Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
ལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་རྣམ་པར་གྲོལ་བའི་ཕུང་པོས་ཡེ་ཤེས་ཀྱི་སྤྲིན་རྣམ་པར་བཀོད་པ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་པ་ཉིད་ལ་ཀུན་རྟོག་བྲལ། །དུས་གསུམ་མཁྱེན་པ་དུས་མི་དམིགས།
ཡང་དག་ཉིད་དུ་ཀུན་གྲོལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཀྱི་རྒྱལ་པོ་མི་ཟད་པའི་སྣང་བས་ཆོས་ཐམས་ཅད་ཡང་དག་པར་ཁྱབ་པ་མི་འགྱུར་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་རྣམ་བྲལ་མུན་པ་མེད། གང་དུ་རྟོག་ལས་རྣམ་གྲོལ་ཞིང་། གྲོལ་བའི་རྒྱུ་ནི་བདེན་པས་སྟོང་། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཉི་མའི་སྙིང་པོས་ཀུན་དུ་ཁྱབ་པར་བྱེད་པ་ཞེས་བྱ་བའི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་རྩེ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འབྱུང་དང་འབྱུང་ལས་གྱུར་པ་གང་། །དེ་ཉིད་སྲོག་ཆགས་སྲོག་གྱུར་པ། །སེམས་ཅན་བྱང་ཆུབ་
སྙིང་པོ་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་འཕྲོ་བའི་རྒྱལ་མཚན་གྱིས་སྙིང་པོ་ཀུན་དུ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
གང་དུ་བདུད་ཀྱི་ཚོགས་ཀུན་ཡང་། །རང་གི་སེམས་ལས་བྱུང་བས་ན། །ཕྱི་རོལ་ཉེ་བར་དམིགས་སུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་ལ་འདི་ལྟ་སྟེ། ས་བླའི་ལྷ་དང་། རྒྱལ་ཆེན་རིས་བཞིའི་ལྷ་དང་།
སུམ་ཅུ་རྩ་གསུམ་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། འཐབ་བྲལ་གྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། གཟུགས་ན་སྤྱོད་པའི་འོག་མིན་གྱི་ལྷའི་བར་གྱི་མེ་ཏོག་གི་རྣམ་པ་ལ་འདི་ལྟ་སྟེ། པདྨ་དང་། ཨུཏྤལ་དང་། ཀུ་མུ་ད་དང་། པུན་
ད་རཱི་ཀ་དང་། པདྨ་གེ་སར་དང་། ཛིམ་པ་ཀ་དང་། ན་དི་ཀེ་ས་ར་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ལ་སོགས་པ་སྟེ། འདབ་མ་ལྔ་པ་དང་། བདུན་པ་དང་། བརྒྱད་པ་དང་། བཅུ་པ་ནས་འདབ་མ་སྟོང་དང་ལྡན་པའི་
བར་དུ་མེ་ཏོག་གིས་མངོན་པར་གཏོར། རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་ཅིང་ལྷའི་བུ་དང་ལྷའི་བུ་མོ་རྣམས་མངོན་པར་རབ་ཏུ་དགའ་བའི་ཡིད་ཀྱིས་ཡོངས་སུ་མཆོད་པར་བྱེད་དོ། །ཀུན་དུ་མཆོད་པར་བྱེད་དོ། །ལེགས་པར་རབ་ཏུ་མཆོད་ཅིང་ལྷའི་དབྱངས་ཀྱིས་ལེགས་

སོ་ཞེས་རྗོད་པར་བྱེད་དོ། །དེ་ནས་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མཆོད་པ་ལ་འོང་སྐད་ལྷའི་རྒྱལ་པོ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་བཟངས་ལྡན་དང་། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་དང་། མིའམ་
ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱི་བུ་མོ་ཡིད་འཕྲོག་མ་དང་བཅས་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རཏྣ་ཀུ་བེ་ར་དང་། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་འཁོར་དང་བཅས་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་ལུས་སྟོབས་ལྡན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་བ་
འཁོར་དང་བཅས་པ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པས་སོ་སོ་ནས་མཆོད་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་མགོ་བོས་ཕྱག་བྱས་ཤིང་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཤིང་ནམ་མཁའ་ལས་སོང་སྟེ་མི་སྣང་བར་
གྱུར་ནས། སྐད་ཅིག་ཙམ་གྱིས་སོ་སོའི་གཞལ་ཡས་ཁང་དུ་སྟན་ལ་གནས་པར་གྱུར་ཏོ། །དེ་ནས་ས་གསུམ་དུ་ཁྱབ་པའི་འོད་ཀྱི་སྣང་བ་ཆེན་པོ་མི་ཟད་པ་བྱུང་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་རེག་པར་གནས་པས་ཁྱབ་པར་བྱས་ཏེ་སླར་ལོག་ནས་བདག་ཉིད་
ཀྱི་སྐུ་ལུས་ཀྱི་བ་སྤུའི་བུ་གར་མངོན་པར་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་འདུས་པ་ཆེན་པོ་གསང་བའི་
མཆོད་པ་ཐོག་མར་བསྟན་པ་སྟེ་ལེའུ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་བཟངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འཁོར་ལོའི་སྙིང་པོ་རྡོ་རྗེ་ཀུན་དུ་ཁྱབ་པར་བསྐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། །གཉིས་མེད་ཡེ་ཤེས་རང་བཞིན་ཅན། །ཡེ་ཤེས་སྣང་བ་མི་ཟད་པའི། །འོད་གསལ་བརྗོད་དུ་མེད་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་མྱ་ངན་མེད་པའི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པདྨོ་རིན་པོ་ཆེ་འབྱུང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་བྱང་ཆུབ་དམ་པའི་གཞི། །ལུགས་འབྱུང་ཆོས་ཀྱི་རང་
བཞིན་དབྱིངས། །ལུགས་ཟློག་གསང་བ་ཉེར་བསྟན་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་རྒྱལ་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱ་མཚོ་ཆེན་པོ་ཡེ་ཤེས་ཀྱི་འབྱུང་གནས་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་མེད་ཅིང་དཔེ་མེད་པ། །མཚོན་པ་ཙམ་གྱིས་རྟོགས་དཀའ་བ། །འཛུབ་ཀྱིས་ཟླ་མཚོན་བཞིན་དུ་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རབ་རྩལ་ཟླ་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་མེད་མྱུ་གུ་བསྐྱེད་པ་ཡི། །ས་བོན་འདིས་ནི་ཀུན་ཁྱབ་པ། །
ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུའི་ཕྲེང་བ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ལ་རབ་ཏུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་འདི་ནི་རགས་པའི་ལམ། །མཆེད་པ་འདི་ནི་ཕྲ་བ་སྟེ། །ཐོབ་པ་མཆོག་ཏུ་གྱུར་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་
གནས་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་པ་དངོས་པོ་ཡུལ་གྱིས་བྲལ། །ལུས་ཀྱིས་སྟོང་པ་རྟེན་འབྲེལ་འབྱུང་། །ཤིན་ཏུ་སྟོང་

པ་ཕྱི་ནང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་པར་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྱུ་མའི་སྤྲུལ་པ་དུ་མར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་
ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་མཐུན་གང་ཡིན་བྱེད་པ་སྟེ། །འབྲས་བུ་དབང་སྒྱུར་རྣམ་པར་སྨིན། །དྲི་མ་མེད་པ་ལྷན་ཅིག་སྐྱེས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་སྣང་བའི་འོད་མི་གཡོ་
བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་འཕྲོ་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་རྐྱེན་ཉེ་བར་ལེན་པ་དང་། །ལྷན་ཅིག་བྱེད་པའི་སྤྱོད་པ་ཅན། །མཚན་ཉིད་མེད་པའི་ངོ་བོ་ཡི། །བྱང་
ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐུ་དཔུང་ཡང་དག་ལྡན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་རྣམ་པར་འཕྲུལ་པ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་
སེམས་འདི་གསུངས་སོ། །ཀུན་དུ་བརྟགས་པའི་རྣམ་པ་ཅན། །དེ་ཡི་དྲི་མ་རྣམ་སྦྱངས་ཏེ། །འཇུག་པ་དང་ནི་ལྡོག་པ་ཡིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀུན་དུ་སྣང་བ་དམ་པའི་རྒྱན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་འདི་གཞན་གྱི་དབང་དུ་བརྗོད། །སྤྱི་དང་ཁྱད་པར་དབྱེ་བ་མེད། །སྐྱེ་བ་མེད་ཕྱིར་བརྗོད་པར་བྱ། །བྱང་ཆུབ་
ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་སྙིང་པོ་གློག་གི་འོད་ཟེར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཉིད་

