Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 080_རྒྱུད་འབུམ།_ང
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
་དབུགས་ནི་སྟོངས་འགྱུར་ཏེ། །རང་གི་ལུས་ལ་ཐིམ་པར་བྱ། །དེ་ནས་རང་གི་ལུས་ཉིད་དུ། །མཁས་པ་ཡིས་ནི་བསྒོམ་པར་བྱ། །དབུས་སུ་མེ་ཡི་ལྷ་ཉིད་ནི། །མཁས་པ་ཡིས་ནི་བསམས་ནས་ཀྱང་། །ལྷག་མ་ལན་གསུམ་བསྲེགས་ནས་སུ། །མཆོད་དེ་ གཏོར་མ་སྦྱིན་པར་བྱ། །བཀྲ་ཤིས་དབྱངས་ནི་བླངས་ནས་སུ། །དེར་ནི་ཕྱག་རྒྱ་སྦྱར་བར་བྱ། །སྦྱིན་སྲེག་ལས་ཀྱིས་ཕྱེ་བ་གཞན། །མདོར་བསྡུས་རྒྱས་པ་མིན་པར་བཤད། །སཱ་ལུ་འབྲས་དང་སོ་བ་དང་། །ཏི་ལ་དཀར་པོ་དང་ཡུངས་ཀར་དང་། །ནས་དང་དཱུར་བའི་ ས་བོན་བཅས། །མར་དང་འོ་མར་བསྲེས་ནས་སུ། །སྦྲང་རྩི་བསྲེས་བའི་འོ་ཐུག་ནི། །ཁྱད་པར་དུ་ནི་བསྲེག་པར་བྱ། །འོ་མ་ཅན་གྱི་ཤིང་ལྔ་ལས། །སོར་མོ་བཅུ་བཞིར་ལྡན་པའི་ཚད། །ཞི་བའི་དུས་ལ་བབ་པ་ན། །བསྲེག་པའི་ཆོ་གའི་མཆོག་ཡིན་ནོ། །ཏིལ་ ནག་པོ་དང་མ་ཤ་དང་། །སཱ་ལུ་དམར་པོའི་ཟན་དང་ནི། །དྲི་དང་གུར་གུམ་འོ་མ་ནི། །མར་དང་སྦྲང་རྩིར་བསྲེས་བ་དང་། །མར་དང་ལྡན་པའི་འོ་ཐུག་དག །ཁྱད་པར་དུ་ནི་བསྲེག་པར་བྱ། །འོ་མ་ཅན་གྱི་ཤིང་ལྔ་ལས། །ཡམ་ཤིང་སོར་བཅུའི་ཚད་དང་བཅས། ། གལ་ཏེ་རྒྱས་པའི་ལས་འདོད་ན། །སྒྲུབ་པོས་ཁྱད་པར་བསྲེག་པར་བྱ། །ཏིལ་ནི་དམར་དང་གནག་པ་དང་། །ནཱ་ག་གེ་སར་པྲི་ཡང་ཀུ། །དེ་བཞིན་སྐེ་ཚེའུ་སུ་དང་། །སྦྲང་རྩི་དང་ནི་མར་སར་སྦྱར། །ཐང་ཤིང་དང་ནི་ནྱ་གྲོ་དང་། །ཀླུ་ཤིང་དང་ནི་བ་ཤ་ཀ། །ཡམ་ ཤིང་སོར་མོ་བཅུ་གཉིས་པ། །ཆགས་པའི་ལས་ལ་མཆོག་ཡིན་ནོ། །ཏིལ་ནག་པོ་དང་མ་ཤ་དང་། །པ་ལ་ཏ་ཀ་ནག་ཆེན་འབྲས། །ཚ་བའི་མར་ནག་ཁྲག་དང་ནི། །བསྲེས་པ་ཡིས་ནི་བྱུགས་པ་དང་། །ལུང་ཏང་ཤིང་དང་སྐུར་པོའི་ཤིང་། །བ་ལོ་ཏ་ཀ་ཀུ་ལིའི་ཤིང་། ། ཡམ་ཤིང་སོར་བརྒྱད་པ་ཡི་ཚད། །མངོན་སྤྱོད་ལས་ལ་རབ་ཏུ་གྲགས། །ཡུངས་ཀར་མོན་སྲན་གྲེའུ་དང་སེའུ། །ལམ་གྱི་རྡུལ་དང་བསྲེས་པ་དག །ཁྲག་དང་ཁ་བའི་མར་ནག་གིས། །དེ་ནི་བསྒོ་བར་རབ་ཏུ་གྲགས། །གསེར་ཤིང་དང་ནི་བ་ཤ་ཀའི། །ཡམ་ཤིང་ དེར་ནི་བཟུང་ནས་ནི། །དེ་ཉིད་ལས་ལ་བསྲེག་བྱ་བ། །བསྐྲད་པ་དག་ལ་རབ་ཏུ་གྲགས། །ཉ་དང་ཤ་ལ་སོགས་པའི་རྫས། །བག་ཕྱེ་འབྲུ་རྣམས་ཐམས་ཅད་དག །ཁྲག་དང་སྦྲང་རྩིས་བསྒོས་པ་དང་། །བྱ་རོག་གི་ནི་སྒྲོ་དག་དང་། །བྱ་རོག་ཚང་གི་ཤིང་པུ་དང་། །སོ་ཤིང་ འཆོས་ནས་བོར་བ་སྟེ། །འདི་དག་བཅིང་བའི་ལས་རྣམས་ལ། །བརྩོན་དང་ལྡན་པས་སྦྱོར་བ་བྱ། །དེ་ནས་གཞན་ཡང་ཁྱད་པར་དུ། །སྦྱིན་སྲེག་མཚན་ཉིད་བཤད་པར་བྱ། །ཞོ་དང་མར་དང་སྦྲང་རྩི་ཡིས། །བསྒོས་པ་ཡི་ཤྲི་བ་ལ་ནི། །བྱང་ཆུབ་ཤིང་གི་ཡམ་ ཤིང་ལ། །ལྔ་བརྒྱ་རུ་ནི་བསྲེག་པར་བྱ། །དེ་ཡི་དབུས་སུ་མཉམ་བཞག་ནས། །སྨོན་ལམ་བཏབ་སྟེ་ཁྲུས་བྱས་ན། །རྒྱལ་སྲིད་ཉམས་པའང་མྱུར་དུ་ནི། །ས་གསུམ་རྒྱལ་པོ་དབང་དུ་འགྱུར། །མར་དང་འོ་མ་སྦྲང་རྩིར་བཅས། །ལོ་ཏའི་ཡམ་ཤིང་མེ་ལ་ནི། ། བརྒྱ་ཕྲག་བརྒྱ་རུ་མངོན་བསྲེགས་ན། །ཤིན་ཏུ་མྱུར་བར་དཔལ་ལྡན་འགྱུར། །བྱ་བ་གང་དང་གང་བསམས་པ། །དེ་དེ་ཐམས་ཅད་འདིར་འགྲུབ་འགྱུར། །དེ་ནས་ཡོངས་གཟུང་སློབ་མ་ཡི། །མཚན་ཉིད་དག་ནི་བཤད་པར་བྱ། །ཡན་ལག་ཐམས་ཅད་ཡོངས་ སུ་རྫོགས། །དུལ་ཞིང་སྤྱོད་པ་ཞི་བ་དང་། །ཆོས་གསུམ་ལ་ནི་མངོན་པར་དད། །ཐེག་པ་ཆེ་ལ་རྟག་ཏུ་དགའ། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །བཟོ་དང་སྒྱུར་རྩལ་ཐམས་ཅད་མཁས། །བསམ་གཏན་སྦྱོར་བ་མངོན་པར་དགའ། །ཐོས་དང་ ཀློག་སོགས་གུས་དང་བཅས། །དུས་རྣམས་ཀུན་ཏུ་བླ་མར་གུས། །སྦྱིན་སོགས་དགེ་བའི་ལས་ལ་བརྩོན། །འདོད་ལ་དགའ་བ་མ་ཡིན་ཞིང་། །ལོངས་སྤྱོད་ལ་ནི་བརྟེན་པ་མིན། །ཁྲོ་དང་ང་རྒྱལ་མེད་པ་དང་། །དང་ཚུལ་ངན་མ་ནི་ཚིག་རྩུབ་མིན། །སེམས་ཅན་ཀུན་ ལ་སྨོད་པ་དང་། །ལྷ་དང་བླ་མ་དེ་བཞིན་ཏེ། །གདུག་སེམས་ཅན་དང་ངང་ཚུལ་ཅན། །རྟག་ཏུ་སྡིག་པའི་བློ་དང་ལྡན། །འཁྱལ་པ་དང་ནི་ཚིག་རྩུབ་སྨྲ། །འདི་ལྟ་བུ་དག་སྤང་བར་བྱ། །གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་བ་དང་པོའོ།། །། ནུ་ཡི་སྦྱིན་སྲེག་ཇི་ལྟ་བུ། །ལྷ་ལས་གཟིགས་མོ་ཉན་པར་འཚལ། །ཆུ་ཡི་སྦྱིན་སྲེག་ལ་སོགས་པའི། །མཚན་ཉིད་དག་ནི་ཇི་ལྟར་ལགས། །ཆུ་སོགས་ཡང་དག་མཚན་ཉིད་རྣམས། །ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །བླ་རེ་དག་ནི་བྲེས་ནས་སུ། །སྣ་ཚོགས་གོས་ རྣམས་རབ་ཏུ་དབྱངས། །ཤིན་ཏུ་ཡངས་ཤིང་གྲུ་བཞི་པར། །ཀུན་ཏུ་དྲི་ཡིས་བྱུག་པར་བྱ། །དབུས་སུ་ཆུ་ཡི་སྣོད་སོགས་ལ། །དྲི་ནི་དཀར་པོས་བྱུགས་ནས་སུ། །ཆུ་དང་འོ་མར་བསྲེས་པ་ཡིས། །སྣོད་ནི་མཛེས་པར་དག་པར་བྱ། །བུམ་པ་དག་ནི་བརྒྱད་པོ་ཡང་། །ཕྱོགས་ བརྒྱད་དག་ཏུ་གཞག་པར་བྱ། །དྲི་ཡི་ཅུ་ཡིས་རབ་ཏུ་དགང་། །ཁ་ནི་ཤིང་ལོ་སར་པས་བརྒྱན། །བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ། །སྐད་ཅིག་གིས་ནི་བསྐྱེད་ནས་སུ། །མེ་ཏོག་བདུག་སྤོས་དྲི་སོགས་པའི། །དངོས་པོས་བདག་ཉིད་མཆོད་བྱས་པའི། །དེ་འོག་ ཕྱི་རོལ་གཞག་པ་ཡིས། །ཆུ་ཡི་ལས་རྣམས་སྦྱར་བར་བྱ། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །པདྨའི་ཚུལ་དུ་ཅུང་ཟད་དབྱེ། །ཨོཾ་ཀ་མ་ལེ་བྷི་སྭཱ་ཧཱ། པདྨའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པའི། །པདྨ་ཆུ་ཡི་ནང་བཀོད་ལ། །གདུགས་ དཀར་པོ་ཡིས་གཡོགས་པ་ཡི། །ས་བོན་དབུས་སུ་བསྒོམ་པར་བྱ། །རང་གི་དབུགས་ལས་བྱུང་བ་ཡི། །ས་བོན་ལས་ནི་གཟུགས་སུ་བསྐྱེད། །སེམས་དཔའི་སྐྱིལ་ཀྲུང་ཕྱག་གཉིས་ལྡན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཕྱག་གཉིས་རྡོ་རྗེ་དབྱུག་ པ་བསྣམས། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །བཞད་ཅིང་ལ་སྒེག་དང་བཅས། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །དམ་ཚིག་ཕྱག་རྒྱ་སོགས་བསྟན་ཞིང་། །དམ་ཚིག་སྔགས་དང་སྦྱར་བར་བྱ། །ལག་གཉིས་ཕན་ཚུན་ཁུ་ཚུར་བཅིངས། །མཛུབ་ མོ་གཉིས་ནི་བརྐྱང་ནས་སུ། །མཛུབ་མོ་གཉིས་ཀྱིས་མདུད་པར་བྱ། །དམ་ཚིག་ཕྱག་རྒྱར་རབ་ཏུ་གྲགས། །ཨོཾ་ས་མ་ཡེ་ཏིཥྛ་ཧཱུྃ་ཕཊ། དམ་ཚིག་གི་སྔགས་དང་ཕྱག་རྒྱའོ། །ཤར་གྱི་བུམ་པ་རྡོ་རྗེ་མ། །བྱང་དུ་དྲག་མོ་ཞེས་བྱ་བ། །ནུབ་ཏུ་རོ་ལངས་མ་ ཡིན་ཏེ། །ལྷོ་ཕྱོགས་སུ་ནི་གཏུམ་མོ་གནས། །སེང་གེ་ཞེས་བྱ་དབང་ལྡན་དུ། །དེ་བཞིན་མེ་མཚམས་སྟག་མོའོ། །བདེན་བྲལ་ན་ནི་ཅེ་སྤྱང་མོ། །ཧཱུྃ་བྱེད་འུག་པ་རླུང་གི་ཕྱོགས། །སོ་སོ་སོ་སོར་མཚན་མ་དང་། །དམ་ཚིག་ཕྱག་རྒྱར་བསྟན་པར་བྱ། །རང་གི་ གཟུགས་ཀྱི་སྐུ་མདོག་ལྡན། །སྔགས་དང་ཕྱག་རྒྱ་བསྟན་པའོ། །མེ་ཏོག་བདུག་སྤོས་དྲི་ལ་སོགས། །མཁས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །གཡོན་པ་སྙིང་གར་བཞག་ནས་སུ། །གཡས་པས་སྟེང་ནས་དབུབ་པར་བྱ། །རྩ་ བའི་ཕྱག་རྒྱར་རབ་ཏུ་གྲགས། །ཨོཾ་ཛྲུཾ་ཧཱུྃ་སྭཱ་ཧཱ། རྩ་བའི་སྔགས་དང་ཕྱག་རྒྱའོ། །ཀུནྡ་ལ་སོགས་མེ་ཏོག་དཀར། །རྩེ་མོར་དཱུར་བ་བཙུགས་ནས་སུ། །ལྷ་མོའི་དབུ་སྟེང་རྡོ་རྗེ་ཡི། །ཅོད་པན་ལ་ནི་གཏོར་བར་བྱ། །གསང་སྔགས་ལན་རེ་བཟླས་ནས་སུ། །ལན་ རེའི་སྦྱོར་བས་དབུལ་བར་བྱ། །ལན་གྲངས་ཁྲི་ཡི་ལས་ཀྱིས་ནི། །ཐམས་ཅད་རིག་ཅིང་ཚེ་འཕེལ་འགྱུར། །ཀ་ར་བཱི་རའི་མེ་ཏོག་དམར། །དཱུར་བ་དང་ནི་ལྡན་པ་ཡི། །ལས་ནི་ཁྲི་ཕྲག་བྱས་པ་ཡིས། །ཁྱིམ་རྣམས་ཞི་བར་རབ་ཏུ་གྲགས། །ནཱ་ག་པུཥྤའི་ཡ་མ་ཤིང་གི། ། འོ་མར་སྦགས་ཏེ་དབུལ་བར་བྱ། །ལས་འདི་ཁྲི་ཕྲག་བྱས་པ་ཡིས། །གྲོང་ནི་ཞི་བར་བྱེད་པར་འགྱུར། །པདྨ་ཡི་ནི་ཡམ་ཤིང་རྣམས། །ཁྲི་ཕྲག་དུ་ནི་བཟླས་ནས་སུ། །ལས་རྣམས་ཀུན་ལ་སྦྱར་བྱས་ན། །ཡུལ་ཕྱོགས་ཞི་བར་བྱེད་པར་འགྱུར། །བྲི་ ཡངྐུ་དང་བིལ་བ་དང་། །དེ་བཞིན་ཨུཏྤལ་ཀུ་མུ་ཏ། །རྒྱལ་པོའི་ལས་ལ་སོགས་སྦྱར་ནས། །ཕ་རོལ་ཡུལ་འཁོར་འཇོམས་པར་འགྱུར། །སྔགས་པས་རྟག་ཏུ་སྐྱོང་ཆུ་གཏོར། །བྱེ་བྲག་ཏུ་ནི་རྒྱས་པར་འགྱུར། །གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ ཕྱེ་བ་གཉིས་པའོ།། །།འཁོར་བའི་ཕ་རོལ་སྒྲོལ་མཚན་ཉིད། །ཉོན་ཅིག་རྡོ་རྗེ་རྒྱལ་ཆེན་པོ། །དངོས་དང་དངོས་མེད་རྣམ་པར་གྲོལ། །དག་དང་མ་དག་རབ་ཏུ་སྤངས། །དངོས་པོ་གཉིས་ནི་རབ་སྤངས་པས། །གཉིས་མེད་ཆོས་ཞེས་བྱ་བ་སྟེ། ། གཟུགས་སྟོང་ཐོག་མར་མཐར་ཐུག་དང་། །དབུ་མ་མཉམ་པར་གནས་པའོ། །དག་དང་མ་དག་དབུ་མ་ནི། །འབའ་ཞིག་གིས་ནི་མཉམ་པར་བལྟ། །བསྟེན་དང་བསྟེན་མེད་དབུ་མ་ཡི། །མཉམ་ཉིད་ཡེ་ཤེས་ལས་བྱུང་བ། །ལུས་ནི་མཉམ་པར་གནས་པ་སྟེ། ། ངག་ཀྱང་མཉམ་པར་གནས་ནས་སུ། །མཉམ་ཉིད་ཡེ་ཤེས་ལས་བྱུང་བས། །མཉམ་པའི་ལྟ་བས་བལྟ་བར་བྱ། །མཉམ་པའི་ལྟ་བ་ཇི་ལྟ་བུ། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །གཉིས་མེད་ཆོས་ཞེས་བགྱི་བ་ཡི། །བདག་ཉིད་ཇི་ལྟར་འཚལ་བར་བགྱི། ། གཉིས་མེད་ཡེ་ཤེས་མཚན་ཉིད་ནི། །ཇི་བཞིན་དེ་ཉིད་རྡོ་རྗེས་ཉོན། །དངོས་པོ་གཉིས་ནི་རབ་སྤངས་ལ། །ཡེ་ཤེས་ཅན་གྱིས་གཉིས་མེད་ཆོས། །རྣལ་འབྱོར་ཀུན་གྱི་འོག་མ་རུ། །དག་པ་རྣམ་གསུམ་བརྗོད་པར་བྱ། །ཨོྃ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོྃ་ཡོ་ག་ཤུདྡྷཿསརྦྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། བླ་མེད་ཉིད་དུ་བྱ་བའི་ཕྱིར། །ཐལ་མོ་སྦྱར་ནས་དེ་དག་བརྗོད། །ཡིད་དུ་འོང་བའི་ས་ཕྱོགས་ཀྱི། །གནས་དག་ཏུ་ནི་བརྟེན་ནས་སུ། །བླ་རེ་དག་ནི་བྲེ་བར་བྱ། །སྣ་ཚོགས་གོས་ ནི་དབྱངས་ནས་སུ། །བདག་རྒྱལ་མཚན་བསྒྲེང་བར་བྱ། །གཡེར་ཀ་དྲངས་མཛེས་བྱས་ལ། །གནས་བཅུ་དག་ནི་ཀུན་ཏུ་ཡང་། །དེ་བཞིན་དྲི་ཡི་དཀྱིལ་འཁོར་བྱ། །སྐད་ཅིག་རྣལ་འབྱོར་ཚུལ་གྱིས་ནི། །རང་གི་ལུས་ནི་བསམ་པར་བྱ། །ཡེ་ཤེས་མཁའ་འགྲོ་ བཟུང་ནས་ནི། །བདག་ཉིད་མཆོད་པས་མཉེས་པར་བྱ། །ལག་པ་གན་རྐྱལ་བཞག་ནས་སུ། །དེར་ནི་རྡོ་རྗེ་བརྟག་པར་བྱ། །གནས་ལྔ་དག་ཏུ་བསྟིམ་པར་བྱ། །ས་འོག་ཏུ་ནི་སྤྱང་བར་བྱ། །ཕྱག་འཚལ་འཇོམས་པའི་མཐའ་ལྡན་པའི། །ཧཱུྃ་ཞེས་བྱ་བ་སྦྱར་བར་ བྱ། །ལྷུན་པོའི་སྟེང་དུ་བསམ་བྱ་བ། །ཁ་དོག་བཞི་སོགས་ལྡན་པ་ཡི། །གསེར་ལས་བྱུང་བའི་གྲོང་ཁྱེར་ནི། །རིན་ཆེན་བདུན་ལ་སོགས་པས་སྔས། །གཡེར་ཀའི་དྲ་བའི་ཕྲེང་བ་ཅན། །མཉམ་ཞིང་ཇི་ལྟར་འདོད་པས་དབྱངས། །ཕྱག་རྒྱ་ཀུན་གྱི་ཐོག་ མར་ནི། །དམ་ཚིག་ཕྱག་རྒྱ་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིང་ལ། །གཡོན་པ་སྙིང་གར་བཞག་ནས་སུ། །གཡས་པ་མཆན་ཁུང་གཞུག་པར་བྱ། །དམ་ཚིག་ཕྱག་རྒྱ་ཤེས་པར་བྱ། །ཕྱག་འཚལ་བསྲེག་པའི་མཐའ་ལྡན་པའི། །ཇི་ལྟར་རྡོ་རྗེ་ དངོས་ས་བོན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དེ་བཞིན་དམ་ཚིག་བསྟན་པར་བྱ། །སེང་གེའི་གདན་ནི་རྣམ་པ་ལྔ། །གནས་ལྡན་དག་ཏུ་སྦྱར་བར་བྱ། །ཉི་མའི་གདན་ནི་བསམས་ནས་སུ། །གདུགས་དཀར་པོ་ཡིས་བརྒྱན་པར་བྱ། །རང་གི་དབུགས་ ལས་བྱུང་བ་ཡི། །ཡེ་ཤེས་མཁའ་འགྲོ་དབུས་སུ་བསམ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན། །སྐྲ་གྲོལ་བས་ནི་གཡོགས་པ་སྟེ། །སངས་རྒྱས་ལྔ་ཡིས་མཛེས་པར་བྱ། །ཁ་དོག་སྔོན་མོ་དྲག་ཆེན་མོ། །སྤྲུལ་ གྱི་རྒྱན་གྱིས་རྣམ་པར་བཀླུབས། །བཞད་དང་ཁྲོ་དང་སྒེག་པ་ཡི། །ཞལ་གསུམ་པོ་ནི་སྤྱན་གསུམ་པོ། །ཧ་ཧར་བཞད་ཅིང་གཙིགས་པ་སྟེ། །ན་བཟའ་དམར་པོས་ཤིན་ཏུ་མཛེས། །ཁ་ཊྭཱྃ་གྱེན་དུ་བསྒྲེང་བ་དང་། །གཉིས་པ་ན་ནི་དགྲ་སྟ་ཉིད། །གསུམ་ པ་ན་ནི་རྡོ་རྗེ་ཐོགས། །གཡོན་པས་དྲིལ་བུ་སྒྲ་སྒྲོགས་ཤིང་། །གཉིས་པ་ན་ནི་སྣོད་ཉིད་དེ། །གསུམ་པས་དེ་བཞིན་རལ་གྲི་འཕྱར། །འོད་ཟེར་སྣ་ཚོགས་འབར་བ་རུ། །དབུས་སུ་མཁས་པས་བསྒོམ་པར་བྱ། །ཡེ་ཤེས་ཀྱི་ནི་ཤར་ཕྱོགས་ སུ། །བདག་གི་ཆུ་ལས་བྱུང་བ་སྟེ། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །སྐྲ་གྲོལ་བ་ནི་རྣམ་པར་བཀླུབས། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཕྱག་ན་ཁ་ཊྭཱྃ་རྣལ་འབྱོར་སྣོད། །ཤིན་ཏུ་མཛེས་པའི་ ན་བཟས་བཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཡི། །རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །ཡེ་ཤེས་ཀྱི་ནི་བྱང་གི་ཆར། །བདག་གི་མེ་ལས་བྱུང་བ་ཡི། །ཁ་དོག་སེར་པོ་ཤིན་ཏུ་མཛེས། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན། །སྐྲ་གྲོལ་བས་ནི་ཤིན་ཏུ་བརྒྱན། ། སྤྲུལ་གྱི་རྒྱན་གྱིས་རྣམ་པར་བཀླུབས། །སྐུ་ལ་ན་བཟའ་མཛེས་པ་མན་པས། །ཕྱག་གཉིས་ཁ་ཊྭཱྃ་རྣལ་འབྱོར་སྣོད། །མཁའ་འགྲོ་དྲག་མོ་ཞེས་བྱ་བསྒོམ། །ཡེ་ཤེས་ཀྱི་ནི་ནུབ་ཕྱོགས་ཆར། །བདག་གི་རླུང་ལས་བྱུང་བ་ཡི། །ཕྱག་གཉིས་སེམས་དཔའི་སྐྱིལ་ ཀྲུང་ཅན། །ཁ་དོག་དམར་པོ་ཀུན་ཏུ་འོང་། །ཁ་ཊྭཱྃ་རྣལ་འབྱོར་སྣོད་བསྣམས་ཤིང་། །སྐྲ་གྲོལ་བས་ནི་མཛེས་པ་སྟེ། །ལུས་ཀུན་སྤྲུལ་གྱི་རྒྱན་གྱིས་བརྒྱན། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འོད་ཟེར་སྣ་ཚོགས་འབར་བ་ཡི། །མཁའ་འགྲོ་རོ་ལངས་ མ་བསྒོམ་བྱ། །ཡེ་ཤེས་ཀྱི་ནི་ལྷོ་ཡི་ཆར། །ས་ཡི་ཡེ་ཤེས་ལས་བྱུང་བ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན། །ཁ་དོག་སྔོན་པོ་ཤིན་ཏུ་མཛེས། །ཁ་ཊྭཱྃ་རྣལ་འབྱོར་སྣོད་བསྣམས་ཤིང་། །རྒྱན་རྣམས་ཀུན་གྱིས་བཀླུབས་པ་སྟེ། །སྐྲ་གྲོལ་བས་ ནི་ཤིན་ཏུ་མཛེས། །ཧ་ཧར་རྒོད་པས་འཇིགས་པར་མཛད། །འོད་ཟེར་སྣ་ཚོགས་འབར་བ་ཡི། །མཁའ་འགྲོ་གཏུམ་མོ་ཞེས་བྱར་བསྒོམ། །བདག་དངོས་ལྔ་ལས་བྱུང་བ་ཡི། །མཁའ་འགྲོ་མ་ནི་ལྔ་ཞེས་བྱ། །ལྔ་པོ་ལྔ་རུ་བསྒོམ་པར་བྱ། །གཟུགས་ སོགས་ཤིན་ཏུ་མཛེས་པ་ཡིན། །དབང་ལྡན་གྱི་ནི་ཕྱོགས་ཀྱི་ཆར། །སེང་གེའི་གདོད་ནི་བསམ་པར་བྱ། །ཁ་དོག་དཀར་ཞིང་སེར་བ་སྟེ། །གླང་པོ་ཡི་ནི་སྟན་ལ་བཞུགས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ཅན། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འོད་ ཟེར་སྣ་ཚོགས་འབར་བ་ཡིས། །འབར་བའི་ལུས་ཅན་བསྒོམ་པར་བྱ། །མེ་མཚམས་སྟག་མོ་ཞེས་བྱ་བ། །རིན་ཆེན་བདུན་གྱི་སྟན་ལ་བཞུགས། །ཕྱག་གཉིས་ཁ་དོག་དཀར་ཞིང་སྔོ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ལག་ན་ལྕགས་ཀྱུས་བརྒྱན་པ་ སྟེ། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །འོད་ཟེར་སྣ་ཚོགས་འབར་བ་ཡི། །འབར་བའ་ལུས་ཅན་བསྒོམ་པར་བྱ། །བདེན་བྲལ་ལྷ་མོ་ཅེ་སྤྱང་མོ། །ཧ་ཧ་བཞད་པས་འཇིགས་པར་མཛད། །མ་ཧཱ་ཡི་ནི་གདན་ལ་བཞུགས། །མདོག་ནི་དམར་ཞིང་ སྔོ་བ་སྟེ། །སྐུ་ལ་ན་བཟའ་མཛེས་པ་གསོལ། །ཕྱག་གཉིས་ལྕགས་ཀྱུ་ཞགས་པ་དང་། །སྡིགས་མཛུབ་ཀྱིས་ནི་ཤིན་ཏུ་མཛེས། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་བཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །རླུང་ མཚམས་ལྷ་མོ་འུག་པ་མོ། །ཁ་དོག་སེར་ཞིང་དམར་བ་སྟེ། །ཀླུ་ཡི་སྟན་ལ་ཡང་དག་བཞུགས། །རྒྱན་དུའང་དེ་ཉིད་སྦྱར་བར་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན། །སྡིགས་མཛུབ་ལྕགས་ཀྱུ་ཞགས་པ་བསྣམས། །འོད་ཟེར་སྣ་ཚོགས་འབར་བ་ ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །དབུས་ཀྱི་མཁའ་འགྲོ་མ་བརྒྱད་ཀྱི། །ཕྱི་རོལ་དག་ནི་རྣམ་བཞི་ལ། །ཤར་དུ་མཁའ་འགྲོ་རྒྱལ་དབང་མོ། །ཕྱག་གཉིས་ཁ་དོག་དཀར་པོ་སྟེ། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །སྦྲུལ་གྱི་རྒྱན་གྱིས་བཀླུབས་ པ་སྟེ། །ཤིན་ཏུ་དྲག་ཅིང་སྐྲ་གྲོལ་པས། །འོད་ཟེར་སྣ་ཚོགས་ཡང་དག་འབར། །ལག་གཉིས་ཁ་རུ་བཅུག་ནས་ནི། །ཧ་ཧར་བཞད་པས་ཤིན་ཏུ་འབར། །བྱང་ན་འབར་མ་རྒྱལ་དབང་མོ། །ཁ་དོག་སེར་མོ་ཤིན་ཏུ་འབར། །སྤྱི་བོའི་སྟེང་དུ་ལག་པ་གཉིས། ། ཐལ་སྦྱར་མར་མེ་ལྟ་བུ་འབར། །དྲག་མོའི་གཟུགས་ཅན་ཚིག་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟས་བརྒྱན། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །འོད་ཟེར་མེ་ལྟར་འབར་པ་བསྒོམ། །ནུབ་ཀྱི་ལྷ་མོ་འཇིབ་བྱེད་མ། །ཁ་དོག་དམར་མོ་འཇིགས་ བྱེད་ཅན། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །རབ་ཏུ་མཛེས་པའི་གོ་བགོས་ཤིང་། །ཡི་དགས་སྟན་ལ་ཀུན་ཏུ་གནོན། །ལག་ཏུ་སྐུད་པ་དམར་ཁྱེར་ཞིང་། །ཐལ་མོ་སྦྱར་ཏེ་ཁྲག་འཐུང་མ། །དྲག་མོ་མེ་ལྟར་འབར་བའི་འོད། །ལྷ་མོ་འཇིབ་བྱེད་རབ་ཏུ་གྲགས། ། ངག་འཕྲོག་མ་ནི་ལྷོ་ཕྱོགས་སུ། །ཁ་དོག་ནག་མོ་མཉམ་པའི་འོད། །ཡི་དགས་སྟན་ལ་གནས་པ་ཡི། །སྐྲ་ནི་གྱེན་དུ་འབར་བརྒྱན་པའི། །རབ་ཏུ་མཛེས་པའི་དམར་པོའི་གོས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་ཡི། །སྡིགས་མཛུབ་གཏུན་ཤིང་ལག་ན་ཐོགས། ། རྣམ་པར་རྨོངས་བའི་སེམས་ཅན་སྒྲོལ། །དྲག་མོ་མེ་ལྟར་འབར་བའི་འོད། །ཐམས་ཅད་ཀུན་ནས་མཁས་པས་བསྒོམ། །དེ་དག་གི་ནི་གཟུགས་མདུན་དུ། །དམ་ཚིག་དག་ནི་བསྟན་པར་བྱ། །རླུང་དང་མེ་ཡི་བདུན་དོན་ལ། །རྡོ་རྗེ་མ་ཡི་ས་བོན་དབྱེ། །སྒྲ་དང་ ཐིག་ལེ་ཡང་དག་མནན། །ཆར་བའི་རྒྱུན་ཞེས་བྱ་བར་བརྗོད། །ཕྱག་འཚལ་དང་པོ་སྲེག་བྱེད་མཐའ། །ཡེ་ཤེས་མཁའ་འགྲོའི་ས་བོན་ཡིན། །དབྱངས་ཐོག་དང་པོའི་ས་བོན་ནི། །ཕྱག་འཚལ་དང་པོ་སྲེག་བྱེད་མཐའ། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མའི། ། ས་བོན་དུ་ནི་རབ་ཏུ་གྲགས། །དབྱངས་ཡིག་ཡི་གེ་གཉིས་པ་ནི། །ཕྱག་འཚལ་སྲེག་བྱེད་སྦྱར་བར་བྱ། །འདི་ནི་བྱང་གི་ཕྱོགས་གནས་པ། །མཁའ་འགྲོ་དྲག་མོའི་ས་བོན་ཡིན། །ས་བོན་དག་ནི་འདི་ཉིད་ལ། །དབྱུག་པ་གློ་རུ་གཞག་པར་བྱ། །ཕྱག་འཚལ་དང་པོ་ སྲེག་བྱེད་མཐའ། །ནུབ་ཕྱོགས་རོ་ལངས་མ་ཡི་ཡིན། །ས་བོན་དག་ནི་འདི་ཉིད་ལ། །སྟེང་དུ་ཐིག་ལེ་སྦྱིན་པར་བྱ། །ཕྱག་འཚལ་སྲེག་པ་མཐར་སྦྱར་པ། །ལྷོ་ཕྱོགས་གཏུམ་པ་མོ་ཡི་ཡིན། །མ་ནིང་ས་བོན་དང་པོ་ནི། །ཕྱག་འཚལ་སྲེག་བྱེད་མཐའ་དང་ སྦྱར། །དབང་ལྡན་ལྷ་མོ་སེང་གེ་མའི། །ས་བོན་དུ་ནི་རབ་ཏུ་གྲགས། །མ་ནིང་ས་བོན་གཉིས་པ་ནི། །ཕྱག་འཚལ་སྲེག་བྱེད་མཐའ་དང་སྦྱར། །མེ་མཚམས་ལྷ་མོ་སྟག་མོ་ཡི། །དེ་ཁོ་ན་ཉིད་ས་བོན་བཤད། །དེ་བཞིན་མ་ནིང་ས་བོན་གསུམ། །ཕྱག་འཚལ་ སྲེག་བྱེད་མཐའ་དང་སྤེལ། །བདེན་བྲལ་ལྷ་མོ་ཅེ་སྤྱད་མ། །ཁྱད་པར་གྱི་ནི་ས་བོན་ཡིན། །མ་ནིང་ཡི་གེ་བཞི་པ་ལ། །ཕྱག་འཚལ་སྲེག་བྱེད་མཐའ་དང་སྦྱར། །རླུང་མཚམས་ཧཱུྃ་བྱེད་འུག་པ་མོའི། །ས་བོན་དུ་ནི་རབ་ཏུ་སྦྱར། སྡེ་ཆེན་དག་ནི་ལྔ་བ་ཡི། །ཡི་གེ་ དག་ནི་གཉིས་པ་བཟུང་། །ས་བོན་རྩ་བར་སྒྲ་དང་སྦྱར། །ཕྱག་འཚལ་ཐོག་མར་སྲེག་བྱེད་མཐའ། །ཤར་གྱི་མཁའ་འགྲོ་རྒྱལ་དབང་མོའི། །ས་བོན་དུ་ནི་ཤེས་པར་བྱ། །སྡེ་ཚན་དག་ནི་ལྔ་པ་ཡི། །དེ་བཞིན་ཡི་གེ་གཉིས་པ་གཟུང་། ཨེ་དང་ཐིག་ལེར་སྦྱར་ བར་བྱ། །ཕྱག་འཚལ་ཐོག་མ་སྲེག་བྱེད་མཐའ། །བྱང་ཕྱོགས་ལྷ་མོ་འབར་བྱེད་མའི། །ས་བོན་ཡི་གེ་སྦྱར་བར་བྱ། །སྡེ་ཚན་དག་ནི་ལྔ་པ་ཡི། །ཡི་གེ་གཉིས་པ་བཟུང་བར་བྱ། །ཨོ་དང་རེ་ཕ་ཐིག་ལེར་བྱ། །ཕྱག་འཚལ་ཐོག་མར་སྲེག་བྱེད་མཐར། །ནུབ་ ཕྱོགས་ལྷ་མོ་འཇིབ་བྱེད་མའི། །ཁྱད་པར་གྱི་ནི་ས་བོན་ཡིན། །སྡེ་ཚན་དག་ནི་ལྔ་པ་ཡི། །ཡི་གེ་གཉིས་པ་བཟུང་ནས་སུ། །རེ་བའི་ཡི་གེ་ལྕགས་ཀྱུ་སྦྱར། །ཕྱག་འཚལ་སྲེག་པའི་མཐའ་སྦྱར་བ། །ལྷོར་གནས་ལྷ་མོ་འཕྲོག་བྱེད་མའི། །ས་བོན་དུ་ནི་རབ་ ཏུ་གྲགས། །ཁུ་ཚུར་གཉིས་ནི་བཅིངས་ནས་སུ། །དབུ་མ་གཉིས་ནི་བརྐྱང་ནས་ཀྱང་། །རྩེ་མོ་ཕན་སྤྲད་ནས་ནི། །ཡེ་ཤེས་ལྷ་མོར་བསྟན་པར་བྱ། །ལག་གཉིས་ཕན་ཚུན་སྦྱར་ནས་སུ། །དབུ་མ་དག་ནི་མཐེ་བོང་སྤྲད། །ཅུང་ཟད་ཅིག་ནི་བསྐྱེད་ པར་བྱ། །ཤར་ཕྱོགས་རྡོ་རྗེ་མ་ལ་བསྟན། །ཁུ་ཚུར་མཉམ་པར་བཅིངས་ནས་སུ། །མཐེ་བོང་གཉིས་ནི་བརྐྱང་བྱས་ལ། །བྱང་གི་ཕྱོགས་ནས་བརྩམས་ནས་སུ། །རྒྱ་འདི་དྲག་མོ་ལ་ཡང་བསྟན། །ཕྱག་རྒྱ་འདི་ནི་བཅིངས་ནས་སུ། །མཐེ་ཆུང་གཉིས་ནི་ བརྐྱང་བར་བྱས། །ནུབ་ཏུ་གནས་པའི་རོ་ལངས་མའི། །ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ། །གུང་མོ་གཉིས་ནི་བརྐྱང་བར་བྱ། །ལྷོ་ཕྱོགས་སུ་ནི་བཤད་པ་སྟེ། །དེ་ནི་ཕྱག་རྒྱ་བཞི་པའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཁྲོ་བོ་ གཉིས་ནི་བརྐྱང་ནས་སུ། །རྩེ་མོ་སྤྲད་དེ་གནས་པ་ནི། །མཚམས་བཞི་ཡི་ནི་ཕྱག་རྒྱ་ཡིན། །ལག་གཉིས་ཐལ་མོ་ཁར་བཅུག་ནས། །ཕུ་ཞེས་བྱ་བ་སྦྱར་བར་བྱ། །ཤར་ཕྱོགས་མཁའ་འགྲོའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཐལ་མོ་ཁ་སྦྱར་ནས། །སྤྱི་བོ་ རུ་ནི་གཞག་པར་བྱ། །བྱང་དུ་གནས་པའི་འབར་མ་ལ། །ཕྱག་རྒྱ་འདི་ནི་བསྟན་པར་བྱ། །ཕྱག་འཚལ་ཐལ་མོ་སྦྱར་ནས་སུ། །ཁ་རུ་གཞག་སྟེ་ཧཱུྃ་ཞེས་བྱ། །ནུབ་ཕྱོགས་ལྷ་མོ་འཇིབ་བྱེད་མའི། །ཕྱག་རྒྱ་རུ་ནི་སྦྱར་བར་བྱ། །ལག་གཉིས་ཀུན་ཏུ་བསྐོར་བྱས་ནས། ། སོར་མོ་རྣམས་ཀྱི་རྩེ་མོར་སྦྱར། །གསང་བའི་གནས་སུ་གཞག་ནས་ཀྱང་། །ལྷོ་ཕྱོགས་འཕྲོག་བྱེད་མ་ལ་བསྟན། །ཕྱག་འཚལ་དང་ནི་སྲེག་པ་ཡི། །དབུས་སུ་ཧཱུྃ་ཞེས་བྱ་བ་སྦྱར། །ལག་པ་ཀུན་ཏུ་བརྐྱང་ལ་སོགས། །དྲི་སྔགས་ཕྱག་རྒྱར་རིག་པར་བྱ། །བདུད་ རྩི་རོ་དང་ཐིག་ལེར་བཅས། །ཕྱག་འཚལ་དང་ནི་སྲེག་པ་མཐའ། །དྲི་ཡི་ཕྱག་རྒྱ་བརྐྱང་ནས་སུ། །ཁྲོ་བོ་དང་ནི་མཐེ་བོང་སྦྱར། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །ཐམས་ཅད་རིག་པས་ཐམས་ཅད་དབུལ། །སྡེ་ཚན་དང་བོའི་དང་པོ་ནི། །ཕྱག་འཚལ་ཐོག་མ་སྲེག་ བྱེད་མཐའ། །ཕྱག་རྒྱ་དེ་ཉིད་སྦྱར་ནས་སུ། །དབུ་མའི་སོར་མོ་བསྒྲེང་བར་བྱ། །བདུག་པའི་སྔགས་དང་ཕྱག་རྒྱ་ཡིས། །ལྷ་རྣམས་ཐམས་ཅད་མཆོད་པར་བྱ། །དགུ་མཐའ་ཡི་ནི་ས་བོན་གཟུང་། །ཕྱག་འཚལ་དང་ནི་སྲེག་བྱེད་མཐའ། །ཁུ་ཚུར་བཅིངས་ནས་ མཐེ་བོང་བསྒྲེང་། །མར་མེའི་སྔགས་དང་ཕྱག་རྒྱའོ། །ལྷ་རྣམས་ཐམས་ཅད་མཆོད་པར་བྱ། །སྡེ་ཚན་དང་པོའི་གསུམ་པ་གཟུང་། །སྒྲ་དང་ཐིག་ལེར་སྦྱར་བ་དང་། །ཕྱག་འཚལ་དང་ནི་སྲེག་བྱེད་མཐའ། །གཏོར་མའི་ཕྱག་རྒྱ་དང་ནི་སྦྱར། །ལག་པ་གཉིས་ ནི་སྦྱར་ནས་སུ། །མཐེ་བོང་གུང་མོ་སྦྱར་བྱ་བ། །ཐམས་ཅད་དུ་ནི་སྐད་ཅིག་བསྐྱོད། །གཏོར་མའི་སྔགས་ནི་སྔ་མར་སྦྱར། །གཉིས་མེད་གཏོར་མ་སྔ་མ་བཞིན། །དེ་ཉིད་འདི་ཡི་མཆོད་པར་བྱ། །སྔོན་དུ་རྫས་ནི་རྣམ་པ་ལྔ། །སྣ་ཚོགས་པ་ཡི་ལྕགས་ཀྱུ་དང་། ། དྲི་དང་མེད་ཏོག་པ་དུག་པ་སོགས། །སྔགས་དང་ཕྱག་རྒྱ་ཕུལ་ནས་ཀྱང་། །ཕྱི་ནས་མཆོད་པ་ཉི་ཤུ་ཡིས། །མཁས་པ་ཡིས་ནི་མཆོད་པར་བྱ། །ཧཱུྃ་ཞེས་པ་ཡི་གླུ་བླངས་ནས། །རྣལ་འབྱོར་མ་ལུས་མཉེས་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྐེད་པའི་ མཚམས་སུ་བཞག་ནས་ནི། །ཡན་ལག་གསུམ་དུ་ཧཱུྃ་གིས་བསྐྱོད། །པི་ཝང་ཚུལ་དུ་བསྒྲེང་པ་དང་། །གླིང་བུའི་ཚུལ་དུ་འབུད་པ་དང་། །ཟངས་དུང་ཚུལ་དུ་འབུད་པ་དང་། །ཅང་ཏེའི་ཚུལ་གྱིས་བརྡུང་བ་དང་། །དཀྲོལ་བའི་ཚུལ་གྱིས་དཀྲོལ་བ་དང་། །པ་ཊ་ ཧ་ལྟར་བརྡུང་བ་དང་། །གར་གྱི་ཚུལ་གྱིས་བསྐྱོད་པ་དང་། །བསིལ་གཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང་། །བླ་རེའི་ཚུལ་དུ་བྲེས་པ་དང་། །བ་དན་ཚུལ་དུ་འཕྱར་བ་དང་། །གདུགས་ཀྱི་ཚུལ་དུ་དབུབ་པ་དང་། །རྫ་རྔའི་ཚུལ་ དུ་བརྡུང་བ་དང་། །རྔ་ཟླུམ་ཚུལ་དུ་བརྡུང་བ་དང་། །འཛུམ་པའི་ཚུལ་དུ་བཞད་པ་དང་། །ཁྲོ་བའི་ཚུལ་དུ་ཁྲོ་བ་དང་། །སྒེག་པའི་ཚུལ་དུ་སྒེག་པ་དང་། །འགྱིང་བའི་ཚུལ་གྱིས་རོལ་པ་དང་། །མདའ་འདྲེན་ནུ་མར་འཁྱུད་པ་དང་། །རྡོ་རྗེ་གསོར་ཞིང་ཕྱག་ འཚལ་བའི། །ཕྱག་འཚལ་ཚུལ་དུ་འདུད་པ་སྟེ། །རྣལ་འབྱོར་མ་བརྒྱད་དེ་ཉིད་ཀྱི། །དངོས་པོ་ཀུན་གྱིས་མཆོད་པར་བྱ། །དེ་ཉིད་དབྱངས་སུ་བླངས་ནས་སུ། །ཧཱུྃ་ཞེས་བྱ་བ་བདག་གིས་སྤྲུལ། །ཧཱུྃ་གིས་གླུ་ནི་བླང་པར་བྱ། །རྡོ་རྗེ་དགའ་བའི་མཐུ་དང་སྤྱན་གྱིས་ གཟིགས། །ཡི་གེའི་དངོས་པོར་རང་བཞིན་སྟོང་པར་རོལ། །དངོས་དང་དངོས་མེད་ལས་གྲོལ་དབུ་མ་མཁྱེན། །མི་འགྱུར་དགྲ་བཅོམ་ལྷག་མ་སེམས་པའོ། །གཉིས་སྤྲོད་གཉིས་འཁྱུད་ཆུ་ཡི་བྱ་བ་ཅན། །གཉིས་མེད་ཆོས་སྐྱེས་ཐར་པའང་བརྙེས་པའོ། །བདེ་བས་ འཁོར་མནན་ཐར་པའང་བཏང་བའོ། །ཐམས་ཅད་དངོས་ཀྱིས་རྣལ་འབྱོར་མ་རྣམས་རོལ། །རྣལ་འབྱོར་མ་ལྔ་སངས་རྒྱས་དེ་ཉིད་མཁྱེན། །གཟུགས་མང་སྒྱུ་མས་སེམས་ཅན་སྨིན་མཛད་པ། །རྡོ་རྗེ་ཀུན་རྟོགས་ཆོས་ཀྱི་རྨོངས་པ་གཅོད། །རྣལ་ འབྱོར་མ་རྨོངས་སྙིང་ཆོས་ཚོགས་ལ་འདུད། །རྣལ་འབྱོར་མ་ཡི་ཆོས་གྲོལ་ངེས་པའི་གཙོ་ལ་འདུད། །སེམས་ཅན་གྲོལ་མཛད་རྣལ་འབྱོར་བདག་ལ་བསྟོད་ཕྱག་འཚལ། །ཐམས་བདག་སྐྱེས་གཅིག་དངོས་དེ་ལ་བསྟོད་ཕྱག་འཚལ། །འཁོར་བའི་རྒྱ་མཚོ་ རྨོངས་གཅོད་པ་བསྟོད་ཕྱག་འཚལ། །དེ་ཉིད་གཅིག་ལ་རྟག་ཏུ་བདག་འདུད་བསྟོད་ཕྱག་འཚལ། །ཞེས་བྱ་བས་ཁྱད་པར་དུ་བསྟོད་ཅིང་། གླུ་དང་བསྟོད་པས་ཉེ་བར་མཆོད་པར་བྱའོ། །བར་བར་དུ་ཧཱུྃ་གི་སྒྲ་དང་དྲིལ་བུ་བསྒྲགས་ལ་སྨོན་ལམ་རྣམ་པ་གསུམ་ གདབ་པར་བྱའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །སྙིང་གའི་ཕྱོགས་སུ་བཙིར་བར་བྱ། །ཨོཾ་སྭ་བྷཱ་བ་སུདྡྷཱཿསརྦྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཱཿསརྦྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཱཿསརྦྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། གཡས་པ་པདྨ་བསམས་ནས་ སུ། །གཡོན་པ་རྡོ་རྗེ་བསྒྲེངས་ནས་ཀྱང་། །པདྨའི་བསྐོར་བས་བསྐོར་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟེན་པར་བྱ། །ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་ཅན་གྱིས་མཚུངས་བ་རུ། །ལྷ་རྣམས་ཐམས་ཅད་ བསམ་པར་བྱ། །འཇིག་རྟེན་ལ་སོགས་ཡེ་ཤེས་ཅན། །ཕྱི་ཡི་དཀྱིལ་འཁོར་བརྟག་པར་བྱ། །སོ་སོར་དྲི་ཡིས་མཆོད་པ་དང་། །སོ་སོར་མེ་ཏོག་གཏོར་བ་དང་། །སོ་སོར་བདུག་པས་བདུག་པ་སོགས། །སོ་སོར་སྦྱོར་བར་དབུལ་བར་བྱ། །བདུད་རྩི་ལྔ་ནི་ བསྲེས་ནས་སུ། །ཉ་ཕྱིས་ལ་སོགས་དབུལ་བར་བྱ། །ཧ་ཞེས་བྱ་པས་ཁ་དོག་དབྲོག །ཧོ་ཞེས་བྱ་བས་དྲི་གཞོམ་སྟེ། །ཧྲཱིཿཞེས་བྱ་བས་ནུས་པ་གཞོམ། །གོ་རིམས་དེ་ལྟར་མངོན་པར་བརྗོད། །རྣམ་གསུམ་ལན་གསུམ་བརྗོད་ནས་སུ། །ལྷ་གསུམ་དུ་ནི་ བསམ་པར་བྱ། །པདྨའི་དབང་ཕྱུག་གཟུགས་མཛེས་གསེར་གྱི་མདོག །དྲི་ཆུའི་ངོ་བོ་ཤིན་ཏུ་རྣམ་སྣང་མཛད། །མྱང་བ་རྡོ་རྗེའི་དབང་ཕྱུག་ཕྱག་རྡོ་རྗེ། །ལྷ་གསུམ་དབང་ཕྱུག་ཏུ་ནི་བསྒོམ་པར་བྱ། །གཡོན་པ་ཟླ་བའི་ལག་པ་ཡི། །ཟླ་བའི་དབུས་སུ་བདུད་རྩི་ ཡི། །ཡི་གེ་ཀུན་རིག་གུག་བསྐྱེད་བཅས། །མཐེ་བོང་སོར་མོ་ས་ཉིད་དེ། །སྲིན་ལག་དག་ནི་རི་རབ་བོ། །བསྲུབས་པའི་སྟོབས་ཀྱིས་བདུད་རྩི་ཡི། །ཆུ་ནི་རྣམ་གསུམ་ཤེས་པར་བྱ། །རྣལ་འབྱོར་མ་ནི་ཐམས་ཅད་ལ། །མཐེ་བོང་འཐོར་འཐུང་སོ་སོར་དབུལ། ། དེ་འོག་རང་གི་དངོས་པོ་ཡིས། །བདག་ཉིད་ལ་ནི་བསམ་བྱ་བ། །རྒྱས་པ་ལྔ་ཡི་མཆོད་རྟེན་ནི། །རྣམ་པ་གསུམ་གྱིས་བཀྲུ་བར་བྱ། །ལྕེ་རྩེ་ཐིག་ལེ་སྟེང་དུ་ཡང་། །བློ་དང་ལྡན་པས་གནས་གསུམ་མཆོད། །ལྟོས་ཤིག་ཤིན་ཏུ་མཛེས་པའི་ཆོས། །འདི་ལ་ རྟོག་པ་ཡོད་མིན་ཐོང་། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །རྣལ་འབྱོར་ཕོ་མོའི་འཁོར་ལོ་ལ། །ཚིགས་བཅད་འདི་ཡིས་སྦྱིན་པར་བྱ། །པདྨའི་བསྐོར་བ་སྔོན་འགྲོ་བས། །སེམས་ནི་ཤེལ་ལྟར་བསམས་ནས་སུ། ། གཡས་པ་པདྨའི་གདན་ལ་ནི། །རྡོ་རྗེ་རྩེ་གསུམ་བསྒྲེང་བར་བྱ། །འདོད་ཆགས་དྲི་མ་དང་བྲལ་བའི། །རིན་ཐང་མེད་ལས་ལེགས་འོངས་ཆོས། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་ཁོ་ན་ཉིད་བདག་ཕྱག་འཚལ། །ཚིགས་བཅད་འདི་ཡིས་བླང་ བྱས་ཏེ། །སྦྱོར་བའི་དངོས་གྲུབ་དོན་དུ་ནི། །ཀུན་སྤྱོད་དེ་ཉིད་ཇི་བཞིན་དུ། །རྣལ་འབྱོར་པ་ཡིས་ཀུན་ཏུ་སྦྱར། །ཇི་ལྟར་བདེ་བས་ཀུན་ཞེས་བརྗོད། །དམར་པོ་ཡི་ནི་རྫས་རྣམས་ཀྱིས། །མཎྜལ་གྲུ་གསུམ་གསུམ་དུ་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །མཐེ་ཆུང་གཉིས་ནི་བསྒྲེངས་ནས་སུ། །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །གཡས་པ་ཅུང་ཟད་བསྐུམ་ནས་སུ། །སྦྱར་བས་ཕྱག་རྣམས་སྤྱན་དྲང་ངོ་། །ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུྃ་ཛཿསྭཱ་ཧཱ། སྤྱན་དང་བའི་སྔགས་ དང་ཕྱག་རྒྱའོ། །མེ་ཏོག་དམར་པོ་འདུག་པ་དང་། །དྲི་དང་མར་མེ་ལ་སོགས་དབུལ། །རྒྱས་པའི་གཏོར་མའི་སྣོད་ལ་ནི། །ཉེ་བའི་ལོངས་སྤྱོད་གཏོར་མར་ལྡན། །ཤ་རློན་དང་ནི་ཉ་ལ་སོགས། །བཟའ་བའི་རྫས་རྣམས་ཐམས་ཅད་ལ། །བདུད་ རྩི་ལྔ་དང་བཅས་པར་དགོད། །གཡོན་གྱི་ཆ་རུ་སྣོད་གཞག་ལ། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་རི་སུལ་དང་། །གྲོང་དང་བཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང་། །གདོལ་བ་སྣོད་དང་ཐང་དང་ ནི། །ཁྱད་པར་དུ་ནི་ཚུལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཅིགས་དང་མི་སྡུག་དང་། །རྒ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང་། །མི་སྡུག་མ་དང་ཨུ་མ་དང་། ། རྒྱལ་མ་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྤོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་ འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་ཕྲེང་ཅན་དང་ཁ་ཊྭཱྃ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་བཞིན་གཞུ་ཅན་ལ། །ལྷ་ཡི་དབང་ཕྱུག་མ་རྣམས་ནི། །དེ་བཞིན་ཆེན་མོ་མཁའ་འགྲོ་ལྔ། །ལས་ ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག ། ཨོཾ་ཀཀྐ་ཌྛྷ་ན། བབྦནྡྷ་ན། ཁཁྑད་ན། སརྦྦ་དུཥྚཱཾ་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་མུ་ཀསྱ་ཤཱནྟིཾ་ཀུ་རུ་སཱུྃ་ཧཱུྃ་ཕཊ་ཛཿསྭཱ་ཧཱ། བདུད་རྩི་ཡིས་ནི་ཁ་བགང་ནས། །ལས་ཀྱི་གོ་འཕང་མངོན་པར་བམ། །རྣལ་འབྱོར་རྣལ་འབྱོར་མ་བསྒོམས་སྟེ། །ལས་རྣམ་ ཐམས་ཅད་རྗེས་སུ་འགྲུབ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །ཨོཾ་ཏིཥྛ་ཧཱུྃ་བྷཀྵ་བྷཱཀྵ་ཛཿཕཊ་སྭཱ་ཧཱ། ཇི་བཞིན་ལས་སྦྱོར་སྔགས་སྦྱར་ནས། །གཏོར་མའི་ལས་ལ་སོགས་པ་སྦྱར། །ཞི་རྒྱས་དབང་དང་དགུག་པ་དང་། །གསད་ བསྐྲད་དབྱེ་དང་བཅིང་བ་ལ། །ཕྱི་རོལ་གཏོར་མ་དེ་ཉིད་ཀྱིས། །གཏོར་མའི་ལས་ལ་སོགས་པས་སྒྲུབ། །དེ་ནས་མཆོད་པའི་ཁྱད་པར་ལས། །རུང་དང་མི་རུང་རྣམ་པར་སྤང་། །ལྕགས་ཀྱུ་ལ་སོགས་རྣམ་པ་ལྔ། །དེ་ཉིད་ལྔ་རུ་བྱ་བ་སྟེ། །ལྕགས་ཀྱུ་ཆེ་ལ་ དགོད་པ་ནི། །ཡེ་ཤེས་ལྷར་ནི་འདོད་པ་སྟེ། །རྡོ་རྗེ་ལྕགས་ཀྱུར་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུར་རིན་ཆེན་དབང་། །རྒྱལ་པོའི་ལྕགས་ཀྱུར་དོན་ཡོད་གྲུབ། །གཡོ་བའི་ལྕགས་ཀྱུར་འོད་དཔག་མེད། །ལྕགས་ཀྱུ་ལྔ་ལ་སོགས་པ་ལ། །དེ་ཉིད་ཐམས་ཅད་ སྦྱར་བར་བྱ། །གང་ཞིག་འདོད་པས་ལྷ་ཀུན་དང་། །རྣལ་འབྱོར་མ་ཀུན་ཚིམ་པར་བྱ། །འདོད་ལ་དགའ་བ་མ་ཡིན་ཞིང་། །ལོངས་སྤྱོད་ཕྱིར་ནི་བསྟེན་མི་བྱ། །རང་འདོད་ཐམས་ཅད་དེ་ཉིད་དེ། །མཆོད་པའི་ལས་ལ་སོགས་པ་བྱ། །དེ་ཡི་དབུས་སུ་དཔའ་བོ་ རྣམས། །ཨཱ་ལི་ཀཱ་ལི་སྦྱར་བར་བྱ། །ཨཱ་ལི་ཀཱ་ལི་རབ་སྦྱོར་གྱིས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །དེ་ཡི་དབུས་ནས་བྱུང་བ་ཡི། །བདུད་རྩིའི་རོ་ཀུན་མྱང་བར་བྱ། །རྫས་རྣམས་ཀུན་གྱི་ལྷག་མ་དག །ཕྱི་ཡི་དཀྱིལ་འཁོར་དུ་ནི་བརྟག །ཧཱུྃ་ཞེས་བྱ་བའི་ གླུ་ཡིས་ནི། །བཀྲ་ཤིས་སྒྲ་ཡིས་དགང་བར་བྱ། །ལུས་ཅན་དོན་ཕྱིར་ཤེས་རབ་གསོལ་བཏབ་པ། །ཀུན་འཁྱུད་ལ་སོགས་གཉིས་ཀྱིས་གཉིས་སྤྲོད་ཅིང་། །སྒྱུ་མ་ལྟ་བུར་སྦྱོར་བས་ཤིན་ཏུ་བརྒྱན། །སྲིད་པ་ལས་སྒྲོལ་ཁྱོད་ལ་ཕྱག་འཚལ་ལོ། །རང་འདོད་བཀྲ་ ཤིས་སྒྲ་དང་ནི། །ཧཱུྃ་ཧཱུྃ་བརྗོད་ཅིང་དྲིལ་བུ་གསིལ། །རྡོ་རྗེ་ཐལ་མོ་བཅིངས་ནས་ནི། །སྙིང་གའི་གནས་སུ་རབ་གཞག་ལ། །མ་ལུས་སེམས་ཅན་ཀུན་གྱི་ཕྱིར། །སྨོན་ལམ་དག་ནི་གདབ་པར་བྱ། །སེམས་ཅན་ཐམས་ཅད་ནད་མེད་ཅིང་། །སེམས་ཅན་ཐམས་ ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་ དགོད། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པའི་སྙིང་གར་གཞག་པར་བྱ། །གཡས་པས་ལ་བརྐྱང་ནས་ནི། །དེ་ཡི་འོག་ཏུ་གཤེགས་སུ་གསོལ། །ཨོཾ་ཨཱཏྨ་ཏིཥྛ་ཧཱུྃ་སྭཱ་ཧཱ། དེ་ནས་རང་གི་དབུགས་ཀྱིས་ནི། །བདག་གི་ལུས་ལ་བསྟིམ་པར་བྱ། ། སྐད་ཅིག་ཚུལ་གྱི་རྣལ་འབྱོར་གྱིས། །བདག་གི་དངོས་པོ་མཆོད་པར་བྱ། །ཨོཾ་སརྦྦ་དུཥྚཾ་གྲཾཧྟཱ་གཙྪ་ཧཱུྃ་ཕཊ། སེ་གོལ་གསུམ་ནི་གཏོགས་པ་ཡིས། །ཕྱི་རོལ་ལྷ་རྣམས་གཤེགས་སུ་གསོལ། །གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་བ་གསུམ་ པའོ།། །།བདུད་རྩི་ལྔ་ཡི་ཁྱད་པར་དང་། །གང་གིས་ལྕགས་ཀྱུ་ལྔ་པོ་བརླབས། །དངོས་དང་དངོས་མེད་རྣམ་པར་རྟོག །གཉིས་མེད་གཉིས་སུ་མེད་པའི་ཆོས། །གཉིས་ཀྱི་རྟོག་པ་ཇི་ལྟར་སྤང་། །ཨཱ་ལི་ཀཱ་ལི་ཇི་ལྟར་ལགས། །རྣལ་འབྱོར་ བསྟན་བཅོས་ཚུལ་རྣམས་ནི། །ཕྱི་རོལ་ཕྱག་རྒྱའི་སེམས་ནི་ཅི། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་རྡོ་རྗེ་བདུད་རྩིའི་ཆུ། །ལྔ་ཡི་བདག་ཉིད་རབ་ཏུ་འཇུག །རེག་ན་དྲོ་བ་མེ་ཡིན་ཏེ། །དུ་བ་ལྟར་ སྣང་རླུང་ཡིན་ནོ། །སླ་བའི་རང་བཞིན་ཆུ་ཞེས་བྱ། །གཟུགས་སུ་སྣང་བས་ཡིན་ནོ། །ཡེ་ཤེས་བྱིན་བརླབས་རྡོ་རྗེའོ། །ལྷ་ལྔ་རུ་ནི་བསྒོམ་པར་བྱ། །མ་ལུས་ཆུ་ཡི་དབྱིབས་དང་ནི། །ཟད་པར་བྱ་བ་མེ་ཉིད་དང་། །དེ་བཞིན་རྟག་ཏུ་རླུང་དང་ནི། །དད་པ་མཚུངས་ དོན་ས་དབང་པོ། །ཡེ་ཤེས་ཀྱི་ནི་ཡི་གེ་ལྔ། །སྒྲ་དང་ཐིག་ལེར་སྦྱར་བར་བྱ། །དེ་ཡི་དབུས་སུ་ཟླ་བ་ཡི། །དབུས་སུ་བདུད་རྩིའི་ཡི་གེའོ། །ལྔ་པོ་ལྔ་རུ་བརྗོད་པར་བྱ། །དངོས་དང་དངོས་མེད་ལས་གྲོལ་བའི། །རྡོ་རྗེ་ཆུ་ནི་སྦྱངས་པ་ཡིས། །དེས་ནི་གཏི་མུག་ བསྲིངས་པ་ཡིན། །ཕྱི་རོལ་བདུད་རྩི་རྫས་བཟང་པོ། །མེ་ཡིས་བཙོས་ནས་སྤྱངས་པ་ལྟར། །ལྷ་སོགས་མེ་ཡིས་བཙོས་ནས་ནི། །ལྷག་མ་བཤང་དང་གཅི་བ་ཡིན། །མེ་ཡིས་བཙོས་ནས་སྦྱང་མེ་ཡི། །དབུས་སུ་སྦྱིན་སྲེག་རྟག་ཏུ་དབུལ། །རྡོ་རྗེ་ཆུ་ཡི་ ས་བོན་ནི། །ས་བོན་བབས་པས་བཟླས་ནས་ཀྱང་། །དེ་ཡི་དབུས་སུ་ཉི་མ་ལ། །དུར་ཁྲོད་ཡི་གེ་བསམས་ནས་སྲེག །དངོས་དང་དངོས་མེད་ལས་གྲོལ་བས། །དེ་ཕྱིར་རྨོངས་ལས་རིང་དུ་འགྱུར། །པདྨའི་དབང་ཕྱུག་གཟུགས་མཛེས་ཤིན་ཏུ་སྡུག །དྲི་ ཆུའི་ངོ་བོ་ཤིན་ཏུ་རྣམ་སྣང་མཛད། །མྱང་བ་རྡོ་རྗེ་དབང་ཕྱུག་ཕྱག་རྡོ་རྗེ། །ལྷ་གསུམ་རྣམ་གསུམ་དུ་ནི་ཤེས་པར་བྱ། །ཧ་ཞེས་པ་ཡིས་ཁ་དོག་དབྲོག །ཧོ་ཞེས་པ་ཡིས་དྲི་གཞོམ་སྟེ། །ཧྲཱིཿཞེས་བྱ་བས་ནུས་པ་གཞོམ། །གོ་རིམས་དེ་ལྟར་མངོན་པར་བརྗོད། ། བདུད་རྩི་ཅུ་ཞེས་བྱ་བ་སྟེ། །ལྟ་ནི་རྣམ་པ་གསུམ་དུ་གྲགས། །དངོས་དང་དངོས་མེད་ལས་གྲོལ་བས། །དེ་ཕྱིར་རྨོངས་པ་རིང་དུ་སྤོང་། །ཨཱ་ལི་བུང་བ་ཞེས་བརྗོད་དེ། །བུང་བ་རྡོ་རྗེ་འཇིགས་བྱེད་ཡིན། །ཨཱ་ལི་ནམ་མཁའི་མཐས་གཏུགས་པའི། །ཆོས་ ཀྱི་དབྱིངས་ནི་རང་བཞིན་ཏེ། །རྒྱུ་དང་མི་རྒྱུ་གསང་བློ་ཅན། །ལུས་ནི་མ་ལུས་བསྐྱེད་པའོ། །བཅུ་དང་བརྒྱད་ཀྱི་རྩ་རྣམས་ནས། །དབང་པོ་ཀུན་གྱི་བདུད་རྩི་རྣམས། །དེ་ཡི་དབུས་ནས་དྲངས་ནས་སུ། །ཨཱ་ལིའི་དབུས་སུ་ཐིམ་པར་འགྱུར། །འཇིགས་བྱེད་རྡོ་རྗེ་ སྒྲ་ཡིས་ཏེ། །སྦྱོར་བའི་རྫས་རྣམས་སྐྱེ་བ་ཡིན། །རླུང་དང་མེ་ཡི་བདུན་དོན་ལ། །རྡོ་རྗེ་མ་ཡི་ས་བོན་སྦྱར། །སྒྲ་དང་ཐིག་ལེས་ཡང་དག་མནན། །ཆར་པའི་རྒྱུན་ཞེས་བྱ་བར་བརྗོད། །དབྱངས་ཡིག་དང་པོ་མཆོག་ས་བོན། །དེ་ཡི་དབུས་སུ་གཟུང་བར་བྱ། ། དངོས་དང་དངོས་མེད་ལས་གྲོལ་བ། །དེ་ཕྱིར་རྨོངས་ལས་རིང་དུ་འགྱུར། །ཀཱ་ལི་མེ་ཏོག་ཀུན་ཏུ་མནན། །རྡོ་རྗེ་ཅན་གྱི་ལུས་མེ་ཏོག །འཁོར་བ་ཐམས་ཅད་བསྐྱེད་པ་སྟེ། །ས་དང་ཀུན་གྱི་མ་ཞེས་བྱ། །ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདིར། །དེ་བཞིན་ཤེས་རབ་ཆུ་ སྲིན་ཉ། །གཉིས་མེད་འདམ་གྱི་དབུས་སུ་ནི། །ཐབས་ཀྱི་མྱུ་གུ་དེ་བཞིན་ཏེ། །བནྡུ་ཀ་ལྟར་ཁ་ཕྱེ་བའི། །སྦྲང་རྩི་བདུད་རྩི་ཡི་གེར་གནས། །ཀཱ་ལི་བདུད་རྩི་དེ་ཉིད་ནི། །མེ་ཏོག་ཆུ་ཡིས་དེ་བཞིན་བསྐོར། །ཡི་གེ་གཉིས་འགྱུར་ཐིག་ལེ་ དང་། །རྩ་བར་སྒྲ་ནི་ཡང་དང་སྦྱར། །ཡི་གེའི་ས་བོན་དེ་ཉིད་ནི། །ལྷ་རྣམས་ཀྱི་ནི་རིགས་ཀྱི་ཡུམ། །ཟླ་བའི་དབུས་སུ་བསམ་པར་བྱ། །བདུད་རྩིའི་ས་བོན་བསྒོམས་པ་ཡིས། །དངོས་དང་དངོས་མེད་ལས་གྲོལ་བ། །དེ་ཕྱིར་རྨོངས་པ་ཀུན་ཏུ་སྤོང་། ། ཨཱ་ལཾ་བུང་བ་ཞེས་བྱར་བརྗོད། །ཀཱ་ལི་དེ་བཞིན་གཤེགས་མ་ཡིན། །ལུས་གཉིས་པོ་ལས་སྐྱེས་པ་དག །བདུད་རྩི་ཡི་ནི་ཆོ་ག་མཆོག །སྡེ་ཚན་གསུམ་པ་གང་ཡིན་པའི། །ཡི་གེ་གསུམ་པ་གཟུང་བྱ་བ། །དབྱུག་པ་ཕྱི་མོ་རྡོ་རྗེ་ཅན། །ལུ་གུ་རྒྱུད་ཀྱིས་དཀྲི་ པར་བྱ། །བདུད་རྩི་ལྔ་ཡི་དེ་ཉིད་ཀྱིས། །ལུས་ཅན་བདག་ཉིད་པ་ཀྲུ་བར་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང་། །གང་གིས་ཤེས་འགྱུར་འཆི་མི་འགྱུར། །འགྲོ་བའི་སྒོ་ནི་མཐོང་འགྱུར་ཞིང་། །དག་པའི་ལུས་ནི་སྐྱོན་མེད་པར། །བདུད་རྩི་སྦྱོར་བ་ཀུན་ཤེས་ པས། །རང་དགར་བདུད་རྩི་མྱང་བར་བྱ། །བཟའ་བ་ལྔ་ཡི་བྱེ་བྲག་གི། །དེ་ཉིད་ཇི་བཞིན་རྡོ་རྗེར་ཉོན། །གང་ཞིག་ཤེས་ནས་ཟོས་པ་ཡིས། །མྱུར་དུ་འགྲོ་བ་མཐོང་བར་འགྱུར། །བློ་ཆེན་དང་ནི་ངག་དང་ནི། །རིགས་ལ་འགྲན་དང་རེག་འགྲོ་དང་། ། ལྕགས་ཀྱུ་ཆེན་པོ་རྣལ་འབྱོར་པས། །ཤེལ་དང་འདྲ་བས་ལོངས་སྤྱད་བྱ། །རྣམ་ཤེས་ས་བོན་བཟླས་ནས་ནི། །དེ་ཡི་ས་བོན་གཟུང་བར་བྱ། །ཤེལ་གྱི་སེམས་ཀྱིས་ལོངས་སྤྱོད་ན། །རྣལ་འབྱོར་རྨོངས་པ་གཅོད་པར་འགྱུར། །དག་པའི་སེམས་ཀྱིས་བཟའ་ བར་བྱ། །བགེགས་ཀྱི་ལྕགས་ཀྱུ་གཅིག་ཡིན་ཏེ། །དེ་ཡི་ཡན་གལ་ལ་སྦྱར་བ། །ཧཱུྃ་ཞེས་བྱ་བའི་ས་བོན་གྱིས། །ལྕགས་ཀྱུ་རུ་ནི་སྦྱར་བར་བྱ། །གནས་ཀྱི་བདག་པོའི་ལྕགས་ཀྱུ་ནི། །གྲི་ཞེས་བྱ་བའི་ས་བོན་ཉིད། །རབ་ཏུ་སྦྱང་ནས་བསམས་ནས་སུ། ། རྣམ་པར་རྟོག་པ་རིང་དུ་སྤང་། །རྟ་ཡི་ལྕགས་ཀྱུའི་དབུས་གནས་པ། །ཐམས་ཅད་རིག་པས་དགོད་བྱ་བ། །རྣལ་འབྱོར་པ་ཡིས་ཛྲིཾ་ཞེས་པ། །དག་པའི་ཤེལ་ལྟར་བསམ་པར་བྱ། །རྡོ་རྗེ་ལྕགས་ཀྱུ་བྱིན་བརླབས་པས། །རྡོ་རྗེའི་ལུས་སུ་བརྗོད་པ་སྟེ། །སྲི་ཞེས་ བྱ་བ་བཀོད་དེ་བཟའ། །རྣལ་འབྱོར་པ་རྣམས་སྡིག་འབྱང་ངོ་། །བཅུ་བཞི་བ་དང་བཅྭ་ལྔ་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལ། །དངོས་གྲུབ་འདོད་པའི་རྣལ་འབྱོར་བས། །རབ་ཏུ་འབད་དེ་གཏོར་མ་སྦྱིན། །སྒྲུབ་བོས་རྣལ་འབྱོར་བསྟན་བཅོས་ལ། །རྟག་ཏུ་ མཆོད་པའི་ལས་བྱས་ན། །སྤྱོད་དང་གྲོལ་བ་གང་འདོད་དང་། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །རྒྱལ་པོའི་ཕོ་བྲང་འགྲོ་ན་ཡང་། །མྱུར་དུ་དཔལ་དང་ལྡན་པར་འགྱུར། །མཛའ་བོ་སྡུག་ཅིང་ཡིད་འོང་བར། །འཐོང་བ་ཙམ་གྱིས་འགྲུབ་པར་ འགྱུར། །དབུལ་པོ་ནོར་གྱིས་ཕོངས་པ་ཡང་། །ཁྱིམ་ནི་འབྱོར་ཞིང་རྒྱས་པར་འགྱུར། །འཆི་བའི་ཚེ་ན་རྣལ་འབྱོར་པ། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དྲི་ཞིམ་དང་ནི་སྦྱར་བ་ཡི། །རྫས་བཅུ་པོ་དག་ལྡན་པ་ལ། །ཡི་གེ་བཅུ་ཡི་སྔགས་དག་ནི། །ཕྱག་ འཚལ་བསྲེག་པའི་མཐའ་དང་ལྡན། །རྣལ་འབྱོར་པ་ཡིས་འབུམ་བཟླས་ཏེ། །མཁའ་འགྲོ་གཏོར་མའི་བྱིན་བརླབས་ལ། །སྒྲུབ་པོ་ས་འདི་ཡི་དུ་བས་འདུག །འགྲོ་བ་ཐམས་ཅད་རྨོངས་པར་འགྱུར། །གུར་གུམ་དང་ནི་སྦྱར་བ་ཡི། །རྫས་བཅུད་ཕན་ཚུན་ ལྡན་པ་ཡི། །རྣལ་འབྱོར་པ་ཡིས་ཐིག་ལེ་བྱ། །སྐྱེས་བུ་འགྲོ་ལ་སྐལ་བཟང་འགྱུར། །ཙནྡན་དང་ནི་སྦྱར་བ་ཡི། །རྫས་བཅུད་དག་ནི་ལྡན་པ་ཡི། །ཡན་ལག་དག་ནི་བྱུགས་ནས་སུ། །རིག་ན་ཤི་ཡང་མི་གཏོང་ངོ་། །དབང་པོ་ལག་དང་སྦྱར་བ་ཡི། ། རྫས་བཅུ་དག་དང་ལྡན་པ་རུ། །བཟའ་དང་བཏུང་བར་སྦྱིན་བྱས་ན། །དབང་མེད་དབང་དུ་འདུ་བར་འགྱུར། །སྔགས་ནི་ལན་འབུམ་བཟླས་ནས་ཀྱང་། །མཁའ་འགྲོའི་གཏོར་མ་བྱིན་བརླབས་ནས། །དེ་དག་ལས་སུ་སྦྱར་བར་བྱ། །ངས་བསྟན་པ་ལ་ ཐེ་ཚོམ་མེད། །གཉིས་མེད་དེད་དཔོན་གནས་སུ་ནི། །ཐིག་ལེ་བྱས་ན་གོ་ཆར་འགྱུར། །དེ་ཉིད་ཐེག་པའི་སྙིང་པོ་འདིར། །འཁོར་བ་ལས་ནི་རྒྱལ་བར་འགྱུར། །བདུད་རྩི་འོད་དང་སྐལ་བཟང་མ། །སེམས་ཅན་རྣམས་ལ་སྡུག་པར་ ལྟ། །བདེ་སྡུག་དག་ནི་འཕྲོག་བྱེད་མ། །དེ་བཞིན་སྒེག་པའི་ཉམས་ཀྱིས་མཛེས། །ཐུན་མོང་ང་རྒྱལ་བདག་འཛིན་མ། །མི་བརྩོན་མ་དང་བརྩོན་སེམས་ཅན། །སྐལ་བཟང་ལྷ་ཀུན་རྨོངས་བྱེད་མ། །ཀུན་ནས་འཇོམས་པ་ཉིད་དང་ནི། །བློ་ངན་སྲིད་པའི་ ངོ་བོ་འཇོམས། །ལྷ་མོ་བྱམས་མ་ཉིད་དང་ནི། །ཡིད་འོང་བདུད་རྩི་ལྡན་གྲགས་མ། །ཡོན་ཏན་ལྡན་པའི་ལྷ་མོ་ཉིད། །ལྷ་མོ་འདི་དག་ལས་ཀྱིས་ནི། །སྤྱོད་དང་གྲོལ་བའི་འདོད་པ་སྩོལ། །དེ་ལྟར་ཡོན་ཏན་ལྡན་ལྷ་མོ། །མཁས་པ་ཡིས་ནི་མཆོད་པར་བྱ། ། ཕོ་ཉའི་ལས་ཀྱི་བྱ་བ་ཡིས། །གྲུབ་པའི་རྣལ་འབྱོར་དོན་གྱི་ཕྱིར། །རྣལ་འབྱོར་མ་བཞིའི་སྒྲུབ་ཐབས་ནི། །བཅོམ་ལྡན་འདས་ལས་ཉན་པར་འཚལ། །ཕོ་ཉའི་ལས་སུ་སྦྱར་བ་ཡིས། །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །ལས་རྣམས་ཀུན་གྱི་སྙིང་པོ་བས། །རབ་ཏུ་ འབད་དེ་ཕོ་ཉ་བསྒྲུབ། །ཤིང་གཅིག་གི་ནི་དྲུང་དག་ཏུ། །ཆོ་ག་བཞིན་དུ་འབུམ་དུ་བཟླས། །ཁྲུ་གང་བཞི་ཆར་བཅས་པ་ཡི། །ཐང་ག་ལ་ནི་བྲི་བྱ་སྟེ། །མཐེབ་སོར་བཅུ་གཉིས་ཚད་དུ་ནི། །ཁ་དོག་སེར་པོ་ཤིན་ཏུ་མཛེས། །ཕྱག་གཉིས་མགོ་བོར་ཐལ་ སྦྱར་བའི། །འོད་ཟེར་མེ་འབར་ལྷ་མོ་བྲི། །སྒྲུབ་པའི་མདུན་དུ་བཀྲམ་ནས་སུ། །འབད་དེ་མཆོད་པའི་ཆོ་ག་བརྩམ། །དྲི་དང་མེ་ཏོག་དམར་པོ་དང་། །ཤ་སྐམ་གྱིས་ནི་བདུག་པར་བྱ། །ཤ་དང་ཉ་ཤ་བཙོང་ལ་སོགས། །ཉེ་བར་སྤྱད་པའི་གཏོར་མ་སྦྱིན། །རྫས་ ལྔ་དག་ནི་དངོས་པོ་ལྔ། །མཆོད་ནས་དེ་བཞིན་འབུམ་དུ་བཟླས། །དང་པོ་ལ་ནི་སྒྲ་འབྱུང་སྟེ། །གཉིས་པ་ལ་ནི་ཉ་དྲི་བསྣམ། །གསུམ་པར་ཤིང་ནི་འགུལ་འགྱུར་ཏེ། །བཞི་པ་ལ་ནི་མདུན་དུ་གནས། །དེ་ཡི་སྔགས་ནི་བརྗོད་ནས་ཀྱང་། །དམ་ཚིག་ཕྱག་ རྒྱ་བསྟན་པར་བྱ། །ཨོཾ་དཱི་པེ་ཤྭ་རི་ཧཱུྃ་ཕུཿ། ལག་གཉིས་ཐལ་མོ་སྦྱར་ནས་སུ། །སྤྱི་བོར་བཞག་སྟེ་བརྗོད་པར་བྱ། །དམ་ཚིག་སྔགས་དང་ཕྱག་རྒྱའོ། །བདུད་རྩི་ལྔ་ཡིས་བཀང་བ་ཡི། །དམ་ཚིག་ཆུ་ནི་སྦྱིན་པར་བྱ། །འབད་དེ་དམ་ཚིག་བྱིན་ནས་ནི། །ལག་ པ་གཡོན་པས་བཟུང་ནས་སུ། །རྣལ་འབྱོར་མ་དང་གཉིས་མེད་པས། །བྱིན་གྱིས་རློབས་ལ་བདག་སྒྲུབས་ཤིག །དེ་ནས་རང་གི་གཟུགས་བཟུང་ནས། །བཟའ་དང་བཏུང་སོགས་སྟོན་མོ་དང་། །གསེར་ལ་སོགས་པ་ཅི་ཡང་རུང་། །བཀའ་བཞིན་མྱུར་དུ་སྟེར་ བར་འགྱུར། །ཐུན་ཕྱེད་དུ་ནི་ལྷན་ཅིག་སྤྱད། །འཁྲིག་ལ་སྲེད་པའི་རྣལ་འབྱོར་ལ། །གལ་ཏེ་གྲུབ་པར་མ་གྱུར་ན། །དེ་ཚེ་དྲག་མོའི་ས་བོན་བཟླ། །ས་བོན་གཉིས་ནི་གཟིར་ཙམ་གྱིས། །འབར་ཕྱེད་མ་ཡི་སྤྱི་བོ་འགེམས། །སེམས་ཅན་དོན་འབད་སྒྲུབ་པ་ བོས། །འབར་བ་ཆུང་མར་བསྒྲུབ་པར་བྱ། །གྲུབ་པའི་མཁའ་འགྲོ་མ་གཞན་གྱི། །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །ཐང་ག་ཁྲུ་གཉིས་དམན་པ་ལ། །མཆོད་དང་གཏོར་མ་བྱིན་བརླབས་ཏེ། །དེ་འོག་གཟུགས་ནི་བྲི་བར་བྱ། །དཀར་ཞིང་དམར་ལ་ཤིན་ཏུ་མཛེས། ། ཕྱག་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ཕྱག་ན་སྡིགས་མཛུབ་ལྕགས་ཀྱུ་བསྣམས། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །འོད་ཟེར་མེ་ལྟར་འབར་ཞིང་གསལ། །མིག་གཡོན་ཧ་ཧར་བཞད་པ་བྲི། །དུར་ཁྲོད་ཀྱི་ ནི་ས་ཕྱོགས་སུ། །སྒྲུབ་པ་པོ་ཡིས་བྲིས་སྐུ་དགྲམ། །ཀུན་ཏུ་ཁྲག་གིས་བྱུགས་ནས་ནི། །མེ་ཏོག་དམར་ལ་སོགས་པས་མཆོད། །མེ་ཏོག་དྲི་དང་བདུག་པ་དང་། །ཤ་དང་ཉ་ཤ་བཙོང་ལ་སོགས། །བདུད་རྩི་ལྔ་ཡིས་བཀང་བ་ཡི། །ཉེ་བར་སྤྱོད་པའི་ གཏོར་སྦྱིན་ཅིང་། །རྣལ་འབྱོར་བསྒོམ་པས་བཟླས་ནས་ནི། །འབུམ་གྱིས་དངོས་གྲུབ་སྐྱེ་བར་འགྱུར། །ལག་གཉིས་ཐལ་མོ་བཅིངས་ནས་སུ། །ཁ་རུ་བཅུག་ནས་བགད་པར་བྱ། །ཨོཾ་ཌཱ་ཀི་ནཱི་ཧཱུྃ་ཕྲུཾ་ཕུཿ། སྒྲུབ་པའི་སྔགས་དང་ཕྱག་རྒྱའོ། །དང་པོ་ ས་ནི་གཡོ་འགྱུར་ཏེ། །གཉིས་པ་མདུན་དུ་གད་རྒྱངས་སྒྲོགས། །གསུམ་པ་མདུན་དུ་སྣང་གྱུར་ནས། །བཞི་པ་ལ་ནི་བཀའ་ལུང་ནོད། །བདུད་རྩི་ལྔ་ཡི་ཁྱད་པར་གྱི། །དམ་ཚིག་འབད་དེ་བྱིན་ནས་ནི། །གཡོག་མོ་རུ་ནི་སྒྲུབ་པ་ཡིས། །ཅི་ འདོད་བཀའ་ནི་བསྒོ་བར་བྱ། །དགྲ་རྣམས་བསད་ཅིང་གཙེ་བ་དང་། །ཡན་ལག་གཟིར་བ་གང་འདོད་པའི། །ལས་ལ་སོགས་པ་ཐམས་ཅད་ནི། །གཡོག་མོའི་ལས་ཀྱིས་བསྒྲུབ་པར་བྱ། །གལ་ཏེ་འབུམ་གྱིས་གདོན་ཟ་ན། །རྡོ་རྗེ་མ་ཡི་ས་བོན་གྱིས། །སྔོན་དུ་ བསྟན་པའི་ཆོ་ག་བཞིན། །མཁས་པས་གཟིར་པར་བྱས་ཏེ་བཟླ། །ར་དག་གི་ནི་པགས་པ་ལ། །འབད་དེ་ཐང་ག་བརྐྱང་བར་བྱ། །འཇིབ་བྱེད་མ་དེ་བྲི་རུ་གཞུག །ཁ་དོག་དམར་པོ་ཤིན་ཏུ་མཛེས། །ལུས་ལ་རྒྱན་གྱིས་བརྒྱན་པ་དང་། །མཛེས་པའི་གོས་ནི་ གྱོན་པ་བྲི། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཡས་སུ་དགྲ་སྟ་དགོད་པར་བྱ། །ལམ་གྱི་བཞི་མདོ་ཡིད་འོང་བར། །མཁས་པ་ཡིས་ནི་བསྒྲུབ་བྱ་སྟེ། །ལྕི་བ་ཡིས་ནི་བྱུག་བྱས་ལ། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །མེ་ཏོག་བདུག་པ་མར་ མེ་སོགས། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །ཁྲག་དང་ཉ་དང་ཤ་དང་བཙོང་། །བཟའ་བདག་དང་སྣ་ཚོགས་དང་། །བདུད་རྩི་ལྔ་ཡིས་དགང་བ་སྦྱིན། །འབད་དེ་གནས་པས་འབུམ་གཅིག་བཟླ། །ཨོཾ་ཙུ་ཥཱི་ནི་ཨཱ་ཀརྵ་ཡ་ཕུཿཕཊ། ལག་གཉིས་མཉམ་ པར་བྱས་ནས་ནི། །སྙིམ་པའི་ཚུལ་གྱིས་བར་བསྐྱོད་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་པ་ཡིས་འབུམ་བཟླས་པས། །འཇིབ་བྱེད་མ་ནི་འགྲུབ་འགྱུར་ཏེ། །དང་པོ་ཁྱི་ནི་དུར་བའི་སྒྲ། །གཉིས་པ་ལ་ནི་གསལ་བར་དགོད། །གསུམ་པ་ ལ་ནི་མཚོན་ཐོགས་ནས། །བསྡིགས་པའི་ཕྱིར་ནི་འོང་བར་བྱེད། །བཞི་པར་མདུན་དུ་གནས་ནས་ནི། །བདག་གིས་ཅི་བགྱི་བཀའ་སྩོལ་སྨྲ། །བདུད་རྩི་ལྔ་ཡི་ཁྱད་པར་གྱིས། །དམ་ཚིག་དག་ནི་བྱིན་ནས་སུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དབུལ་ བོ་བདག་གིས་ཁྱོད་བསྒྲུབས་སོ། །དེ་ཉི་མ་རེ་རེ་བཞིན། །གསེར་ཕྲང་ཕྱེད་སྟེར་བར་འགྱུར། །གལ་ཏེ་འབུམ་གྱིས་མ་འགྲུབ་ན། །རོ་ལངས་སྙིང་པོས་གཟིར་ཏེ་བཟླ། །ས་བོན་འདི་ཡིས་གཟིར་ཙམ་གྱིས། །འཇིབ་བྱེད་མ་ཡི་མགོ་འགེམས་སོ། །ཆུ་ འགྲམ་གྱི་ནིས་ཕྱོགས་སུ། །ཀ་མ་པོ་ཙི་ནི་བསྒྲུབ་པར་བྱ། །བ་ལང་ལ་སོགས་ཀོ་བ་ནི། །བརྐྱང་སྟེ་འཕྲོག་བྱེད་འདྲི་རུ་གཞུག །ལུས་ནི་སྦྲུལ་གྱིས་བརྒྱན་པ་སྟེ། །ཁ་དོག་སྔོན་པོ་འབར་བའི་འོད། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །གོས་དམར་བགོས་ ཤིང་ཕྱག་གཉིས་མཛེས། །རལ་གྲི་དང་ནི་ཞགས་པ་ཐོགས། །ཧ་ཧར་བཞད་ཅིང་རྣམ་གཙིགས་པ། །ཁྲག་གིས་མཎྜལ་བྱུགས་ནས་ནི། །དྲི་དང་མེ་ཏོག་བདུག་པས་བདུག །རྒྱས་པའི་གཏོར་མ་སྦྱིན་པར་བྱ། །ཤ་དང་ཉ་དང་བཙོང་ལ་སོགས། ། ཉེ་བར་སྤྱོད་པའི་གཏོར་མ་སྦྱིན། །བདུད་རྩི་ལྔ་དང་ལྡན་པ་ཡི། །སྔོན་བཞིན་ལྷ་ཡི་གཏོར་མ་སྦྱིན། །རྣལ་འབྱོར་པས་ནི་བསྒོམ་ཞིང་བཟླས། །འབུམ་གཅིག་གིས་ནི་འགྲུབ་འགྱུར་ཏེ། །དང་པོ་ཆུ་ནི་གཡོ་བར་འགྱུར། །གཉིས་པ་ལ་ནི་ཆར་ཆེན་འབེབས། ། མདུན་དུ་རྡོ་རྗེའི་སྒྲ་འབྱིན་ཅིང་། །གསུམ་པར་ཐོག་ནི་འབབ་འགྱུར་ཏེ། །བཞི་པ་ལ་ནི་མདུན་དུ་གནས། །བདུད་རྩི་ལྔ་ཡི་ཁྱད་པར་གྱི། །དམ་ཚིག་དེ་ནས་འབད་དེ་སྦྱིན། །ཨོཾ་ཀྵཾ་ཀྲུཾ་ཕྲཾ་ཕུཿཕཊ། ལག་གཉིས་ཁུ་ཚུར་བཅིངས་ནས་སུ། །དེ་ཡི་སྔགས་ནི་ བརྗོད་པར་བྱ། །སྙིང་པོ་སྔགས་དང་ཕྱག་རྒྱའོ། །མདུན་ན་ཐལ་མོ་སྦྱར་བས་ནི། །ཅི་ཞིག་བགྱི་ཞེས་བརྗོད་པར་འགྱུར། །ཏི་སེ་གངས་ཀྱི་རྩེ་རུ་ནི། །རྩེ་ཕྱིར་ཁྱོད་ཀྱིས་ང་ཁྲིད་ལ། །སླར་ཡང་འདིར་ནི་འོང་བ་དང་། །རྒྱལ་པོའི་བུ་མོའམ་གཞན་ཡང་ རུང་། །བ་འདོད་པ་དེ་ཁྲིད་དེ་ཤོག །གསེར་དང་དངུལ་དང་ཟངས་ལ་སོགས། །བཟའ་དང་བཏུང་དང་བགོ་བ་ནི། །ཇི་ལྟར་འདོད་བཞིན་ཁྱེར་ཏེ་འོང་། །ལྷ་མིའི་ཆུང་མ་གང་ཡང་རུང་། །ཏི་སེ་གངས་ཀྱི་རྩེ་རུ་ནི། །ཇི་ལྟར་འདོད་བཞིན་ཁྲིད་པར་བྱེད། ། བསྟན་པའི་ལས་ཀྱིས་མ་འགྲུབ་ན། །ལས་གཞན་གྱིས་ནི་བསྒྲུབ་པར་བྱ། །བདག་ཉིད་ཡེ་ཤེས་མཁའ་འགྲོ་མ། །མཁས་པ་ཡིས་ནི་བསྒོམས་ནས་སུ། །དེ་ཡི་རྐང་པ་གཡོན་པ་ཡིས། །མནན་ཏེ་ལྔ་བརྒྱ་བཟླས་ནས་ནི། །གདོན་ མི་ཟབ་རབ་གྲུབ་པར་འགྱུར། །གལ་ཏེ་དེས་ཀྱང་མ་འགྲུབ་ན། །དཔའ་བོའི་དབུས་སུ་བཀུག་ནས་ནི། །དུམ་བུ་དུམ་བུར་གཏུབ་པར་བྱ། །ཀྲིཾ་ཞེས་བྱ་དང་གསོད་པ་མཐའ། །ཧཱུྃ་གི་ས་བོན་བསྒོམས་པ་ཡིས། །ཐམས་ཅད་དུ་ནི་བཟའ་བར་བསམ། །དེས་ ནི་བསྒྲུབ་བྱའི་རྣལ་འབྱོར་མ། །ཐམས་ཅད་ཀྱི་ནི་དབང་ཕྱུག་མའང་། །གལ་ཏེ་མ་འགྲུབ་འཆི་བར་འགྱུར། །བསྟན་པའི་ལས་ཀྱིས་མ་འགྲུབ་ན། །བྷ་ལ་ཏ་ཀ་ནག་པོའི་ཤིང་། །མེ་འབར་བ་ཡི་དབུས་སུ་ནི། །ཁྲག་དང་བཅས་པའི་ཡུངས་ཀར་ནི། ། ཉི་མ་ཕྱེད་ན་ཧཱུྃ་ཞེས་ནི། །བརྗོད་ཅིང་བརྒྱ་རྩ་བརྒྱད་བསྲེགས་ན། །མཁའ་འགྲོ་མ་རྣམས་འཆི་འགྱུར་བའམ། །ཆོ་ངེས་འདེབས་ཤིང་འོངས་ནས་སུ། །ངེས་པར་ལས་རྣམས་སྒྲུབ་བྱེད་པར། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཁྲོ་བོ་སྔོན་པོ་མཛེས་པ་སྟེ། ། ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་གཅེས་བཅིངས་བའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ནི་འཁོར་བ་ལས་བསྒྲལ་ཕྱིར། །དཔའ་བོས་གནང་གིས་གཏང་དུ་གསོལ། །རྣལ་འབྱོར་མ་ཡི་ཚོམས་དབུས་སུ། །བཟང་པོ་སྒོ་འདི་ཕྱེ་སྟེ་ ཐོང་། །རྣལ་འབྱོར་རྣལ་འབྱོར་མ་གསང་ཆེ། །གསང་དང་གསང་བས་ཤེས་བྱ་བ། །ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །གཡས་ཀྱི་ཆ་རུ་རྣལ་ འབྱོར་པ། །གཡོན་དུ་རྣལ་འབྱོར་མ་ཉིད་དེ། །སོར་མོ་ཁར་ནི་འཇུག་བྱེད་པ། །མཁའ་འགྲོ་མ་ཡི་མཚན་མའོ། །ཐལ་མོ་སྤྱི་བོར་འཇོག་བྱེད་པ། །གྷོ་གྷུ། འབར་བྱེད་མ་ཡི་མཚན་མ་ཡི། །གུ་གྷུ། མཐེ་བོ་འཚིར་བར་བྱེད་པ་ཡི། །འཇིབ་བྱེད་མ་ ཡི་མཚན་མའོ། །མུགྷུ། ལག་པ་རྣ་བར་བརྡེ་བས་པ་ནི། །བློ་ལྡན་འཕྲོག་བྱེད་རྟགས་ཡིན་ནོ། །ལུ་གྷུ། སྣ་རྩེར་སྐྱོར་མོ་བརྡབས་པ་ནི། །ཐུགས་བདེ་མི་བདེ་འདྲི་བ་ཡིན། །ཌཥྚ། ཤ་བའི་མགོ་ལྟར་སྟོད་བྱེད་པ། །རྣལ་འབྱོར་བྱེད་པའི་མཚན་མའོ། ། གནྡྷོ་དེ། གང་ཞིག་སྨིན་མ་དབུས་རེག་པ། །ང་ཡི་སྙིང་སྡུག་གྲོགས་པོའོ། །ཨགྣེ་ད་ཧ། སོ་ཡིས་ལྕེ་ནི་འཚིར་བྱེད་པ། །ལུས་ནང་གཏོར་མ་བཟའ་ཞེས་པའོ། བྷཀྵ་སོ། ལག་པ་སྐྲ་ལ་འཇུ་བྱེད་པ། །ཁྱོད་ཀྱི་ཁྱིམ་དུ་བས་ཕྱིན་པའོ། །དྭེ་ར་ཏི། ། ལག་པ་སྙིང་གར་རེག་བྱེད་ན། །ད་ནི་ང་ཡི་ཡིད་འོང་བའོ། །རུ་ཙ་ཊ་བ་ཏ། སྣ་རྩེར་ཁུ་ཚུར་འཆང་བ་ནི། །མེད་དོ་ཞེས་ནི་སྟོན་པའོ། །ཤཱུནྱ་ཏཱ། ལག་པ་བརྐྱང་སྟེ་ལྟོར་བརྡེབས་ན། །ཕུན་སུམ་ལྡན་པར་ཡོད་ཞེས་པའོ། །བིཔྡྷ་ཀ་སི་ཌ། ལྟེ་བ་རུ་ ནི་ཉིད་བྱེད་ན། །ཁ་ཟས་བཟའ་བར་འདོད་པའོ། །ཙཎྜ་ལི་ཀ །མཛུབ་མོ་མདུན་དུ་སྟོན་བྱེད་ན། །ཞེ་ག་ནག་གཏུམ་ལ་དྲག་པ་ཡིན། །ནཱི་ལ་ད་ཎྜ་པ་ཏ། སྨིན་མ་ལ་ནི་རེག་བྱེད་ན། །འདིར་འདོད་པ་ནི་ང་ལ་སྟོན། །ཨ་ནཾ་གཱ་ཡུདྡྷ། ལྕེ་ནི་འདྲིལ་བར་ བྱེད་པ་དག །ད་ལྟར་འཆི་ཞེས་བྱ་བའོ། །དུརྐྐ་ཏི། ཀུན་ཏུ་ལྟ་བར་བྱེད་པ་ནི། །ཚེས་གྲངས་ཤེས་པར་འདོད་པའོ། །ཏཱ་ར་ག་ཎཿ། ཚེས་གཅིག་ནས་ནི་བརྩམས་ནས་སུ། །མཐེ་བོས་རི་མོ་བྲི་བར་བྱ། །ཉི་ཚོད་ཡི་གེ་ལ་སོགས་པ། །སྔར་བསྟན་བཞིན་དུ་ མདུན་དུ་རེག །གི་རི་ཏོ། སྟེང་དུ་ལྟ་བར་བྱེད་པ་ནི། །ཉིན་ཕྱེད་དགའ་བར་རོལ་པའོ། །ས་མཙྪ་ཡཱ། འཛུམ་དང་བཅས་པས་ལྟ་བྱེད་ཅིང་། །ལག་པ་ལག་པས་བཟུང་ནས་སུ། །རྒྱ་མཚོ་ལྟ་བུར་སྟོན་བྱེད་པ། །ནོར་བཟངས་བྱིན་ཞེས་བྱ་བའོ། །ཛཱིཾ་ཎྞ་བ་ཏ། ལག་གཉིས་ཁུ་ཚུར་འཆང་བྱེད་ན། །ས་ལྱ་བད། མཐེ་བོང་གིས་ནི་རིན་ལག་ལ། །རེག་པ་འཆི་བར་མི་འགྱུར་རོ། །སོ་མ། མཐེ་བོང་ཁྲོ་བོ་བཟའ་ལ་སོགས། །སུ་རྱ་བད། རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་དགའ་བ་ལ་རོལ་པའི་ངག་གི་ཕྱག་རྒྱ་ དང་བརྡའི་མཚན་ཉིད་དོ། །གཞན་གྱི་གདན་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞི་པའོ།། །།མཚོན་ཆའི་མཚན་ཉིད་གཞན་དག་ནི། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །དེ་ཉིད་བཞི་པོ་ཇི་ལྟ་བུ། །ཤེས་ནས་ཇི་ལྟར་སྦྱར་ བར་བགྱི། །འཁོར་བ་ལས་སྒྲོལ་མཚན་ཉིད་ནི། །ཡང་དག་ཇི་བཞིན་རྡོ་རྗེས་ཉོན། །དང་པོ་དེ་ཉིད་རྡོ་རྗེ་ནི། །དྲིལ་བུ་ཡང་ནི་གཉིས་པའོ། །བགྲང་བའི་ཕྲེང་བ་གསུམ་པ་སྟེ། །ཡེ་ཤེས་མཚན་ཉིད་བཞི་བའོ། །དེ་ཉིད་བཞི་ཡི་དཔའ་རླབས་ཀྱིས། །ཇི་ལྟར་ འདོད་བཞིན་ཕ་རོལ་སྒྲོལ། །དབུས་ཀྱི་ལྷ་ནི་རྣམ་སྣང་མཛད། །ཐམས་ཅད་ཐོག་མར་མི་བསྐྱོད་པ། །ལྷོ་ཡི་རྩེ་མོར་རིན་ཆེན་འབྱུང་། །ནུབ་ཏུ་སྣང་བ་མཐའ་ཡས་དགོད། །བྱང་གི་ཕྱོགས་སུ་དོན་ཡོད་གྲུབ། །རྩེ་མོ་ལྔ་ནི་ལྷ་རྣམས་སོ། །པདྨ་བྱང་ཆུབ་ ཡན་ལག་བརྒྱད། །ཇི་བཞིན་ས་རུ་གཞག་པར་བྱ། །ཕྱག་ན་པདྨ་བྱམས་པ་དང་། །ནམ་མཁའ་དང་ནི་ཀུན་ཏུ་བཟང་། །གནོད་སྦྱིན་བདག་དང་གཞན་གི་དཔལ། །སྒྲིབ་པ་རྣམ་པར་སེལ་བ་དང་། །ལྷ་ནི་བརྒྱད་པོ་འདི་དག་ཉིད། །ཤར་ལ་སོགས་པར་ཇི་བཞིན་ བསམ། །དབུས་ཀྱི་བཅུ་གསུམ་སྒོ་ང་རུ། །ཡེ་ཤེས་ལྷ་ནི་ཐིམ་པར་བྱ། །པདྨ་བརྒྱད་ལ་ལྷ་མོ་བརྒྱད། །ཇི་བཞིན་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་དུ། །ཞགས་པ་ལྕགས་སྒྲོག་སྒྲོལ་མ་སྟེ། །དེ་ལྟར་ལྷ་མོ་བཞི་པོ་དག །དེ་བཞིན་ ཕྱོགས་བཞིར་རོལ་པ་ཡིན། །མཚམས་ཀྱི་ཆ་ནི་རྣམ་པ་བཞིར། །མཁས་པ་ཡིས་ནི་བསམ་བྱ་བ། །སྐུལ་བྱེད་རིན་ཆེན་སྒྲོལ་མ་དང་། །རྡོ་རྗེ་ལྕགས་སྒྲོག་མིང་ཅན་དེ། །གཞན་གྱིས་མི་ཐུབ་ཞེས་བྱ་སྟེ། །མཚམས་ཀྱི་འདབ་མ་ཀུན་ལ་དགོད། །རྩེ་མོ་ལྔ་ ནི་མཁའ་འགྲོ་མ། །སྔ་མ་ཇི་བཞིན་བསམ་པར་བྱ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོ་ཞེས་བྱ་སྟེ། །ནུབ་ཏུ་དེ་བཞིན་རོ་ལངས་མ། །ལྷོ་ཡི་ཕྱོགས་སུ་གཏུམ་མོ་གནས། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་དེ་ཁོ་ན་ཡི་ལྷ། །མཁས་པ་ ཡིས་ནི་ཤེས་པར་བྱ། །ཆ་གསུམ་གསལ་བར་གཟུང་བ་ལ། །སྐ་རགས་ཀྱིས་ནི་ཤིན་ཏུ་བརྒྱན། །ཨུཏྤལ་ཀུ་མུད་ལྟར་མཛེས། །རིན་ཆེན་པདྨ་ཡང་དག་གནས། །ཕྱོགས་ལ་སོགས་པ་བརྒྱད་དང་ནི། །དབུ་མའི་སངས་རྒྱས་ཉིད་དང་དགུ། །རྩེ་མོ་དགུ་ ཡི་ལྷ་ཉིད་དེ། །ལྷ་དགུ་ཡིས་ནི་བྱིན་གྱིས་བརླབས། །ཆུ་སྲིན་ལས་ནི་བྱུང་བ་ནི། །རྩེ་མོ་འོད་ཟེར་ཟླ་བར་གནས། །རྩེ་མོ་དགུ་བ་ཞེས་བྱ་བ། །ཡེ་ཤེས་རྡོ་རྗེ་འགྲོ་བ་སྒྲོལ། །རྡོ་རྗེ་དེ་ཉིད་གང་ཡིན་པས། །བདག་ཉིད་རྡོ་རྗེའི་བདག་ཉིད་བསམ། །རྡོ་རྗེའི་ སྙིང་པོའི་རྣལ་འབྱོར་པ། །རྡོ་རྗེ་ཡི་ནི་སེམས་སུ་བྱ། །རྡོ་རྗེ་དག་པས་བརྟན་བྱས་ནས། །ཆོས་རྣམས་རྡོ་རྗེ་ལས་གཞན་མེད། །ཐམས་ཅད་རྡོ་རྗེ་དེ་ཉིད་ཡིན། །རྡོ་རྗེ་ལས་ཀྱི་སྙིང་པོའོ། །རྡོ་རྗེ་འཕོ་བ་སྦྱོར་བའི་བདག །རྡོ་རྗེ་འཁོར་བསྒྲོལ་པར་བྱེད། །རྡོ་རྗེ་ འགུགས་པ་སྦྱོར་བའི་བདག །རྡོ་རྗེ་བཅིངས་བའི་སྦྱོར་བར་ལྡན། །བདུན་པ་དེ་བཞིན་ཉོན་མོངས་ལྡན། །རྣམ་ཤེས་བཅས་པའི་སྒྲོན་མ་ནི། །ཡེ་ཤེས་རྡོ་རྗེས་བཅོམ་ནས་སུ། །ཕྱོགས་ཀུན་ཏུ་ནི་སྣང་བར་བྱེད། །རྡོ་རྗེའི་སྒྲུབ་པ་ལ་སོགས་ཀུན། །རྡོ་རྗེའི་བདག་ ཉིད་པ་ལྟ་བར་བྱ། །ཆོས་ཀྱི་འཆིང་བ་རྡོ་རྗེ་སྟེ། །ཐར་པ་མཆོག་འབད་རྡོ་རྗེའོ། །རྡོ་རྗེ་པདྨ་བཟུང་ནས་ནི། །དེ་ཉིད་ཐམས་ཅད་བསྒྲུབ་པར་བྱ། །རྡོ་རྗེ་པདྨོར་ཞུགས་པ་ནི། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །དྲིལ་བུ་ཡི་ནི་མཚན་ཉིད་རྣམས། །ཉོན་ཅིག་རྡོ་རྗེ་ འཛིན་རྒྱལ་པོ། །ཤེས་རབ་སྒྲ་ཡི་དེ་ཉིད་ནི། །ཐོས་པས་སྲིད་པ་ལས་སྒྲོལ་བའི། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར། །བྱང་ཆུབ་སྙིང་པོར་རྣམ་པར་གནས། །ཐམས་ཅད་རིགས་པས་ཕྱོགས་ཀུན་ཏུ། །གནས་པའི་འཇིག་རྟེན་ཁམས་ མཐར་ཐུག །ཕྱོགས་བརྒྱད་ཞེས་ནི་བྱ་བ་རྣམས། །ལྷ་མོ་བརྒྱད་དུ་རབ་ཏུ་གྲགས། །ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་བརྒྱད་དུ་ནི་དགོད་པར་བྱ། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་གི་ཕྱོགས་སུ་གོས་དཀར་མོ། །ནུབ་ཀྱི་ཕྱོགས་སུ་མཱ་མ་ཀཱི། ། ལྷོ་ཡི་ཕྱོགས་སུ་སངས་རྒྱས་སྤྱན། །མདོག་བཟང་དབྱངས་སྙན་མཛེས་པ་དང་། །བཞི་བ་རྡོ་རྗེ་ཕྲེང་བ་མོ། །དབུས་སུ་ནམ་མཁའི་རང་བཞིན་ལ། །གཟུགས་ཀུན་རྫོགས་ཤིང་ཤིན་ཏུ་མཛེས། །པདྨ་རྒྱས་ལ་ཡང་དག་འབྱུང་། ། གཟུགས་མེད་གནས་ཀྱི་ཕྱོགས་སུ་ནི། །ཤེས་རབ་བདུད་རྩི་བུམ་པ་འདྲ། །ཤེས་རབ་བདུད་རྩི་གནས་དག་ལ། །དེ་ཡི་དབུས་ཀྱི་སྟན་དག་ལ། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། །གཟུགས་མཛེས་ཡོན་ཏན་རྣམས་ཀྱི་གནས། །སྟེང་གི་པདྨ་རྡོ་རྗེ་རྣམས། །སྔ་ མ་བཞིན་དུ་བསམ་པར་བྱ། །དབུས་ཀྱི་ཡེ་ཤེས་དབྱུག་པ་སྟེ། །ཐམས་ཅད་སྤྲོད་དང་བསྡུད་པ་པོའོ། །ཨཱ་ལི་ཀཱ་ལིའི་རབ་སྦྱོར་གྱིས། །ཕྱོགས་བརྒྱད་དུ་ནི་བསྐྱོད་པར་བྱ། །ཨཱ་ལི་ཀཱ་ལིའི་རབ་སྦྱོར་བས། །འཁོར་བ་ཐམས་ཅད་གཅོད་པ་སྟེ། །རྡོ་རྗེ་དྲིལ་བུའི་ཐབས་ ཡིན་ཏེ། །ཐབས་ཀྱིས་རྡོ་རྗེའི་དབུས་གནས་སོ། །གཡས་བར་ཉི་མ་བསམས་ནས་སུ། །གཡོན་པ་རུ་ནི་ཟླ་བ་དགོད། །ལག་པ་གཉིས་ནི་བརྐྱང་ནས་སུ། །པདྨའི་རྣམ་པ་ལག་ཏུ་བསྐོར། །ལུས་རྣམས་ལ་ནི་ཐབས་དང་སྦྱར། །རང་འདོད་ལྷ་རྣམས་བསམ་ པར་བྱ། །རྡོ་རྗེ་གསོར་བས་སྒྲོལ་བ་སྟེ། །འཁོར་བ་སྒྲོལ་བ་ཡང་དག་བྱུང་། །ཧཱུྃ་ཞེས་བྱ་བའི་གླུ་ཡིས་ནི། །སངས་རྒྱས་ཐམས་ཅད་རྗེས་ཆགས་བྱ། །རྡོ་རྗེ་གསོར་བས་མཛེས་པ་ཡིས། །སེམས་ཅན་ཐམས་ཅད་མཛེས་པར་བྱ། །རྣམ་ཐར་ཆོས་སུ་བྱ་བ་སྟེ། ། རྡོ་རྗེ་ཤིན་ཏུ་སྙིང་པོ་མཆོག །ཨོཾ་བཛྲ་གཎྜེ་ཧོ་ཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲར་ཎི་ཏ། སརྦྦ་བུདྡྷ་ཀྵི་ཏྲ་པྲ་ཙཱ་ལི་ཏེ། པྲཛྙཱ་པཱ་ར་མི་ཧཱ་ནཱ་དཱ་སྭ་བྷཱ་བ་ན། བཛྲ་དྷརྨ་ཧྲྀ་ད་ཡ་ཨ་བ་སནྟོ་ཥཎི། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཨ་ཨ་སྭཱ་ཧཱ། ཤེས་རབ་ ཐབས་ཀྱི་གཟུགས་བརྙན་གྱིས། །ཤེས་རབ་ཐབས་ཀྱིས་དཀྲོལ་བར་བྱ། །ཤེས་རབ་ཐབས་ཀྱི་ཆོས་ཀྱིས་ནི། །འགྲོ་བ་རྣམས་ཀྱིས་རྟགས་བྱའམ། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་དོན་ཕྱིར་དཀྲོལ་བར་བྱ། །རྡོ་རྗེ་དེ་ཁོ་ན་ཡིས་བཟུང་། ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །སེམས་ཅན་དོན་བྱེད་རྣལ་འབྱོར་པས། །ཤེས་རབ་ཐབས་སུ་བལྟ་བར་བྱ། །དེ་ཉིད་མེད་པའི་རྣལ་འབྱོར་པ། །གླང་ཆེན་དྲིལ་བུའི་སྒྲ་དང་མཚུངས། །རྣལ་འབྱོར་དེ་ཉིད་དམན་པ་ཡི། །དངོས་གྲུབ་རིང་བར་ཤེས་པར་བྱ། །དེ་ནས་གསང་ དང་ཕྲ་བ་ཡི། །རྡོ་རྗེའི་མཚན་ཉིད་གཟུང་བ་སྟེ། །ཡང་དག་ཆོ་ག་གང་གིས་ནི། །འདོད་པའི་དངོས་གྲུབ་སྒྲུབ་བྱེད་པ། །དབུ་མའི་ཚིག་ནི་བསྐོར་བ་ལ། །གསང་བའི་རྡོ་རྗེ་ཆ་གསུམ་བྱ། །དེ་ཉིད་ཀྱི་ནི་ཆ་གཅིག་གིས། །ཕྲ་བའི་རྡོ་རྗེ་རབ་ཏུ་བརྟག །སྤྱི་གཙུག་ལག་ པ་ལ་སོགས་པ། །རྟག་ཏུ་དག་བྱེད་ཁུ་ཚུར་བཅང་། །སློབ་དཔོན་རྡོ་རྗེ་བརྟུལ་ཞུགས་འཛིན། །འདོད་དོན་ཐམས་ཅད་སྒྲུབ་པའི་མཆོག །བགྲང་ཕྲེང་ལ་སོགས་གཟུང་བ་ནི། །ཡང་དག་ཇི་བཞིན་རྡོ་རྗེས་ཉོན། །ཡང་དག་ཆོ་ག་གང་གིས་ནི། །འགྲུབ་འགྱུར་འདིར་ནི་ ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །གཞན་ཡང་ནོར་བུ་དཀར་པོ་སོགས། །ཞི་སོགས་ལས་ལ་ཁྱད་པར་གྱི། །བགྲང་ཕྲེང་གི་ནི་ཁྱད་ཉིད་ནི། །གསེར་དང་དངུལ་དང་ཟངས་མ་དང་། །པདྨ་ས་བོན་ཁྱད་པར་དུ། །རྒྱས་པ་ཡི་ནི་བགྲང་ཕྲེང་སྟེ། ། མཁས་པ་རྣམས་ཀྱིས་བགྲང་བར་བྱ། །གུར་ཀུམ་ལ་སོགས་དྲི་ཞིམ་པའི། །དྲི་རྣམས་ཀུན་གྱི་ཁྱད་པར་ལས། །རིལ་བུར་བྱས་ཏེ་དམར་པོར་བཙོས། །དབང་དུ་སྡུད་པར་རབ་ཏུ་གྲགས། །རུདྭཱཀྵ་དང་ལུང་ཏང་དང་། །མི་ཡི་རུས་པ་དེ་བཞིན་ཏེ། །དྲག་པོའི་ ལས་ལ་སྦྱར་བར་བྱ། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། །ཞི་དང་རྒྱས་དང་དབང་དྲག་ལ། །བུ་ཏྲ་ཛི་ནི་ལས་ཀུན་བྱ། །སྔགས་སྒྲུབ་པ་ལ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་དུ་བྱ། །ཞི་ལ་བརྒྱ་ཕྲག་གཅིག་ཡིན་ཏེ། །རྒྱས་པ་ལ་ནི་བརྒྱད་ལྷག་པའོ། །མངོན་ སྤྱོ་ལ་ནི་དྲུག་ཅུའོ། །ལས་ཀྱི་བྱ་བྲག་གིས་ནི་སྦྱར། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། །བགྲང་ཕྲེང་དག་ནི་བརྟག་པར་བྱ། །ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དབུ་མ་ཉིད་དང་སངས་རྒྱས་དགུ། །ལྷ་དགུ་ཡི་ནི་སྐུད་པ་ལ། །ལྷ་དགུས་བྱིན་གྱིས་ བརླབ་པར་བྱ། །གཟུགས་རྫོགས་ཤིན་ཏུ་མཛེས་པ་དང་། །གཙང་ཞིང་དང་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་བགྲང་ཕྲེང་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །སྐུད་པ་རྣམས་ནི་སངས་རྒྱས་ཚུལ། །རིལ་བུ་རྣམས་ནི་དགྲ་ བཅོམ་ཡིན། །འོག་མ་མཆོད་རྟེན་དུ་ནི་བསྟན། །སྟེང་མ་ཆོས་ཀྱི་དབྱིངས་ཡིན་ནོ། །མཆོད་རྟེན་ཆོས་ཀྱི་དབང་པོའོ། །ལག་བར་ཉི་མ་བསམས་ནས་སུ། །དབྱངས་ཀྱི་དང་པོ་ཡི་གེ་ནི། །ལག་པ་ཡི་ནི་དབུས་དག་ཏུ། །དམར་པོ་ལ་ནི་དམར་པོ་བསྒོས། ། གཡོན་པ་ཟླ་བའི་དབུས་སུ་ནི། །བདུད་རྩིའི་ཡི་གེ་བསམ་བྱ་བ། །འོད་ཟེར་སྣ་ཚོགས་འབར་བ་ཡི། །ཁ་དོག་དཀར་པོ་བསྒོམ་པར་བྱ། །གཡས་པའི་སོར་མོ་རྡོ་རྗེར་བསམ། །གཡོན་པ་པདྨའི་འདབ་མར་བསྒོམ། །རྡོ་རྗེ་པདྨ་སྦྱོར་བ་ཡིས། །ཁ་སྦྱོར་དབུས་ སུ་ཕྲེང་བཞག་ལ། །དེ་ཉིད་ཐམས་ཅད་བསྒོམས་པ་ཡིས། །བགྲང་ཕྲེང་བྱིན་གྱིས་བརླབ་པར་བྱ། །སོར་མོ་དག་གི་བྱེ་བྲག་གིས། །དེ་ནས་སྔགས་པས་བཟླས་བ་བྱ། །རྡོ་རྗེ་མ་དངོས་གཡོན་པ་སྟེ། །གཡས་པ་རྡོ་རྗེའི་ངོ་བོའོ། །དཀར་པོ་དུད་པ་དུང་དང་ནི། ། པདྨ་གཡས་ཀྱི་སོར་མོ་སྟེ། །གི་ཝང་དྲི་གསུམ་འཇིགས་པ་དང་། །ས་གདུགས་གཡོན་པར་དགོད་པ་དང་། །ཡེ་ཤེས་རྣམ་ཤེས་མཐེ་བོང་གཉིས། །ལག་ལ་སོགས་པའི་ལས་ཅན་མ། །ཞི་བ་ལ་ནི་ཁྲོ་བོས་བགྲང་། །རྒྱས་པ་ལ་ནི་གུང་མོ་སྟེ། །སྲིན་ལག་ ལ་ནི་དབང་དུ་བསྟན། །ཐ་མས་མངོན་པར་སྤྱོད་པ་སྟེ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ནི། །ལྷ་ཉིད་དགུག་པའི་བསམ་པ་ཡིན། །མཉམ་པར་གཞག་སྟེ་བཟླས་བསྒོམས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་མེ་པའི་རྣལ་འབྱོར་པ། །དེ་ཉིད་མེད་པའི་ སྔགས་བཟླས་དང་། །དེ་ཉིད་མེད་པའི་རྡོ་རྗེ་དྲིལ། །ཕྱག་རྒྱ་དེ་ཉིད་མེད་འབྱུང་བ། །རྣལ་འབྱོར་པ་ཡིས་གྲུབ་པ་མེད། །རྣལ་འབྱོར་དེ་ཉིད་དམིགས་ན་ནི། །དེ་ཉིད་ཐམས་ཅད་ཀུན་བྱའོ། །ཡི་གེའི་རྒྱུ་ལས་བྱུང་བའི་དངོས། །སྔགས་ཀྱི་སྙིང་པོ་མཛེས་པ་སྟེ། ། རང་བཞིན་མེད་པའི་གྲངས་བཟླས་ན། །རྣལ་འབྱོར་མ་ཡི་སྙིང་པོ་འགྲུབ། །བྲམ་ཟེ་རྒྱལ་རིགས་དམངས་རིགས་གཅིག །རྣལ་འབྱོར་མ་ཡི་དྲ་བ་འགྲུབ། །ཨོཾ་པ་དེ་པ་དེ་མ་ཧཱ་པ་དེ་ཛྙཱ་ན་སརྦ་བུདྡྷ་མ་ཧཱ་བྷཱ་བེ། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨཱཿསྭཱ་ཧཱ། སྔགས་འདི་ཡིས་ ནི་སྦྱང་བྱས་ན། །བགྲང་ཕྲེང་གི་ནི་ལྷ་རྣམས་འགྲུབ། །ལས་རྣམས་ཐམས་ཅད་འགྲུབ་འགྱུར་ཏེ། །མི་གསལ་བ་ནི་རིང་བར་འགྱུར། །ཡེ་ཤེས་དེ་དག་བྱེ་བྲག་དག །ཡང་དག་རྡོ་རྗེ་ཆེན་པོས་ཉོན། །ཡེ་ཤེས་བྱེ་བྲག་རིང་དུ་གནས། །ཐུན་མོང་ཡེ་ཤེས་བརྗོད་ པ་སྟེ། །དམན་དང་རབ་དམན་དམན་པ་ཅན། །གནོད་སྦྱིན་ལྷ་མིན་གྲུབ་པ་པོ། །ཀླུ་དང་བྱོལ་སོང་གསང་བ་པ། །ལྟོ་འཕྱེ་དང་ནི་མིའམ་ཅི། །མི་དང་ཡི་དགས་མཁའ་འགྲོ་མ། །དམྱལ་བར་འཚང་བའི་སེམས་ཅན་དང་། །བྱོལ་སོང་གཟུགས་སུ་བརྗོད་པ་ སྟེ། །ཕྲ་མོ་སྒོ་ང་གཟུང་མི་ནུས། །ཆུ་དང་མེ་དང་རླུང་དང་ནི། །དེ་བཞིན་དུ་ནི་ས་ཡི་ཁམས། །བརྟན་པ་དེ་ཉིད་ཐམས་ཅད་དང་། །རྩ་དང་འདབ་མ་ཕྲ་བ་དང་། །བོང་བ་རྡོ་དང་བྲག་ལ་སོགས། །ཐམས་ཅད་ཡེ་ཤེས་བྱིན་གྱིས་བརླབས། །ཡེ་ཤེས་མེད་ན་སྐྱེ་མི་ འགྱུར། །ཡེ་ཤེས་ཐམས་ཅད་ཀུན་རིག་པའོ། །ཡེ་ཤེས་ཐར་པར་གང་གིས་ནི། །ཡེ་ཤེས་ཐུན་མོང་བྱིན་བརླབས་པ། །བྱེ་བྲག་གཞན་ནི་ཇི་ལྟ་བུ། །ལྷ་ལས་རོལ་མོ་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉི་ཤུ་རྩ་གསུམ་ལྷ་ཡི་ གནས། །གོང་ནས་གོང་དུ་གཉིས་འགྱུར་ཏེ། །འདོད་པ་ལྔ་ཡི་ཡེ་ཤེས་དག །གོང་མའི་ཡེ་ཤེས་ཡེ་ཤེས་འཕེལ། །གསང་བའི་ཡེ་ཤེས་རེག་པ་སྟེ། །ལྷ་མིན་ཡེ་ཤེས་ཁྲོ་བོའོ། །ཡི་དགས་ཡེ་ཤེས་ཞེན་པ་སྟེ། །དམྱལ་བའི་ཡེ་ཤེས་འཇིགས་ཤིང་ དུ། །བྱོལ་སོང་ཡེ་ཤེས་གླེན་པ་སྟེ། །བརྟན་པ་རྣམས་ནི་སེམས་མེད་པའོ། །མི་རྣམས་ཡེ་ཤེས་རྣམ་པ་ལྔ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །གླེན་པས་སྒྲིབས་དང་ལྐུགས་པ་དང་། །བུད་མེད་ཡེ་ཤེས་སླུ་བྲིད་དོ། །བྱིས་པའི་ཤེས་པའི་ཤེས་པ་ཅན། ། ཡེ་ཤེས་དེ་ཉིད་བྱེ་བྲག་དག །རྣལ་འབྱོར་བསྟན་བཅོས་ཀྱིས་སྤྱངས་པ། །སྐྱེ་བ་བྱེ་བ་སྟོང་ཕྲག་དུ། །སངས་རྒྱས་ཡེ་ཤེས་ཀྱིས་བསྐུལ་ཡིན། །རྣལ་འབྱོར་བསྟན་བཅོས་རྗེས་འབྲངས་ནས། །འབད་དེ་དད་པ་བསྐྱེད་པར་བྱ། །སྒྲ་སྒྲོགས་ཕྱི་རོལ་ བསྟན་བཅོས་ནི། །གར་གི་གནས་དང་མཚུངས་པ་སྟེ། །བློ་ལྡན་རྣལ་འབྱོར་བསྟན་བཅོས་ཀྱིས། །སྤྱོད་དང་གྲོལ་བའི་འབྲས་བུ་ཐོབ། །སྙིང་པོ་སྙིང་པོ་བསྟན་བཅོས་ཏེ། །རྣལ་འབྱོར་གསང་བའི་རིམ་ཡིན་ནོ། །སྦྱོར་བའི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་ བ་དང་པོའོ།། །།འཁོར་ལོས་སྒྲུབ་པའི་ཁྱད་པར་དག །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །ཞི་དང་རྒྱས་དང་དབང་རྣམས་དང་། །བསྲུང་དང་མངོན་པར་སྤྱོད་པ་དང་། །རེའུ་མིག་དགུ་སོགས་འཁོར་ལོ་ནི། །ཕྱི་རོལ་མུ་ཁྱུད་བསྐོར་བར་བྱ། །འཁོར་ལོ་ལས་ ཀྱི་ཁ་དོག་གིས། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ས་བོན་དེ་དག་ཐམས་ཅད་ནི། །ཕྱག་འཚལ་ཐམ་དབུས་སུ་བྱ། །དབུས་སུ་མིང་དང་བསྲུང་བ་ཡིས། །ཚིག་ཀྱང་དེ་བཞིན་སྦྱར་བར་བྱ། །མཉམ་ཉིད་སྟོང་པའི་རང་བཞིན་ ཆུས། །བདག་གི་ལས་ནི་བཀྲུ་བར་བྱ། །མཉམ་ཉིད་ཐམས་ཅད་རིག་པས་གནས། །སྲུང་བའི་འཁོར་ལོས་བསྲུང་བར་བྱ། །ཡེ་ཤེས་ཅན་གྱིས་བསྲུང་བསྒོམས་ན། །འཇིགས་པ་ཀུན་ལས་རིང་བར་འགྱུར། །སེམས་ཅན་དངོས་པོ་མེད་པ་རུ། །སྦྱོར་བའི་དངོས་ པོས་འཇིགས་པ་ལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨའི་གདན་ནི་བསམ་པར་བྱ། །སྒྲོལ་མའི་རྒྱུད་དུ་བསྒོམས་པ་ཡིས། །བདག་གི་ལུས་ནི་རྣམ་པར་སྤྲུལ། །ཨོཾ་ཏཱ་རེ་སྭཱ་ཧཱ། མགོ་ལའོ། །ཨོཾ་ཏུཏྟཱ་རེ་སྭཱ་ཧཱ། མིག་ལའོ། །ཨོཾ་ཏུ་རེ་སྭཱ་ཧཱ། སྣ་ལའོ། །ཨོཾ་ཏུ་སྭཱ་ཧཱ། རྣ་བ་ལའོ། །ཨོཾ་རེ་སྭཱ་ཧཱ། ལྕེ་ལའོ། །ཨོཾ་ཏཱ་རེ་ནི་སྭཱ་ཧཱ། སྙིང་གར་རོ། །ཡན་ལག་དྲུག་ཏུ་རྟག་ཏུ་དགོད། །འཕགས་མ་སྒྲོལ་མ་བསམ་བྱ་བ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་རྣམས་ཐམས་ཅད་ ཀྱིས་ནི་བཀླུབས། །ཀུན་ཏུ་མི་འཇིགས་སྦྱིན་པ་དང་། །གཞན་གྱི་རྣ་དྲུང་ཨུཏྤལ་བསྣམས། །ཐམས་ཅད་འོད་ཟེར་རྣམ་བསྒོམས་ནས། །ཁྱད་པར་དུ་ནི་སྔགས་བཟླས་བྱ། །ཐམས་ཅད་ཡོན་ཏན་ཅན་དུ་བསྒོམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྲུང་བའི་ལས་ ཐམས་ཅད་ཀྱི་སྔགས་སོ། །རྒྱལ་པོའི་བཙོན་ར་དགྲ་ཕྱོགས་དང་། །ཉམ་ངའི་ལམ་དུ་འགྲོ་བ་དང་། །ཡན་ལག་སྣ་ཚོགས་རིམས་དང་ནི། །ཆུ་དང་དུག་གིས་འཆི་ལ་སོགས། །གང་དང་གང་དུ་འཇིགས་པའི་གནས། །དེ་དང་དེར་ནི་བསམ་པར་བྱ། །ཤེས་རབ་ ཞེན་དང་ལེ་ལོ་སོགས། །འཁོར་ལོ་བྲིས་ནས་བཅང་བར་བྱ། །སྲུང་བ་བཟང་པོ་འདི་ཡིས་ནི། །འཇིགས་པ་ཀུན་ལས་གྲོལ་བར་འགྱུར། །སྲུང་བ་འདི་དག་ཐམས་ཅད་ནི། །དེ་ཉིད་སྦྱོར་བས་བསྒྲུབ་པར་བྱ། །འཁོར་ལོ་འདབ་མ་བརྒྱད་པ་ལ། །ཕྱི་རོལ་མུ་ ཁྱུད་བསྐོར་ནས་སུ། །དབུས་སུ་ཐོག་མ་ཐ་མ་སྟེ། །བཟླས་པ་ཐམས་ཅད་གཞག་པར་བྱ། །མུ་ཁྱུད་དབྱངས་ཀྱིས་བསྐོར་ནས་སུ། །འཁོར་ལོ་དཀར་བོ་བསམ་པར་བྱ། །ཡན་ལག་ཐམས་ཅད་ཕྱེ་བ་ཡིས། །མཉམ་ཉིད་སྟོང་བར་བསམས་ནས་སུ། །སྔོན་གྱི་ མཚན་ཉིད་ལྡན་པ་ཡིས། །སྔར་བསྟན་བཞིན་དུ་སྦྱར་བར་བྱ། །འཁོར་ལོ་འདི་ལྟར་བསྒོམ་པ་ཡིས། །ལས་འདིས་ཤེས་རབ་འབར་བར་འགྱུར། །ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། འོད་ཟེར་སྣ་ཚོགས་འབར་བས་སུ། །དངོས་པོ་བསྒོམ་པས་བསྒོམ་པར་བྱ། །ཟླ་ བའི་དཀྱིལ་འཁོར་དབུས་གནས་པར། །ཤེས་རབ་བདག་ཉིད་བསྒོམས་ནས་སུ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཁ་དོག་དཀར་པོ་ཤིན་ཏུ་འབར། །ཤེས་རབ་དངོས་པོ་བསྒོམས་ནས་སུ། །ས་བོན་འདི་ ནི་བཟླས་བྱས་ནས། །ཤེས་རབ་མྱུར་དུ་འཕེལ་བར་འགྱུར། །གླེན་དང་སྙོམ་ལས་བླུན་པོ་ཡང་། །སྦྱོར་བ་འདི་ཡིས་ཤེས་རབ་འཕེལ། །སྙིང་པོ་རེའུ་མིག་དགུ་རུ་བྱ། །དེ་བཞིན་བར་མ་བཅུ་གཉིས་ཏེ། །ཕྱི་རོལ་རེའུ་མིག་བཅུ་དྲུག་གོ། །མཐར་ཐུག་མུ་ཁྱུད་དེ་ བཞིན་ཏེ། །ཕྱག་འཚལ་སྲེག་པའི་མཐར་སྦྱར་བའི། །དབུས་སུ་བདག་གི་སེམས་གཞག་ལ། །སྒྲ་དང་ཐིག་ལེ་ལྡན་པ་ཡིས། །ཡི་གེ་བརྒྱད་པོ་སྙིང་པོར་དགོད། །བཅུ་གཉིས་པོ་ལ་དབྱངས་ས་བོན། །མ་ནིང་སྤངས་པ་དྲི་བར་བྱ། །སྡེ་ཚན་ གསུམ་གྱི་ཡི་གེ་རྣམས། །ཡི་གེ་ལྷག་མ་གཅིག་དང་བཅས། །སྒྲ་དང་ཐིག་ལེར་ལྡན་པ་དག །བཅུ་དྲུག་གནས་སུ་གཞག་པར་བྱ། །གསོད་པའི་ཡི་གེ་ཁྱུད་ལ། །ཐམས་ཅད་རིག་པས་ཀུན་ཏུ་བསྐོར། །དང་པོ་དཀར་པོ་རབས་མ་བྱ་སྟེ། །གཉིས་པ་སེར་པོར་བསྒོམ་ པར་བྱ། །གསུམ་པ་དག་ནི་དམར་པོ་སྟེ། །དེ་བཞིན་བཞི་བ་སྔོན་པོའོ། །སྔོན་བཞིན་མཚན་ཉིད་ལྡན་པ་ཡིས། །མཉམ་ཉིད་སྟོང་པར་ཡང་དག་གནས། །མཉམ་ཉིད་ལྟ་བ་བསྐྱེད་ནས་སུ། །འཁོར་ལོ་འདི་ནི་བསྒོམ་པར་བྱ། །མཉམ་གཞག་དངོས་པོ་བསྒོམས་ པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཀུན་ནས་ཐམས་ཅད་འབར་བ་སྟེ། །མེ་ལྟར་འབར་བའི་འོད་ཀྱིས་ནི། །བདུད་རྣམས་ཐམས་ཅད་སྲེག་པར་བྱེད། །ཡེ་ཤེས་འཁོར་ལོ་བསྒོམས་པ་ཡིས། །ཀུན་ནས་ཉོན་མོངས་གཡོགས་པ་ཡང་། །སངས་ རྒྱས་འབྲས་བུ་ཐོབ་པར་འགྱུར། །མཉམ་ཉིད་ཡེ་ཤེས་བསྐྱེད་ནས་སུ། །བདག་ཉིད་ནམ་མཁའ་བསྒོམ་བྱས་ལ། །འོད་ཟེར་སྣ་ཚོགས་འབར་བ་ཡིས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་སུ་ས་བོན་ནི། །མཁས་པ་ཡིས་ནི་གཟུང་བྱ་སྟེ། །སྡེ་ ཚན་དང་པོ་གང་ཡིན་པའི། །ཡི་གེ་དང་པོ་བཟུང་ནས་སུ། །ལྕགས་ཀྱུ་ཡིས་ནི་གཟིར་བྱ་བ། །རྩ་བར་རེ་པ་སྦྱར་བྱ་བ། །བདུད་རྩིའི་ཐིག་ལེ་སྟེང་དུ་དགོད། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །འོད་ཟེར་སྣ་ཚོགས་འཕྲོ་བ་ནི། །ཤིན་ཏུ་མཉམ་པར་གཞག་ པ་བསྒོམ། །རྒྱལ་པོ་རྒྱལ་པོའི་ཕོ་བྲང་དང་། །ཡིད་ཅན་གྱིས་ནི་བསམ་པར་བྱ། །ཡི་གེ་ཉིས་འགྱུར་ཐིགས་པ་དང་། །རྩ་བར་སྒ་ནི་སྦྱར་བར་བྱ། །བདུད་རྩིའི་མཐའ་ཞེས་བྱ་བ་སྟེ། །འབུམ་ཕྲག་གཅིག་གིས་དབང་དུ་སྡུད། །བུ་མོ་རྣམས་ཀྱིས་གང་བསམས་ པ། །མིང་དང་བཅས་ནས་བསྒྲུབས་ནས་ནི། །བསམ་པ་ཙམ་གྱིས་འགྲུབ་པར་འགྱུར། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སྔོན་གྱི་མཚན་ཉིད་ཐམས་ཅད་ནི། །སྔར་བཞིན་དུ་ནི་སྟོང་པ་ཉིད། །ཐམས་ཅད་བདག་ཉིད་བསམས་ནས་སུ། །ཟླ་བའི་དཀྱིལ་འཁོར་ དབུས་གནས་པར། །བདུད་རྩི་ཀུན་རིག་ཕྱི་མོར་བཅས། །འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ། །འོད་ཟེར་སེར་པོ་ཤིན་ཏུ་མཛེས། །གཟུགས་སྡུག་འོད་ཟེར་འཕྲོ་བར་བསམ། །རིན་ཆེན་ལ་སོགས་གང་འདོད་པ། །ཐམས་ཅད་རང་གི་དབུགས་ཀྱིས་དགུག །སྒྲུབ་པ་པོ་ ཡི་ལུས་ལ་ནི། །དེ་ཡ