་གེ་ཕ་ཞེས་བརྗོད། །མི་གཙང་རྫས་ནི་སུམ་ཅུ་བཞི། །དག་པ་བྱང་སེམས་རང་བཞིན་ཏེ། །ཁམས་ནི་རང་བཞིན་གྱིས་དག་པའི། །དེ་དག་དག་པས་ཡེ་ཤེས་ཆེ། །དག་པའི་ དུས་ནི་དཔེ་བྱད་དག །ཉིས་འགྱུར་དག་གིས་བསྟན་པ་སྟེ། །ཐབས་དང་ཤེས་རབ་ཕྲག་གཉིས་བསྟན། །ཨཱ་ལི་ཤེས་རབ་མ་ནིང་བཅས། །འདི་དག་མཚན་མཆོག་སུམ་ཅུ་གཉིས། །ཆ་གཉིས་རབ་ཏུ་དབྱེ་བ་ཡིས། །སེམས་ཅན་ཀུན་གྱི་ལུས་གནས་པ། །ཀླ་ཞེས་བྱ་བ་ཆུ་ ཡིན་ཏེ། །སླ་ཞེས་བྱ་བས་ཡིན་ནོ། །ལླ་ཞེས་བྱ་བ་མེ་ཡིན་ཏེ། །ཤླ་ཞེས་བྱ་བ་རླུང་ཡིན་ཏེ། །འབྱུང་བཞིའི་དབྱེ་བ་མ་ནིང་སྟེ། །ཡེ་ཤེས་དག་པ་ཆེན་པོ་ཉིད། །ཡང་དག་ལམ་གསལ་ཕྱོགས་ཙམ་དང་། །མི་གསལ་བ་ཉིད་རྒྱུད་ལས་འབྱུང་། །རྐྱེན་ཉིད་ཚོགས་ གཉིས་རྫོགས་བྱེད་པ། །བསོད་ནམས་བླ་མེད་འབྲས་བུར་འགྱུར། །གཞི་ནི་ཁོང་ན་གནས་པའི་དོན། །སེམས་ཅན་ཀུན་གྱི་ལུས་ལ་གནས། །དེ་ཡོད་པས་ན་འགྲོ་ཀུན་ཀྱང་། །ཡེ་ཤེས་སྙིང་པོ་ཅན་གྱུར་པས། །དེ་བཞིན་གཤེགས་པའི་རྒྱུ་རུ་བཤད། ། མ་ནིང་ཡེ་ཤེས་དག་པ་ཉིད། གཉིས་མེད་ཡེ་ཤེས་འབར་བ་ཡི། །ཨཱ་ལི་སྣང་བ་ཐབས་ཀྱི་ཆ། །མཆེད་པ་ཀ་སོགས་ཤེས་རབ་ཆ། །མ་ནིང་ཐོབ་པ་གཉིས་མེད་པའོ། །སྦྱོར་བ་དོན་གྱི་ཡི་གེ་བཞི། །སྦས་པའི་ཚུལ་དུ་བསྟན་པའོ། །ཆར་ནི་སྟོང་པ་ཚེག་དྲག་དང་། ། ཐིག་ལེས་བརྒྱན་པ་བདེ་བ་ཆེ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །ཀུན་དུ་བཟང་པོ་སེམས་དཔའ་ཆེས། །གསང་བ་ཟབ་དང་རྒྱ་ཆེ་བའོ། །ལྷག་པའི་གསང་ཆེན་རྒྱུད་ཀྱི་དོན། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཁྱད་པར་ངེས་ཤེས་བསྐྱེད་དོན་དུ། །དཔལ་ ལྡན་འདུས་པ་ངེས་གསལ་བའི། །བླ་མེད་དགོངས་རྒྱུད་བཤད་དུ་གསོལ། །དེ་ནས་གསང་བ་འཛིན་པ་པོ། །རྡོ་རྗེ་འཆང་བ་ཚུལ་འདི་དག །རྣལ་འབྱོར་རྒྱུད་ཀྱི་སྦས་པའི་དོན། །གསང་བ་རིན་ཆེན་སྙིང་པོ་གསུངས། །གསང་ཆེན་གླེང་གཞིའི་ཁྱད་པར་དང་། །རིམ་པ་གླེང་སློང་ གྱུར་པ་དང་། །གསང་བར་བྱ་བའི་གཞི་གང་དང་། །གསང་བའི་དམ་ཚིག་ངེས་པ་དང་། །གསང་བ་བསྒྲུབ་པའི་ཆོ་ག་དང་། །འཇུག་པའི་རྣལ་འབྱོར་ཇི་ལྟར་བསྟན། །གསང་ཆེན་རྣམ་བཤད་ཐབས་དང་ནི། །དེ་ཉིད་དང་འབྲེལ་བརྗོད་བྱ་གང་། །རྗོད་བྱེད་ཐུན་མོང་བསྟན་པའི་ ཚུལ། །ལམ་ལ་འཇུག་པའི་དབྱེ་བ་དང་། །གསང་བ་གྲུབ་པའི་འབྲས་བུ་དང་། །གསང་བ་ལྷག་པའི་ལམ་དང་ནི། །གསང་བ་མཆོག་གི་སྤྱོད་པ་དང་། །གསང་ཆེན་རྣམ་པར་བསྡུ་བའི་དོན། །མི་འགྱུར་རྐྱེན་གྱིས་ལྡོག་བྱ་དང་། །དགག་སྒྲུབ་གསང་ཆེན་འབྱུང་བའི་ ཚུལ། །ཕྱོགས་དང་ཐུབ་པའི་རྣམ་དབྱེ་བའི། །གསང་བ་འདི་དག་གནས་ཞེས་བྱ། །འདི་ཉིད་འཇུག་པའི་ཚུལ་ཤེས་ནས། །གྲུབ་པ་སྒྲུབ་པའི་ཚུལ་སྤྱོད་དོ། །གསང་བ་རྣམ་པར་དག་པ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བསྟན་པ་ཞེས་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་ འཛིན། །དང་པོའི་མགོན་པོ་བཅོམ་ལྡན་འདས། །དཔལ་མཆོག་གསང་བ་འཛིན་པ་ཡིས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །གསང་བ་ཟབ་པའི་རྒྱུད་འདི་རུ། །སྤྱོད་པའི་ཚུལ་འདི་ཤེས་པར་བྱ། །དང་པོའི་ས་ནི་པདྨ་ལྟར། །གེ་སར་ཁ་དབྱེའི་འོད་འབར་བའོ། །གཉིས་ པ་ཆུ་རྒྱུན་ལྟ་བུ་སྟེ། །དྲི་མ་སྦྱོང་ཞིང་འབྱེད་པར་འགྱུར། །གསུམ་པ་རབ་ཏུ་གསལ་བ་ཡི། །འགྲོ་བའི་སྣང་བ་ཡེ་ཤེས་སྒྲོན། །བཞི་པ་ཡེ་ཤེས་འོད་འཕྲོ་བ། །ཉི་མའི་སྙིང་པོ་ལྟར་འཆར་བའོ། །ལྔ་པ་ཟླ་བའི་དཀྱིལ་འཁོར་ལྟར། །འཛག་དང་སྨིན་ཅིང་སྡུད་པས་སྦྱོར། །དྲུག་པ་སྒྱུ་ མའི་གཟུགས་བརྙན་ལྟར། །ཆོས་རྣམས་རང་བཞིན་ཤེས་པའོ། །བདུན་པ་ལྟ་ངན་ཕྱོགས་ལས་ནི། །རྒྱལ་འགྱུར་སེང་གེའི་རྒྱལ་པོ་བཞིན། །རི་བོ་མཆོག་ལྟར་ཏིང་འཛིན་རྒྱལ། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་གཡོ་བར་གྱུར་པས། །བདག་གི་དངོས་པོར་རབ་ཏུ་བརྟག ། ཐབས་ལྡན་བྱང་ཆུབ་སེམས་མཆོག་གིས། །དོན་མཛད་འཁོར་ལོས་སྒྱུར་བའི་སྟོབས། །ལེགས་ཐོབ་ཕྱིར་མི་ལྡོག་པའི་ལམ། །སེམས་དཔའ་ཆེན་པོ་བླ་མ་ཉིད། །ཇི་སྲིད་སྤྲིན་ནི་སྣ་ཚོགས་པ། །ཁ་དོག་དབྱིབས་ནི་ཐ་དད་པ། །མཁའ་དབྱིངས་དག་ཏུ་འབྱུང་འགྱུར་ཞིང་། ། དེང་ཉིད་དུ་ནི་ལྡོག་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུན་ཆད་དངོས། །མ་ལུས་ཡུལ་ལ་ཞུགས་ནས་ནི། །དེ་ཉིད་དུ་ནི་རང་ཐིམ་འགྱུར། །སྣང་བ་གསུམ་པོ་དག་པའི་ལམ། །རིན་ཆེན་སྤྲིན་གྱིས་འགྲོ་དོན་དུ། །བསམ་པའི་ཚུལ་གྱིས་ཆར་ པ་འབེབས། །འདོད་ཆགས་རྣམ་པར་དག་པའི་དངོས། །དེ་ཉིད་བྱང་ཆུབ་སེམས་དཔའི་ཡུལ། །འདི་ལྟར་ཞེ་སྡང་རྣམ་པར་དག །དེ་ཉིད་བྱང་ཆུབ་སེམས་དཔའི་གནས། །གང་དུ་གཏི་མུག་དག་པའི་ངང་། །དེ་ནི་བྱང་ཆུབ་སེམས་དཔའ་ཡི། །སྣང་བ་དག་པའི་ཡུལ་གྱུར་ པ། །ཐམས་ཅད་འོད་གསལ་ངང་གནས་པའོ། །སངས་རྒྱས་ཐམས་ཅད་མངོན་འདུས་པའི། །འོད་ཟེར་སྣང་བ་བསམ་གཏན་མེས། །དྲི་མ་མ་ལུས་སངས་གྱུར་པས། །མངོན་པར་བྱང་ཆུབ་དག་པའོ། །ཡེ་ཤེས་ཆེན་པོའི་དྲི་མ་མེད། །སྣང་བ་མེད་ཅིང་དངོས་མེད་པའི། ། མ་འདྲེས་འོད་ཀྱི་སྣང་བ་འགྱེད། །པདྨོ་རིན་ཆེན་གེ་སར་ལས། །ནོར་བུ་སྣ་ཚོགས་སྡོང་པོས་བརྒྱན། །མ་རིག་མུན་སེལ་ཆུ་བོའི་རྒྱུན། །ཐབས་དང་ཤེས་རབ་དབྱེར་མེད་པ། །བདེ་ཆེན་ས་ནི་བཅུ་གཉིས་པ། །ནམ་མཁའ་ལྟ་བུར་བདག་མེད་པས། །རབ་ཏུ་མི་ གནས་དངོས་མེད་པའོ། །ཟུང་འཇུག་ཆེན་པོ་དག་པའི་སྐུ། །ཐམས་ཅད་མཁྱེན་པ་རྟོག་མེད་པའི། །སྐུ་གསུམ་རྡོ་རྗེར་གཅིག་པའི་བདག །སར་གྱུར་པ་ནི་བཅུ་གསུམ་པ། །བཙུན་མོའི་བྷ་ག་བདེ་ཅན་དུ། །རང་འབྱུང་འགྱུར་བ་མེད་པར་བཞུགས། །འཕགས་ལམ་ཡན་ལག་བརྒྱད་པ་ གང་། །དབང་ཕྱུག་བརྒྱད་ནི་དག་པའི་དངོས། །སྒོམ་པའི་ལམ་ནི་འདི་ཉིད་དུ། །ལམ་གྱི་ཁྱད་པར་བསྟན་པའོ། །མཐོང་ལམ་ཡན་ལག་བདུན་ལྡན་པ། །སྐུ་གསུམ་རྟོགས་ཕྱིར་ཡན་ལག་བརྗོད། །ཚོགས་ལམ་དང་པོ་དག་ལ་ནི། །དྲན་པ་ཉེ་བར་གཞག་པ་གང་། །སྨིན་བྱེད་ དབང་གིས་གཞི་བཟུང་བས། །བུམ་དབང་ལུས་ནི་ལྷ་རུ་སྟེ། །གསང་དབང་ཚོར་བ་བདེ་བ་ཉིད། །གསུམ་པ་ཆོས་ནི་ཡེ་ཤེས་དྲན། །བཞི་པ་སེམས་ནི་འོད་གསལ་དུ། །དྲན་པ་ཉེ་བར་གཞག་ཕྱིར་བརྗོད། །ཚོགས་ལམ་བར་པ་ཉིད་ལ་ནི། །ཏིང་འཛིན་མ་སྐྱེས་བསྐྱེད་ པ་དང་། །སྐྱེས་པ་བརྟན་ཕྱིར་པོགས་དབྱུང་དང་། །ཡང་དག་སྤོང་བ་བཞི་པོ་དག །དེ་ཉིད་གོམས་པར་བྱེད་པ་ལ། །དགག་དང་བསྒྲུབ་པའི་ཕྱོགས་གྱུར་པ། །སྤངས་ཐོབ་རིམ་པར་ལྡན་པར་བརྗོད། །ཚོགས་ལམ་ཆེན་པོར་གྱུར་པ་དག །རྫུ་འཕྲུལ་རྐང་པ་བཞིར་ངེས་པ། ། ཆུ་རླུང་རྡོ་རྗེ་མགོན་པོ་ཡི། །མཱ་མ་ཀཱི་ཡི་རྫུ་འཕྲུལ་གྱིས། །སྙིང་གའི་གནས་སུ་ཡང་དག་ལྡན། །མེ་རླུང་པདྨ་མགོན་པོ་ཡི། །གོས་དཀར་མོ་ཡི་རྫུ་འཕྲུལ་གྱིས། །གྱེན་རྒྱུ་མགྲིན་པར་བརྗོད་པར་བྱ། །ས་རླུང་རིན་ཆེན་མགོན་པོ་ཡི། །སངས་རྒྱས་སྤྱན་མའི་རྫུ་འཕྲུལ་ གྱིས། །ཐུར་སེལ་གསང་བར་བརྗོད་པ་ཉིད། །རླུང་གི་དཀྱིལ་འཁོར་ལྟེ་བར་ནི། །ལས་ཀྱི་མགོན་པོའི་རིགས་དག་པའི། །ལྷ་མོ་སྒྲོལ་མའི་རྫུ་འཕྲུལ་གྱིས། །མེ་དང་མཉམ་པའི་ལས་ཞེས་བྱ། །རེ་རེའང་ལྷ་མོ་བཞི་བཞི་སྟེ། །དཀྱིལ་འཁོར་བཞི་དང་ལྡན་པ་ཡི། ། ལམ་དུ་རྫུ་འཕྲུལ་སྟོབས་ཀྱིས་བརྗོད། །གནད་ནི་རྣམ་པ་བཞི་དག་སྟེ། །ལུས་དང་དུས་དང་ཡུལ་དང་ནི། །རླུང་གི་གནད་དུ་ཤེས་པར་བྱ། །དང་པོའི་ཡེ་ཤེས་བླ་ན་མེད། །པདྨ་ལྟར་གསལ་རབ་འབར་བ། །ས་ནི་ཐོག་མར་མངོན་པར་པར་བདེ། །རྒྱུ་ལམ་ཡན་ལག་བདུན་ ལྡན་པ། །འཇུག་གནས་རྒྱུ་ལམ་རང་བཞིན་བཅས། །དབང་གིས་འཇུག་དང་རང་བྱིན་བརླབ། །ཕྱི་ནང་གསང་བ་མཆོག་ཏུ་གྱུར། །འབྲུ་གསུམ་ཨེ་བྃ་མ་ཡར་བཅས། །འབྲས་བུ་སྙིང་པོ་ཕྱག་རྒྱ་ཆེ། །རང་བཞིན་མེད་པ་དག་པའི་དབྱིངས། །འོད་གསལ་མངོན་པར་བྱང་ཆུབ་པ། ། ཚད་མེད་སྙིང་རྗེ་བསྡུ་དངོས་ཀྱིས། །ངེས་པར་རབ་གང་མི་དམིགས་པའོ། །སེམས་ཅན་སྣ་ཚོགས་འདུལ་དོན་དུ། །སངས་རྒྱས་རྣམས་ནི་ཡང་དང་ཡང་། །སེམས་བསྐྱེད་གྱུར་པས་ལམ་སྦྱངས་ཏེ། །མཛད་པ་དུ་མའི་ཆོ་འཕྲུལ་རྣམས། །རྒྱུན་མི་འཆད་ཕྱིར་སེམས་བསྐྱེད་པའོ། ། དྲི་མེད་སེམས་ནི་རྣམ་ཀུན་དུ། །རང་རིག་ཡེ་ཤེས་ཐོགས་མེད་པས། །འགག་པ་མེད་ཅིང་སྐྱེ་མེད་ཀྱང་། །སེམས་ཅན་དོན་དུ་འཁོར་ཞིང་ལྡིང་། །བྱང་ཆུབ་སེམས་ནི་མི་ཟད་པ། །དེ་ཕྱིར་ཕྲིན་ལས་རྒྱུན་མི་འཆད། །རྣམ་པར་མི་རྟོག་མི་དམིགས་པས། །ཀུན་མཁྱེན་ཡེ་ཤེས་ ནམ་མཁའི་དབྱིངས། །གདུལ་བྱའི་ཁམས་དང་མཐུན་པར་འཇུག །སངས་རྒྱས་རྣམས་ཀྱི་སྒྱུ་འཕྲུལ་གར། །དེ་ནི་སྤྲུལ་པའི་སྐུ་ཞེས་བརྗོད། །རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །ཡོན་ཏན་དུ་མས་རབ་བརྒྱན་ཅིང་། །མཚན་དང་དཔེ་བྱད་འབར་བ་དང་། །ཡེ་ཤེས་སྐུས་ ནི་གཞན་དོན་ཕྱིར། །སྣང་བའི་འོད་འབྱེད་དག་པའི་དོན། །རྟག་ཏུ་བདེ་བ་ཅན་དུ་བཞུགས། །བདེ་བ་ཆེན་པོ་དབྱེར་མེད་ཅིང་། །ཐབས་དང་ཤེས་རབ་མི་ཕྱེད་པའི། །རྣལ་འབྱོར་དབང་ཕྱུག་བཅོམ་ལྡན་འདས། །ཁ་སྦྱར་སྦྱོར་བ་གསང་བ་ཆེ། །རྡོ་རྗེ་པདྨ་མཉམ་སྦྱོར་ པ། །མེ་ཏོག་དང་ནི་དེ་ཡི་དྲི། །དབྱེར་མེད་རྟེན་དང་བརྟེན་པར་གནས། །མཆོག་ཏུ་དག་པ་བདག་མེད་པ། །སྐུ་གསུམ་ཐ་དད་བསྟན་པ་ནི། །གདུལ་བྱའི་དབང་ལ་གྱུར་པ་ཡིན། །ཁྱད་པར་ཡན་ལག་ངེས་པར་ནི། །སྐུ་གསུམ་གཅིག་ཏུ་བསྡུས་པའི་དོན། །སངས་ རྒྱས་རྣམས་ཀྱི་གསང་ཆེན་མཆོག །འབྲས་བུ་རྡོ་རྗེའི་ཐེག་པ་ཞེས། །ཐམས་ཅད་མཁྱེན་པས་བཤད་པ་ཡིན། །སྦྱོར་བའི་ལམ་ལས་ཡན་ལག་བཅུ། །རླུང་གི་གནས་སུ་བརྗོད་པར་བྱ། །རྩ་བའི་རླུང་ལྔ་དབང་པོ་ལྔ། །སྟོབས་ལྔ་དེ་ཡི་ཁྱད་པར་ཏེ། །ཡན་ལག་ རླུང་གི་གནས་པ་ཡིན། །སྔ་མའི་གོ་རིམས་ལ་ལྟོས་ནས། །ཁྱད་པར་གོང་དུ་འཕེལ་བསྟེན། །དད་པ་ལ་སོགས་ཆོས་རྣམས་ཡིན། །འབྲས་བུའི་དུས་སུ་སངས་རྒྱས་ཀྱི། །གསང་བ་ཡེ་ཤེས་སྟོབས་བཅུར་ནི། །གནས་དང་གནས་མིན་མཁྱེན་པ་སོགས། །ཁྱད་པར་ཐོབ་ པ་བསྟན་པའོ། །མཐར་ཕྱིན་ལམ་ནི་རྣམ་གཉིས་ཏེ། །སློབ་པའི་ཟུང་འཇུག་དང་པོ་ཡིན། །རང་རང་རིག་ཏུ་བཅས་པ་ཡི། །ཐ་དད་མེད་པའི་བདེ་བའི་ལམ། །རང་བཞིན་དག་པ་གཟུགས་ཀྱི་སྐུ། །བློ་བུར་དྲི་མ་རྣམ་བསལ་བ། །མཉམ་རྗེས་ཁྱད་པར་གང་གྱུར་བ། །རྟོག་ པ་སྦྱང་བ་སེམས་མངོན་གྱུར། །འདིར་ནི་ངོ་བོ་ཉིད་མེད་པ། །དེ་ཉིད་ཆོས་རྣམས་ཆོས་ཉིད་དེ། །དེ་ནི་ཡང་དག་མི་སླུ་བ། །དེ་རྟོགས་སངས་རྒྱས་ཡིན་ཞེས་བརྗོད། །དུས་གསུམ་རྒྱལ་བའི་ཡེ་ཤེས་ལམ། །སངས་རྒྱས་སྙིང་པོ་བྱང་ཆུབ་སེམས། །སྟོང་ཉིད་སེང་གེའི་ང་རོ་ཡིས། ། ལོག་བར་ལྟ་བའི་ཚོགས་སྐྲག་མཛད། །དེ་ལས་སྣང་བ་མེད་པའི་དབྱིངས། །སྐུ་གསུམ་ཡོངས་སུ་འབྱུང་དང་པོ། །མི་སློབ་ཟུང་འཇུག་གཉིས་པ་སྟེ། །དབྱེར་མེད་རིག་མའི་སྐྱེས་བུར་བཅས། །རྒྱས་བཏབ་དྲུག་ལྡན་བདེ་བ་ཆེ། །ལྷན་ཅིག་སྐྱེས་པའི་རོལ་པར་འཆར། ། ངོ་བོ་ཉིད་ཀྱིས་དག་པ་སྟེ། །སེམས་ཉིད་འོད་གསལ་སྙིང་པོ་ཉིད། །ཆོས་སྐུ་དྲི་མ་མེད་པ་ལས། །ལུས་སྦྱངས་ཡེ་ཤེས་རོ་གཅིག་པ། །རྡུལ་བྲལ་བཅིང་གྲོལ་མེད་པ་ཉིད། །ཏིང་འཛིན་མཉམ་ཉིད་ཐ་དད་མེད། །བྱང་ཆུབ་མཆོག་ཅེས་བསྟན་པ་ཡིན། །འོད་གསལ་དེ་ཉིད་དུས་ ཀུན་དུ། །ཆོས་ཉིད་དང་ནི་བསམ་གཏན་དང་། །ལམ་དུ་བྱེད་པའི་ཏིང་འཛིན་ལས། །བརྒྱལ་དང་གཉིད་དང་སྙོམས་འཇུག་སྟེ། །ཐམས་ཅད་དུ་ནི་འགྱུར་བ་མེད། །རང་གིས་འཕྲོག་ཅིང་རང་གིས་སྟེར། །ས་བོན་རྐྱེན་དང་ཕྲད་པ་བཞིན། །མྱུ་གུ་རྟེན་འབྲེལ་ཚོགས་ལས་འབྱུང་། ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་དང་ལམ་རྣམ་པར་ངེས་པས་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདི་ནི་གསང་བ་ཐམས་ཅད་ཀྱི། །ཡི་གེ་གནས་ཀྱི་སྟོན་པ་པོ། །ཤྲཱི་གཉིས་མེད་ཡེ་ཤེས་མཆོག་གྲུབ་པ། །བདེ་ལེགས་ཀུན་གྱི་གཞིར་གྱུར་པའི། །དཔལ་ལྡན་རྣམ་ པར་ཐར་པའི་སྒོ། །ཤེས་རབ་སྙིང་རྗེ་དབྱེར་མེད་པའོ། །གསང་བའི་སྙིང་པོ་བླ་ན་མེད། །མཐར་ཐུག་ཆོས་རྣམས་རབ་འཇུག་པ། །སྒྱུ་མའི་རོལ་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་ལས་ཀུན་དུ་འབྱུང་། །བདེ་བ་མཆོག་ལས་མཆོག་གྲུབ་པ། །འཁོར་འདས་སྤང་ཐོབ་མེད་པ་ ཉིད། །སྲིད་ཞི་མཉམ་པ་ཉིད་རྟོག་པ། །བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་ཅན། །རྒྱལ་བ་རྣམས་ཀྱིས་བསྟན་པའི་ལམ། །བདེ་དོན་སྤྲོས་མེད་ངང་དུ་འདུས། །ཁམས་གསུམ་རླུང་ལས་སྤྲུལ་པ་ནི། །རྣམ་པར་ཤེས་པ་ཡུལ་ལ་འཇུག །དེ་ལས་བདག་དང་གཞན་དུ་རྟོག །རྟེན་ བཅས་རང་སྟོང་གཡོ་བ་ཡིན། །འདིར་ནི་རླུང་སེམས་འདྲེས་པ་ལས། །སྣང་བ་གསུམ་གྱི་རང་བཞིན་འཆར། །རྣལ་འབྱོར་རྒྱུད་ཀྱིས་བདག་དང་གཞན། །ཐ་དད་མི་རྟོག་སྤྱད་པ་བྱ། །ཀུན་གྱི་བླ་མར་གྱུར་པ་ནི། །མཆོག་གི་ཕྱག་རྒྱ་ཆེན་པོའི་གནས། །ཀུན་རྫོབ་སྣང་བ་སྣ་ཚོགས་པ། ། ངོ་བོ་ཉིད་ཀྱིས་རང་སྟོང་པ། །གནས་གསུམ་ཚུལ་ནི་རྒྱུད་གཞན་ལས། །སྙིང་པོ་འོད་གསལ་མངོན་བྱང་ཆུབ། །སྒྱུ་མ་ལྟ་བུའི་ཡུལ་ལས་གཞན། །ཏིང་འཛིན་ངེས་པར་འདིར་བསྟན་པའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་ཆེན་རྒྱལ་པོ་ཟུང་འཇུག་ལམ། ། སྐུ་གསུམ་དབྱེར་མེད་ནམ་མཁའི་ངང་། །ཡེ་ཤེས་ཐ་སྙད་ལས་འདས་པའོ། །ཡོན་ཏན་རྫོགས་ཤིང་ཀུན་དབང་སྒྱུར། །མཆོག་ལྡན་རྒྱལ་པོ་མཛེས་ཤིང་འབར། །ཟབ་དང་རྒྱ་ཆེ་གཉིས་སུ་མེད། །རང་གཞན་གཉིས་མེད་ཆེན་པོ་ཡིན། །རྩ་བའི་རྒྱུད་ཀྱི་དགོངས་པ་ནི། །ཡང་དག་ ཉིད་དུ་རྣམ་བཤད་པ། །ལྷ་མོ་རྣམས་དང་སྐྱེས་བུ་ཡི། །གསང་བའི་རྒྱུད་འདིར་གཉིས་མེད་བརྗོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས་གཉིས་སུ་མེད་པར་སྟོན་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་གྱི་གནས་ངེས་པར་བསྟན་པ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།བརྟག་པ་གཉིས་པ་རྣམ་པར་ངེས་པ་གསལ་བ་ཞེས་བྱ་བ་སྟེ་གསང་བའི་དཔལ་མཆོག་ཆེན་ པོ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྗོད་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སྐུ་གསུམ་མཆོག་ཏུ་བརྟག་པ་ཉིད། །མི་འགྱུར་རྡོ་རྗེ་གསུམ་གྱི་ངང་། །བརྟན་ཞིང་མཆོག་ཏུ་བཟང་པོ་ཆེ། །སྙིང་པོ་བྱང་ཆུབ་བླ་མེད་པས། །གསང་བ་དམ་པ་བཀའ་སྩལ་ཏོ། །གསང་བ་ཆེན་པོའི་ དཀྱིལ་འཁོར་དུ། །རྣམ་པ་གསལ་ཞིང་དག་པའི་སྐུ། །བསྡུས་པའི་ཕོ་བྲང་རྒྱ་ཆེ་བས། །མི་བསྐྱོད་རྡོ་རྗེ་སེམས་དཔའ་དག །གཅིག་ཏུ་གཙོ་བོར་གྱུར་པའོ། །ཁྱབ་པར་སྣང་མཛད་དཀོན་མཆོག་དཔལ། །འོད་དཔག་མེད་དང་གདོན་མི་ཟ། །རིགས་ཀྱི་དབྱེ་བ་ལྔ་རུ་བརྗོད། ། སྤྱན་དང་མཱ་མ་ཀཱི་མཆོག་དང་། །གོས་དཀར་མོ་དང་སྒྲོལ་བྱེད་མ། །མཚམས་ཀྱི་དཀྱིལ་འཁོར་གནས་པ་ཡི། །གཟུགས་སྒྲ་དྲི་རོ་ལྷ་མོ་བཞི། །བར་ཁྱམས་གནས་པ་གྲྭ་བཞིར་དགོད། །བྱམས་པ་ས་ཡི་སྙིང་པོ་དང་། །ཕྱག་ན་རྡོ་རྗེ་མཁའ་སྙིང་པོ། །འཇིག་རྟེན་དབང་ཕྱུག་ འཇམ་པའི་དབྱངས། །སྒྲིབ་སེལ་ཀུན་དུ་བཟང་པོ་སྟེ། །སེམས་དཔའ་བརྒྱད་ནི་ལྷ་ཁྱམས་ལ། །ཁྲོ་རྒྱལ་བཞི་དང་ལྡན་པས་ན། །ཉི་ཤུ་རྩ་ལྔ་ནང་དུ་དགོད། །ཕྱི་ཁྱམས་དག་ལ་ཁྲོ་རྒྱལ་དྲུག །དེ་ལྟར་སུམ་ཅུ་རྩ་གཅིག་གིས། །རྩ་བའི་དཀྱིལ་འཁོར་བསྡུས་པ་ཡིན། ། ཕྱག་ན་རྡོ་རྗེའི་དབང་བསྐུར་བ། །ཚངས་པ་ཆོས་ཀྱི་འཁོར་ལོ་སྟེ། །སུམ་ཅུ་གསུམ་པར་གནས་པའོ། །སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་མཉམ་པ་ཉིད་ཡེ་ཤེས་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཉིད་དུ་མངོན་པར་བརྗོད་པའོ། །དེ་ནས་དེ་བཞིན་གཤེགས་པ་ མིའི་ཟླ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་དམིགས་པའི་ཡེ་ཤེས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་དུ་མར་སྣང་བའི་དངོས། །ལྗོན་ཤིང་འབྲས་བུ་ལྡན་པ་བཞིན། ། ཕྲ་བའི་དབྱེ་བ་ཤེས་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་གཟིགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྤྱོད་ཚུལ་ཀུན་ཏུ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། །གནས་མེད་གནས་པའི་མཁའ་ལྟ་བུར། །མི་རྟོག་རང་བྱུང་འོད་གསལ་བ། །དོན་དམ་དམིགས་མེད་ངོ་བོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབར་བས་རབ་ཏུ་བརྒྱན་ པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་དག་པར་སྡོམ་པའི་ངོ་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆོས་རྣམས་དངོས་མེད་ཅིང་། །ངོ་བོ་ཉིད་དག་ཡེ་ཤེས་སྐུ། །བདེན་པ་འདིས་ནི་ཁྱབ་པར་བྱེད། །བྱང་ཆུབ་ཚུལ་ འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་འོད་ཀྱི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡེ་ཤེས་གཅིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བ་སྐྱུག་བྲོ་རྨོངས་པ་ཅན། ། རབ་རིབ་ལྡན་པའི་རྟོག་པ་ཉིད། །དེ་བཞིན་གཤེགས་པའི་ཡེ་ཤེས་མཆོག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རི་རབ་བརྩེགས་པའི་རྩེ་མོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ལྟར་མི་ཕྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔག་མེད་ཡེ་ཤེས་རྒྱལ་མཚན་ཏོག །ཡིད་བཞིན་ནོར་བུའི་སྙིང་པོ་ལས། །རང་བཞིན་བདེ་ཆེན་གནས་མཆོག་འགྲུབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ལྷའི་ ལྷ་སངས་རྒྱས་ཐམས་ཅད་ཀྱི་གཟི་བརྗིད་མཐའ་ཡས་པའི་འོད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་མ་ལུས་ཀུན་གྱི་གསང་། །ཡེ་ཤེས་རོལ་པ་བདེ་བ་ཆེ། །ཐ་དད་སྤངས་པའི་ཏིང་ངེ་འཛིན། །བྱང་ཆུབ་ ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་གནས་གཟིགས་པ་དག་པའི་དབྱིངས་ཀུན་ནས་སྤྲིན་གྱི་སྣང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བླ་ན་མེད་པའི་བྱང་ཆུབ་ སེམས། །ཚད་མེད་བདེ་བའི་ཆར་འབེབས་པ། །རང་འབྱུང་ཡེ་ཤེས་རྒྱལ་པོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསམ་པ་རྫོགས་པ་དཔལ་རྒྱལ་པོ་བདེན་པ་གཉིས་སུ་མེད་པའི་ངོ་བོ་ཀུན་ཏུ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་རྒྱལ་བ་མ་ལུས་པའི། །ཡེ་ཤེས་སྐུ་སྟེ་སྐྱོན་མེད་པ། །བསམ་པ་བློ་ཡི་ཡུལ་ལས་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་རྡོ་རྗེ་སངས་ རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་སྣང་ཡེ་ཤེས་ཅིར་མི་རྟོག །ནམ་མཁའི་དྲི་མེད་མཐའ་ཁྱབ་སྟོང་། །རྣམ་རྟོག་ཡེ་ཤེས་མེ་འབར་སྐུ། །བྱང་ཆུབ་ཚུལ་འདི་བསྟན་ པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་རྟོག་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་དབྱིངས་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་རིན་པོ་ཆེའི་སྤྲིན་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་མ་མེད་ པ་དག་པའི་ཞིང་། །པདྨོ་རྒྱས་པ་སྣང་བའི་དབྱིངས། །རིན་ཆེན་འོད་འཕྲོ་མི་ཟད་དང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྲ་བའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་རོལ་པ་སྟོན་པའི་དཔལ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ ནས་འོད་ཀྱི་ཕྲེང་བ་དམ་པའི་དཀྱིལ་འཁོར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཀྱིལ་འཁོར་ཐམས་ཅད་སེམས་སུ་གཅིག །དེ་ཉིད་ཡེ་ཤེས་དག་པའི་ངང་། །དབྱེར་མེད་རྟག་པའི་ཚུལ་མཆོག་སྟེ། །བདེ་གཤེགས་གསང་ བ་འབྱུང་བའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྤྱན་ཡངས་སངས་རྒྱས་ཐམས་ཅད་ཀྱི་མངའ་དབང་དམ་པ་རྣམ་པར་འཕྲུལ་བ་དྲི་མ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་ ཀུན་གྱི་ཡེ་ཤེས་དབྱིངས། །གསང་བ་འགྲོ་སྙིང་རྣམ་དག་པས། །བླང་དོར་མེད་པའི་བདེ་བ་ཐོབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་དབྱེས་པའི་སྐུའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་དབྱངས་ཀུན་དུ་སྒྲོགས་པའི་ སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཟུང་འཛིན་རྟོག་པའི་དབའ་རླབས་ཀུན། །དབུ་མར་གཅིག་ཏུ་ཐིམ་གྱུར་པས། །ཡེ་ཤེས་རྒྱས་པའི་སྙིང་པོ་དབྱེ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་ གཤེགས་པ་དྲི་མ་མེད་པ་ཆོས་ཀྱི་འོད་ཟེར་འབྱུང་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་ཡེ་ཤེས་འབྱུང་བ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་སེང་གེའི་རྩལ་གྱིས་ནི། །ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས། །ཡོངས་སུ་ བསྡུ་བའི་ཏིང་ངེ་འཛིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་གསལ་བའི་ཡོན་ཏན་འབྱུང་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་དགྱེས་པའི་ཡོན་ཏན་དུ་མ་སྟོན་པ་མི་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་ནས་སྣང་བ་མེད་པའི་དང་། །རྟོག་པས་བསྐྱོད་པར་མི་འགྱུར་བ། །མཉམ་ཉིད་ཡེ་ཤེས་ལྷང་ངེ་བཞུགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཟླ་བའི་ཞལ་མངའ་བ་རྡོ་རྗེ་སངས་རྒྱས་ཐམས་ ཅད་ཀྱི་སྒྱུ་མའི་རོལ་པ་སྣ་ཚོགས་སུ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འབྱུང་བ་རྣམས་དང་སྲོག་བཅས་དང་། །མི་ཟང་རྩ་ལྕུག་མ་ལུས་ཀུན། །དེ་བཞིན་ཉིད་ལས་སྣང་བ་ཡིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་འོད་མི་ཟད་པའི་རིན་ཆེན་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་མིག་རྣམ་པར་སྦྱོང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ལུས་ཅན་ཐམས་ ཅད་ལ། །གདུལ་བྱ་དུས་ལ་བབ་གྱུར་ན། །ནམ་མཁའ་ལས་ཀྱང་སྒྲ་བྱུང་ནས། །ཆོས་ཀྱི་འབྱུང་གནས་དེར་སྟོན་མཛད། །ཅེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་དཀོན་པའི་ཏོག་རང་འབྱུང་དུ་འཆར་བའི་ཡེ་ཤེས་རོལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་རང་འབྱུང་སྟོན་པ་པོ། །ཡེ་ཤེས་འཇུག་པ་འབད་མེད་པར། །ཐོབ་བྱ་བྱང་ཆུབ་སེམས་དཔའ་རྣམས། །རང་རིག་རང་ལས་རྙེད་པར་འགྱུར། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བླ་མ་ཕན་པར་གྲགས་པ་སངས་རྒྱས་ ཐམས་ཅད་ཀྱི་སྐུ་ཀུན་དུ་སྟོན་ཅིང་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དུས་གསུམ་པ་ཡི་སངས་རྒྱས་རྣམས། །དཀྱིལ་འཁོར་བསྡུས་པའི་འཁོར་ལོ་དག །གདུལ་བྱའི་བློ་ཡིས་མཐོང་བར་བྱེད། །དེ་ཉིད་བསམ་པའི་ ཚུལ་གྱིས་འབྱུང་། །ཞེས་གསུངས་སོ། །སངས་རྒྱས་བྱང་ཆུབ་རྡོ་རྗེ་འཛིན། །ཚེ་འདིས་འགྲུབ་ཀྱི་གཞན་དུ་མིན། །ལུས་ངག་ཡིད་ནི་ལེགས་གནས་པ། །མེད་པར་འགྲུབ་པར་མི་འགྱུར་གསུངས། །གསུང་གཅིག་རྡོ་རྗེ་འཛིན་པ་ཆེ། །ཐུབ་པ་ཆེན་པོ་རྣམ་པར་རྒྱལ། ། གཉིས་མེད་མཉམ་པའི་རྒྱལ་པོ་ཆེ། །འདོད་པའི་ལོངས་སྤྱོད་རྒྱུན་མི་འཆད། །འདི་མེད་རོལ་པ་རྒྱུ་མེད་འགྱུར། །ཇི་ལྟར་འདོད་པ་ཉེར་བསྟེན་པ། །ཞེན་མེད་ཡེ་ཤེས་ལོངས་སྤྱོད་པ། །བདེ་བར་བསྟན་པས་སངས་རྒྱས་འཐོབ། །ཅེས་གསུངས་ཏེ། ཡང་དག་པའི་ལོངས་སྤྱོད་པའི་ ཏིང་ངེ་འཛིན་ཏོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། ཤིན་ཏུ་བདེ་བ་ཆེན་པོའི་གནས། མངོན་པར་སྟོན་པའི་ལེའུ་སྟེ་ ཉེར་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མི་ཟད་པའི་ཡེ་ཤེས་རབ་ཏུ་འབྱེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའི་གནས་མི་འགྱུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་དམིགས་པ་ཀུན་བྲལ་བའི། །སྙིང་རྗེ་ཆེན་པོའི་འོད་ཟེར་གྱིས། །ཡུལ་རྣམས་སྒྱུ་མར་སྤྱད་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་ པ་འོད་ཟེར་དཔག་མེད་གཟི་བརྗིད་མཚུངས་པ་མེད་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྟོང་ཉིད་ཆོས་ཀྱི་སྐུ། །དེ་ཉིད་སྙིང་རྗེ་དབྱེར་མི་ཕྱེད། ། འབྲས་བུ་སྙིང་པོ་བྱང་ཆུབ་སེམས། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དུས་མཁྱེན་དཔལ་སངས་རྒྱས་ཐམས་ཅད་ཀྱིས་གདུགས་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། །འགྲོ་བ་མ་ལུས་ཀུན་གྱི་སྙིང་། །མི་ཤིགས་ཡེ་ཤེས་གཅིག་པུར་བཞུགས། །འགྲོ་འོང་མེད་ཅིང་ཁྱབ་པར་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་སྟོབས་མཆོག་ སེང་གེའི་སྒྲ་ཅན་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བ་ཀུན་ལ་རང་བཞིན་གྱིས་དབང་བསྐུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ངོ་བོ་ཉིད་ཀྱིས་དུས་གསུམ་དུ། །ཕྱོགས་བཅུའི་སེམས་ཅན་མ་ལུས་ལ། །རྒྱལ་བ་ཀུན་ གྱིས་དབང་བསྐུར་མཛད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྦྱངས་པའི་མཁས་པའི་བློ་ཅན་སངས་རྒྱས་ཐམས་ཅད་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་གསུམ་སྐྱེ་འགྱུར་ལུས་ཅན་གྱི། །ལུས་ངག་སེམས་ནི་མི་དམིགས་པར། །བྱང་ཆུབ་སྙིང་པོར་དབང་བསྐུར་མཛད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ དེ་བཞིན་གཤེགས་པ་རྒྱལ་བར་དཀའ་བའི་བློ་ཅན་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བ་རྣམས་ལ་ཡང་དག་པར་རྟོགས་པའི་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་དབང་། །རྟག་ཅིང་ ཁྱབ་པའི་ཚུལ་དུ་བསྐུར། །དེ་ཉིད་རྣམ་དག་དབང་བསྐུར་མཆོག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་མི་ཟད་པ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་འཚོ་བ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གླང་ཆེན་མྱོས་འདྲའི་སྤྱོད་སྤངས་ནས། །བར་སྣང་བྱ་བཞིན་རྗེས་ཆགས་མེད། །ཐམས་ཅད་དུས་སུ་སྙོམས་པར་སྤྱད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་ པ་ཏོག་གི་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་བསོད་སྙོམས་སྤྱོད་པ་དྲན་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་གྲོང་ཁྱེར་རྒྱུ་བ་སོགས། །སྣ་ཚོགས་སྤྱོད་ལམ་བག་ཡོད་པས། །དྲན་པས་མ་ཡེངས་གཞན་ དོན་ཕྱིར། །བྱང་ཆུབ་ཚུལ་འདི་སྤྱད་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་ཆེན་ཐོབ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ལམ་རྣམ་པར་དག་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ སོ། །གང་དུ་འགྲོ་དང་འཆག་པ་དང་། །ཉལ་དང་ཟས་ཀྱི་དུས་ལ་སོགས། །བྱང་ཆུབ་སེམས་ཀྱི་ངང་ལས་ནི། །མ་ཡེངས་ཚུལ་བཞིན་སྤྱད་པར་བྱ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་སྟོབས་མཐའ་ཡས་པ་རྡོ་རྗེ་སངས་རྒྱས་ ཐམས་ཅད་ཀྱི་ཀུན་དུ་སྤྱོད་པ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚུལ་བཞིན་མ་ཡིན་རྣམ་སྤངས་ནས། །བག་མེད་གནས་ལས་བཟློག་པར་བྱ། །འདི་ནི་ཡེ་ཤེས་བདུད་རྩི་ཡིན། །བྱང་ཆུབ་ཚུལ་འདི་བསྟན་ པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་རྣམ་པར་དག་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་དག་པའི་སྣང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ལུས་སེམས་བདེ་གནས་ ཤིང་། །ལྡོག་པ་མེད་པའི་བརྩོན་འགྲུས་ཀྱིས། །དཀར་པོའི་ཆོས་ལ་སྤྱོད་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ལྟ་བ་རྣམ་པར་དག་པའི་གནས་ རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་རྒྱུ་དང་འབྲས་བུའི་ཆོས། །ཆུད་མི་ཟ་བ་ངེས་འབྱུང་ཕྱིར། །ཤིན་ཏུ་དག་ཚེ་སྡུག་བསྔལ་འགྱུར། །དེ་ཉིད་ཕྲ་བ་རྟོགས་པར་དཀའ། །ཞེས་གསུངས་སོ། །དེ་ནས་ དེ་བཞིན་གཤེགས་པ་མཐུ་སྟོབས་མཐའ་ཡས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སྤྱོད་པ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚུལ་བཞིན་མ་ཡིན་རྣམ་སྤངས་ནས། །བག་མེད་གནས་ལས་བཟློག་པར་བྱ། ། འདི་ནི་ཡེ་ཤེས་བདུད་རྩི་ཡིན། །བྱང་ཆུབ་ཚུལ་འདི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོ་ཆེན་པོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་ལྟ་བ་ཡང་དག་པ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དག་པའི་འབྲས་བུ་བདེ་བ་སྟེ། །མ་དག་པ་ལས་སྲིད་པར་ལྟུང་། །རྣམ་པར་ངེས་པས་ཡེ་ཤེས་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འབྱོར་ལྡན་ སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་ལམ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་རྣམས་ཀྱི་ངེས་འབྱུང་ལམ། །དེ་ནི་ཐར་བའི་རྒྱལ་མཚན་ཏེ། །རང་སེམས་དག་པ་ ཚུལ་ཁྲིམས་མཆོག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་རབ་རྒྱས་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་མི་ཟད་པའི་གཏེར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ ཀྱི་སེམས་འདི་གསུངས་སོ། །བླ་ན་མེད་པའི་ནོར་བུ་ནི། །ཞེན་མེད་ཡེ་ཤེས་རྒྱ་མཚོ་ཆེ། །ཀུན་དུ་ལོངས་སྤྱོད་རང་ལས་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འབར་བའི་འོད་སངས་རྒྱས་ཐམས་ཅད་ ཀྱིས་འགྲོ་བསྐྱོབ་པ་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱང་ཆུབ་ཡེ་ཤེས་ནམ་མཁའ་ལྟར། བདག་མེད་ཕུང་པོ་ལ་སོགས་སྟོང་། སྟོང་ཉིད་སྒྱུ་མས་སྙིང་རྗེར་གནས། དེ་ཉིད་ཚུལ་འདི་བསྟན་ པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྙིང་པོ་ཐུགས་ཡང་སངས་རྒྱས་ཐམས་ཅད་ཀྱི་གནས་པ་མེད་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཐུགས་ནི་ཆོས་ ཀྱི་དབྱིངས། འགྱུར་བ་མེད་ཅིང་ཀུན་རྟོག་བྲལ། མི་གཡོ་མཚན་མ་མེད་པ་ཉིད། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་སྐྱེས་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་གདུང་བ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་ཤེས་ཉོན་མོངས་ནད་ཀྱིས་གཟིར། དེ་སེལ་དམ་པའི་བདུད་རྩི་བསྟན། བླ་མེད་ཐུགས་རྗེའི་སྨན་གྱིས་གསོ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་ གཤེགས་པ་ལྷ་ཆེན་པོ་ནོར་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རོལ་པ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཕགས་པ་རྣམས་ཀྱིས་སྦྱངས་པའི་ལམ། ནང་ལས་བྱུང་གི་ཕྱི་ལས་མིན། དེ་ཉིད་འབྲས་ བུ་མཆོག་ལས་སྐྱེས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་སངས་རྒྱས་ཐམས་ཅད་ཀྱི་གསང་སྔགས་ཀྱི་ཚུལ་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ ཀྱི་སེམས་འདི་གསུངས་སོ། །འདིར་ནི་ཁྱད་པར་བྱིན་རློབ་ཅིང་། དཔག་མེད་བདེ་བར་གཤེགས་པ་ཡིས། དུས་དྲུག་ཏུ་ནི་བྱིན་རློབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །གཉིས་མེད་ཡེ་ཤེས་དག་པ་ལས། །ཅི་སྟེ་མིན་ན་ལྡེག་པ་ ལྟར། །དེ་བས་སྡུག་བསྔལ་བརྒྱུད་མ་ལས། །མཐར་ཕྱིན་སྔགས་ཀྱིས་བྱིན་བརླབས་པའི། །མཁས་པ་དག་ནི་ཡེ་ཤེས་སྤྱོད། །ཇི་ལྟར་ཆུ་ཡི་ཐིགས་པ་ནི། །རྒྱ་མཚོར་བབ་ན་ལན་ཚྭར་གྱུར། །ལན་ཚྭ་འོ་མའི་མཚོར་ཞུགས་པས། །དེ་ཉིད་སླར་ཡང་བདུད་རྩིར་འགྱུར། ། དག་པས་དུག་མེད་བྱས་ནས་ནི། །ཡེ་ཤེས་བདུད་རྩི་ལོངས་སྤྱོད་པའོ། །རྡོ་རྗེ་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་ པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་བདུད་རྩི་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དཔག་མེད་སྟོབས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ་རྡོ་རྗེ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །བདག་པོ་དེ་ཉིད་ཀུན་འདུས་པ། །རིག་པའི་རྒྱལ་པོས་བྱིན་གྱིས་རློབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་མཆོག་ཏུ་སྲིད་པ་སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་ཀུན་གྱི་དགོངས་པ་རྣམས། ། སོ་སོའི་རིག་པའི་རྩལ་གྱིས་ནི། །སྙིང་པོ་གཅིག་པར་ཤེས་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་པ་མེད་པས་སངས་རྒྱས་ཐམས་ཅད་ཀྱི་རྔ་སྒྲའི་དབྱངས་ཀྱིས་འགྲོ་བ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཞིང་ཁམས་སྦྱོང་བ་དང་། །གང་དུ་འགྲོ་བ་འདུལ་བ་དག །ནམ་མཁའི་དབྱིངས་ཀྱིས་ཀུན་དུ་བརྡུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ ཆོས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རང་བྱུང་སྟོང་ཉིད་སྒྲ། །གདུལ་བྱ་མོས་པའི་སྣང་བ་ལ། །སངས་རྒྱས་རྣམས་ཀྱིས་ཀུན་དུ་བསྒྲགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ ནས་དེ་བཞིན་གཤེགས་པ་བདེ་གནས་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་ཟབ་པའི་གནས་མི་ཕྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཟག་མེད་འོད་གསལ་བ། །སྐྱེ་བ་མེད་ཅིང་ཤིན་ཏུ་ཕྲ། །མཚན་ཉིད་དངོས་པོས་ སྟོང་པའི་ཆོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མི་ཟད་པ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣ་ཚོགས་སེམས་ཅན་སེམས་རྒྱུད་ནི། །ངོ་བོ་ཉིད་ཀྱིས་རང་སྟོང་པས། །མི་ཕྱེད་ཡེ་ཤེས་གནས་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འགྲོ་བའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་འབྱུང་བ་རྡོ་རྗེ་ཞེས་ བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་མ་སྨིན་སྨིན་བྱེད་དང་། །སྨིན་པ་གྲོལ་ཕྱིར་འབད་པ་སྟེ། །ཡེ་ཤེས་སྤྱོད་པ་བྱང་ཆུབ་ཆེ། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ ཕལ་ཆེན་རྒྱལ་བ་ཀུན་དུ་རྟོག་པ་ངེས་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མི་རྟག་སྐད་ཅིག་མ། །དེ་ཉིད་སླུ་བའི་ཆོས་ཅན་ཕྱིར། །འཛིན་པ་མེད་པའི་གནས་ཞེས་བྱ། །བྱང་ཆུབ་ཚུལ་འདི་བསྟན་ པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་ གསུངས་སོ། །ངོ་བོ་ཉིད་ཀྱི་དག་པའི་དངོས། །དབུ་མ་ཡེ་ཤེས་རྟོག་བྲལ་བས། །མཐའ་ལས་འདས་པ་ཟུང་དུ་འཇུག །གསང་བ་གཉིས་མེད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་གྱི་བློ་གྲོས་སངས་རྒྱས་ཐམས་ ཅད་ཀྱི་གསང་བ་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གནས་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད། །ཆོས་གང་འགག་པར་འགྱུར་བ་མེད། །རྣམ་པར་རྟོག་པ་རབ་ཞི་ བ། །དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བླ་མེད་སྨན་པའ