ཡོངས་སུ་གྲུབ་པ་ལས། །ངོ་བོ་བདེན་པར་འགྱུར་བ་མེད། །ཕ་རོལ་ཕྱིན་པའི་ཚུལ་མཆོག་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨིན་མཚམས་ཀྱི་མཛོད་སྤུ་རབ་ཏུ་རྒྱས་པའི་
དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་པས་ནི་ཀུན་དུ་སྟོན། །འདས་པའི་ཡེ་ཤེས་དག་པའི་ལམ། །མི་འགྱུར་བ་ནི་ཕྱག་རྒྱུ་ཆེ། །
བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྟན་ལྡན་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗོན་ཤིང་རྒྱས་པའི་བསིལ་གྲིབ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །འདོད་ཁམས་སྒྲ་དང་དངོས་པོས་སྟོང་། །གཟུགས་ཀྱི་ཁམས་ནི་ལུས་ཀྱིས་སྟོང་། །གཟུགས་མེད་ཁམས་ནི་ཡིད་ཀྱིས་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷའི་
དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱམས་པ་ཆེན་པོའི་གདུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པ་ཀུན་དུ་འབྱུང་བ་དག །ཡེ་ཤེས་རིག་ལ་རྣམ་དབྱེ་བས། །དམན་པ་མཆོག་དང་བར་མ་སྟེ། །
རིགས་ནི་ཆོས་ཀྱི་དབྱིངས་ལ་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུལ་དཀའ་བ་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་གྲུ་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་ཆོས་ཉིད་གཅིག་པའི་ཕྱིར། །འདི་ནི་ཐེག་མཆོག་ཡངས་པའི་ལམ། །གྲུབ་པ་ཀུན་དུ་སྤྱོད་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་

གྱི་རྒྱལ་མཚན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བ་ཆེན་པོ་ཡང་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་སྐུ་དེ་བཞིན་ཉིད་ཡིན་ཏེ། །ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་བརྗོད། །སྤྲུལ་སྐུ་སྣ་ཚོགས་འགྲོ་
དོན་བྱེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲ་གཅན་ཡེ་ཤེས་ཀྱི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཏང་སྙོམས་ཚད་མེད་པ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐུ་གསུམ་གཅིག་ཏུ་བསྡུས་པ་ནི། །ཐ་དད་རྟོག་པ་སྤང་བའི་ཕྱིར། །སྙིང་པོ་ཡེ་ཤེས་གྱུར་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚོགས་ཅན་
འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བུམ་པ་བཟང་པོ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་བླ་མེད་ཁྱད་པར་བ། །ཟུང་འཇུག་འབྲས་བུ་རབ་གྱུར་པས། །རིམ་གཉིས་གཅིག་ཏུ་སྦྱོར་བ་ཉིད། །བྱང་ཆུབ་
ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཁང་བཟངས་བཀོད་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་
སོ། །སྙིང་པོ་ཀུན་དུ་བསྐུལ་པ་ནི། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་པས། །མྱུར་དུ་མངོན་པར་འཚང་རྒྱའི་ལམ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚིག་བསྟན་གྱིས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་དྲན་པ་ཡང་དག་པར་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱང་ཆུབ་སེམས་ཀྱི་ཡི་གེ་གསུམ། །སྤྲོ་དང་བསྡུ་བ་མི་བྱེད་པས། །བསྐུལ་བ་ཕྲིན་ལས་སྤྱོད་པ་མིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི། །དེ་ཉིད་ཤེས་པའི་གནས་ཡིན་ཏེ། །འདི་ནི་སྒྲུབ་པའི་དེ་ཉིད་ཡིན། །ཡིད་བཞིན་ནོར་བུ་ལྟ་བུར་སྤྱོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་
རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པའི་ཀུན་དུ་སྤྱོད་པའི་སྣང་བ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འགྱིང་བ་དཔལ་གྱི་སྡེས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་གླང་པོའི་སྟོབས་མཆོག་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྟན་པ་དང་ནི་གཡོ་བ་ཡི། །སྲོག་ནི་རླུང་ལ་བརྟེན་པ་ཡིན། །ཁྱབ་ཅིང་སྙིང་པོར་ལྡན་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་
གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་མཛད་མི་འཁྲུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་རབ་ཏུ་སྣང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་བྱང་ཆུབ་
སེམས་དཔའ་དང་། །རིག་མ་ལྷ་མོ་ཁྲོ་ཚོགས་བཅས། །ཐུགས་ཀ་ནས་ནི་བསྐུལ་བ་ཤིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་ཆེན་འབར་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་
པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་གྲོལ་སྙིང་པོ་དུ་མའི་ཕུང་པོ་དག །བཅིངས་པ་མེད་ཅིང་རྣམ་པར་འཐོར་མེད་པ། །ཚུལ་འདི་ཐམས་ཅད་རྒྱུ་དང་འབྲས་བུར་འབྱུང་། །བྱང་ཆུབ་ཚུལ་འདི་ངེས་པར་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བཟང་པོ་ཡོངས་སུ་རྒྱས་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །སངས་རྒྱས་རྣམས་ནི་ཡེ་ཤེས་སྐུ། །བཀྲ་ཤིས་དགེ་བའི་མཚན་གྱིས་སྤྲས། །དེ་ཉིད་ཀུན་གྱི་རྣམ་པར་སྟོང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྡོམ་པ་རབ་ལྡན་དགྱེས་པས་སངས་རྒྱས་
ཐམས་ཅད་ཀྱི་དཔེ་བྱད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྡོམ་པ་ཐམས་ཅད་སྙིང་པོ་ནི། །འདིར་ནི་ཐབས་དང་ཤེས་རབ་ཉིད། །གཉིས་མེད་དེ་བཞིན་གཤེགས་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་
གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྙེམས་པས་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྲིད་གསུམ་བརྟན་དང་གཡོ་བ་ཡི། །དངོས་པོ་མི་
དམིགས་སྣང་མེད་པ། །ཆོས་ཉིད་མཉམ་པ་ཉིད་གྱུར་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ལམ་དུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་རོ་མཉམ་གཅིག་པའི་བདག །རྒྱུ་དང་འབྲས་བུར་བསྟན་པ་ཡིན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་པདྨའི་སྤྱན་རྒྱས་པ་ཞེས་བྱ་བའི་སངས་རྒྱས་དུ་མའི་རྗེས་སུ་འགྲོ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྤྱན་ལྔ་ཡེ་ཤེས་སྤྱོད་ཡུལ་དུ། །གཉིས་སྣང་ཐམས་ཅད་ནུབ་ནས་ནི། །ཟུང་འཇུག་ཡེ་ཤེས་མི་
གནས་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོབས་ཀྱི་སྡེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་ཀྱི་དཔུང་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །སྐྱེ་བ་མེད་ཅིང་གནས་མེད་པ། །རང་འབྱུང་རང་བཞིན་རང་གནས་པ། །གཉུག་མ་རྒྱུན་ཆད་མེད་པའི་དང་། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་འོད་ཟེར་གྱིས་སངས་རྒྱས་
ཐམས་ཅད་ཀྱི་འབར་བའི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཡེ་ཤེས་འོད་ཟེར་གྱིས། །སྙིང་གི་པདྨོ་སད་མཛད་པ། །དེ་ཉིད་མི་འགྱུར་བདེ་བ་ཐོབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་
སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཡེ་ཤེས་དགྱེས་པར་སྤྱོད་པས་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་མངོན་པར་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་གསུམ་མ་ལུས་སངས་
རྒྱས་ཞིང་། །དབྱེར་མེད་ཡེ་ཤེས་རྒྱས་པའི་ཐུགས། །འགྲོ་བའི་མཚན་མ་དམིགས་སུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་དཔའ་བར་འགྲོ་
བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚོགས་དྲུག་རང་སྣང་རྟོག་པ་མེད། །རྣམ་ཤེས་བརྟགས་པ་རྣམ་བྲལ་བ། །གཟུང་འཛིན་ཀུན་ལས་རྣམ་གྲོལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཚངས་པ་སྣང་བས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཀུན་ནས་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དོན་དམ་རྣམ་པར་མི་དམིགས་པ། །ཡོད་མེད་མཐའ་ལས་འདས་པ་སྟེ། །གཟིགས་བྱར་
མེད་ཅིང་རྟག་ཏུ་སྟོང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མི་ཟད་པས་བདེ་བས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་ལ་རང་བཞིན་

མ་གྲུབ་པས། །མི་རྟག་གཡོ་བ་དངོས་ལ་ནི། །བདེན་པ་དམིགས་སུ་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་སྦྱིན་པས་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེས་བསྙེལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ནི་དྲི་མར་བཅས་པ་དག །བག་ཆགས་རྟོགས་པས་རབ་དཀྲུགས་པ། །ས་ལེར་བཞག་པས་རང་དངས་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་བརྟན་པར་གཤེགས་པས་འགྲོ་བའི་བློ་རང་ཆགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་འབྱུང་ཡེ་ཤེས་ནམ་མཁའ་ནི། །ཐ་སྙད་རྣམས་ལས་ཡོངས་གྲོལ་བ། འཆར་བ་
མེད་ཅིང་ནུབ་པ་མེད། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་མཐོང་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་རྒྱས་པའི་ཉི་མའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དད་དང་ལྡན་པའི་སྐྱེ་བོ་ནི། ཤེས་རབ་སྣང་བ་རབ་བསྐུལ་ནི། མུན་པ་ལ་ནི་སྣང་བ་བཞིན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་སྦྱིན་པས་སངས་
རྒྱས་ཐམས་ཅད་ཀྱི་རི་རབ་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་རྟོག་དྲི་མ་སྤངས་ཞིང་གསལ་བ་ཡི། །ཀུན་ནས་ཀུན་དུ་འཇུག་པའི་ཡིད་དག་ཀྱང་། །རྒྱུན་ལས་བཟློག་ན་རང་བཞིན་མེད་པར་འགྲོ། །ངེས་པར་
གསང་བ་བྱང་ཆུབ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟང་སྐྱོང་གིས་འགྲོ་བ་ཐམས་ཅད་ཀྱི་མུན་པ་སེལ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་མི་དམིགས་

མཚན་མ་མེད། །བསམ་གཏན་ཏིང་འཛིན་གནས་མེད་པར། །མཉམ་རྗེས་མི་དམིགས་གྲོལ་བའི་མཐའ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བོས་སངས་རྒྱས་ཐམས་ཅད་ཀྱི་ཟབ་
མོའི་སྤྱོད་ཡུལ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བའི་གནས་ནི་སྒྱུ་མ་སྟེ། །སྒྱུ་མ་ཙམ་དུའང་མི་གནས་པ། །ཡེ་ཤེས་མངོན་པར་འབྱུང་བས་ན། །ངོ་བོ་ཉིད་ཀྱི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །
སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །དུས་གསུམ་སངས་རྒྱས་གང་འདས་དང་། །མ་བྱོན་ད་ལྟར་བཞུགས་པ་དག །ཕྱོགས་བཅུ་ཆོས་ཀྱི་དབྱིངས་བཅས་པར། །དཔག་མེད་དུག་ལྔའི་རྟོག་ཚོགས་ལྡན། །སྐྱེ་བོ་ཤིན་ཏུ་གཏུམ་པ་དང་། །ཆགས་དང་སེར་སྣས་འཇུངས་པ་དང་། །རྨོངས་
དང་མ་རུངས་ལས་བརྩོན་རྣམས། །རྒྱུད་ལྔའི་འཁོར་བའི་འཁོར་ལོ་ལས། །སྒྲོལ་མཛད་དཀྱིལ་འཁོར་ཆེན་པོ་ལྔ། །རྒྱུན་མི་འཆད་པར་དོན་སྤྱོད་ཅིང་། །སྣ་ཚོགས་ཐབས་ཀྱིས་འདུལ་མཛད་པ། །དེ་དང་དེ་ཡི་སྐུར་བསྟན་ནས། །རིས་མཐུན་ལམ་དུ་སྟོན་མཛད་དེ། །ཐམས་ཅད་
དབྱེར་མེད་དག་པར་འགྱུར། །འདི་ཉིད་བསྡུས་པའི་བདུད་རྩི་སྟེ། །རྡོ་རྗེ་ཕྲེང་བར་འགྱུར་བ་དང་། །དགོངས་པ་ལུང་སྟོན་གསང་བའི་རྒྱུད། །ཡེ་ཤེས་རྡོ་རྗེ་བསྡུས་པ་ནི། །ཁྱད་པར་སྟོན་པ་འཕགས་པའི་ཆོས། །བཞིས་བསྡུས་ལྷ་མོའི་གསང་ཆེན་དང་། །ཐུན་མོང་མ་ཡིན་སྟོན་པ་
ཡི། །གསང་བ་བླ་མེད་རྒྱུད་འདིར་ངེས། །སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྟན་པ་མཆོག་གི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་
པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བསྟན་པ་མི་ཕྱེད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཆི་མེད་བདུད་རྩི་རྒྱལ་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བདུད་རྩི་

འབར་བ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་ལས་གཞན་མེད་དེ། །སྣང་ཞིང་གསལ་བར་གྱུར་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེ་རྒྱལ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྣམ་པར་སྤྲོ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་རང་རིག་ཉམས་མྱོང་ལྟར། །གལ་ཏེ་སེམས་ཉིད་མ་ཡིན་
ན། །འབྲེལ་པ་མེད་ཕྱིར་སྣང་མེད་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བས་སངས་རྒྱས་ཐམས་ཅད་ཀྱི་བཀོད་པ་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །ཆོས་ཉིད་དང་ནི་སེམས་ཉིད་དག །གང་དུ་རྟོག་པས་དཔྱད་གྱུར་ཀྱང་། །གཅིག་དང་དུ་མར་མི་དམིགས་པས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོས་སངས་རྒྱས་
ཐམས་ཅད་ཀྱི་མཁྱེན་པ་མི་ཟད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྤྱོད་ཡུལ་ཤིན་ཏུ་ཟབ་པས་ན། རང་སེམས་བྱང་ཆུབ་སྙིང་པོ་ཅན། གདོད་ནས་དག་པ་དེ་ཉིད་དེ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཆོག་ཏུ་དགའ་བའི་རྒྱལ་པོས་སངས་རྒྱས་ཀྱི་གདུལ་བྱ་སྣ་ཚོགས་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཟབ་དང་རྒྱ་ཆེན་དབྱེར་མེད་པས། །སྣང་སྟོང་ཐ་
དད་མེད་པར་འདྲེས། །སངས་རྒྱས་ཞེས་ནི་དེ་ལ་གསུངས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མིའི་ཁ་ལོ་སྒྱུར་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་བཅས་རང་རིག་ལྟོས་མེད་ཕྱིར། །རང་འབྱུང་ཡེ་ཤེས་དེ་ཉིད་དེ། །རིག་པའི་ཕྱིར་ན་གསལ་བ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྱེས་པར་གཤེགས་པས་སངས་རྒྱས་ཀྱི་ཟབ་པའི་སྤྱོད་ཡུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་ཡིན་ཕྱིར་མི་རྟོག་པ། །རྐྱེན་སྐྱེས་གཞན་དབང་ཡིན་པའི་ཕྱིར། མི་རྟོག་རྟོག་པ་བྱེད་མེད་
པས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆུ་ལྷའི་ལྷས་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཉིད་རྣམ་པར་མི་རྟོག་
པས། གསལ་ལ་རྟོག་མེད་ཡེ་ཤེས་ཉིད། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཅན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ལག་གིས་སངས་རྒྱས་ཐམས་ཅད་ཀྱི་བདུད་ཀྱི་བ་དན་རྣམ་པར་གནོན་
པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་འོད་གསལ་ནམ་མཁའ་འདི། །གདོད་ནས་མ་བཅོས་པར་རྟོགས་གང་། །སངས་རྒྱས་གཞན་དུ་བཙལ་མི་དགོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་ལག་པས་སངས་རྒྱས་ཐམས་ཅད་ཀྱི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གློ་བུར་དྲི་མ་བྱུང་གྱུར་ཀྱང་། །རང་བཞིན་དག་པའི་ངོ་བོ་ལ། །
གོས་དང་མ་གོས་མེད་པར་གསལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་མཁྱེན་པས་སངས་རྒྱས་ཐམས་ཅད་ཀྱི་གླང་པོའི་རྩལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །ཡོད་མེད་གཉིས་ཀ་ལས་འདས་པས། །ཕན་ཚུན་ལྟོས་པ་མ་གྲུབ་ཕྱིར། །ཚུ་རོལ་མ་གྲུབ་ཕ་རོལ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་རྒྱལ་པོས་སངས་
རྒྱས་ཐམས་ཅད་ཀྱི་ཀུན་ནས་སྣང་བ་ཏོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡོད་མེད་ཐ་དད་མ་གྲུབ་སྟེ། །གཉིས་ཙམ་དུ་ཡང་མེད་པའི་ཕྱིར། །རྣམ་པར་བརྗོད་མེད་དམིགས་པ་བྲལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །
ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལེགས་པའི་སེང་གེས་སྲིད་གསུམ་ཐམས་ཅད་ལྷང་ངེར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མའོ་སེམས་ཉིད་དྲི་མེད་ཀྱིས། །རྣམ་འཕྲུལ་
གཟུགས་སྐུ་བསྡུས་པ་ཡི། །ཞིང་ཁམས་རྣམ་པར་དག་པར་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡིད་བཟངས་ཀྱིས་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཀྱིལ་འཁོར་རྣམ་འཕྲུལ་སྣ་ཚོགས་པ། །ངོ་མཚར་བ་ཡི་རྣམ་འཕྲུལ་དག །ནམ་མཁའི་མཐས་ཀླས་ཁྱབ་པར་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་ཞིག་སྒྲུབ་པ་གང་བསྒྲུབ་ལ། །དེ་སྒྲུབ་པ་ལ་གནས་མེད་མེད། །བསྒྲུབ་པར་བྱ་བ་སྒྲུབ་མ་ཡིན། །བྱང་
ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་འོད་ཟེར་རབ་ཏུ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

གསང་བ་མི་ཟད་ཆོས་ཀྱི་དབྱིངས། །ཡེ་ཤེས་རྡོ་རྗེ་རོལ་པར་བསྟན། །བླ་མེད་གནས་ནི་ཚུལ་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲགས་ཆེན་གྱིས་པདྨའི་སྙིང་པོ་ཀུན་དུ་
རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བའི་འདམ་ལས་སྐྱེས་པ་ཡི། །རང་སེམས་པདྨའི་སྡོང་བུ་ནི། །ཟིལ་པར་ལྡན་པ་དྲི་མ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་གཙུག་ན་ནོར་བུས་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་རབ་ཏུ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་ནས་ཀུན་དུ་སངས་རྒྱས་ཀྱི། །ཞིང་འདིའི་སྙིང་པོ་དད་པ་སྟེ། །མོས་དང་
བརྩོན་འགྲུས་སྟོབས་དེ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲག་ཤུལ་ཅན་ཞེས་བྱ་བའི་ཟབ་པའི་སྙིང་པོ་གཞལ་མེད་ཁང་རྣམ་པ་དུ་མར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ས་འདི་ཀུན་གྱི་བརྟེན་པ་བཞིན། །བྱང་ཆུབ་སེམས་ལ་ཀུན་བརྟེན་ཀྱང་། །གནས་པ་མེད་ཅིང་འགྲོ་འོང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་
སྟོབས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་མཐའ་ཡས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ནམ་མཁའ་ཀུན་དུ་གནས་མེད་པ། །དེ་བཞིན་རྟོག་བྲལ་དྲི་མེད་སེམས། །སངས་རྒྱས་ཀུན་གྱི་ཐུགས་ཡིན་
ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །ཤེས་བཞིན་སྨོན་ལམ་དབང་གིས་ནི། །མངལ་འབྱུང་རིམ་པ་གང་ཡིན་དང་། །ཞིང་དང་ཞིང་དུ་སོ་སོར་ཡང་། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །འདིར་ནི་ཡང་དག་བརྟུལ་ཞུགས་འཛིན། །གཞོན་ནུའི་

རོལ་པ་ཐམས་ཅད་དང་། །དེ་བཞིན་བཟོ་གནས་ཡང་དག་བསྟན། །ཐམས་ཅད་རྡོ་རྗེའི་རང་བཞིན་ལས། །རྣལ་འབྱོར་པས་ནི་རྟག་ཏུ་སྤྲོས། །འདིར་ནི་སྔོན་ཆད་མ་བྱུང་མེད། །སྔོན་གནས་པ་ནི་སྦྱར་མི་བྱ། །དེ་བཞིན་གཤེགས་ཀུན་མཛད་པ་ནི། །ཐམས་ཅད་རྡོ་རྗེའི་
དངོས་གཞི་ལ། །དུས་གསུམ་ལམ་གྱི་མཐར་ཐུག་པས། །ཐམས་ཅད་འདི་བཞིན་བལྟ་བར་བྱ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སྐུ་གསུང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་
བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་རོལ་པ་སྟོན་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྗོན་པ་དྲི་མ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་བཅུ་མངོན་པར་འབྱུང་བ་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་མི་རྟོག་མི་དམིགས་པ། །རང་འབྱུང་ལྷན་ཅིག་སྐྱེས་པ་ཡིས། །སྙིང་པོ་སྒྱུ་མའི་སྣང་བ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་ཀུན་རྫོབ་དག་པ་ལ། །བརྟན་གཡོར་བཅས་པའི་སྣང་བ་
ནི། །རང་བཞིན་མེད་པ་ཉིད་དུ་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤེས་རབ་རྣམ་པར་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ཉིད་སྒྱུ་མའི་རྣམ་པ་དངོས། །དེ་ཉིད་ཀུན་རྫོབ་སྟོང་ཉིད་དོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ལེགས་པའི་གནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་མར་སྟོན་པའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣ་ཚོགས་སྒྱུ་མ་འཁོར་འདས་དག །སེམས་ཉིད་དག་དང་མ་དག་པའི། །སྣང་བ་བག་
ཆགས་ཁྱད་པར་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་རྒྱ་མཚོས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་
སོ། །ཡིད་བཞིན་ནོར་བུ་རང་ལས་རྙེད། །དེ་ཉིད་སངས་རྒྱས་ཀུན་གྱི་གསང་། །བླ་མ་སངས་རྒྱས་དྲིན་གྱིས་རྙེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡན་ལག་སྐྱེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་ལ། །ཡོད་མེད་མཐའ་ལས་འདས་པ་སྟེ། །མི་རྟོག་ཡེ་ཤེས་ཀུན་རྫོབ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་
གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་མཐའ་ཡས་པ་སངས་རྒྱས་ཀྱི་ཞིང་མི་འཇིགས་པ་བཞི་འབྱུང་བའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སྐུ་གསུམ་འདུལ་བའི་ཞིང་། །
མ་ལུས་ལུས་པ་མེད་པ་རྣམས། །ཐམས་ཅད་བྱང་ཆུབ་སེམས་ཀྱི་རྒྱན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་དམ་པས་བཀྲ་ཤིས་དགའ་བས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སྟོང་གསུམ་མ་ལུས་རྒྱལ་བའི་ཞིང་། །རྡོ་རྗེ་སེམས་དཔའི་སྐུ་ལ་རྫོགས། །ཐམས་ཅད་བ་སྤུའི་ཚོགས་ལས་ཀྱང་། །སྤྲོས་ནས་བྱང་ཆུབ་སེམས་གསུངས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་མཁྱེན་ལྡན་སངས་རྒྱས་ཐམས་ཅད་ཀྱི་དགྱེས་པ་ཆེན་པོས་ཡོངས་སུ་སྤྱོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། གསང་བ་བདེ་ཆེན་བྱང་ཆུབ་སེམས། དེ་བཞིན་གཤེགས་
པའི་ཚུལ་མཆོག་སྟེ། །སྙིང་པོའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྟོབས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་མཐའ་ཡས་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སངས་རྒྱས་
ཐམས་ཅད་ཀྱི་གསང་ཆེན་གྱི་ཚུལ་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནའང་སྐྱེ་བ་མེད། །གསང་བའི་ཚུལ་ཆེན་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
བརྟུལ་ཞུགས་བརྟན་པ་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་མ་ལུས་པའི་དབྱིངས་ལ་ཡང་དག་པར་དབང་བསྐུར་བའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་གནས་
པའི་ཆོས། །གནས་ཙམ་ཉིད་ན་གནས་པ་མེད། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཀྲ་ཤིས་འབྱུང་བས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ནམ་མཁའ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་རྫོགས་སངས་རྒྱས་ཀྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་ཙམ་ཉིད་ན་དམིགས་པ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་བདེ་བའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་སྲིད་པའི་ཆུ་ཀླུང་སྐེམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །འགྲོ་འོང་མེད་ལས་འགྲོ་དང་འོང་། །

འགྲོ་ཉིད་ནའང་འགྲོ་བ་མེད། །གསང་པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་རྟོག་པ་རང་འབྱུང་བ། །རྟོག་ཙམ་ཉིད་ནའང་རྟོག་མི་གནས། །ཐ་དད་མེད་པའི་ཚུལ་མཆོག་གིས། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
སྲེད་མེད་ཀྱི་བུས་རྒྱལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རོལ་པ་ལྡིང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བཅིངས་པ་མེད་ཅིང་གྲོལ་དུའང་མེད། །ལྷན་ཅིག་སྐྱེས་པ་རྣམ་གྲོལ་བ། །ཡེ་ཤེས་བརྗོད་པ་དང་
བྲལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལག་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་རྩེ་མོའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་
འདི་གསུངས་སོ། །ཆོས་ཀུན་བརྗོད་དུ་མེད་པ་སྟེ། གསང་བ་ཟབ་པའི་གནས་ཉིད་ལ། བརྗོད་ཙམ་ཉིད་ན་བརྗོད་དུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཁོར་ལོས་
སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དོན་དམ་རྟོག་པའི་ཡུལ་མིན་ཕྱིར། །ཆོས་སྐུ་ཡེ་ཤེས་ངོ་བོ་ཉིད། །རང་རིག་ཡེ་ཤེས་སྒྱུ་མའི་དངོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་
བཅོམ་ལྡན་འདས་ཡོན་ཏན་བདེ་སྤྲོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྔ་སྒྲ་ཀུན་དུ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་པོ་དཔུང་བཅས་ཡན་ལག་ལྡན། །ཕ་རོལ་རྒོལ་བ་བཟློག་པ་བཞིན། །ཡེ་ཤེས་རྒྱལ་

པོ་སྟོབས་ཆེན་ལྡན། །དྲི་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཚངས་པས་བྱིན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་གཎྜཱི་ཕྱོགས་བཅུར་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
ཐེག་པ་སྣ་ཚོགས་དྲང་བའི་ཕྱིར། །ལམ་འདི་རིམ་པར་བསྟན་པ་ཡིན། །གསང་བའི་ཐེག་པ་གཅིག་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་
དུང་འབུད་པ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་རྨད་དུ་བྱུང་བའི་ཆོས། །གསང་ཆེན་ཐེག་པ་མཆོག་གཅིག་པུ། །མ་ལུས་དུས་གསུམ་རྒྱལ་བའི་ལམ། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་སྤྱན། །གཟིགས་
པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་དང་། སྤྱོད་ཡུལ་དང་། ཟབ་པ་དང་། རྒྱ་ཆེ་བའི་དེ་ཁོ་ན་ཉིད་ཆོས་ཉིད་ནམ་མཁའ་ཡོངས་སུ་དག་པའི་རང་བཞིན་ལས་ཏིང་ངེ་འཛིན་
བསམ་གྱིས་མི་ཁྱབ་པ་ལ་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ། ཕྱོགས་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཁྲི་ཕྲག་དགུ་བཅུ་རྩ་དགུ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྨྲས་པ། གང་དུ་དཔལ་རྡོ་རྗེ་འཛིན་པས་གསུངས་པའི་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་ནི་རང་བཞིན་མེད་པའོ། །རྟེན་འབྲེལ་ལས་
སྐྱེས་པའི་ཆོས་ཐམས་ཅད་ནི་མ་སྐྱེས་པ། མ་འགགས་པ། དམིགས་སུ་མེད་པ་སྟེ། གནས་པ་མེད་ཅིང་རང་བཞིན་མེད་པ་སྟོང་པ་ཉིད་དེ། དེ་ཡང་དངོས་པོ་བར་དངོས་པོ་མེད་པ་གཉིས་སུ་དབྱེར་མེད་པ་སྟེ། མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་སེམས་དཔའ་

ཆེན་པོ་ཞེས་བྱའོ། །ཞེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་འདུས་པ་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་ཡོངས་སུ་ཆོད་ནས་ལེགས་སོ་ལེགས་སོ་ཞེས་བརྗོད་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཐུན་མོང་མ་ཡིན་པའི་གསང་བ་རབ་ཏུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལྷའི་མེ་ཏོག་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚངས་པའི་གནས་བཞི་ཡོངས་སུ་དག་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །རང་སེམས་དྲི་མ་བཀྲུ་བར་བྱ། །
དག་པའི་ཐུགས་ནི་ཡེ་ཤེས་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དོན་ལེགས་སེམས་དཔའི་དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དག་པའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་
ཀྱི་སེམས་འདི་གསུངས་སོ། །ཕ་རོལ་ཕྱིན་ནམ་དག་པའི་གནས། །བརྟུལ་ཞུགས་སྤྱོད་པའི་ཐུན་མོང་ཡུལ། །སྙིང་པོ་དགྱེས་པའི་རྩ་བ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྲིན་སྤྲོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་ཆོས་ཉིད་དག་པ་ཉིད། །ཕྱག་རྒྱ་ཆེན་པོའི་ཚུལ་མཆོག་གིས། །འགྲོ་བའི་བློ་ཡིས་མུན་སེལ་བ། །ཡེ་ཤེས་ཚུལ་འདི་བསྟན་པའོ། །
ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བློ་གྲགས་པའི་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱི་དང་ནང་དུ་དངོས་པོའི་ཆོས། །དུ་མ་ཉིད་དུ་མི་རྟོག་

སྟེ། །ཐམས་ཅད་བརྟེན་པའི་ཚུལ་འབྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྤོབས་པ་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་
སེམས་འདི་གསུངས་སོ། །རང་བཞིན་རྟོག་པའི་ཚོགས་འབྱུང་བ། །རྣམ་པར་བརྟགས་པ་རང་བྱུང་གང་། །སེམས་གསུམ་སྣང་བའི་ངང་དུ་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་དེ་བཞིན་གཤེགས་པ་
རྡོ་རྗེ་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་རབ་ཏུ་འཛིན་པ་ཡིས། །རྣལ་འབྱོར་པ་ནི་བྱང་ཆུབ་མཆོག །སྤྲོས་བཅས་སྤྲོས་མེད་ཚུལ་དག་གིས། །
གསང་བ་སྤྱོད་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཕན་པར་བཞེད་པ་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཁྱབ་པའི་ཡེ་ཤེས་ཀུན་དུ་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
འདིར་ནི་གང་དུ་རྣམ་ཤེས་དང་། །ཡེ་ཤེས་གཉིས་སུ་མེད་པ་སྟེ། །ཀུན་གཞི་རྟོག་པ་མེད་པར་གསལ། །བྱང་ཆུབ་རྟེན་འབྲེལ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་རོལ་པར་ལྡན་པའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནམ་
མཁའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཇི་སྲིད་ནམ་མཁའ་སྟོང་བ་མིན། །རང་སེམས་སྟོང་ཉིད་ནམ་མཁའ་ལས། །རྟོགས་པའི་ཡེ་ཤེས་སྟོང་ཉིད་དེ། །ཀུན་སྟོན་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །
དེ་ནས་བཅོམ་ལྡན་འདས་མུན་པ་དང་བྲལ་བའི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེའི་དྲ་བས་ཡོངས་སུ་འབྲེལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མེད་ཅིང་རང་སྟོང་པ། །བདེ་ཆེན་ཕྱི་ནང་དམིགས་མེད་

པ། །རོ་གཅིག་ཡེ་ཤེས་སྒྱུ་མར་སྣང་། །ཞེན་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་སྙིང་པོ་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་ཟག་དང་ནི་ཆོས་དག་ལ། །བདག་མེད་རྟོགས་ཕྱིར་སེམས་དཔའ་ཆེ། །ས་ལ་གནས་དང་རིགས་ཀྱི་དང་། །ལེགས་སྤྱོད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཚེ་སྦྱིན་དཔལ་སངས་
རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་བུམ་པ་བཟང་པོའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆོས་དོན་སྙིང་པོ་ནི། །རྒྱུ་དང་འབྲས་བུར་འབྱུང་བ་ཡི། །ཟབ་མོ་གཏེར་འདྲ་རང་ལས་རྙེད། །གསང་བའི་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ནོར་བུའི་འབྱུང་གནས་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱན་དུ་མར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣལ་འབྱོར་དབང་ཕྱུག་དུ་མ་ཡིས། །
གསང་བའི་སྤྱོད་པའི་ཚུལ་ཀུན་ལ། །རང་གཞན་ཁྱད་པར་དོན་འབྱུང་བས། །སྤྱོད་པའི་ཚུལ་མཆོག་ལྡན་པ་སྟེ། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྐྱེ་དབང་མཚུངས་པ་སངས་རྒྱས་ཐམས་ཅད་ཀྱི་རང་འབྱུང་བ་སྣྲེལ་ཞི་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རབ་རིབ་མེད་པའི་ཚུལ་ཅན་གྱིས། །དྲང་སྲོང་སྐྱོབ་པའི་སྤྱོད་གནས་ཏེ། །ཐུབ་པ་མངོན་པར་ངེས་འབྱུང་བའི། །ཡོན་ཏན་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་
བཅོམ་ལྡན་འདས་སྟོབས་ཀྱིས་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་འབྱུང་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐོག་མ་མེད་ཅིང་ཐ་མ་མེད། །དབུས་སུ་འབྱུང་བ་ཡང་དག་སྤངས། །ཡེ་ཤེས་ཉེ་བར་བརྒྱན་

པ་གང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བློ་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་རོལ་པ་ཀུན་དུ་བཟང་པོ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རི་
བོ་སྣ་ཚོགས་འདུས་པ་ལ། །རི་རྒྱལ་བརྟན་པར་འགྱུར་བ་གང་། །རྟོག་མེད་ལྷུན་པོའི་གནས་སུ་སྤྲོ། །དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གདུགས་མཛེས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་བསྐུལ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཡེ་ཤེས་ནམ་མཁའི་དབྱིངས། །ཀུན་དུ་རྟོག་མེད་ལྷམ་མེར་གནས། །དེ་ཉིད་རབ་ཏུ་མི་གནས་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་
འདས་གཙོ་བོ་མཆོག་སངས་རྒྱས་ཐམས་ཅད་ཀྱི་དབང་ཕྱུག་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤིང་དབང་དྲུང་ནི་རྡོ་རྗེ་ཅན། །མི་འགྱུར་ཡེ་ཤེས་ཨེ་དང་བྃ། །པདྨ་བྷ་གའི་དབྱིངས་ཅན་ཏེ། །བྱང་ཆུབ་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་འཕགས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གཅིག་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །
རྫོགས་སངས་རྒྱས་ཀྱི་ཡུལ་གྱུར་པ། །ཆོས་ཀུན་བདག་མེད་མཉམ་པ་ཉིད། །ཟབ་མོའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་སེང་གེའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བདག་གཞན་ཐ་དད་མེད། །བྱམས་པ་ཆེན་པོའི་སྣང་བ་ཡིས། །མི་ཕྱེད་ཆོས་ནི་དོན་གྲུབ་རྒྱུ། །སེམས་ཀྱི་སྤྱོད་ཚུལ་འདི་བསྟན་ནོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་

པར་གྲོལ་ལྡན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་མར་མེ་ཏོག་རྒྱས་པ་ཆེར་སྤྲོ་བའི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་ཡེ་ཤེས་བཟང་པོ་ཉིད། །རྫུ་འཕྲུལ་འབྱུང་བའི་བློ་ཡི་ནོར། །
བདུད་རྩིའི་སྙིང་པོ་རང་ལས་རྙེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །སངས་རྒྱས་ཡེ་ཤེས་ལྷུན་གྲུབ་པས། །འདི་ཉིད་རྟོག་མེད་རབ་གསལ་བ། །བསམ་པའི་དངོས་པོ་འཇུག་མི་འགྱུར། །སེམས་ཀྱི་ཀུན་རྟོག་རབ་ཞི་བའོ། །ཞེས་གསུངས་སོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་རབ་ཏུ་མི་གནས་པའི་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་
ལྡན་འདས་ཀླུའི་འོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གདུག་པ་ཅན་མ་ལུས་པ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤིན་ཏུ་རྒྱལ་བ་དྲི་མ་མེད། །སེམས་ཀྱི་གླང་པོ་བཅིང་མི་བྱ། །རང་གྲོལ་གསལ་བ་དག་
པའི་ལམ། །རྒྱལ་བས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་དགྱེས་པ་བསྐྱེད་པ་སྣང་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ། །ཆོས་ཀྱི་ཕུང་པོ་དེ་སྙེད་ལས། །རྟོག་པའི་ཡེ་ཤེས་གྱུར་པ་ན། །ཚུལ་འདི་གཅིག་ཏུ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་གི་རི་བོ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་
བསྐྱེད་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐོག་མ་བར་དང་ཐ་མར་ཡང་། །བྱང་ཆུབ་མཆོག་ཏུ་གནས་པ་ཉིད། །ངེས་པ་བསྐྱེད་པ་འབྱུང་བ་ཡིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་བཅོམ་ལྡན་འདས་ཀླུ་དགའ་ཡེ་ཤེས་འོད་སངས་རྒྱས་ཐམས་ཅད་ཀྱི་གླང་པོ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདེ་གཤེགས་ཡེ་ཤེས་གདུང་རྒྱུད་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་
འཛིན། །འབྱུང་པོ་དུ་མ་ལམ་ལ་འཛུད། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་རླབས་པོ་ཆེའི་རྩལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་
ཀྱི་སེམས་འདི་གསུངས་སོ། །རང་སེམས་རྒྱལ་པོ་རང་འབྱུང་གནས། །ཤར་ནུབ་མེད་པའི་ཉི་མ་ལས། །རྟོག་མེད་ཅིར་ཡང་གསལ་བ་ཉིད། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྟོབས་ཀྱི་ལྷ་སངས་རྒྱས་ཐམས་
ཅད་ཀྱིས་མངོན་པར་དབང་བསྐུར་བའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་ཉིད་ཀྱིས་དབང་བསྐུར་བ། །ཐོབ་པའི་ཁྱད་པར་སེམས་ལས་བྱུང་། །འདི་ནི་དུས་གསུམ་ཀུན་དུ་
འབྱུང་། །བྱང་ཆུབ་ཟབ་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཕྲེང་ལྡན་ཡོན་ཏན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དཔལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་
གསུངས་སོ། །དཀྱིལ་འཁོར་དུ་མ་གསལ་བ་ཡི། །ཡོན་ཏན་རིན་ཆེན་ཚོགས་སྤྲོ་བ། །ཕྱི་དང་ནང་དུ་རྣམ་ཕྱེ་བས། །ཡེ་ཤེས་ཟབ་པའི་ཚུལ་བརྗོད་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀླུའི་ལག་སངས་རྒྱས་ཐམས་ཅད་ཀྱི་མཆོད་པའི་གནས་
ཀྱིས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་སྣང་བ་བླ་མེད་པ། །རྒྱུན་དུ་རང་སེམས་ཆོས་ཀྱི་ཀློང་། །རྒྱུན་མི་འཆད་པ་ཆོས་ཀྱི་སྐུ། །སྙིང་པོའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

བཅོམ་ལྡན་འདས་སྤྱན་བརྒྱན་པའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དག་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་ཉིད་འདི་མི་རྟོག་པ། །གསལ་བ་བརྗོད་བྲལ་ཐམས་ཅད་
མཁྱེན། །འོད་གསལ་སྙིང་པོ་ཡེ་ཤེས་སྐུ། །སྤྲོས་པ་མེད་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལེགས་པར་སྦྱངས་པའི་བློ་སངས་རྒྱས་ཐམས་ཅད་ཀྱི་སོ་སོར་མ་འདྲེས་པ་དྲི་མ་མེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།
བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁྱབ་དང་རྡོ་རྗེ་སྐུ་ཉིད་དང་། །མི་འགྱུར་དུས་ནི་ཐམས་ཅད་དུ། །བརྟན་པ་མེད་པར་རང་འབྱུང་གནས། །བླ་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཟིལ་གནོན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་
མཁྱེན་པའི་ཐབས་ལ་མཁས་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཟབ་དང་རྒྱ་ཆེ་གཉིས་མེད་པ། །སྤྱོད་ཡུལ་ཐབས་ལ་མཁས་པ་ཡིས། །རྣམ་པར་གྲོལ་བའི་འབྲས་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་
པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ལ་རོལ་པ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་བདེ་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་རོ་གཅིག་རྡོ་རྗེ་འཆང་། །གསང་བ་གསུམ་ནི་
སྐུ་གསུང་ཐུགས། །དེ་ཉིད་ལྔར་ནི་རབ་བསྒྲགས་པ། །དམ་པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མཐའ་ཡས་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྣམ་པར་དབེན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་
སེམས་འདི་གསུངས་སོ། །ལུས་དང་ངག་དང་ཡིད་རྣམས་ནི། །རྡོ་རྗེ་གསུམ་དུ་རྣམ་དག་པས། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །རྡོ་རྗེའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བདེན་པར་གསུངས་པས་སངས་རྒྱས་ཐམས་ཅད་ཀྱི་

སྙིང་པོ་འོད་ཀྱི་དྲ་བར་འཆར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་སྐུ་ནི་ཀུན་ཁྱབ་པས། །དེ་ཉིད་སྐུ་ལ་རབ་སྣང་བ། །ཞིང་ཁམས་རྡུལ་ཕྲན་སྐུར་འདུས་པ། །མི་ཟད་ཚུལ་འདི་བསྟན་པའོ། །ཞེས་གསུངས་
སོ། །དེ་ནས་བཅོམ་ལྡན་འདས་ཉི་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དག་པ་ཡོངས་སུ་འཛིན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་གསུང་ནི་ཀུན་སྒྲོག་པ། །དེ་ནས་གསུང་དུ་རབ་བརྗོད་
པ། །སྣ་ཚོགས་སྒྲ་ནི་གསུང་གྱུར་པ། །དེ་ནི་གསུང་གཅིག་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངེས་པའི་བློ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གནས་པ་མེད་པའི་ཡེ་ཤེས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཐུགས་ནི་བསམ་མི་ཁྱབ། །ཡེ་ཤེས་མཁྱེན་པ་གཅིག་པའི་ཐུགས། །དྲི་མེད་མཉམ་པ་ཉིད་གང་ཡིན། །རྟོག་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མཐའ་
ཡས་གཟུགས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་རྡོ་རྗེ་མཆོག་ཏུ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་ཉིད་གནས་པས་བླང་དོར་མེད། །དུས་གསུམ་ཐ་དད་གཟིགས་པ་མེད། །སྐད་ཅིག་
ཡེ་ཤེས་བདེ་བའི་དངོས། །ཆོས་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་འོད་མི་ཟད་པས་སངས་རྒྱས་ཐམས་ཅད་ཀྱིས་ཕས་ཀྱི་རྒོལ་བ་ཟློག་པར་མཛད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་
གསུངས་སོ། །དཔའ་བོ་སེང་གེའི་ལྟ་སྟངས་ཀྱིས། །མུ་སྟེགས་བདུད་ཚོགས་ལས་རྒྱལ་བའི། །ཚད་མེད་སྙིང་རྗེས་བསྐུལ་བར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་ཏོག་གིས་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་

བའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྡོ་རྗེ་འབར་བ་འོད་འཕྲོ་བ། །ཡེ་ཤེས་ཟླ་བ་ལ་གནས་པ། །བྱང་ཆུབ་སེམས་ནི་འཛིན་པ་ཡིས། །དྲི་མེད་ཆུ་རྒྱུན་ཚུལ་བསྟན་པའོ། །ཞེས་གསུངས་
སོ། །དེ་ནས་སངས་རྒྱས་ཐེ་ཚོམ་རྣམ་པར་སྤངས་པས་སངས་རྒྱས་ཐམས་ཅད་ཀྱི་མེ་ཏོག་གི་སྙེ་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཅིག་ཏུ་མཆོག་གནས་མི་འགྱུར་བ། །ཚིག་དོན་དབྱེ་བ་དམ་པའི་ཆོས། །
བསྟན་པའི་སྙིང་པོ་བླ་མེད་ལམ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དུས་གསུམ་རྒྱལ་བ་མ་ལུས་ལ། །རབ་འབྱམ་མཆོད་པའི་སྤྲིན་གྱིས་ནི། །ཀུན་དུ་ཁྱབ་ཅིང་སྟོན་པ་པོ། །འདི་ནི་ཡེ་ཤེས་ཀུན་གྱི་གཏེར། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། འབྱུང་འཇུག་གནས་པར་དག་པ་ཀུན་དུ་ཡེ་ཤེས་སྟོན་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་འཇིག་རྟེན་ལས་འདས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཚན་རྣམས་རྫོགས་པ་ཡེ་ཤེས་སྐུ། །དངོས་པོ་མེད་ཅིང་སྣང་བའི་
དངོས། །རྟོག་པ་མེད་པ་མི་གནས་པ། །ཁྱད་པར་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་རྣམ་པར་མཐོང་བ་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་བའི་ཆོ་འཕྲུལ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་
སེམས་འདི་གསུངས་སོ། །རྣམ་པར་གྲོལ་བ་ཞི་བའི་ལམ། །བཅིང་མེད་ཡེ་ཤེས་བཀོད་མའི་ཆུ། །དམ་ཚིག་གསང་བ་སྡོམ་པ་ལས། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟོགས་པ་མཛད་པ་སངས་

རྒྱས་ཐམས་ཅད་ཀྱིས་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟོག་མེད་འབྲས་བུ་དག་པའི་ངང་། །ཆོས་རྣམས་སྟོང་ཉིད་སྙིང་རྗེར་གཅིག །ཐ་དད་སྤངས་པ་ལམ་གྱི་མཆོག །ཟབ་པའི་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་རྒྱལ་མཚན་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བླ་མའི་བྱིན་བརླབས་བདུད་རྩི་ལས། །འཐུང་བ་ཡེ་ཤེས་
བཅུད་ཀྱིས་རྒྱས། །ཚེ་འདིར་གྲུབ་པ་མཆོག་སྟེར་བ། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རི་དབང་གི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་བརྗོད་པའི་ཆོ་འཕྲུལ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་
སེམས་འདི་གསུངས་སོ། །དམ་ཚིག་འདི་ནི་རྨད་པོ་ཆེ། །དུས་གསུམ་འབྱུང་བ་རྟག་པ་གང་། །ཐམས་ཅད་བདག་ཉིད་བདེ་བར་གཤེགས། །སྙིང་པོའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་
པོས་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གཅིག་པ་སྤྱོད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པ་ཀུན་ཏུ་སྡོམ་པ་གང་། །རིགས་ཀྱི་གནས་སུ་གང་བྱུང་བར། །སྐུ་གསུང་ཐུགས་ནི་ཡེ་ཤེས་ཅན། །དྲན་པ་མ་
ལུས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་མཛད་གཟིགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཁམས་མ་ལུས་པ་ལ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
ཐམས་ཅད་ཡེ་ཤེས་གཅིག་པར་སྡོམ། །དེ་ཉིད་འགྱུར་མེད་ཟག་པ་བྲལ། །སྙིང་པོ་རོལ་པ་རང་བྱུང་བ། །སངས་རྒྱས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་གྲགས་པ་མཐའ་ཡས་སངས་རྒྱས་ཐམས་

ཅད་ཀྱི་ཆོས་ཉིད་ཀྱི་མེ་ལོང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་མེད་ཡེ་ཤེས་སྒྱུ་མའི་ངང་། །ཕུང་པོ་ལ་སོགས་རྟོག་བྲལ་བ། །འདི་ནི་ཀུན་རྫོབ་རྣམ་ཐར་སྒོ། །རྡོ་རྗེ་ཚུལ་འདི་བསྟན་པའོ། །ཞེས་གསུངས་
སོ། །དེ་ནས་བཅོམ་ལྡན་འདས་སྒྲ་གཅན་ལྷས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་ནས་ཡེ་ཤེས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལས་དང་ལས་ཀྱི་འབྲས་བུ་ནི། །ཀུན་ནས་དཀྲིས་པ་སྣ་ཚོགས་པ། །སྟོང་
ཉིད་ཡེ་ཤེས་མེས་བསྲེག་པ། །རྡོ་རྗེའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་བོའི་རྒྱལ་མཚན་གྱིས་འཁོར་བ་སྣ་ཚོགས་པའི་མུན་པ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་
གསུངས་སོ། །རྣམ་པར་གྲོལ་བ་བདེ་བ་ཡི། །འཇིག་རྟེན་ལྷ་ལས་འདས་ནས་ནི། །སྣང་བ་མེད་པའི་དབྱིངས་སུ་འགྲོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་སྙིང་པོས་སྲིད་པ་ཐམས་ཅད་དབུགས་འབྱིན་པར་བྱེད་པ་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འགྲོ་བའི་མཚན་མའི་དངོས་པོ་རྣམས། །སྲིད་གསུམ་རང་བཞིན་མེད་མཐོང་བས། །ཡེ་ཤེས་འོད་གསལ་མི་ཕྱེད་པའི། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་
ཤིན་ཏུ་མཐོར་གཤེགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་གཅིག་པའི་ལམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་དང་ནི་མུན་པ་དག །རྟོག་པའི་ཆོས་ཉིད་གཟིགས་མེད་ཕྱིར། །ཐ་དད་སྣང་བ་ནུབ་པའི་དངོས། །ཡེ་ཤེས་
ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྐར་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཆོས་ཀྱི་ལམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་སྒྲིབ་པ་མེད་པའི་ལམ། །སྡུག་

པར་བཞི་བརྩེ་བ་ཅན། །བྱང་ཆུབ་སེམས་ཀྱི་སྙིང་པོ་ཉིད། །དྲི་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་རིངས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་མིག་འཕྲུལ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་
ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་ཡེ་ཤེས་སྣང་བའི་དངོས། །སེམས་ཅན་རྟོག་པ་ཡུལ་མེད་ཕྱིར། །གཉིས་སྣང་མ་ལུས་བཅོམ་ནས་ནི། །གཉིས་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་གྲགས་པ་སངས་
རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དབྱིངས་སུ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣོད་བཅུད་མ་ལུས་རིན་ཆེན་གཞི། །ལྷ་མིའི་སྣང་བ་སྟོན་པ་ཆེ། །ཐུབ་པ་འགྲོ་བའི་དོན་སྤྱོད་པའི། །ཡེ་ཤེས་ཚུལ་འདི་
བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཉི་ཟླའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཕོ་བ་མེད་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལུས་ལ་འཕོ་བའི་ཡེ་ཤེས་
གང་། །རྣམ་པར་ཤེས་པའི་གཟུགས་བརྟེན་ནས། །གཅིག་པུ་མི་འགྱུར་དངོས་མེད་སེམས། །རྡོ་རྗེའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཉི་མའི་འོད་ལྡན་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་བཀོད་པ་ཞེས་བྱ་བའི་ཏིང་
ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དང་པོའི་ལུས་ནི་ལྷ་ཡི་དངོས། །ལུས་དབེན་སྣང་བ་རྟེན་འབྲེལ་ཏེ། །སེམས་ཉིད་ཡེ་ཤེས་སྟོང་ཉིད་དེ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་
ལྡན་འདས་སྐར་མཁན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་སྣང་བ་བཀོད་པ། ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་ཀུན་རྟོག་ཡེ་ཤེས་ཆེ། །བདེ་བ་ཆོས་ཀྱི་དབྱིངས་ཉིད་ལས། །ཟུག་རྔུ་བྲལ་བ་བྱང་

ཆུབ་སེམས། །རྡོ་རྗེའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སེང་གེའི་རྟོག་སངས་རྒྱས་ཐམས་ཅད་ཀྱི་སྟོབས་མི་ཟད་པའི་ཡེ་ཤེས་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་
སོ། །གང་དུ་གཉིས་མེད་མཉམ་པའི་དངོས། འབར་བའི་ཕྲེང་བ་འཁྲིགས་པའི་འོད། མི་ཟད་ཕུན་སུམ་ཚོགས་པའི་གཞི། དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དུས་མཁྱེན་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱི་ཕུན་སུམ་
ཚོགས་པ་བླ་ན་མེད་པའི་སྙིང་པོ་ཟེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདག་གཞན་དབྱེར་མེད་བྱང་ཆུབ་སེམས། །བདེ་བ་ཆེན་པོ་སེམས་ལ་རྙེད། །ངལ་སོའི་གནས་ནི་བླ་ན་མེད། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །
དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །སྐུ་གསུང་ཐུགས་ནི་གཅིག་སྦྱོར་བ། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །རྗེས་སུ་བསྔགས་པ་བརྗོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་
མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉེ་བར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་གྱི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་རོལ་པ་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྲོག་དང་སྙིང་པོ་མེད། །གནས་པ་མེད་ཅིང་ཀུན་འབྱུང་བ། །བར་མ་དོ་ཡི་རྣམ་ཤེས་ལྟར། །འབྱུང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྲིད་
མཐའ་གཟིགས་པས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དབང་པོ་ཡུལ་ལ་རྣམ་སྤྲོ་བ། །དེ་ཉིད་བཟློག་སྟེ་སེམས་གནས་པ། །ལམ་དུ་བྱེད་པའི་ངོ་བོ་ཉིད། །གསང་བའི་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་གློག་