Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 080_རྒྱུད་འབུམ།_ང
Văn bản gốc(Tây Tạng)
Trang 12 / 21 (50.000 ký tự/trang)
ལས་ཡོན་ཏན་རྗེས་སུ་བསྔགས་པའི་ལེའུ་སྟེ་དགུ་ པའོ།། །།དེ་ནས་ཡང་གང་ཞིག་དེ་ལྟར་རྣམ་པར་དག་པའི་སྦྱིན་པ་བྱིན་པས་དེ་རྐང་གཉིས་ཀྱི་མཆོག་ཏུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དགའ་བས་ཐེ་ཚོམ་སྐྱེས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཉེ་བར་འདུག་སྟེ་ ཞུས་པ། ཇི་ལྟ་བུ་ཡི་རྣལ་འབྱོར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྦྱིན་པ་མཐའ་གསུམ་ཡོངས་དག་པ། །ཧེ་རུ་ཀ་ནི་བསྒོམ་པར་བྱ། །སྦྱིན་པ་ཡང་ནི་ཧེ་རུ་ཀ །གང་ལ་སྦྱིན་པའང་དེ་ལྟ་བུ། །སྦྱིན་པ་འདི་ནི་རབ་ཏུ་བསྔགས། ། སྦྱིན་པ་འདི་ནི་དཔེ་ཙམ་སྟེ། །ཚུལ་ཁྲིམས་ལ་སོགས་འདི་ལྟར་སྤྱད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཨཱ་ར་ལི་ལས་དེ་སྐད་ཅེས་གསུངས་སོ། །རྡོ་རྗེ་ཨཱ་ར་ལི་ལས་རྣལ་འབྱོར་མའི་གོང་ན་མེད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པ་རྫོགས་ སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་ཡ་སྠ་པ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། རི་གི་ཨཱ་ར་ལི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རི་གི་ཨཱ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་གི་རྣམ་པའི་ཨེ་བྃ་སྡོམ་པ་ལ་བཞུགས་སོ། །གཉིས་མེད་གཉིས་ཀྱི་རྣལ་ འབྱོར་གྱི། །ཨཱ་ར་ལི་དང་རི་གིར་བརྟགས། །རི་གི་རྣལ་འབྱོར་དབང་ཕྱུག་གཙོ། །དེ་ལ་ཨཱ་ར་ལིས་ཞུས་པ། །གནས་ཀྱི་རྣམ་པ་དུ་ཞིག་ལགས། །ཉེ་གནས་རྣམ་པ་དུ་རུ་འགྱུར། །དེ་ལ་ཞིང་གི་རྣམ་པ་དུ། །ཉེ་ཞིང་རྣམ་པ་དུ་རུ་གསུངས། ། ཙྪནྡོ་རྣམ་པ་དུ་རུ་བརྗོད། །ཉེ་བའི་ཙྪནྡོ་རྣམ་པ་དུ། །དེ་ལ་འདུ་བ་གང་ཞིག་ལགས། །དེ་བཞིན་ཉེ་བའི་འདུ་བ་ཅི། །དེ་ལ་དུར་ཁྲོད་རྣམ་པ་དུ། །ཉེ་བའི་དུར་ཁྲོད་ཇི་ལྟར་ལགས། །དེ་ལ་ལྷ་མོ་རི་གི་ཆེ། །རྣལ་འབྱོར་རྣལ་འབྱོར་ཆེར་ གནས་པས། །ཨཱ་ར་ལི་དང་བདེར་གོ་བར། །ས་བཅུ་རྣམས་ནི་རབ་ཏུ་ཕྱེ། །གནས་ནི་ཤར་གྱི་ལུས་འཕགས་སོ། །དེ་བཞིན་དུ་ནི་བ་ལང་སྤྱོད། །གནས་ནི་བྱང་གི་སྒྲ་མི་སྙན། །གནས་ནི་དེ་བཞིན་འཛམ་བུ་གླིང་། །གླིང་བཞིར་ ལྷ་མོ་བཞི་དང་ནི། །རི་རབ་སྤྱི་བོར་རི་གི་བཞུགས། །ཨཱ་ར་ལི་དང་མཉམ་སྦྱོར་བས། །གཉིས་ཀྱིས་མཉམ་སྦྱོར་གཉིས་མེད་ལས། །སི་སའི་འདོད་པའི་ལྕུག་མ་དང་། །བདེ་ཆེན་དེ་བཞིན་སྡོམ་པ་མ། །ལྗང་ཁུ་སེར་མོ་བཙོད་མདོག་ དང་། །དམར་མོ་རུ་ནི་ཡོངས་སུ་གྲགས། །ཞལ་གཅིག་མ་ནི་ཕྱག་གཉིས་དང་། །གཡས་ན་ཆུ་གྲི་འཛིན་མ་སྟེ། །གཡོན་ན་རྣལ་འབྱོར་ལྷུང་བཟེད་ཉིད། །གཅེར་བུ་མགོ་སྐྱེས་གྲོལ་བའོ། །ཨཱ་ར་ལི་ཡི་སྐུ་མདོག་གནག །སྤྱན་གསུམ་ཕྱག་ དྲུག་ཨཱ་ར་ལི། །རི་གི་སྔོན་མོ་སྤྱན་གསུམ་མ། །ཕྱག་གཉིས་ཞགས་པ་ལྕགས་ཀྱུ་འཕྱར། །རྡོ་རྗེ་ར་ལིའི་ཕྱག་གཉིས་ཀྱིས། །རི་གི་དགེ་བའི་བཤེས་གཉེན་འཁྱུད། །གཡས་ཀྱི་ཕྱག་གཉིས་དག་ཏུ་ནི། །རྡོ་རྗེ་དང་ནི་ཅང་ཏེའུ་བརྟགས། །གཞན་དག་ཏུ་ནི་དགྲ་སྟ་དང་། ། ཐོད་པར་མགོ་བོ་འཛིན་པ་ཉིད། །གནས་ནི་སེམས་དང་ཉེ་བའི་གནས། །ས་དང་ཆུ་དང་མེ་དང་རླུང་། །འདིར་ཡང་ལྷ་མོ་རྣམ་པ་བཞི། །ཁ་དོག་དབྱེ་བ་གོང་མ་བཞིན། །མི་བཟད་རྣོན་པོ་སྒྱུ་མ་ཆེ། །མཐོན་པོ་གསུང་གི་འཁོར་ལོ་ལའོ། །ཤར་སྒོ་དེ་བཞིན་དུ་ནི་ཞིང་། ། ཉེ་བའི་ཞིང་ནི་ལྷོ་རུ་འགྱུར། །ཙྪནྡོ་ཧ་ནི་ནུབ་ཀྱི་སྒོ། །ཉེ་བའི་ཙྪནྡོ་ཧ་ནི་བྱང་། །ཝ་དང་མ་ཧེ་ཉིད་དང་ནི། །རྟ་མགྲིན་གླང་པོའི་རྒྱལ་མཚན་ཉིད། །འདི་རྣམས་སྒོ་དང་སྒོ་རུ་ནི། །ཁ་དོག་དབྱེ་བ་གོང་མ་བཞིན། །གསུང་གི་འཁོར་ལོའི་མཚམས་རྣམས་ནི། །འདུ་བ་ཉེ་བའི་འདུ་བ་ ཉིད། །སྐུ་ཡི་འཁོར་ལོའི་མཚམས་སུ་ནི། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །སྐུ་གསུང་འཁོར་ལོའི་མཚམས་སུ་ནི། །དམྱལ་བ་དག་ནི་རྟག་ཏུ་བྲི། །སྐུ་ལ་གྲང་བའི་དངོས་པོ་བཞི། །གསུང་ལ་དེ་བཞིན་ཚ་བ་བཞི། །རི་གི་ཨཱ་ར་ལིའི་སྦྱོར་བ་སྟེ་ལེའུ་དང་པོའོ།། །།ལྷ་མོ་རི་གི་སྙིང་ རྗེ་ཆེ། །ཨཱ་ར་ལི་ནི་ཉིད་ཀྱིས་ཞུས། །ཇི་ལྟར་འཁོར་ལོའི་མཚམས་བརྒྱད་དུ། །དམྱལ་བ་བརྒྱད་ནི་རྣམ་པར་བསྒོམ། །རི་གིས་བཀའ་སྩལ་པ། ཇི་སྙེད་པ་ཡི་སེམས་ཅན་གྱི་བསྡུ་བས་བསྡུས་པ་སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་ པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཅན་དང་། གཟུགས་མེད་པ་ཅན་ནམ། འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་ཅན་དེ་ཐམས་ཅད་ཨཱ་ར་ལི་དམྱལ་བར་འཚེད་པར་འགྱུར་རོ། །དེ་རྣམས་གདོན་པའི་བློས་ཨེ་བྃ་རྣམ་པར་བཞུགས་པར་བྱའོ། ། སྟོང་པ་ཉིད་ནི་བསྒོམས་ནས་ནི། །ཧཱུྃ་ནི་སྙིང་གར་བསྒོམ་པར་བྱ། །ཧཱུྃ་ལས་སྣ་ཚོགས་རིགས་བདག་ཡིན། །རྡོ་རྗེ་ལས་ནི་ཨཱ་ར་ལི། །འབྱུང་བ་ཉིད་དུ་འགྱུར་བ་ཉིད། །མང་དུ་བརྗོད་པས་ཅི་ཞིག་བྱ། །ཨེ་བྃ་རྣམ་པ་ཆེས་གསང་བར། །སངས་ རྒྱས་རིན་ཆེན་ག་བ་ཙེར་ནི། །རྫོགས་པའི་དཀྱིལ་འཁོར་དུ་ནི་འགྱུར། །ཨོཾ་ཨཱ་ར་ལི་རི་གི་ཕེྃ་ཕེྃ་ཕེྃ་བྷྱོ་སྭཱ་ཧཱ། ཆར་དབབ་པའི་ཆོ་ག་བཤད་པར་བྱའོ། །ས་ཡི་བདག་པོ་བླངས་ནས་ནི། །ནོར་རྒྱས་བུ་ནི་མཁས་པས་བྱ། །ཐོད་པ་སྦྱར་མར་བཞག་ནས་ནི། །བ་ཡི་འོ་མས་དགང་ བར་བར་བྱའོ། དེ་ཡི་སྦྱོར་བས་བཀང་ནས་ནི། །ངེས་པར་སྲད་དུ་ནག་པོས་དཀྲི། །ཆུ་ཡི་འགྲམ་དུ་རང་སོང་སྟེ། །རི་གི་ཨཱ་ར་ལི་སྦྱོར་བས། །སྔགས་པས་སྔགས་ནི་ཁྲི་བཟླས་ན། །ཀླུ་ནི་འཁྲུགས་པས་ཆར་བ་འབེབས། །རྨི་ལམ་གྱི་ལས་བཤད་པར་བྱ་སྟེ། །རྣལ་འབྱོར་བདག་གི་ མལ་འོག་ཏུ། །ད་དུ་ར་ཡི་ཁུ་བ་དང་། །དུར་ཁྲོད་སོལ་བ་བསྲེས་པ་དང་། །འུག་པའི་སྒྲོ་རྩའི་སྨྱུ་གུ་ཡིས། །རོ་དཀྲིས་དམར་པོའི་གོས་ལ་ནི། །བསྒྲུབ་བྱའི་མིང་ནི་རང་གིས་བྲི། །དེ་ལ་རྣལ་འབྱོར་མ་འདུག་ནས། །ཨཱ་ར་ལི་ནི་ཁྲི་རུ་བཟླས། །ཨོྃ་ཨཱ་ར་ལི་རི་གི་ཕེྃ། ཨ་མུ་ཀི་ཀེ། མ་མེ་དྃ་སྭ་བྣྃ་དརྴ་ཡ་བྷྱོ། སྭཱ་ཧཱ། །བྲག་དགུག་པ་བཤད་པར་བྱ་སྟེ། རྣ་ཚོལ་བརྟག་པར་བྱས་ནས་ནི། །གོང་བུ་མདུན་དུ་དགོད་པར་བྱ། །རི་གི་ཨཱ་ར་ལིའི་སྦྱོར་བས། །དབུགས་ཀྱི་གོང་བུ་དགག་པར་བྱ། །ཁབ་ཀྱི་ཕྱག་རྒྱ་མཆུ་བྱས་ནས། །དང་པོ་ལྕེ་ཡི་བྱེད་པ་པོས། །ཇི་ལྟར་ ཚ་བའི་གོང་བུ་བཞིན། །ཤེས་རབ་ཅན་གྱིས་སྦྲང་ཆེན་དགུག །ཁབ་ཀྱི་ཕྱག་རྒྱ་གཉིས་པ་ནི། །མགྲིན་སྐྲས་དལ་གྱིས་ཡོངས་སུ་གཟིར། །འཇུག་པའི་ལས་ཡང་དག་པར་རབ་ཏུ་བཤད་པར་བྱ་སྟེ། ཇི་ལྟར་སྦྱོར་བའི་གཟུགས་བལྟས་ནས། །བདག་ཉིད་རི་གི་ཡི་གཟུགས་སུ། ། རི་གི་ཨཱ་ར་ལིའི་སྦྱོར་བས། །མགོ་ནི་འོག་ཏུ་རྣམ་པར་བསྒོམ། །ཨོྃ་བཛྲ་ཨཱ་ར་ལི་ཕཊ་ཡ་ཏོ་ཏ་ཡ་ཕྃ་ཕྃ་སྭཱ་ཧཱ། རེངས་པར་བྱེད་པ་བཤད་པར་བྱ་སྟེ། དགྲ་བོ་ཉིད་ཀྱི་ལྕེ་ལ་ནི། །བུ་རམ་གོང་བུ་བསྒོམ་པར་བྱ། །ཨོྃ་རི་གི་གྷུཊྚ་གྷུཊྚ་ཤ་ཧཱུྃ་ཕཊ། འཁྲུ་བ་རབ་ཏུ་བཤད་པར་ བྱ་སྟེ། དགྲ་བོའི་དྲི་མས་གཟུགས་བརྙན་བྱ། །དེ་ཡི་སྐྲ་ཡིས་དཀྲི་བར་བྱ། །ཚ་བ་གསུམ་གྱིས་ཁ་བཀང་ནས། །གཟུགས་བརྙན་ཁ་རུ་གཞག་པར་བྱ། །ཨོྃ་ཨཱ་ར་ལི་མ་མེ་ཨ་མུ་ཀྃ་ཀྃ་ཀྃ་ས་ར་ཡ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དབང་དུ་བྱ་བ་ལ། བདག་གི་གཡོན་པའི་མིག་ཏུ་ནི། ། ཨེ་བྃ་རྣམ་པར་བསྒོམ་པར་བྱ། །དེ་ཡི་གཡས་པའི་མིག་ཏུ་ནི། །རྡོ་རྗེ་འཕྲོ་བའི་རྣམ་པ་བསྒོམ། །དེ་དག་འདུས་པའི་སྦྱོར་བ་ནི། །རི་གི་ཨཱ་ར་ལིས་སྦྱོར་བས། །མཛེས་མ་དབང་དུ་བྱེད་པར་འགྱུར། །བདག་ཉིད་བསྲུང་བར་བྱ་བ་དང་། །གནས་ནི་སྦྱང་བ་ཉིད་དང་ཡང་། །ཡེ་ཤེས་ འཁོར་ལོ་གཞུག་པ་དང་། །ཐུགས་སོགས་བྱིན་གྱིས་བརླབ་པ་དང་། །ཡན་ལག་དགོད་པར་བྱ་བ་དང་། །དེ་བཞིན་ལྷ་ཡི་དབང་བསྐུར་དང་། །ལྷ་མོ་རྣམས་ཀྱི་སྔགས་འབྱུང་བ། །ཨཱ་ར་ལིས་ནི་རྟག་ཏུ་བྱ། །ཨོྃ་དང་ཨཱཿཧཱུྃ་བྱིན་གྱིས་བརླབ། །དེ་ཉིད་གསུམ་ནི་རིགས་གསུམ་ འབྱུང་། །བྱིན་བརླབས་ལས་ནི་འགྲུབ་པར་འགྱུར། །ལས་རྣམས་ཐམས་ཅད་རབ་སྦྱིན་དགེ། །སྙིང་དབུས་རང་གི་ས་བོན་གྱི། །ལྕགས་ཀྱུས་ཨཱ་ར་ལི་ཕྱུང་ནས། །ཡེ་ཤེས་འཁོར་ལོ་དགུག་པར་བྱ། །བཀུག་ནས་དམ་པོར་བཅིང་བར་བྱ། །དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་ རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་ཨེ་ཧྱེ་ཧི་བྷ་ག་བན་ཏི་རི་སྭཱ་ཧཱ། སྤྱི་བོ་སྙིང་དང་དེ་བཞིན་མགྲིན། །ལྟེ་བ་གསང་བའི་གནས་སུ་ནི། །ཞགས་པའི་ཕྱག་རྒྱའི་སྦྱོར་བ་ཡིས། །དམ་པོ་ལ་སོགས་བཅིང་བར་བྱ། །ཧ་ཧ་ཧི་ཧི་དེ་བཞིན་དུ། །ཧུ་ཧུ་ཧོ་ཧོ་དེ་བཞིན་ཏེ། །ལུས་ཀྱི་གནས་ནི་ བརྒྱད་རྣམས་སུ། །ཡན་ལག་དགོད་པར་བྱ་བ་ཉིད། །སྤྱི་བོ་མཆན་ཁུང་ལྟེ་བ་དང་། །ཁ་དང་དེ་བཞིན་མིག་གཉིས་དང་། །རྐང་མཐིལ་གསང་བ་ཉིད་དུ་ནི། །ཡན་ལག་དགོད་པར་རབ་ཏུ་གྲགས། །སྔགས་ནི་རིམ་པ་ཡིས་ནི་མཚོན། །ལག་པ་བ་སྤུའི་ཁུང་ཀུན་ནས། །རི་གིའི་འོད་ ཟེར་སྤྲོ་བར་བྱ། །ལྕགས་ཀྱུའི་ཕྱག་རྒྱ་རབ་སྦྱོར་བའི། །ཡང་ནི་ཕྱིས་ནི་བསྡུ་བར་བྱ། །རི་གི་ཧཱུྃ་སྃ་ཀྃ་མྃ་སྃ་ཉིད། །ཐུགས་ཀྱི་འཁོར་ལོར་རབ་ཏུ་གྲགས། །གྷྃ་ཏཱྃ་མྃ་ཡུྃ་ཞེས་བྱ་བ། །གསུང་གི་འཁོར་ལོར་གྲགས་པའོ། །ཛྃ་མྃ་ཧཱྃ་ཀྃ་ཨྃ་ཉིད་ནི། །སྐུ་ཡི་འཁོར་ལོར་རབ་ཏུ་གྲགས། ། རི་གི་སྔགས་ཀྱི་གདོན་པ་ནི། །རིམ་པ་ཡིས་ནི་མཚོན་པར་བྱ། །རང་གི་སྙིང་ལས་འོད་ཟེར་བྱུང་། །ལྕགས་ཀྱུའི་ཕྱག་རྒྱར་རབ་སྦྱོར་བས། །ཕྱོགས་བཅུར་རྣམ་པར་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་དེས་བཀུག་ནས། །ཆོ་གས་འདོད་པས་མཆོད་ནས་ནི། །དབང་ནི་བློ་དང་ ལྡན་པས་བླང་། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཌཱ་ཀིནྱཱ་ནུ་ག་ཏ་མ་ཧཱ་ཨ་བྷི་ཥེ་ཀཱ་ནུ་དྷ་ནུ་ཞེས། བདུད་རྩི་ལྔས་གང་བུམ་པ་ནི། །སངས་རྒྱས་ལྔ་ཡི་རང་བཞིན་གྱི། །དེས་ནི་ལྷ་རྣམས་དབང་བསྐུར་བྱ། །ལྷ་ཡི་དབང་ལས་བདེ་བ་ཉིད། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཌཱ་ཀིནྱཱ་བྷི་ཥི་ཀ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། གྲུ་གསུམ་མེ་ཡི་ས་ བོན་གྱིས། །སྣང་བྱེད་རྣམ་པར་བསྒོམ་པར་བྱ། །སྙིང་གར་ཧཱུྃ་ལས་རིགས་བདག་ཉིད། །དེ་ཉིད་ཀྱི་ནི་དེ་རུ་འགྱུར། །དེ་ནས་རྡོ་རྗེ་ལས་བྱུང་ཀུན། །རྡོ་རྗེ་གུར་དང་ར་བ་ཉིད། །རི་གི་ཨཱ་ར་ལི་གནས་སུ། །བདག་ཉིད་རྟག་ཏུ་བསྲུང་བར་བྱ། །དམྱལ་བ་བརྒྱད་ནི་ཐོད་པ་ཡི། །དཀྱིལ་འཁོར་འཕར་མ་ གསུམ་གནས་པའི། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །འཁོར་ལོ་གཡས་སུ་བསྐོར་བ་ཡིན། །ཞབས་གཡོན་བརྐྱང་བའི་ཨཱ་ར་ལི། །སེམས་ཀྱིས་འཇིགས་བྱེད་མནན་ནས་ནི། །རི་གི་ཤིང་ལ་མངོན་ཞོན་པ། །ཞབས་ལ་ཞབས་ཀྱིས་བསྐོར་བ་བྱ། །རྣལ་འབྱོར་མ་ཀུན་ཐོད་པར་གནས། །གར་གྱི་ རྐང་པས་ཕྱོགས་སུ་གནས། །ཚ་དང་གྲང་བའི་རབ་དབྱེ་བས། །མཚམས་སུ་ཐོད་པ་བརྒྱད་པོ་ཡིན། །ལས་ཐམས་ཅད་རབ་ཏུ་བསྡུས་པ་ཞེས་བྱ་བའི་གླེང་གཞིའི་ལེའུ་སྟེ་གཉིས་པའོ།། །།རི་གི་ཨཱ་ར་ལིས་ཞུས་བ། །བརྡ་ཡི་རྣམ་པ་དུ་ཞིག་ལགས། །དེ་ལ་ལྷ་མོ་རི་གི་ཆོས། །བརྡ་ནི་ཡང་ དགའ་རབ་ཏུ་ཕྱེ། །བརྡ་ནི་ཆེན་པོ་ཙྪོ་མ་བཅུ། །བདག་ཉིད་སྔོན་དུ་བྱེད་པ་ཉིད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོ་དངོས་གྲུབ་ཐོབ་འདོད་ན། །གནས་ནི་དཔྲལ་བའི་རྒྱབ་ཏུ་འདོད། །ངོས་ནི་ཉེ་བའི་གནས་ཉིད་དོ། །པུས་མོ་ཙྪནྡོར་འགྲོ་བར་འགྱུར། །དཔྲལ་བར་ཉེ་བའི་ཙྪནྡོ་ཉིད། །ལག་ པ་གཡས་པ་འདུ་བ་ཉིད། །གཡོན་པ་ཉེ་བའི་འདུ་བ་ཉིད། །རྣ་བ་གཡས་པ་དུར་ཁྲོད་གནས། །གཡོན་པ་ཉེ་བའི་དུར་ཁྲོད་དོ། །སྙིང་ནི་ཞིང་དུ་ཡང་དག་འགྱུར། །ལྷག་མ་ཉེ་བའི་ཞིང་ཉིད་དང་། །ཚོང་རྡལ་ཉམས་དགའ་ཚོང་འདུས་དང་། །མ་མོའི་ཁྱིམ་དུ་རྟག་ཏུ་བལྟ། །བརྡ་ཡི་རྣམ་པར་ཤེས་པར་ བྱ། །རང་གི་མཚན་མ་རང་གིས་སྟོན། །རིལ་བུ་མིག་སྨན་ལ་སོགས་པ། །མཆོག་ནི་རབ་ཏུ་སྨིན་པར་འགྱུར། །ཨཱ་ར་ལི་ཡིས་ལྷ་མོར་ཞུས། །ཡེ་ཤེས་དམ་པ་ཇི་ལྟར་ལགས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོ་དངོས་གྲུབ་ཐོབ་འགྱུར་བ། །འབྲས་ཕྱིར་བྱང་ཆུབ་ཐོབ་འགྱུར་བའི། །ཏིང་ འཛིན་ལྷ་མོ་རི་གི་སྟེ། །མཆོག་ཏུ་བདེ་བ་ཆེན་པོ་ཉིད། །སྲུབ་དང་སྲུབ་བྱེད་ལས་བྱུང་བ། །ཀུན་མཁྱེན་ཡེ་ཤེས་ཡང་དག་འབྱུང་། །སེམས་པ་ཐམས་ཅད་ཡོངས་སུ་སྤངས། །དབང་པོ་ཐམས་ཅད་བཟློག་པར་བྱ། །དགོན་པ་དབེན་པའི་གནས་སུ་ནི། །གཉིས་གཉིས་ཐམས་ཅད་རྣམ་པར་ སྤངས། །མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པའི་གཟུགས་སུ་ནི། །སྒྲུབ་པོས་དང་པོ་མཐོང་བར་འགྱུར། །ཕྱིས་ནི་རྣ་བ་གཡོན་པར་བཅུག །དལ་གྱིས་དལ་གྱིས་འགུལ་བར་འགྱུར། །ཡན་ལག་ཅན་གྱི་བདེ་བ་གང་། །དེ་བཞིན་ཕྱག་རྒྱ་ ཆེན་པོ་བདེ། །ཕྱི་ཡི་ཕྱག་རྒྱ་ངང་གིས་འཇིག །དེ་ཡིས་ཡེ་ཤེས་ཀྱང་ནི་འཇིག །བདེ་བ་ཆེན་པོ་རྟགས་པའི་ཕྱིར། །དེ་ཡི་ཡེ་ཤེས་ཕྱག་རྒྱ་བ། །འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །རང་གིས་རིག་པའི་རང་བཞིན་ཅན། །གཞོན་ནུའི་དགའ་བ་ཇི་ལྟ་བར། །གཞན་དུ་བརྗོད་པར་མི་ནུས་སོ། །ལྷན་ཅིག་ སྐྱེས་པའི་རྣལ་འབྱོར་འདི། །སེམས་ཅན་གསོལ་འདེབས་སེམས་ཀྱིས་ནི། །སེམས་ཅན་ཀུན་ལ་སྙིང་རྗེ་ཡིས། །འདི་ནི་རྣལ་འབྱོར་གཙོ་བོ་ཉིད། །འདི་ལ་གོམས་པའི་རྣལ་འབྱོར་གྱིས། །ནམ་མཁའ་མཉམ་པའི་སེམས་ཀྱིས་ནི། །སྙིང་རྗེ་མཐུ་ཆེན་རྣལ་འབྱོར་བས། །འགྲུབ་འགྱུར་འདི་ལ་ ཐེ་ཚོམ་མེད། །དང་པོར་མུན་པ་མཐོང་བར་འགྱུར། །གཉིས་པ་དཀར་དང་དུ་བ་འཐུལ། །གསུམ་པ་མེ་ཁྱེར་རྣམ་པ་ལྟར། །བཞི་པ་ཡ་པའི་མེ་ཏོག་བཞིན། །ལྔ་པ་སྤྲིན་མེད་ཡེ་ཤེས་ནི། །རང་གཞན་ཡང་དག་རིག་པ་སྤངས། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །དེ་ཡོད་ཐམས་ཅད་མཁྱེན་པའི་རྒྱུ། ། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །རྩེ་གཅིག་སེམས་ཀྱིས་རི་གིར་འགྱུར། །ཡེ་ཤེས་བདུད་རྩི་རྟག་འཐུངས་པས། །བཀྲེས་པས་ཟིལ་གྱིས་མི་ནོན་ཅིང་། །སྐོམ་པ་ཡིས་ཀྱང་ཟིལ་མི་ནོན། །རྒ་དང་ན་བས་གཟིར་མི་འགྱུར། །འདི་ཡི་ཐབས་ཀྱི་རྣལ་འབྱོར་གྱིས། །རི་གི་ཐམས་ཅད་རིག་པར་འགྱུར། ། དེ་ནས་རྣལ་འབྱོར་པ་ཆེན་པོ། །ཨཱ་ར་ལི་ནི་ཉིད་ཀྱིས་ནི། །དམ་དུ་འཁྱུད་པར་འོ་མཛད་པས། །རི་གི་ལ་ནི་གུས་པས་ཞུས། །ཨེ་པྃ་མ་ཡཱ་ཅི་ཞིག་བཤད། །ཨེ་ཡི་རྣམ་པས་ས་རུ་བཤད། །བྃ་གི་རྣམ་པ་དེ་བཞིན་ཆུ། །མ་ནི་མེ་ཞེས་བྱ་བར་བརྗོད། །ཡཱ་ཡི་རྣམ་པ་རླུང་དུ་གསུངས། ། རི་གི་སྡོམ་པ་ཅི་ཞིག་བཤད། །རི་གིས་བཀའ་སྩལ་པ། རི་གི་མཁའ་འགྲོ་མར་ནི་གསུང་། །སྡོམ་པ་དམ་པར་གྱུར་པ་འདི། །རི་གི་ཨེ་བྃ་སྡོམ་པ་ནི། །ཨེ་བྃ་རྣམ་པ་རྣ་བར་གནས། །རི་གི་སྣ་ཡི་རྩེ་མོར་ནི། །རྟག་ཏུ་རི་གི་བཞུགས་པ་ཡི། །ཡེ་ཤེས་དམ་པ་འདི་ཉིད་ནི། ། ཀུན་མཁྱེན་ཡེ་ཤེས་དེ་ཡི་བདག །འབྱུང་བ་ཆེན་པོ་བཞི་གཏན་ལ་དབབ་པ་དང་བརྡའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྣལ་འབྱོར་ཆེན་པོ་ཡིས། །ཨཱ་ར་ལི་ནི་ཉིད་ཀྱིས་ནི། །རང་བཞིན་མཛེས་པ་ཉིད་ལ་ཞུས། །དཀོན་མཆོག་གསུམ་ལ་གནོད་བྱེད་པའི། །ཁྲག་ནི་ཇི་ ལྟར་དགུག་པར་བགྱི། །རི་གིས་བཀའ་སྩལ་པ། ནུས་ལ་སོགས་པས་མདུན་དུ་ནི། །ཡ་པའི་མེ་ཏོག་བཞག་ནས་ནི། །རང་གི་ཁྲག་ནི་དགུག་པར་བྱ། །རི་གི་ཉོན་ཅིག་གོམས་པ་ཡི། །ནས་ནི་ཉི་ཤུ་ཁ་སྨད་འབྱུང་། །ཕྱི་ནས་ཁྲག་ནི་འགུགས་པར་བྱེད། །ལྷ་ནི་དྲལ་བ་ བཤད་པར་བྱ། །སྤྱི་བོར་འབར་བ་བསམ་པར་བྱ། །འབར་བའི་ཕྲེང་བས་ཁྱབ་ནས་ནི། །དེར་ནི་སྔགས་ནི་བཟླས་པར་བྱ། །ཨོྃ་ཧེ་རུ་ཀ་པ་ཏྃ་ཕི་པ་ཏཱ་ཡ། །རི་གི་ཨཱ་ར་ལིའི་སྦྱོར་བས། །ལྷ་ལ་ཕྱག་བྱས་འགག་པར་འགྱུར། །ཨཱ་ལི་ཀཱ་ལི་ཡན་ལག་མཉམ། །འདི་དག་གཉིས་ དབུས་རང་ས་བོན། །རང་གི་ས་བོན་ཉིད་ཀྱིས་ནི། །རང་གི་ཕྱག་རྒྱ་རྣམས་ཡིན་ཏེ། །ཕྱག་རྒྱ་ལས་ནི་ལྷ་རྣམས་འབྱུང་། །ཨོྃ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧྃ། ལྕགས་ཀྱུ་ཕྱག་རྒྱ་ལག་གཉིས་ཀྱིས། །མཐེ་ཆུང་ཕན་ཚུན་ལྕགས་ཀྱུའི་ཚུལ། །དབུ་མ་ཡི་ནི་སོར་མོ་གཉིས། །མཐེ་བོང་རྒན་པོས་ གཟིར་བར་བྱ། །སྡིགས་མཛུབ་གཉིས་ཀྱི་ཞགས་པ་ཉིད། །རྡོ་རྗེ་རལ་གྲི་ཞགས་ཆེན་པོ། །ཆོས་ཀྱི་ཡེ་ཤེས་གང་ཞིག་གཞན། །རི་གི་ཉིད་དུ་རབ་ཏུ་གྲགས། །འཕགས་པའི་བདེན་པ་བཞི་ཡིས་ནི། །སི་སི་ལ་སོགས་རབ་ཏུ་གྲགས། །མི་འཇིགས་པ་ནི་བཞི་ཡིན་ཏེ། །མི་ བཟར་ལ་སོགས་རབ་ཏུ་གྲགས། །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཝ་ལ་སོགས་པ་རབ་ཏུ་གྲགས། །ཕྱག་དྲུག་འགྲོ་བ་དྲུག་ཏུ་གསུངས། །སྤྱན་གསུམ་སྲིད་པ་གསུམ་དུ་བརྗོད། །འཇིགས་བྱེད་བདག་གི་སེམས་ཉིད་དེ། །ཞབས་ཀྱི་རྩ་བར་བསྒྱེལ་བ་ཉིད། །དགའ་བ་ལ་ སོགས་ས་བཅུ་ནི། །གནས་སོགས་ཡང་དག་རབ་ཏུ་གྲགས། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་དྲུག །ཐོད་པ་ནམ་མཁའི་དཀྱིལ་འཁོར་ཉིད། །ཨེ་བྃ་མ་ཡཱའི་དབུས་གནས་པའོ། །བདག་ཉིད་ཀྱིས་ནི་དེ་ལྟར་བསམ། །འཆོལ་བ་ཀུན་གྱི་མཚན་ཉིད་ཀྱིས། །ཐམས་ཅད་རྒྱུད་ དུ་ཡང་དག་གནས། །གྲི་གུག་མ་རིག་གཅོད་པ་ཉིད། །ཐོད་པ་ཉིད་ནི་སྙིང་རྗེ་ཆེ། །རི་གི་ཨཱ་ར་ལི་ཡི་སྒྲ། །ཅང་ཏེའུ་ཧཱུྃ་ཧེའི་སྔགས་བཟླས་པས། །དགྲ་སྟེ་ཆོས་ཀྱི་འབྱུང་གནས་བརྗོད། །རྡོ་རྗེ་རྡོ་རྗེར་རབ་ཏུ་གྲགས། །མགོ་བོར་ཉོན་མོངས་པ་ཡི་བདུད། །ཐོད་པ་ ནམ་མཁའ་དག་པ་ཉིད། །ལྕགས་ཀྱུ་རི་གི་ཟེ་འབྲུ་སྟེ། །དེ་བཞིན་ཞགས་པ་དག་པ་ཉིད། །ངང་གི་དག་པ་བསྡུས་ནས་ནི། །ལུས་ནི་མཆོད་རྟེན་དག་པ་སྟེ། །སྐྱིལ་ཀྲུང་གདན་དུ་ཤེས་པར་བྱ། །འཛམ་བུའི་གླིང་གི་སྙིང་པོར་གསུངས། །གཉེར་མ་གསུམ་ བརྟག་ལྟེ་བ་ཉིད། །ལྟོ་བ་ཡང་ནི་གཟུགས་སུ་འགྱུར། །མགྲིན་པ་ཡང་ནི་མགྲིན་པར་བརྗོད། །ཁ་ཁྱེར་མགོ་བོར་ཤེས་པར་བྱ། །སྤྱི་བོ་གདུགས་ཀྱི་ཕྲེང་བར་བརྗོད། །མིག་གཉིས་ཟླ་བ་ཉི་མ་ཉིད། །འཕན་ནི་མགོ་ལས་སྐྱེས་པ་ཡིན། །རུས་པ་བདེ་བར་གཤེགས་ པའི་གདུང་། །དེ་ཕྱིར་རང་བྱིན་རློབ་པར་འགྱུར། །དེ་ཕྱིར་སངས་རྒྱས་གཟུགས་བརྙན་ལུས། །རྣལ་འབྱོར་པ་ཡིས་རྟག་ཏུ་མཆོད། །རང་གི་ངོ་བོ་སངས་རྒྱས་སུ་བཤད་པའི་ལེའུ་སྟེ་བཞི་པའོ།། །།རྒྱལ་པོ་ཆེན་པོ་ཟས་གཙང་འདི། །ཨཱ་ར་ལིས་ནི་ཡང་དག་ ཕྱེ། །དེ་ལ་རི་གི་སྒྱུ་མ་ཆེ། །འགྲོ་བ་ཐམས་ཅད་ཤེས་རབ་དག །དོན་གྲུབ་རྡོ་རྗེ་སེམས་དཔའ་སྟེ། །ལྷ་མོ་ས་འཚོ་ཕྱག་རྒྱའོ། །སྒྲ་གཅན་བཟང་པོའི་བདེ་བ་ཆེ། །སྒྱུ་མའི་གཟུགས་ཀྱི་སྤྲོས་པ་ལས། །སྒྱུ་མ་ཆེན་པོས་འཚོ་ཉིད། །རྡོ་རྗེ་སྒྱུ་མའི་རྣམ་འཕྲུལ་བས། ། དོན་གྲུབ་ལྷན་ཅིག་སྐྱེས་དགའ་ཉིད། །སྲས་ནི་བཅོམ་ལྡན་རྡོ་རྗེ་ཅན། །ཡབ་ནི་རྡོ་རྗེ་འཆང་བར་གྲགས། །ཡུམ་ནི་སྒྱུ་མ་ཆེན་མོ་ཡིན། །དེ་ཉིད་ཕྱག་རྒྱར་རབ་ཏུ་གྲགས། །མཐེ་བོང་རྒན་པོ་རྡོ་རྗེ་ཡིན། །ལྟེ་བ་ཆོས་ཀྱི་འབྱུང་གནས་གསུངས། །སྒྱུ་མ་ཆེན་པོའི་རྣམ་འཕྲུལ་བས། །དོན་གྲུབ་ཉིད་ནི་ གཟི་བརྗིད་ཅན། །ངོ་བོས་འགྲོ་བ་སངས་རྒྱས་ཉིད། །ལྷ་མོ་རི་གི་ང་ཚིག་ཉོན། །ལས་ལ་སྤྱོད་པ་རབ་བརྟགས་པས། །ལུས་ཅན་རྣམས་ནི་རྟག་ཏུ་གདུངས། །དགའ་བ་ཡང་ནི་ཤི་ཤིར་གསུངས། །མཆོག་ཏུ་དགའ་བ་འདོད་པ་མ། །དགའ་བྲལ་དགའ་བ་བདེ་ཆེན་མ། །ལྷན་ཅིག་སྐྱེས་དགའ་སྡོམ་པ་ མ། །མི་བཟང་མ་ནི་འོ་རུ་གསུངས། །རྣོན་མོ་ཡང་ནི་འཁྱུད་མོ་ཉིད། །སྒྱུ་མ་སྐྱེད་ལ་སྒྱུ་མ་ཆེ། །མཐེ་བོ་མཆུ་ནི་འཇིབ་པ་ཉིད། །དགའ་བའི་རྩོད་པ་ཝ་ཉིད་དེ། །སྦྲང་རྩི་བཏུང་བས་མ་ཧེ་ཉིད། །རྟོག་པ་ཡིས་ནི་རྟ་མགྲིན་ཏེ། །འོ་བྱེད་གླང་པོའི་རྒྱལ་མཚན་ནོ། །རྡོ་རྗེ་ར་ལི་འདོད་ ཆེན་ཅན། །འདོད་པ་མ་ནི་རི་གིར་བརྗོད། །ཐབས་དང་ཤེས་རབ་རང་བཞིན་གྱིས། །འགྲོ་བ་ཐམས་ཅད་རྣམ་པར་ཁྱབ། །སི་སི་རྣམ་པས་དམྱལ་བ་བཞི། །དེ་བཞིན་ཧ་ཡི་རྣམ་པ་བཞི། །འཁོར་བར་ཇི་ལྟར་སྤྱད་པ་ནི། །མྱ་ངན་འདས་པ་མི་འགལ་ལོ། །རྡོ་རྗེ་ཨཱ་ར་ ལི་ཉིད་ནི། །ཁུ་བར་ཡང་ནི་འགྱུར་བ་ཡིན། །རི་གི་བདེ་བ་ཆེན་པོར་གསུངས། །རི་གི་ཨཱ་ར་ལི་སྦྱོར་བས། །རྡོ་རྗེ་སྒྱུ་མ་ཞེས་བྱར་བརྗོད། །བུད་མེད་སྒྱུ་མའི་སྤྲོས་པ་ཡིས། །འགྲོ་བ་ཐམས་ཅད་རྣམ་པར་རྨོངས། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སྤེལ་བར་བྱེད། །སྙིང་པོའི་ སྔགས་ནི། ཨོྃ་ཨཱ་ར་ལཱི་བྷྱོ་བྷྱོ་ཧ་ཧ་ཧ་ཧ། སི་སི་སི་སི་མི་གསལ་བར་བཟླས་སོ། །གཉིས་ཀྱི་ཉེ་བའི་སྙིང་པོ་ནི། །ཧ་ཧ་ཧ། ལས་རྒྱས་པ་ལ་སྔགས་གང་ནི། །དེ་ཡི་སྔགས་སུ་རབ་ཏུ་བསྔགས། །སྙིང་པོ་ཡི་ནི་སྔགས་ཡིན་ནོ། །ཉེ་བའི་སྔགས་ཀྱིས་བསྐུལ་བ་ཡིན། །བསྒོམ་པ་བདེ་ཆེན་མྱང་བ་སྟེ། །དེ་ བཞིན་དམ་ཚིག་མཆོད་པ་ཉིད། །ཐམས་ཅད་ཀྱི་ནི་དམ་ཚིག་ལ། །མི་ལས་སྐྱེས་པ་རབ་ཏུ་བསྔགས། །ཀླུ་གཟིར་གཉིས་འཐུང་དམ་ཚིག་སྟེ། །རྨི་ལམ་རྟ་ནི་རབ་ཏུ་བསྔགས། །བསད་ལ་མ་ཧེ་དམ་ཚིག་གོ། །དབང་ལ་ཁྱི་ནི་རབ་ཏུ་བསྔགས། །ཁྲག་དགུག་པ་ལ་དམ་ཚིག་ སྟེ། །འཇུག་པ་དེ་བཞིན་རྔ་མོ་ཉིད། །རེངས་པ་ལ་ནི་ནེའུའི་ཤ། །ཁ་ན་མ་ཐོ་མེད་རྙེད་པ། །གལ་ཏེ་བསད་པར་བྱས་ན་ནི། །དེ་ཚེ་རྣལ་འབྱོར་པས་མི་འགྲུབ། །སེམས་ཅན་བསྐྱབ་སེམས་རྣལ་འབྱོར་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་ཁྲུ་ནི་བཞི་པ་བྱ། ། སྒོ་ལ་སོར་ནི་བཞི་པ་སྟེ། །སྒོ་ཁྱུད་སོར་ནི་གཉིས་སུ་གསུངས། །ལོ་གསལ་ཡང་ནི་སོར་གཉིས་ཡང་། །སྒོ་ཁྱུད་ཀྱི་ནི་ཁ་ཁྱེར་ལ། །སོར་ནི་བཅུ་གཉིས་དག་ཏུ་གསུངས། །ལྷ་ཡི་སྣམ་བུ་སོར་གཉིས་ཏེ། །རྟ་བབས་སོར་ནི་བཅུ་དྲུག་ཉིད། །སྒོ་ལས་སོར་མོ་གཉིས་ ཀྱིས་ནི། །རྡོ་རྗེ་ཕྲེང་བ་དེ་བཞིན་བྱ། །དཀྱིལ་འཁོར་སྙིང་པོ་ཟླུམ་པོ་སྟེ། །ཕྱོགས་བཞི་ཁ་དོག་བཞི་དང་ལྡན། །ཁ་དོག་ལྔ་ཡི་རྡུལ་ཚོན་ཉིད། །སྲད་བུ་ལྔ་ཞེས་བྱ་བར་བརྗོད། །གསེར་དང་ཡང་ན་དངུལ་ཉིད་དང་། །མུ་ཏིག་དང་ནི་བྱི་རུ་དྲང་། །མུ་མེན་ཡང་དག་བསྲེས་ནས་ནི། ། རིན་ཆེན་ལྔ་ནི་ཤིན་ཏུ་གཞུག །ལྷ་ཡི་གྲངས་ཀྱི་བུམ་པ་ཉིད། །རྣམ་རྒྱལ་བུམ་པ་ཆེས་ཆེ་བ། །བུམ་པ་དཀྲི་བ་ཉིད་དུ་ནི། །སྒྲུབ་པ་པོ་ནི་དམ་པས་བྱ། །དང་པོར་ས་ནི་ཡོངས་དག་བྱ། །གཉིས་པར་ཐིག་སོགས་གདབ་པ་དང་། །ལྔ་པའི་དཀྱིལ་འཁོར་བྲི་བ་དང་། །དེ་བཞིན་ལྔ་པར་སྦྱིན་སྲེག་ཉིད། །འཇིག་ རྟེན་སྐྱོང་བ་དབང་པོ་དང་། །ལྷ་མོ་ཁྱོད་ནི་དབང་དུ་འགྱུར། །དཀྱིལ་འཁོར་འདི་ནི་བཞེངས་པར་བགྱི། །འོད་སྲུང་མ་ཡིས་བགེགས་མེད་མཛོད། །ཇི་ལྟར་བདག་ཉིད་ནགས་དེ་བཞིན། །རྟག་པ་ཉིད་དུ་གཏོར་མ་སྦྱིན། །མཚན་མོ་ཐུན་གཅིག་གནས་པ་ནི། །མཁས་པས་དཀྱིལ་འཁོར་མཉེས་པར་བྱ། །གཏོར་ མའི་སྔགས་ནི། ཨོྃ་ཤརྒ་ཏི་ཀ་ས་ནེ་ནཱ་ཀཱ་རོ་མུ་ཁཾ་སརྦཱ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ། ས་ནི་ཡོངས་སུ་གཟུང་དུས་སུ། །བགེགས་ནི་སྐྲོད་པར་བྱེད་པའི་སྔགས། །ཨོྃ་ཨ་ན་ས་ཏ་ན་ན་ཊ་སྟིཥྛ་ཡ་མ་བཱ་རུ་ན་ཀུ་བེ་ར་ཀ་སྭཱ་ཙཱ་སྠ་ཎེ་ཥུ་ཏིཥྚ་དྷྃ་རཀྵཾ་ཀུ་རུ་ཏ་མེ་པི་ར་ཏྲྃ། ཆོ་གའི་མཚན་ཉིད་དང་ངེས་པའི་ལེའུ་སྟེ་ལྔ་པའོ།། །། རི་གི་ཨཱ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་ཡ་སྠ་པ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུརྤཱི་ཋ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གདན་བཞི་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་དྲ་བ་སྡོམ། ། ཡེ་ཤེས་སྟོང་པ་ཅན་དབང་ཕྱུག །གནས་གཙང་མ་ན་བཞུགས་ནས་སུ། །ཐམས་ཅད་མཁྱེན་པས་འདི་སྐད་གསུངས། །སྦྱངས་པའི་ཡོན་ཏན་ཅན་དང་། མི་སྡུག་པ་དང་། འཕྱང་བ་དང་། མགྲིན་པ་གསུམ་པ་ཅན་དང་། རི་རབ་དང་རི་རབ་གཙུག་ཏོང་དང་། པདྨ་ཅན་དང་། པདྨ་ཡངས་ པ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་ཕྱག་ན་རྡོ་རྗེ་ལ་གཟིགས་ནས་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་འདིར་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གསང་བ་སྦྱོར་བའི་མཚན་ཉིད་རྣམས། །ཡེ་ཤེས་དབང་ལ་ཉན་པར་འཚལ། །ས་དང་ནམ་མཁའ་ཇི་ལྟར་ལགས། །ཆུ་དང་མེ་ནི་ཇི་ལྟ་བུ། །འབྱུང་དང་འཇུག་པའི་དབུགས་དག་གིས། །བསམ་གཏན་ཇི་ལྟར་གཟུང་བར་བགྱི། ། ཡུལ་འཁོར་སྐྱོང་བ་དང་པོའི་ལྷ། །དཀྱིལ་འཁོར་དག་ན་ཇི་ལྟར་ལགས། །ཡེ་ཤེས་རྣམ་ཤེས་ལུས་ཀྱི་ནི། །ལས་ལ་སོགས་པ་ཇི་ལྟར་སྦྱོར། །འཁོར་བ་ལས་སྒྲོལ་མཚན་ཉིད་ཀྱི། །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །དབུགས་ཀྱི་ཡས་ལ་སོགས་ཐམས་ཅད། །ཡེ་ཤེས་ཅན་གྱི་ལས་ སུ་སྦྱར། །ཉི་ཁྲི་དང་ནི་ཆིག་སྟོང་དང་། །དྲུག་བརྒྱ་རུ་ནི་བརྩི་བར་བྱ། །ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ཀྱིས། །ཉིན་མཚན་དུ་ནི་གྲགས་པ་ཡིན། །འབྱུང་དང་འཇུག་པའི་དབུགས་རྣམས་ནི། །འབྱུང་བའི་གྲངས་ཀྱིས་བརྩི་བར་བྱ། །བློ་དང་ལྡན་པས་དབུགས་གཉིས་ནི། །འཇུག་ པ་འབྱུང་ལ་ཐིམ་པར་བྱ། །དེ་བཞིན་ས་ནི་བཅུ་གཉིས་ལ། །ཕྱི་རོལ་མཚན་མ་བཞག་བྱ་སྟེ། །ཚེས་གྲངས་མཚན་མ་ཇི་བཞིན་དུ། །རེ་མིག་བཅུ་གཉིས་རྣམས་སུ་གཞག །ག་རིམ་བཅུ་གཉིས་རབ་བརྩོན་པས། །ཤར་ནས་དཔྱིད་ཟླ་འབྲིང་སོགས་གཞག །རོ་ཧི་ཏ་དང་ མོ་ཧི་ཏ། །དེ་བཞིན་བྷ་དྲཱ་བྲྀཥ་བྷ། །ཀུརྨ་མ་ཀ་ར་རཎྜ་དང་། །མི་ཀི་ར་དེ་བཞིན་བི་ཏྲི་ཀ། །བྱཱ་ཀུ་སྭཔྣ་ཀ་མ་ནཱ། །ཀཱ་མ་ས་དང་བཅུ་དང་གཉིས། །འདི་དག་ཤར་སོགས་རེ་མིག་ལ། །གོ་རིམས་བཞིན་དུ་དགོད་པར་བྱ། །རོ་ཧི་ཏ་ལ་བཙས་པའི་བུ། །སྐལ་བ་བཟང་ལ་དེ་བཞིན་ ཕྱུག །གདུག་པའི་སེམས་ལ་ནད་བུ་ཅན། །རྟག་ཏུ་མཐའ་འཁོབ་གཙོ་བོ་སྟེ། །འཁྲིག་པ་ལ་ནི་རྟག་ཏུ་དགའ། །ཐམས་ཅད་དུ་ནི་སྙན་པར་སྨྲ། །རོ་ཧི་ཏ་ལ་ལྷ་མཆོད་ཅིང་། །དེ་བཞིན་ཚེ་ལོ་བདུན་ཅུ་ཐུབ། །རོ་ཧི་ཏ་ལ་ནོར་བཏང་ན། །མཛའ་བོ་ཐམས་ཅད་ལྡོག་པར་འགྱུར། ། རོ་ཧི་ཏ་ལ་ལུས་རྨས་ན། །དཔལ་དང་ཀུན་ཏུ་ཕྲད་པར་འགྱུར། །རོ་ཧི་ཏ་ལ་གནས་བརྟེན་ན། །གྲོགས་དང་ནོར་གྱིས་རྒྱས་པར་འགྱུར། །རོ་ཧི་ཏ་ལ་མགྲོན་ཞུགས་ན། །བསམ་པ་ཐམས་ཅད་མངོན་པར་འགྲུབ། །བག་མ་བླང་དང་མེ་ཡི་ལས། །ཞི་བའི་ལས་ནི་སྦྱར་བར་བྱ། །མོ་ ཧི་ཏ་ཡི་དོན་སྦྱོར་བ། །བགྲང་བ་ཉིད་ཀྱིས་ཤེས་པར་བྱ། །མོ་ཧི་ཏ་ལ་བཙས་པའི་བུ། །ཚེ་ནི་དྲུག་ཅུ་རྩ་ལྔར་གྲགས། །མང་དུ་ཟ་ཞིང་སེམས་ཆུང་ལ། །འཁྲིག་པ་ལ་ནི་རྟག་ཏུ་དགའ། །རྟག་ཏུ་གདུག་ཅིང་ཅ་ཅོར་ལྡན། །མི་སྙན་པ་དག་སྨྲ་ལ་དགའ། །ཁྲོ་ལ་ང་རྒྱལ་སྙིང་ སྟོབས་མེད། །སྡིག་པ་བྱེད་ཅིང་ངང་ཚུལ་ངན། །འཁྱལ་བ་དང་ནི་ཚིག་རྩུབ་སྨྲ། །མཚོན་གྱིས་ངེས་པར་འཆི་བར་འགྱུར། །ཡང་ན་ཚེ་ལོ་བརྒྱད་ཅུ་ནི། །རྩ་བཞི་དག་ཏུ་རབ་ཏུ་གྲགས། །རུང་བའི་ས་ནི་སྤོང་བྱེད་ཅིང་། །མི་རུང་བ་ལ་བརྩོན་པར་འགྱུར། །ལུས་ཀྱི་ཡན་ ལག་རྨས་ན་ནི། །འཆི་བདག་དང་ནི་ཕྲད་པར་འགྱུར། །གལ་ཏེ་ཅུང་ཟད་ནོར་གཏོང་ན། །བཏང་བ་སླར་ནི་མི་ལྡོག་གོ། །བྟ་དྲཱ་ལ་ནི་སྐྱེས་པའི་བུ། །ཁ་ཟས་བཟང་པོ་ཟབ་དང་། །བཟང་པོའི་ལས་ནི་བྱེད་འགྱུར་ཞིང་། །ལོ་བརྒྱ་རུ་ནི་འཚོ་བར་འགྱུར། །དབུལ་ལ་ཆོས་ནི་སྤྱོད་ པ་དང་། །བདེན་པར་སྨྲ་ཞིང་སྙན་པར་བརྗོད། །ཆུང་མ་གཅིག་གིས་ཚིམ་པའི་ལུས། །བཟང་པོར་སྨྲ་བའི་གཙོ་བོར་འགྱུར། །བཟོ་རྣམས་ཀུན་དང་དུས་ཚོད་རིག །རྟག་ཏུ་རང་གི་གཉེན་དང་མཛའ། །ཆད་པ་གཅོད་པའི་རིགས་ཅན་ཏེ། །དེ་བཞིན་ལུས་ནི་ཆུ་རུ་འཆི། །བྲྀ་ ཥ་བྷ་ལ་སྐྱེས་བའི་བུ། །བརྩོན་འགྲུས་ལྡན་ཞིང་དགྲ་ལ་དཔའ། །སྒེག་དང་ནོར་གྱིས་ཕྱུག་པ་སྟེ། །ཆུང་མ་མང་དུ་ལེན་པར་འགྱུར། །རྟག་ཏུ་གཉེན་ནི་མང་བ་སྟེ། །ཕ་ཡི་སྲོག་ནི་འཇོམས་པར་བྱེད། །སོ་ནམ་ཚོང་གིས་འཚོ་བྱེད་ཅིང་། །ཚེ་ནི་དྲུག་ཅུར་འཚོ་བར་ འགྱུར། །སྙོམ་ལས་མུ་ཅོར་སྨྲ་བ་དང་། །གདུག་ཅིང་ལས་དང་དང་ཚུལ་ངན། །མཚོན་གྱིས་འཆི་བར་འགྱུར་བའམ། །ཡང་ན་སྲོག་ཆགས་གདུག་པས་སོ། །ཀུརྨ་ལ་ནི་བཙས་པའི་བུ། །རྟག་ཏུ་སེམས་ཁྲལ་ཅན་དུ་གནས། །ཆུང་གིས་ཁྲོ་ཞིང་ཆུང་གིས་མགུ། །མང་དུ་ སྨྲ་ཞིང་གཉེན་ལ་བྱམས། །དྲག་ཏུ་སྨྲ་ཞིང་ལྷག་པར་ཁྲོ། །ཕྱུག་ཅིང་ཐམས་ཅད་གཏོང་ལ་དགའ། །བུ་དང་ཆུང་མ་འཆི་བར་འགྱུར། །རྟག་ཏུ་རང་གི་ཡུལ་ན་གཙོ། །ཞིང་གིས་ལས་ལ་སོགས་པས་འཚོ། །མཛེ་ཡི་ནད་ཀྱིས་འཛིན་པར་འགྱུར། །ཚེ་ལོ་བརྒྱད་ཅུ་ལོན་པ་ན། དེ་བཞིན་ རང་གི་ཡུལ་དུ་འཆི། །མ་ཀ་ར་ལ་བཅས་པའི་བུ། །ཚེ་ནི་དགུ་བཅུ་རྩ་དྲུག་སྟེ། །ཚུལ་ཁྲིམས་ཕུན་ཚོགས་བསོད་ནམས་ལྡན། །འདུལ་བ་དང་ནི་སྤྱོད་པ་སྲུང་། །ནོར་ལྡན་གཟུགས་བཟང་ཕུན་སུམ་ཚོགས། །སྐལ་བ་བཟང་ཞིང་གྲགས་པས་མཛེས། །བཟོ་དང་སྒྱུ་རྩལ་ ཀུན་ལ་མཁས། །ཆུང་མ་གཅིག་ནི་ཤིན་ཏུ་གསལ། །རྟག་ཏུ་སེམས་ནི་ལྷོད་པ་སྟེ། །དུལ་བ་དང་ནི་བསྲུང་བ་སྟེ། །གཉེན་གྱི་ནང་ན་གཅིག་པུ་གཙོ། །ཀུན་ལ་སྙན་སོགས་སྨྲ་བ་དང་། །དེ་བཞིན་གཡུལ་ངོར་འཆི་བར་འགྱུར། །ཚེ་ལོ་ལྔ་བཅུ་རྩ་ལྔ་དང་། །ཡང་ན་དྲུག་ཅུའམ་ སུམ་ཅུའོ། །རཎྜ་ལ་ནི་བཙས་པའི་བུ། །རྟག་ཏུ་སྡིག་པའི་བློ་ཅན་ཏེ། །སེམས་ཅན་རྣམས་ལ་འཁྱལ་བར་སྨྲ། །རྟག་ཏུ་དབུལ་ཞིང་ཁ་གསག་སྨྲ། །དུས་ཀུན་དུ་ནི་ནད་བུ་ཅན། །རྒྱལ་པོས་ཆད་པ་གཅོད་པའི་བདག །འཁྲིག་པ་ལ་ནི་རྟག་ཏུ་དགའ། །གཞན་དག་ལ་ནི་ཡིད་ མི་རྟོན། །ཟོལ་དང་བཟོ་སོགས་ཀུན་རིག་པ། །བུད་མེད་རྣམས་ལ་སྐལ་བ་བཟང་། །ཚེ་ལོ་ལྔ་བཅུ་རྩ་ལྔའམ། །ཡང་ན་དྲུག་ཅུའམ་སུམ་ཅུར་ངེས། །མི་ཀི་ར་ལ་བཙས་པའི་བུ། །ཆོས་ཤེས་རང་གི་རིགས་ཀྱང་མཐོ། །ལུགས་ཀྱི་བསྟན་བཅོས་ཕུན་སུམ་ཚོགས། །བཟོ་ དང་རིག་པ་སྣ་ཚོགས་ལྡན། །ཚིག་རྩུབ་སྨྲ་ལ་དྲག་པ་སྟེ། །ཤིན་ཏུ་ཁྲོ་ཞིང་འཇིགས་སུ་རུང་། །ནོར་ཉུང་གཟུགས་ནི་བཟང་བ་སྟེ། །བྱ་བ་ཐམས་ཅད་མྱུར་བར་འགྲུབ། །དེ་ཡི་ལུས་ནི་རང་ཉིད་ཀྱིས། །ཆུ་རུ་མཆོངས་ཏེ་འཆི་བར་འགྱུར། །ཚེ་ལོ་བརྒྱད་ཅུ་རྩ་བརྒྱད་ན། །ཡང་ ན་རྒྱལ་པོའི་ཁྲིམས་ཀྱིས་གསོད། །བི་ཏྲི་ཀ་ལ་བཙས་པའི་བུ། །སྐྱེས་མ་ཐག་ཏུ་མ་ནི་འཆི། །ཕ་ཡང་ལོ་ནི་བརྒྱད་ན་འཆི། །དེ་བཞིན་རང་གི་ཁྱིམ་ན་གཙོ། །ཁྲོལ་རྫས་ནི་ཉུང་བར་འགྱུར། །སྡིག་པ་ལ་སོགས་བླུན་དང་ལྡན། །ལས་དང་སེམས་ཁྲལ་ཆུང་བ་སྟེ། །དཔུང་རྣམས་ ཀྱི་ནི་གཙོ་བོ་ཉིད། །ཚེ་ལོ་བརྒྱ་དང་རྩ་བརྒྱད་ན། །རང་གི་ཁྱིམ་དུ་འཆི་བར་འགྱུར། །གཉེན་རྣམས་ཀུན་དང་མཛའ་བ་སྟེ། །སྡུག་ཕོངས་རྣམས་ལ་བརྩེ་བར་ལྡན། །བྱཱ་ཀུ་ལ་ནི་བཙས་པའི་བུ། །བློ་ཆུང་ངན་པར་སྨྲ་བ་དང་། །ཤེས་རབ་ཞན་ཅིང་ནད་བུ་ཅན། །རྟག་ཏུ་གྲོགས་ པོ་ངན་དང་འགྲོགས། །རང་གི་གཉེན་བྱམས་སྐལ་བ་བཟང་། །སྡུག་ཕོངས་རྣམས་ལ་རྗེས་སུ་བརྩེ། །ནོར་དང་བ་ལང་ཤིན་ཏུ་ཕྱུག །ཁྱིམ་དང་ཆུང་མ་གསུམ་ལ་སོགས། །སྐད་ཅིག་ཁྲོ་ཞིང་ང་རྒྱལ་ལྡན། །དགྲ་ཡིས་གཟིར་བས་འཇིགས་པར་འགྱུར། །ཕ་དང་མ་ནི་ ཚེ་ཡང་རིང་། །དེ་བཞིན་ལོ་བདུན་ཅུ་ཐུབ། །ཚོང་གི་ལས་ཀྱིས་འཚོ་བར་བྱེད། །ལན་ཅིག་ཚོང་གི་རྒྱུ་ཡིས་འཆི། །སྦྱོར་བ་བརྩམས་པའི་མཚན་མ་ལ། །ཡེ་ཤེས་ཅན་གྱིས་བགྲང་བར་བྱ། །སྭཔྣ་ལ་ནི་བཙས་པའི་བུ། །དཔའ་རྟུལ་ཕ་རོལ་གནོན་པ་ཡིས། །དགྲ་རྣམས་ ཐམས་ཅད་སྲེག་པར་བྱེད། །མགོན་མེད་རྣམས་ཀྱི་རྩ་ལག་སྟེ། །དུས་རྣམས་ཀུན་ཏུ་དབུལ་པ་དང་། །སྡིག་པའི་ལས་ལ་ནན་ཏན་བྱེད། །བདག་ཉིད་སེང་གེར་སེམས་པ་དང་། །ཚིག་རྩུབ་སྨྲ་ལ་ཐམས་ཅད་རིག །དུས་ཀུན་དུ་ནི་ནད་མེད་ཅིང་། །རྟག་ཏུ་ལོངས་སྤྱོད་རྙེད་ པར་འགྱུར། །གཞན་ལ་བརྟེན་པས་འཚོ་བ་དང་། །བུད་མེད་ཀུན་ལ་གནོད་ཅིང་སྤྱོད། །ཚེ་ལོ་ལྔ་བཅུ་ཐམ་པ་རུ། །དེ་ནི་ངེས་པར་འཚོ་བར་འགྱུར། །དགྲ་ཡི་མཚོན་གྱིས་བརྒྱབ་ནས་སུ། །འཆི་བར་འགྱུར་བ་གདོན་མི་ཟ། །ཀཱ་མ་ས་ལ་བཙས་པའི་བུ། །ཚེ་ནི་དྲུག་ཅུ་རྩ་ བརྒྱད་འཚོ། །ནོར་དང་འབྲུ་དང་གྲོང་དང་ནི། །ཕྱུགས་དང་རྟ་སོགས་བཞོན་པར་ལྡན། །བདེན་པར་སྨྲ་ཞིང་ཆོས་ཀྱང་ཤེས། །སེམས་ཅན་ཀུན་ལ་ཕན་པར་བྱེད། །རིག་པ་དང་ནི་སྙན་པར་སྨྲ། །བསྟན་བཅོས་ཐམས་ཅད་ཤིན་ཏུ་རྒྱས། །སེམས་ཅན་ཀུན་ ལ་སྐལ་བ་བཟང་། །རང་གི་ཡུལ་དུ་འཆི་བར་འགྱུར། །སྦྱོར་བའི་མཚན་མ་བསྟན་པ་རྣམས། །ངས་བསྟན་པ་ལ་ཐེ་ཚོམ་མེད། །རོ་ཧི་ཏ་ནི་ལྷ་ལ་མཆོད། །མོ་ཧི་ཏ་ནི་ནོར་ལ་བརྐམ། །བྷ་དྲཱ་ཁ་ཟས་བཟང་པོ་ཟེ། །བྲྀ་ཥ་བྷ་ལ་མང་དུ་ཁྲོ། །ཀུརྨ་ལ་ནི་གཞན་དུ་སེམས། །མ་ ཀ་ར་ལ་འབྲེལ་བར་སྨྲ། །རཎྜ་ལ་ནི་སྡིག་སེམས་ཅན། །མི་ཀི་ར་ནི་འཁྲིག་ལ་བརྟེན། །བི་ཏྲི་ཀ་ནི་གཉིད་ལོག་ཅིང་། །བྱཱ་ཀུ་ལི་ནི་བླ་རྡོལ་ལོ། །སྭཔྣ་ལ་ནི་རང་ཉིད་སེམས། །ཀཱ་མ་གླུ་དང་ཀློག་འདོན་བྱེད། །རོ་ཧི་ཏ་ལ་ཞི་བའི་ལས། །དེ་བཞིན་བྲྀ་ཥ་རྒྱས་པ་སྟེ། །མ་ཀར་ ནི་དབང་དང་འབྱོར། །བྷ་དྲཱ་ལ་ནི་མངོན་སྤྱོད་བྱ། །མོ་ཧི་ཏ་ཡིས་བསྐྲད་པ་སྟེ། །ཀུརྨ་ལ་ནི་བཅིང་བའི་ལས། །རཎྜས་དབྱེ་བར་ཤེས་པར་བྱ། །བྱཱ་ཀུ་ལ་ནི་སྨྲན་སྦྱར་བྱ། །ར་ཡི་ཁྱུ་མཆོག་གྲུབ་པ་སྟེ། །བདུད་རྩི་སྦྱོར་བས་སྐྱེ་མི་འགྱུར། །ཤར་ལ་སོགས་པའི་ཕྱོགས་བཞག་ ནས། །སྔ་དྲོ་མཁས་པས་བརྩི་བར་བྱ། །རོ་ཧི་ཏ་ལ་ནོར་བྱིན་ན། །རྫུ་འཕྲུལ་དག་ནི་རྒྱས་པར་འགྱུར། །མོ་ཧི་ཏ་ལ་ནོར་བསྡུས་ན། །གཞན་གྱིས་དགག་པར་མི་ནུས་སོ། །བྷ་དྲཱ་ལ་ནི་ཁྱིམ་བརྩམས་ན། །དཔལ་དང་ཡང་དག་འཕྲད་པར་འགྱུར། །བྲྀ་ཥ་ལྷ་ཡི་རྣལ་འབྱོར་གྱིས། ། སྔགས་ནི་ཀུན་ཏུ་འགྲུབ་པར་འགྱུར། །ཀུརྨའི་སྦྱོར་བས་པག་མ་བླང་། །ཐམས་ཅད་དུ་ནི་འབྲལ་མི་འགྱུར། །མ་ཀ་ར་ལ་ཞིང་བཏབ་ན། །གདོན་མི་ཟ་བར་འབྲུ་རྣམས་འཕེལ། །རཎྜ་བུད་མེད་བགྲོད་བྱས་ན། །ཤི་བར་གྱུར་ཀྱང་མི་གཏོང་ངོ་། །མི་ཀི་ར་ལ་ཚོང་བྱས་ན། ། གཏམ་པ་དེ་ལྟར་ལེན་པར་སྣང་། །རྟག་ཏུ་བརྟན་པར་གཞག་བྱ་བའི། །ལས་ཚོགས་བི་ཏྲི་ཀ་ལས་བཟུང་། །བྱ་ཀུ་ལི་ལས་མགྲོན་ཞུགས་ན། །འཚེ་བ་མེད་པར་གནས་སུ་ཕྱིན། །སྭཔྣས་ཐམས་ཅད་ཀུན་ཏུ་ནི། །ངེས་པར་རྟག་ཏུ་མངོན་པར་འོང་། །ཀཱ་མ་ལ་ནི་ནོར་ བཏང་ན། །བཏང་བ་སླར་ལ་ལྡོག་མི་འགྱུར། །རོ་ཧི་ཏ་ལ་ནོར་རྒྱས་བུ། །མོ་ཧི་ཏ་ནི་འཇོག་པོ་ཡིན། །སྟོབས་ཀྱིས་རྒྱུ་བ་བྷ་དྲཱའི་གནས། །དེ་བཞིན་པདྨ་བྲྀ་ཥ་བྷ། །ཀུརྨ་པདྨ་ཆེན་པོ་སྟེ། །མ་ཀ་ར་ནི་དུང་སྐྱོང་ངོ་། །རཎྜ་དུང་སྐྱོང་ཆེན་པོ་སྟེ། །མི་ཀི་ར་ནི་རིགས་ལྡན་ནོ། །པི་ཏྲི་ མགོ་བརྒྱ་བ་ཡིན་ཏེ། །བྱཱ་ཀུ་ལ་ནི་འཁྱིལ་ལྟུང་ཡིན། །སྭཔྣ་འཇིགས་པ་ཞེས་བྱ་སྟེ། །ཀཱ་མ་དུས་ཀྱིས་འཆི་བར་འདོད། །འདི་དག་དུས་སྦྱོར་རིམ་པ་བཞིན། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ར་ཡི་ཁྱུ་མཆོག་གྲུབ་པ་སྟེ། །བདུད་རྩིའི་སྦྱོར་བས་སྐྱེ་མི་འགྱུར། །གང་གི་མཆེ་བས་ མངོན་ཟིན་ན། །འཆི་བདག་དང་ནི་ཕྲད་འགྱུར་བའོ། །དུག་བསྡུ་བ་ཡི་སྦྱོར་བ་དག །གཞན་ལ་དུག་ནི་སྦྱར་བར་བྱ། །དུས་ཀྱི་མཚན་མ་ཇི་བཞིན་དུ། །གོ་རིམས་རིམ་པ་བཞིན་དུ་བྱ། །དཔྱིད་ཟླ་འབྲིང་སོགས་རིམ་བཞིན་དུ། །ཉི་མ་བྱང་དུ་འགྲོ་བའི་ཚེ། །ཇི་ལྟའི་དུས་བཞིན་ མཚན་མ་ནི། །རིམ་གྱིས་རིམ་གྱིས་སྦྱར་བར་བྱ། །ཉིན་མོའི་ཆུ་ཚོད་སོ་སོར་ནི། །མཁས་པས་བཅུ་གཉིས་བཞི་བསྒྱུར་བྱ། །མཚན་མོ་དྲུག་དང་བཅུ་གསུམ་བསྒྱུར། །ཆུ་ཚོད་མཁས་པས་བརྩམ་པར་བྱ། །རེ་མིག་དག་ནི་གཉིས་པ་ལ། །དུས་ལ་མཁས་པས་དུས་ཚོད་བྱ། ། ཉིན་མོ་དྲུག་དང་བཅུ་གཉིས་བསྒྱུར། །ཆུ་ཚོད་ཀྱི་ནི་མཚན་མར་བྱ། །བཞི་དང་བཅུ་གསུམ་བསྒྱུར་བ་ནི། །མཚན་མོ་ཆུ་ཚོད་དུ་ནི་བརྟག །བདག་དང་བཅུ་གཉིས་བསྒྱུར་བདག །ཉིན་མོ་རུ་ནི་བརྟག་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་བརྟག ། ཆུ་ཚོད་སུམ་ཅུ་ཐམ་པ་ནི། །དབུས་ཀྱི་བི་ཤུག་ཉིས་པར་སྦྱར། །གཉིས་མཐའ་བཅུ་ནི་གསུམ་པོ་དག །ཉིན་མོ་ཆུ་ཚོད་ཤེས་པ་སྟེ། །བརྒྱད་དང་བཅུ་ནི་གཉིས་པོ་དག །དེ་ཡི་མཚན་མོའི་མཚན་མར་བྱ། །བཞི་དང་བཅུ་གསུམ་མཚན་མ་ནི། །ཉིན་མོ་ཡི་ནི་ཆུ་ཚོད་དེ། ། དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་མཚན་མ་བྱ། །དྲུག་དང་བཅུ་ནི་གསུམ་བསྒྱུར་བ། །ཉིན་མོ་ཡི་ནི་ཤེས་བྱ་སྟེ། །བཞི་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་གྲགས། །བྱང་དུ་བགྲོད་པ་བཤད་ནས་ནི། །དེ་བཞིན་གཞན་གྱི་དུས་ཤེས་བྱ། ། བཞི་དང་གསུམ་བསྒྱུར་ཆུ་ཚོད་ནི། །ཉིན་མོ་ཡི་ནི་བཤད་པ་ཡིན། །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོ་ཡི་ནི་མཚོན་པར་བྱ། །གཉིས་དང་པ་ཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་ཉིན་མོའི་ཆུ་ཚོད་ཡིན། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཆུ་ཚོད་ མཚན་གྱི་རབ་ཏུ་གྲགས། །བཅུ་ནི་གསུམ་གྱིས་བསྒྱུར་བ་དག །བི་ཤུ་ཉིན་མོའི་ཆུ་ཚོད་དེ། །དེ་བཞིན་མཚན་གྱི་ན་ཆུ་ཚོད་ཀྱང་། །བཅུ་ནི་གསུམ་དུ་བསྒྱུར་བར་བྱ། །དེ་བཞིན་པི་ཤུ་བར་མ་གཉིས། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཉིན་མོ་ཡི་ནི་བསམ་པར་བྱ། ། གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །ཉིན་མོའི་ཆུ་ཚོད་རིམ་པ་ཡིན། །བཞི་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་མཚན་མོའི་ཆུ་ཚོད་དེ། །སུམ་བརྒྱ་ལྔ་བཅུ་རྩ་གཉིས་ཀྱི། །ཆུ་ཚོད་ཀྱིས་ནི་དུས་ རྣམས་འདའ། །ཆུ་ཚོད་དྲུག་ཅུའི་གྲངས་ཀྱིས་ནི། །ཉིན་མཚན་ཕྲུགས་གཅིག་དུ་ནི་སྦྱར། །ཟླ་བའི་གོ་རིམས་ཇི་བཞིན་དུ། །རིམ་པ་དེ་བཞིན་མཚན་མ་བྱ། །ཆུ་ཚོད་དབུགས་སོགས་རྫོག་པ་དང་། །བི་ཤུ་མ་གཏོགས་རིམ་འཕེལ་བྲི། །ལས་དང་ལས་མིན་བྱེ་བྲག་ བཞིན། །དབུགས་ཀྱི་རིམ་གྱིས་གཟུང་བར་བྱ། །ཁ་དངར་སོགས་དུས་ཚིགས་དང་། །བགྲོད་པ་གཉིས་ཀྱིས་མཚོན་པར་བྱ། །གཉིས་པོ་དག་ནི་བཅུས་བསྒྱུར་བ། །དེ་བཞིན་ལོ་ཡི་ཆུ་ཚོད་དེ། །དེ་ཡི་མཚན་མ་ལྡན་པ་ཡིས། །ཉིན་མཚན་གྱི་ནི་དབུགས་སུ་བརྩི། །ངག་གི་ དབང་ཕྱུག་ཀུན་བཟུང་ནས། །དབྱངས་ཀྱི་མཚན་མར་མངོན་པར་བཞག །མ་ནིང་གཉིས་ནི་སྤངས་ནས་སུ། །ས་ཡི་དབང་ཕྱུག་ཀུན་ཏུ་གཞག །ཨ་ཡི་རིམ་པ་ལ་བབ་ན། །དཔལ་དང་མངོན་པར་མཉམ་འགྲོགས་ཤིང་། །ནོར་རྙེད་པ་ནི་སྣང་བ་སྟེ། །སྐལ་བ་བཟང་པོར་ གདོན་མི་ཟ། །ཨཱ་ཡི་རེ་མིག་ལ་བབ་ན། །རིམས་དང་ནད་ཀྱིས་གཟིར་བ་དང་། །འཇིགས་ཤིང་སྐྲག་པར་སྣང་འགྱུར་བ། །ཨཱ་ཞེས་བྱ་བར་ངེས་པ་སྟོན། །ཡི་གེ་ཨི་ལ་བབ་གྱུར་ན། །རྒྱལ་པའི་དཔལ་ནི་སྟེར་འགྱུར་ཏེ། །ཀུན་ནས་ནོར་ན་རྙེད་པ་དང་། །གང་ཞིག་བསམ་པ་ དེས་འགྲུབ་འགྱུར། །ཡི་གེ་ཨཱི་ལ་པར་གྱུར་ན། །ཟླ་བ་དྲུག་ན་འཆི་བ་དང་། །དེ་བཞིན་དགྲས་ནི་གཟིར་བ་དང་། །མེ་ཡིས་འཇིགས་པ་ཤེས་པར་བྱ། །ཡི་གེ་ཨུ་ལ་བབ་གྱུར་ན། །དཔལ་དང་གྲོགས་མོ་རྙེད་པ་དང་། །ནོར་དང་འབྲུ་ནི་འཕེལ་པར་འགྱུར། །དཔའ་རྣམས་ ཀྱང་ནི་རྙེད་པར་འགྱུར། །ཨཱུ་ལ་གལ་ཏེ་བབ་གྱུར་ན། །དེ་ནི་དགྲ་ཡིས་འཚེ་བར་འགྱུར། །བྲན་བཟའ་དང་ནི་གཉེན་མཚན་རྣམས། །འཇིགས་ཤིང་སྐྲག་པར་སྣང་བར་འགྱུར། །ཡི་གེ་ཨེ་ལ་བབ་གྱུར་ན། །འཕྲལ་དུ་སྐྱེ་བོ་སྐལ་ཅན་འགྱུར། །སྐྱེས་པ་པུད་མེད་དག་གི་ ནི། །མཆོད་པའི་གནས་ནི་ཐོབ་པར་འགྱུར། །ཨཻ་ཡི་མཚན་མ་ལ་ལྷུང་ན། །དགྲ་དང་རྒྱལ་པོའི་འཇིགས་པ་དང་། །ལུས་ཅན་རྐུན་པོས་གཟིར་འགྱུར་ཞིང་། །ནད་དང་རིམས་ཀྱིས་ཐེབས་པར་འགྱུར། །ཨོ་ཡི་མཚན་མ་ལ་བབ་ན། །གནས་ཀྱི་དབང་པོ་འགྱུར་བ་དང་། ནོར་དང་འབྲུ་ནི་རྙེད་འགྱུར་ཞིང་། །ཡིད་འོང་རིག་པ་དེ་བཞིན་ནོ། །ཨཽ་ཡི་མཚན་མ་ལ་བབ་ན། །འཐབ་མོ་དང་ནི་དགྲས་འཚེ་ཞིང་། །གནས་ལས་ཉམས་དང་བརྡེག་འཚོག་དང་། །བྱས་པ་ཆུད་ནི་ཟོར་པར་འགྱུར། །ཡི་གེ་ཨྃ་ལ་བབ་གྱུར་ན། །བྲན་བཟང་དག་ནི་རྙེད་འགྱུར་ ཞིང་། །བུ་དང་རིག་པ་རྙེད་འགྱུར་ཏེ། །དེ་བཞིན་གྲོགས་པོ་རྙེད་པར་འགྱུར། །ཇི་ལྟར་སྔོན་གྱི་ཨ་ཞེས་པ། །དེ་བཞིན་ཐ་མའང་གཟུང་བར་བྱ། །དྲུག་འགྱུར་དུ་ནི་བཞག་ནས་སུ། །ལྔ་པ་དེ་ནི་སུམ་འགྱུར་བྱ། །སུམ་བརྒྱ་དྲུག་ཅུ་བསྲེས་ནས་ནི། །ས་བཞིན་དུ་ནི་བཅད་ནས་ སུ། །ཡི་གེ་ལྷག་མ་བཟུང་བྱས་ཏེ། །དགེ་དང་མི་དགེ་མཚན་པར་བྱ། །ཡང་ན་རི་མོ་ཀྱག་ཀྱོག་བྲི། །དབྱངས་ཀྱི་དང་པོ་ལ་སོགས་པ་གྲང་། །ཡང་ན་མེ་ཏོག་གཏོར་ནས་ནི། །དེ་བཞིན་ས་ནི་མཚོན་པར་བྱ། །སྔ་དྲོ་རོ་ཧི་ཏ་དུས་སུ། །བདེན་པ་ཐམས་ཅད་བལྟ་བར་བྱ། ། རྣལ་འབྱོར་བསྟན་བཅོས་རབ་ཏུ་བསྔགས། །བདག་གི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་བ་སྟེ་དང་པོའོ།། །།ཡེ་ཤེས་དེ་ནི་བྱི་བྲག་དག །བཅོམ་ལྡན་འདས་ལ་ཉན་པར་འཚལ། །ལུས་ཀྱི་མཚན་མ་ཇི་ལྟ་བུ། །དེ་ཉིད་གང་ལ་བརྟེན་པར་བགྱི། ། ལུས་ཀྱི་མཚན་མ་སྟོན་པ་རྣམས། །ཉོན་ཅིག་རྡོ་རྗེ་རྒྱལ་པོ་ཆེ། །ལུས་ཀྱི་མཚན་མ་མངོན་བསྟན་གྱིས། །གང་ཞིག་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལ་བབ་པར་གནས། །དབུགས་ནི་རྣམ་པར་རྒོད་ཙམ་གྱིས། །ལུས་ཅན་ཟླ་བ་དྲུག་གིས་འཆི། ། འཇིགས་པ་ཅུང་ཟད་མཐོང་མིན་པར། །འགྲམ་པའི་མཚམས་ནི་བྱེ་འགྱུར་ན། །དེ་ཚེ་དུས་ལ་བབ་པར་འགྱུར། །དབུགས་ནི་ཆད་ཅིང་ཆད་གྱུར་པ། །སྔ་དྲོ་རོ་ཧི་ཏ་དུས་སུ། །མཚན་མ་དག་ནི་བརྟག་པར་བྱ། །སྣ་ཡི་བར་ན་ཆད་གྱུར་ན། །ཉི་མ་བདུན་ན་གདོན་མི་ཟ། །མིག་གི་ ཆུ་ནི་ཆད་གྱུར་ན། །དེ་བཞིན་ཉི་མ་ལྔ་ཡིས་འཆི། །འགྲམ་པའི་ལོགས་ཀྱི་མཚན་མ་ཡིས། །ཞག་གཅིག་ལས་ནི་མི་འཚོའོ། །རྣ་བའི་ཆོལ་ཟངས་ལྟེབས་པ་ཡིས། །ཆུ་ཚོད་ལྡན་གདོན་མི་ཟ། །འདིར་ནི་ལྕེ་ཡི་ཐིག་ནག་གིས། །ལུས་ཅན་ཞག་གཉིས་འཆི་བར་འགྱུར། ། སྟེང་འོག་སོ་ནི་འཐམས་པ་ན། །ཞག་གསུམ་འཆི་བདག་ཕྲད་པར་འགྱུར། །མགྲིན་པའི་ལོགས་ཀྱི་ཕྱི་རོལ་རྩས། །ཟླ་བ་ཕྱེད་ན་གདོན་མི་ཟ། །བྲང་གི་དྲ་བ་ཞོམ་གྱུར་ན། །ཟླ་བྱེད་སྨན་པས་གསོར་མི་རུང་། །སེན་མོ་ཁྲག་ནི་མེད་པ་ཡིས། །ལུས་ཅན་ཉི་མ་བརྒྱད་ན་འཆི། ། འཆི་བའི་མཚན་མ་བརྒྱད་བཅས་པ། །འཆི་བའི་དུས་བབ་མཚོན་པར་བྱ། །སྣ་ཡི་པར་ཤ་ཆད་པ་ལ། །ཡེ་ཤེས་ས་བོན་གྱིས་གཟིར་བྱ། །མིག་གི་ཆུ་ནི་ཆད་པ་ལ། །རྡོ་རྗེ་མ་ཡི་ས་བོན་གཟུང་། །མཁུར་ཚོས་ལོགས་ཀྱི་མཚན་མ་ལ། །དྲག་མོའི་ས་བོན་གཟིར་བར་བྱ། །རྣ་བའི་ ཆོལ་ཟངས་ཞུམ་པ་ལ། །རོ་ལངས་མ་ཡི་ས་བོན་དགོད། །ལྕེ་ཡི་ཐིག་ནག་འདི་ལ་ནི། །གཏུམ་མོའི་ས་བོན་བསམ་པར་བྱ། །སོ་དང་སོ་ནི་འཐམས་པ་ལ། །སེང་གེ་མ་ཡི་ས་བོན་བརྡེག །མགྲིན་པའི་ལོགས་ཀྱི་ཕྱི་རོལ་རྩ། །སྟག་མོའི་ས་བོན་བརྡེག་པར་བྱ། །བྲང་གི་དྲ་ བ་ཞོམ་པ་ལ། །ཅེ་སྤྱང་ས་བོན་གཟུང་པར་བྱ། །ལག་པའི་སེན་ཁྲག་མེད་པ་ལ། །འུག་པ་མ་ཡི་ས་བོན་གཟུང་། །འཆི་ལྟས་ཡན་ལག་མཚན་མ་ནི། །ས་བོན་དེ་དག་དགོད་པས་བསྲུང་། །ཕྱི་ནས་ཡེ་ཤེས་འཁོར་ལོ་ནི། །བྲི་བའི་ཆོ་གས་རྣམ་ཤེས་བསྲུང་། །མ་བསྲེགས་ ཁམ་ཕོར་གཉིས་བཟུང་ལ། །གུར་གུམ་རོ་ཙ་ན་ཡིས་ནི། །འོག་གི་ཆ་ནི་རེ་མིག་དགུ། །དེ་བཞིན་སྟེང་ལ་བཅུ་གཉིས་བྱ། །དབུས་སུ་མིང་ནི་བྲིས་ནས་སུ། །ས་བོན་གྱིས་ནི་མངོན་པར་བསྐོར། །ཕྱག་འཚལ་དབྱངས་ཀྱི་དང་པོ་སྟེ། །བསྲུང་བའི་ཚིག་ནི་སྔོན་དུ་བྱ། ། སངས་རྒྱས་ལྔ་སོགས་ལྡན་པ་ཡི། །ས་བོན་མཐའ་རུ་གནས་པ་སྟེ། །སྲེག་བྱེད་ཡི་གེ་དེ་ཡི་མཐའ། །སྟེང་སོགས་མྱུ་ཁྱུད་དབྱངས་ཡིག་དགོད། །ཁ་བ་གཉིས་འགྱུར་ས་བོན་དང་། །ལྷ་མོ་རྡོ་རྗེ་མ་ཞེས་བྱ། །སངས་རྒྱས་ལྔ་ཡིད་ས་བོན་ལྡན། །ཐམས་ཅད་ཕྱག་ འཚལ་སྲེག་བྱེད་མཐའ། །དབྱུག་པ་འཇིག་རྟེན་དབང་ཕྱུག་མགོན། །གྱ་གྱུ་ཕྱག་ན་རྡོ་རྗེ་ཡིན། །དེ་བཞིན་ལུས་ནི་འཇམ་པའི་མཆོག །མགོ་དང་དཔུང་བ་བྱམས་པ་སྟེ། །སྟེང་དུ་འབར་བ་མ་ཡིག་སྟེ། །འཁོར་བ་ཐམས་ཅད་སྒྲོལ་བྱེད་པའོ། །དེ་ལ་ཤར་གྱི་ཕྱོགས་ གནས་པ། །ལྷ་མོ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོ་ཞེས་བྱ་བའི། །ས་བོན་ཉིད་ནི་སྦྱར་བར་བྱ། །ནུབ་ཀྱི་ཕྱོགས་སུ་གནས་པ་ནི། །རོ་ལངས་མ་ཡི་ས་བོན་སྦྱར། །ལྷོ་ཡི་ཕྱོགས་སུ་གང་གནས་པ། །གཏུམ་མོའི་ས་བོན་རྫོགས་པར་བསྟན། །ས་བོན་མངོན་དུ་ བསྟན་པ་བཞིན། །དབང་ལྡན་དུ་ནི་སེང་གེ་མ། །མེ་མཚམས་སྟག་སོ་དགོད་བྱ་སྟེ། །བདེན་བྲལ་དུ་ནི་ཅེ་སྤྱང་མ། །རླུང་དུ་ཧཱུྃ་བྱེད་འུག་པ་མོ། །མཚམས་ན་གནས་པའི་ས་བོན་ནི། །བཞི་པོའི་དྲུག་པོའི་དངོས་སུ་ནི། །ཕྱོགས་དང་ཕྱོགས་མཚམས་ཇི་བཞིན་དུ། དེ་ བཞིན་ས་བོན་དགོད་པར་བྱ། །སྟེང་གི་གནས་ནི་བཅུ་གཉིས་ལ། །དབྱངས་ཀྱི་ས་བོན་གཞག་པར་བྱ། །ཕྱག་འཚལ་བསྲེག་པ་མཐའ་དང་བཅས། །ཕྱོགས་སུ་མ་ནིང་གཞག་པར་བྱ། །འབར་མ་འཇིབ་མ་ཞེས་བྱ་དང་། །དེ་བཞིན་འཕྲོག་བྱེད་མཁའ་འགྲོ་མ། །ཕྱག་ འཚལ་སྲེག་པ་མཐར་གནས་པ། །ཇི་ལྟའི་གནས་བཞིན་གཞག་པར་བྱ། །ཤར་ཕྱོགས་མཁའ་འགྲོ་མ་ཡི་གནས། །བྱང་དུ་གནས་པ་འབར་མ་སྟེ། །ནུབ་ཏུ་འཇིབ་མར་ཡང་དག་གསུངས། །ལྷོ་རུ་འཕྲོག་བྱེད་དགོད་པར་བྱ། །དབུས་སུ་མིང་ནི་བྲི་བྱ་སྟེ། །འོག་ཏུ་ཇི་ བཞིན་སྟེང་དེ་བཞིན། །གཉི་ག་ཁ་ནི་སྦྱར་ནས་སུ། །སྐུད་པ་དམར་པོས་དཀྲི་བར་བྱ། །ཀུན་ནས་མཉམ་པའི་གནས་སུ་ནི། །ཙནྡན་དམར་པོས་བྱུགས་ནས་སུ། །སྣ་ཚོགས་མེ་ཏོག་འདུག་པ་དང་། །དྲིར་བཅས་ཉེར་སྤྱོད་གཏོར་མ་བྱིན། །དབུས་སུ་ འཁྲུལ་འཁོར་བཞག་ནས་ནི། །མཁའ་འགྲོ་མ་ལྔས་བསྐོར་བར་བྱ། །བདག་ཉིད་རྡོ་རྗེ་ཅན་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །རྡོ་རྗེ་ལག་ནི་ལག་རྩེ་རུ། །རྡོ་རྗེ་བསམས་ནས་རེག་བྱས་ལ། །དབུས་སུ་བསྟན་པའི་ས་བོན་ནི། །བརྒྱད་བརྒྱ་རུ་ནི་བཟླས་ པར་བྱ། །ཚེ་རབས་སྔ་མའི་སྡིག་ལ་སོགས། །ལྷ་ལ་སོགས་ལ་བསྒོ་བར་བྱ། །ཡན་ལག་ཐམས་ཅད་གཟིར་བ་དང་། །འཆི་བའི་དུས་བབ་འབྱུང་མི་འགྱུར། །འཚེ་མེད་ནད་ནི་ཐམས་ཅད་དང་། །ནད་པ་གློར་གཞག་སྦྱར་ན་ནི། །དུས་རྣམས་ཀུན་ཏུ་ནད་མི་འབྱུང་། ། ལུས་ཅན་ཚེ་ནི་ཟད་བ་ཡང་། །ཟླ་བ་དྲུག་ཏུ་གནས་པར་འགྱུར། །གནས་གཞན་དུ་ནི་བཞག་ནས་སུ། །རྟག་ཏུ་མཆོད་ལ་བརྩོན་པར་བྱ། །རྡོ་རྗེའི་རྒྱ་ལྡན་སྦྱོར་བ་ཡིས། །རྣམ་ཤེས་གང་དུའང་འགྲོ་མི་འགྱུར། །གཞན་ཡང་བདག་གི་དབུགས་དག་ནི། །དེར་ནི་རབ་ ཏུ་བརྟག་པར་བྱ། །དབུགས་ཀྱི་གནས་ནི་མཚུངས་པ་ན། །ཐམས་ཅད་གྲུབ་པར་གསུངས་པ་ཡིན། །གཡས་ལ་གཡས་སུ་གནས་པ་དང་། །བློ་ལྡན་གཡོན་ལ་གཡོན་དུ་གནས། །དེར་གནས་ན་ནི་སྨྲ་བྱེད་པ། །ཐམས་ཅད་འགྲུབ་པ་ཉིད་དུ་འགྱུར། །དབུགས་དང་ འདྲི་བ་མི་མཐུན་པ། །དངོས་གྲུབ་རིང་པ་མཚོན་པར་བྱ། །སྐད་ཅིག་སྲོག་གི་རབ་སྦྱོར་བ། །སྦྱོར་བ་གཉིས་ནི་ཤེས་བྱ་སྟེ། །སྐད་ཅིག་ལ་ནི་བྱ་བ་ཀུན། །རྒྱས་པར་འགྱུར་བར་རབ་ཏུ་གྲགས། །སྲོག་ལ་བྱ་བ་གང་བྱས་པ། །གྲུབ་པ་རིང་པར་ཐེ་ཚོམ་མེད། །མཆེ་བ་ལ་ སོགས་བསམས་ནས་དུག །དེར་ནི་གསོ་བ་དག་ཏུ་བྱ། །སྦྱོར་སོགས་སྔར་ཀྱི་མཚན་ཉིད་ཅན། །ཐམས་ཅད་རིག་པས་ཀླུ་ལ་བསྒོ། །སྦྱོར་བ་བཞི་ལ་སོས་བཏབ་པ། །འཆི་པར་འགྱུར་བ་ཐེ་ཚོམ་མེད། །དུག་བསྡུ་པ་ཡི་སྦྱོར་བ་ཡིས། །གཞན་མ་ཐམས་ཅད་གསོ་ བར་བྱ། །སོས་བཏབ་ལུས་ལ་ཀུན་རིག་པས། །ས་བོན་གྱིས་ནི་དགོད་པར་དགོད། །ཡི་གེ་བརྒྱད་ཀྱི་སྔགས་དག་ནི། །ཡན་ལག་བརྒྱད་པོ་རྣམས་སུ་དགོད། །ཁ་དོག་དཀར་པོ་བསམས་པ་ཡི། །ས་བོན་རྣམས་ཀྱིས་ཡིད་དུག་དབྲོག །དཀྱིལ་འཁོར་དབུས་སུ་ གནས་པ་ཡིས། །ཡེ་ཤེས་ཀྱིས་ནི་རྣམ་ཤེས་པ་ཅིང་། །ཡན་ལག་བསྒྱུར་བའི་སྦྱོར་བྱས་ནས། །དེ་འོག་ཕྱི་རོལ་བརྩམ་པར་བྱ། །ཆུ་དང་འོ་མ་བསྲེས་པ་ཡིས། །ས་སྣོད་ཡོངས་སུ་དགང་བར་བྱ། །ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པའི། །དབུས་སུ་པདྨ་བསམ་ པར་བྱ། །གདུགས་དཀར་པོ་ཡིས་བརྒྱན་པ་ཡི། །རྡོ་རྗེ་མཁའ་འགྲོ་མ་དེ་བསྒོམ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །སྤྲུལ་གྱི་རྒྱན་གྱིས་རྣམ་པར་བཀླུབས། །ཁ་ཊྭཱྃ་ག་དང་ཐོད་པ་དང་། །ཤིན་ཏུ་མཛེས་པའི་ན་བཟའ་བཀླུབས། །ཀླུ་བརྒྱད་ཀྱི་ནི་མགོ་བོ་ བསྣམས། །པདྨ་ཡི་ནི་གདན་ལ་མནན། །ཤར་དུ་ནོར་རྒྱས་བུ་བསམ་བྱ། །དེ་བཞིན་བྱང་དུ་འཇོག་པོའོ། །ནུབ་ཏུ་སྟོབས་ཀྱིས་རྒྱུ་བ་སྟེ། །ལྷོ་རུ་པདྨ་བལྟ་བར་བྱ། །དབང་ལྡན་དུ་ནི་པདྨ་ཆེ། །མེ་མཚམས་སུ་ནི་དུང་སྐྱོང་ངོ་། །བདེན་བྲལ་རིགས་ལྡན་ཞེས་བྱ་བ། །རླུང་ མཚམས་འཁྱིལ་བ་ལྟུང་པའོ། །ཀླུ་བརྒྱད་པོ་ནི་བསམས་ནས་སུ། །མགོ་བོ་རྣམས་ནི་མནན་པར་བསྒོམ། །རྫས་རྣམས་ཀུན་གྱིས་མཆོད་ནས་སུ། །མེ་ཏོག་སྤོས་སོགས་གཏོར་མ་སྦྱིན། །བདག་ཉིད་ལྷ་ཡི་རྣལ་འབྱོར་ནི། །རྡོ་རྗེ་མཁའ་འགྲོ་མ་རུ་བསམ། །རྨ་བྱ་ སྒྲོ་ཡི་ཆུན་པོ་ཡིས། །ཆུ་ཡི་སྦྱོར་བས་དྲང་བར་བྱ། །ཀུན་ནས་རྐང་བར་དྲངས་ནས་སུ། །རྐང་བ་ནས་ནི་ཆུར་ཐིམ་བྱ། །ཨོཾ་ཧྲཱི་ཊཊྚ་ཏྚར་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་སེམས་དཔར་མངོན་སྦྱོར་ངས། །འབུམ་ཕྲག་ལ་སོགས་བསྙེན་པ་བྱ། །ཨོཾ་བཱ་སུ་ཀི་རི་ཧྲཱི་ཊཊྚཎྚར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཏཀྵ་ཀ་ཧྲཱི་ ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་ཀ་རྐོ་ཊ་ཀ་ཧྲཱི་ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་པདྨ་ཧྲཱི་ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཧྲཱི་ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་ཤ་ཁ་པཱ་ལ་ཧྲཱི་ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་བྷྱོ་ཀུ་ལི་ཀཱ་ཡ་ལཾ་ཧྲཱི་ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་ཧུ་ལུན་ཀེ་ཧྲཱི་ཊཊྚཎྚ་ར་སྭཱ་ཧཱ། ཨོཾ་ཧྲཱི་ཊཊྚཎྚ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཨ་མུ་ཀ་སྱ་ནི་ར་བི་ཤཾ་ཀུ་ རུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་། འོ་མའི་དབུས་སུ་དྲངས་པ་ཡིས། །འཕྲལ་དུ་འོ་མ་ནག་པོར་འགྱུར། །ཡུངས་ཀར་མེ་ཏོག་དཀར་པོ་དང་། །ཙནྡན་དག་གིས་བསྲེས་པ་ཡིས། །འཆི་བས་ཟིན་པའི་སྙིང་ག་རུ། །གསང་སྔགས་ཟློས་ཤིང་བརྡེག་ པར་བྱ། །སྙིང་ནི་འཕར་མ་ཐག་ཏུ་ཡང་། །ཡེ་ཤེས་པ་སྦམས་ཏེ་བསྲུང་བར་བྱ། །རྣམ་ཤེས་བསྡམས་པ་ཙམ་གྱིས་ཀྱང་། །དེ་བཞིན་དབུགས་ནི་གཡོ་བར་འགྱུར། །དབུགས་ནི་རྣམ་པར་གཡོས་པ་ཡིས། །བདག་གི་དབུགས་ཀྱིས་གཟིར་བར་བྱ། །དབུགས་ཀྱིས་གཟིར་མ་ ཐག་ཏུ་ཡང་། །རྐང་ལག་ལ་སོགས་འདར་བར་འགྱུར། །ཡན་ལག་ཐམས་ཅད་འདར་བ་ན། །བདག་ཉིད་དབྱངས་ནི་བླང་བར་བྱ། །ཧཱུྃ་གི་ཀླུ་ནི་བླངས་ནས་སུ། །སེ་གོལ་གསུམ་གྱིས་བསླང་བར་བྱ། །འཆི་བས་ཟིན་པ་བསླང་ནས་ནི། །དེ་ཡི་ཡན་ལག་བསྲུང་བར་བྱ། །བསྡུས་ནས་ཀླུ་ཡི་གནས་སུ་ནི། ། འོ་མ་དེ་ནི་དཔོ་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔར་མངོན་སྤྲུལ་པ། །འབུམ་ཕྲག་གསུམ་ནི་བཟླས་པ་ཡིས། །སྔོན་དུ་བསྙེན་པ་ལ་སོགས་བྱ། །དེ་ནས་སྒྲུབ་པོས་དུག་བསྡུས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཁ་དང་ཐིག་ལེ་ གཉིས་དག་དང་། །སྟེང་དང་མགྲིན་པ་སྣ་རྩེ་དང་། །སྙིང་ག་ལྟེ་བ་གསང་བ་དང་། །རྐང་པའི་མཐེ་བོ་དག་ཏུ་ནི། །ཟིན་པ་གསོ་བར་མི་བྱ་སྟེ། །འཆི་བ་ཉིད་ཀྱི་རྒྱུ་རུ་གསུངས། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་ཆེ། །ཆར་བ་དབབ་པའི་ཚོག་མཆོག །ཆུ་འགྲམ་དང་ནི་ཉེ་བ་ཡི། །ས་ ཕྱོགས་ཉམས་ནི་དགའ་བ་རུ། །བླ་རེ་དག་ནི་བྲེས་ནས་སུ། །དར་དཔྱངས་སྣ་ཚོགས་དབྱངས་པ་རུ། །ཁ་དོག་སྣ་ལྔར་བཙོས་པ་ཡི། །ཚོན་གྱི་ལས་ནི་བརྩམ་པར་བྱ། །གྲུ་བཞི་བ་ལ་སྒོ་བཞི་པ། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བཀླུབས། །མགོ་བོ་གཉིས་ནི་སྒོར་བཅས་ཏེ། ། མཇུག་མ་གཉིས་ཀྱིས་གྲྭ་རུ་མདུད། །ཤར་དུ་རྒྱལ་བ་བཟང་པོ་སྟེ། །དཔལ་དང་དགའ་བོ་བྱང་དུའོ། །ནུབ་ཏུ་ཚར་འབེབས་སྡུག་པ་སྟེ། །བརྟན་དང་དྲག་པོ་ལྷོ་རུའོ། །ཀླུ་བརྒྱད་ཀྱི་ནི་ར་བ་སྟེ། །ཕྱོགས་ལ་སོགས་པར་རིགས་བརྒྱད་དགོད། །ནོར་རྒྱས་བུ་ནི་ཤར་དུ་སྟེ། ། འཇོག་པོ་བྱང་དུ་དགོད་པར་བྱ། །ནུབ་ཀྱི་ཕྱོགས་སུ་སྟོབས་ཀྱིས་རྒྱུ། །ལྷོ་ཡི་ཕྱོགས་སུ་པདྨ་སྟེ། །དབང་ལྡན་དུ་ནི་པདྨ་ཆེ། །མེ་མཚམས་དུང་སྐྱོང་དགོད་པར་བྱ། །བདེན་བྲལ་དུ་ནི་རིགས་ལྡན་ཏེ། །རླུང་མཚམས་འཁྱིལ་བ་ལྟུང་བའོ། །སྤྲིན་གྱི་དབང་ཕྱུག་རྒྱལ་པོ་བརྒྱད། ། ཕྱོགས་བརྒྱད་ནས་ནི་དགུག་པར་བྱ། །སྒྲ་སྒྲོགས་རྨུགས་པ་དེ་བཞིན་དུ། །དྲག་པོ་འཁྱིལ་པ་སྟུག་པོ་དང་། །གཏུམ་པོ་ཆར་འབེབས་རབ་གང་བ། །བརྒྱད་པོ་རྒྱལ་པོ་ཞེས་བྱའོ། །ཤར་ལ་སོགས་པའི་ཕྱོགས་དགོད་པ། །ཇི་བཞིན་ཕྱོགས་ཀྱི་མདོག་ཏུ་བསམ། །དབུས་ སུ་རྡོ་རྗེ་མཁའ་འགྲོ་མ། །པདྨའི་གདན་ལ་ཡང་དག་བཞུགས། །ཁ་ཊྭཱྃ་ག་དང་རྣལ་འབྱོར་སྣོད། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་བཀླུབས། །སྐུ་མདོག་དཀར་པོ་ཤིན་ཏུ་འབར། །ཤིན་ཏུ་མཛེས་པའི་ན་བཟའ་བསྣམས། །པདྨ་སྤྲུལ་གྱིས་བསྐོར་ནས་སུ། །སྤྲུལ་ནི་ གདན་དུ་སྦྱར་བར་བྱ། །མཆོད་པ་རྒྱ་ཆེན་བཤམས་ནས་ནི། །འོ་མ་ལ་སོགས་སྣོད་བརྒྱད་བཞག །མེ་ཏོག་བདུག་སོགས་དྲི་དང་ནི། །མར་མེ་སྣ་ཚོགས་རིག་པས་མཆོད། །ཡེ་ཤེས་མཁའ་འགྲོ་བདག་བསྒོམ་པའི། །ཡེ་ཤེས་ཅན་གྱི་རྣལ་འབྱོར་ པའི། །ཨོཾ་བྷུརྦྷུ་བ་སྭཱ་ཧཱ། ཉེ་བར་སྤྱོད་པའི་སྔགས་སོ། །ཨོཾ་བཱ་སུ་ཀི་ཧཱུྃ་སྭཱ་ཧཱ། ཨོཾ་ཏ་ཀྵ་ཀ་ཧཱུྃ་སྭཱ་ཧཱ། ཨོཾ་ཀརྐོ་ཊ་ཧཱུྃ་སྭཱ་ཧཱ། ཨོཾ་པདྨ་ཧཱུྃ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྃ་ཁ་པཱ་ལ་ཧཱུྃ་སྭཱ་ཧཱ། ཨོཾ་ཀུ་ལི་ཤ་བཱ་ལ་ཧཱུྃ་སྭཱ་ཧཱ། ཨོཾ་ཧུ་ལུནྡྷ་ཧཱུྃ་སྭཱ་ཧཱ། ཀླུའི་ རྒྱལ་པོ་བརྒྱད་ཀྱི་སྔགས་སོ། །ཨོཾ་གྷི་ལྷི་གྷི་ལྷི། བརྵ་བརྵ་པ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཋ་ཋ་ཋ་སྭཱ་ཧཱ། སྤྲིན་གྱི་རྒྱལ་པོ་བརྒྱད་ཀྱི་སྔགས་སོ། །ལག་པ་ཀུན་ཏུ་བསྐོར་ནས་སུ། །ཕྱོགས་བརྒྱད་དུ་ནི་བསྟན་པར་བྱ། །སྤྲིན་གྱི་རྒྱལ་པོ་བརྒྱད་ཀྱི་ཕྱག་རྒྱའོ། །གཡོན་ པ་ཁུ་ཚུར་བཅངས་ནས་སུ། །མཐེའུ་ཆུང་དང་མཐེ་བོང་བརྒྱད། །གཡས་པ་སྤྲུལ་མགོ་གདེངས་ནས་སུ། །མཐེ་བོང་སྟེང་དུ་གུང་མོར་སྦྱར། །ཀླུའི་རྒྱལ་པོ་བརྒྱད་ཀྱི་ཕྱག་རྒྱའོ། །ཨོྃ་བཛྲ་ཊ་ཀི་ནཱི། བརྵ་བརྵ་བ་ཡ་ཧཱུྃ་ཕུ་སྭཱ་ཧཱ། རྩ་བའི་སྔགས་སོ། །སྔོན་དུ་བསྙེན་ པ་འབུམ་ཕྲག་ནི། །གསུམ་དུ་བྱས་ནས་བཟླས་པ་བྱ། །རྣལ་འབྱོར་ཅན་གྱི་ལས་འདི་རྣམས། །ཆར་འབེབས་པ་ཡི་ཆོ་ག་མཆོག །གཞན་ཡང་དགེ་དང་སྡིག་པ་ཡི། །ཕོ་ཉའི་མཚན་མ་བཤད་པར་བྱ། །མིག་ཡོན་མགོ་དཀར་སྒུར་པོ་དང་། །འཇིགས་ པའི་གོས་དང་དབྱུག་པ་ཐོགས། །བུད་མེད་རྣམས་དང་འགྲོགས་ཏེ་འོང་། །ངུ་ཞིང་སྐྲ་ནི་ལྷུག་པ་སོགས། །གཅེར་བུ་ངན་གྱིས་སྨྲ་བ་དང་། །སྦྱོར་བཞིས་འཆི་བ་སྟོན་པ་ཡིན། །ཕོ་ཉ་ཇི་བཞིན་བདག་ཉིད་ལ། །བརྟགས་ནས་རྣམ་པ་གཉིས་སུ་བྱ། །དེ་ཚེ་སྔགས་པ་ འགྲོགས་འདོད་ན། །གྲུབ་པ་ཉམས་པར་ཐེ་ཚོམ་མེད། །བདག་གི་གདན་གྱི་རབ་ཏུ་བྱེད་པ་ཞེས་བྱ་བ་ལས་རིམ་པར་ཕྱེ་བ་གཉིས་པའོ།། །།རྣལ་འབྱོར་བརྩོན་པའི་ཁྱད་པར་དག །བཅོམ་ལྡན་འདས་ལ་ཉན་པར་འཚལ། །གང་གིས་སྔགས་རྣམས་འཚལ་ བར་བགྱི། །ཡེ་ཤེས་གཟུང་བ་ཇི་ལྟར་ལགས། །ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །དེ་བཞིན་ལྷ་ཡི་བདག་ཉིད་དོ། །དང་པོར་སྟོང་ཉིད་བསྒོམས་པ་ཡིས། །ལུས་ཅན་དྲི་མ་བཀྲུ་བར་བྱ། །དང་པོ་གཟུགས་ནི་སྟོང་སོགས་བྱ། །ཇི་སྲིད་བཅྭ་བརྒྱད་ཉིད་ཡིན་ཏེ། །གཟུགས་ ཁམས་ཞེས་བྱ་སྟོང་པ་སྟེ། །དེ་ཉིད་དུ་ནི་སྒྲ་ཡང་བྱ། །དྲི་ཁམས་ཞེས་བྱ་སྟོང་པ་སྟེ། །དེ་ཉིད་དུ་ནི་རོ་ཡང་བྱ། །རེག་བྱའི་ཁམས་ནི་སྟོང་པ་སྟེ། །དེ་ཉིད་དུ་ནི་གཟུགས་ཀྱང་བྱ། །མིག་གི་བདག་ཉིད་སྟོང་བ་ལ། །དབུས་ན་རྣམ་ཤེས་ཇི་ལྟར་ཡོད། །ཉན་པའི་ བདག་ཉིད་སྟོང་པ་ལ། །དབུས་ན་རྣམ་ཤེས་ཇི་ལྟར་ཡོད། །མནམ་པའི་བདག་ཉིད་སྟོང་པ་ལ། །དབུས་ན་རྣམ་ཤེས་ཇི་ལྟར་ཡོད། །ལྕེ་ཡི་བདག་ཉིད་སྟོང་པ་ལ། །དབུས་ན་རྣམ་ཤེས་ཇི་ལྟར་ཡོད། །ལུས་ཀྱི་བདག་ཉིད་སྟོང་པ་ལ། །དབུས་ན་རྣམ་ཤེས་ཇི་ལྟར་ ཡོད། །ཡིད་ཀྱི་རང་བཞིན་སྟོང་པ་ལ། །དབུས་ན་ཇི་ལྟར་བརྟག་པར་བྱ། །ཡིད་ནི་ནམ་མཁའ་ཐིམ་ནས་སུ། །ཐམས་ཅད་སྟོང་པར་བསམ་པར་བྱ། །གླིང་དང་རི་རབ་ལ་སོགས་པ། །སྟེང་དང་འོག་དང་བར་གྱི་ནི། །ཁམས་གསུམ་སྟོང་པར་བསྒོམས་པ་ཡིས། ། ཐམས་ཅད་ཟད་པ་ཉིད་དུ་བྱ། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་གྱི། །གཟུགས་ལ་སོགས་བཟང་པར་བསྒོམ། །བདག་གི་དངོས་པོ་ཟང་བྱ་སྟེ། །དངོས་པོ་འདྲེས་པར་དམིགས་པར་བྱ། །སྦྱོར་བ་མཉམ་པར་ཀུན་བསམས་ཏེ། །རྣལ་འབྱོར་བ་ནི་མཁས་པ་ ཡིས། །མཉམ་ཉིད་སྟོང་པར་བསམས་ནས་སུ། །དེ་ཡི་དབུས་སུ་བལྟས་ནས་ཀྱང་། །དེ་ལ་མཚན་མ་བརྟག་པར་བྱ། །མར་མེའི་འོད་ཀྱིས་ཞི་བ་སྟེ། །སེར་པོ་དངུལ་གྱིས་རྒྱས་པར་འགྱུར། །ཉི་མའི་དཀྱིལ་འཁོར་སྣང་བ་ནི། །ཆགས་པ་ལ་སོགས་འགྲུབ་པར་ འགྱུར། །མཐར་ནི་དུ་པ་གནག་མཐོང་ན། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། །རླུང་གི་མདོག་ལྟར་འཁྲུགས་པ་ཡིས། །དེ་ཡི་མོད་ལ་བསྐྲད་པར་འགྱུར། །ཟླ་བ་དཀར་པོའི་འོད་ཟེར་ལྷར། །ཐམས་ཅད་དུ་ནི་དཀར་མཐོང་ནས། །རྣལ་འབྱོར་གྲུབ་པར་ཤེས་པར་བྱ། ། བློ་ལྡན་འགྲོ་བའི་ཡང་དག་གནས། །དེ་འོག་རྣལ་འབྱོར་ལས་བྱུང་བའི། །མྱུ་གུ་ལ་སོགས་མངོན་པར་བསམ། །གང་ཞིག་སྟོང་ཤེས་བསྒོམ་པ་ཡི། །མྱུར་དུ་སེམས་དཔའ་གྲོལ་བར་འགྱུར། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བ་ལྟ། །ཤེས་བྱས་འགྲོ་བ་བརྟག་པར་བྱ། ། པ་དང་མ་ནི་བསད་བྱ་སྟེ། །བྲམ་ཟེ་གཙང་མ་གཉིས་བཟུང་ནས། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །བདག་གི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་བ་གསུམ་པའོ།། །།ཉོན་ཅིག་རྡོ་རྗེ་ཇི་བཞིན་ལམ། །གཉིས་ སྤབས་གཉིས་སུ་མེད་པ་སྟེ། །འཁོར་བའི་རྒྱ་མཚོར་རབ་འཇིགས་པས། །ཆུ་ཡི་དགྲ་ནི་དམ་པས་གང་། །དབུས་སུ་བྱིང་བའི་ལུས་ཅན་རྣམས། །སྒྲོལ་བའི་མཚན་ཉིད་ཅེས་བྱར་བརྗོད། །མཚོན་བྱས་མཚན་ཉིད་མཚོན་པ་པོ། །རྣམ་ཤེས་ཀྱིས་ནི་ཡེ་ཤེས་ཏེ། ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱས་འགྲོ་བ་བརྟག་པར་བྱ། །འགྲོ་བ་བརྟགས་པའི་སེམས་ཀྱིས་ནི། །ཇི་ལྟར་འདོད་བཞིན་མངོན་པར་འགྲོ། །ཞགས་པས་གླང་ཆེན་མྱོས་བཅིངས་ལྟར། །འཁོར་བའི་ཞགས་པས་གནོད་རྨོངས་པས། །རྣལ་འབྱོར་པ་ནི་ སྟོང་ཕྲག་གཅིག །ཚེ་རབས་སྔ་མའི་འགྲོ་བར་འགྲོ། །སྔོན་དུ་མཚན་ཉིད་བསྟན་པ་བཞིན། །མཉམ་ཉིད་སྟོང་པར་བསམས་ནས་སུ། །སྟོང་པའི་ཞིང་ལ་སོགས་ལུས་ལ། །བློ་དང་ལྡན་པས་ས་བོན་གདབ། །དཔེར་ན་གདོལ་བའི་ཁད་པ་མེར་ བསྲེགས་པ། །ལྷ་ཡི་བྱིན་གྱིས་བསླབས་པར་རབ་ཏུ་བརྗོད། །རིགས་ཅན་དགེ་དང་མཁས་པ་ཀུན་དུ་གནས། །དེ་བཞིན་ཏིང་ངེ་འཛིན་གྱིས་ཀུན་བཤིག་ནས། །ས་བོན་དགོད་པས་རབ་ཏུ་དགོད་པར་བྱ། །སྟེང་དུ་མེ་ཡི་ས་བོན་བརྟག །ས་ཡི་ས་བོན་རྣམ་པ་གཉིས། ། མིག་གཉིས་སུ་ནི་སྦྱར་བར་བྱ། །སྟོང་སོགས་རླུང་གི་ས་བོན་ནི། །སྣ་དང་རྣ་བ་དག་ལ་བསམ། །བདུད་རྩིའི་ཆུ་ཡི་ས་བོན་ནི། །ལྕེ་ཡི་དབང་སོ་དབང་ཕྱུག་གཙོ། །གང་གིས་བརྩེགས་པ་རིམ་བཞིན་གཟུང་། །གནས་བཞི་རུ་ནི་སྦྱར་བར་བྱ། །མགྲིན་པར་གཏི་མུག་ས་ བོན་ཏེ། །དེ་བཞིན་དཔུང་པར་ཉོན་མོངས་སོ། །སྙིང་གའི་ཕྱོགས་སུ་གཡོ་བ་སྟེ། །ལྟེ་བའི་རྩ་བར་ཕྱུག་ཡིན་ནོ། །ཡན་ལག་བརྒྱད་དུ་ས་བོན་ནི། །བརྒྱད་པོ་བཀོད་པས་བསྲུང་བར་བྱ། །ཡེ་ཤེས་མཁའ་འགྲོར་བདག་བྱས་ཏེ། །ལུས་ནི་ས་བོན་ལྡན་པར་བྱ། ། ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པ། །པདྨ་ཡི་ནི་སྟན་ལ་བཞུགས། །གདུགས་ནི་དཀར་པོས་སྟེང་དུ་གཡོགས། །བཙོ་མའི་གསེར་ལྟར་འབར་པའི་འོད། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་བཞུགས། །སྟེང་དུ་རྡོ་རྗེ་དབུ་རྒྱན་ ཅན། །དར་གྱི་ཐོད་ནི་མཛེས་པར་བཅིངས། །སྤྱན་གསུམ་ཁྲོ་ཞིང་བཞད་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །རལ་གྲི་དགྲ་སྟ་རྡོ་རྗེ་དང་། །གཡོན་པའི་སྡིགས་མཛུབ་ཉིད་དང་ནི། །ཤཀྟི་ཁ་ཊྭཱྃ་བསྒྲེང་བ་ནི། །མཚན་མའི་ཕྱག་རྒྱ་མངོན་པར་བསྣམས། ། སངས་རྒྱས་སྤྲིན་ནི་འཕྲོས་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་མཛད་བརྩོན། །འོད་ཟེར་སྣ་ཚོགས་འབར་བ་རུ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །ཡིད་ཀྱི་ཡེ་ཤེས་རྣམ་ཤེས་དག །ཤེལ་དང་འདྲ་བར་བསམ་པར་བྱ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །དེ་ཡི་ ས་བོན་བཟུང་བྱས་ཏེ། །སྨིན་པར་ཐིགས་པའི་གནས་དག་ཏུ། །ཡེ་ཤེས་ཅན་གྱི་ས་བོན་བསྒོམ། །སངས་རྒྱས་ལྔ་ཡིས་བརྒྱན་པ་ཡི། །ཡི་གེའི་ས་བོན་བཟླས་པར་བྱ། །རླུང་དང་མེ་ཡི་མདུན་དོན་ལ། །རྡོ་རྗེ་མེ་ཡི་ས་བོན་བསྐུལ། །སྒྲ་དང་ཐིག་ལེས་ཡང་དག་མནན། ། ཆར་པའི་རྒྱུན་ཞེས་བྱ་བ་བརྗོད། །ཐོག་མར་བླ་མའི་ཡི་གེ་གཞག །སྲེག་བྱེད་ཡི་གེ་མཐར་བཟླས་བྱ། །ཏིང་ངེ་འཛིན་དང་ལྡན་པ་ཡི། །བློ་གྲོས་ཅན་གྱིས་སུམ་འབུམ་བཟླ། །བཟླས་དང་ལྡན་པའི་རྣལ་འབྱོར་བ། །དེ་ཡིས་བསམ་པ་ཐམས་ཅད་འགྲུབ། །ལས་བརྒྱད་ ལ་སོགས་དངོས་གྲུབ་རྣམས། །སྔོན་དུ་བསྙེན་པ་ལ་སོགས་བྱ། །དེ་འོག་ལས་རྣམས་པ་རྩམ་བྱས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །རྨོངས་པར་བྱ་བའི་བྱེ་བྲག་ནི། །ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །བཅིངས་པ་རྣམས་ཀྱི་བྱེ་བྲག་དང་། །སྔོན་དུ་རྡོ་རྗེའི་ཚིག་བརྗོད་ ལ། །སྡེ་མཚན་དང་པོའི་དང་པོ་བཟུང་། །དེ་བཞིན་སྡེ་ཚན་བཞི་པ་ཡི། །ཡི་གེ་དང་པོ་བཟུང་ནས་ནི། །ཉིས་འགྱུར་རེ་ཕ་སྟེང་དུ་གཞག །དེ་བཞིན་ཨི་དང་རེ་ཕར་སྦྱར། །གང་ཞིག་སྡེ་ཚན་གཉིས་པ་ཡི། །ཡི་གེ་གཉིས་པ་ཐིག་ལེ་ཅན། །ལྕགས་ཀྱུ་ཡིས་ནི་གཟིར་ བར་བྱ། །བཞི་པ་ཡི་ནི་གསུམ་པར་བཅས། །ལན་གཉིས་སུ་ནི་བཟླས་པར་བྱ། །སངས་རྒྱས་ལྔ་ཡིས་བརྒྱན་པ་དང་། །སྔོན་དུ་ཕྱག་འཚལ་ཡི་གེ་སྟེ། །ཡི་གེ་དྲུག་པོ་མཐའ་རུ་སྦྱར། །ས་བོན་འདི་བཟླས་རྣལ་འབྱོར་པས། །དངོས་པོ་ཐམས་ཅད་བཅིང་བར་འགྱུར། ། ལག་གཉིས་སོར་མོ་པ་སྣོལ་ནས་ནི། །དེ་ཉིད་བཟའ་བལྟ་བུར་སྦྱར། །ཁྲོ་བོ་དང་ནི་དབུ་མ་བརྐྱང་། །གཉིས་ཀ་ཕན་ཚུན་དྲུད་པར་བྱ། །འདི་ནི་ཆེན་པོའི་ཕྱག་རྒྱ་སྟེ། །འོད་ཟེར་འར་བའི་ཕྲེང་བ་འཁྲུག །དགྲ་ཡི་མགྲིན་པ་ལ་སོགས་པ། །དངོས་པོ་ཐམས་ཅད་ཡིད་ ཀྱིས་རོལ། །དེ་ནས་ཆུ་ལ་སོགས་བ་ཀུན། །རབ་ཏུ་བཅིང་བ་བཤད་པར་བྱ། །གང་ཡང་སྔ་ཚན་ཐ་མ་ནི། །ཡི་གེ་གསུམ་པ་གཟུང་བར་བྱ། །དེ་བཞིན་སྔ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ་ཉིད་དང་ནི། །དེ་ཡི་ས་བོན་གསུམ་པ་ལ། །སྟེག་དུ་ཨ་ཞེས་བྱ་ བར་སྦྱར། །སྡེ་ཚན་ལྔ་པའི་དང་པོ་ལ། །ལྕགས་ཀྱུ་ཡིས་ནི་གཟིར་བར་བྱ། །གསུམ་པ་ཆུ་ཡི་ས་བོན་དང་། །ཚེག་དྲག་ཡི་གེ་དབུས་བྱས་ཏེ། །མཐའ་མ་རྡོ་རྗེ་ཅན་དང་སྦྱར། །རེ་བ་གློན་ལྕགས་ཀྱུ་ཅན། །མཐའ་ནི་དྲག་པོའི་ཡི་གེ་དང་། །དང་པོར་ ཕྱག་འཚལ་གཞག་པར་བྱ། །བཅིང་བ་ཡི་ནི་སྔགས་སུ་གྲགས། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །སྲིན་ལག་གཉིས་ནི་ཕན་ཚུན་དཀྲི། །ཁྲོ་བོ་གཉིས་ཀྱིས་མནན་པར་བྱ། །མཐེ་བོ་གཉིས་ནི་དབུས་སུ་སྦྱར། །དེ་ཉིད་དུ་ནི་མཐེ་ཆུང་སྦྱར། །རྒོད་མ་ཁ་ཡི་ཕྱག་ རྒྱ་འདི། །འོད་ཟེར་འབར་བའི་ཕྲེང་བ་ཅན། །ཕྱོགས་བཅུའི་གནས་སུ་འབར་བ་ཡིས། །སྤྲིན་གྱི་ལྷ་ཚོགས་སྲེག་པར་བྱེད། །ཆར་པ་བཅིང་ལ་སོགས་དུས་སུ། །ཕྱག་རྒྱ་འདི་ནི་སྦྱར་བར་བྱ། །སྒྲུབ་པོས་འབུམ་ཕྲག་གཅིག་བཟླས་པས། །སྔོན་དུ་བསྙེན་པ་ལ་སོགས་ བྱ། །བདག་གུ་གདན་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞི་བའོ།། །།ལྷ་ཡི་གཟུགས་ནི་ཇི་ལྟ་བུ། །བཅོམ་ལྡན་འདས་ལས་ཉན་པར་འཚལ། །ཞི་བའི་སྦྱིན་སྲེག་ལ་སོགས་དང་། །གཏོར་མ་ལྡན་པ་ཇི་ལྟར་ལགས། །གཟུགས་སོགས་བསམ་པ་རྩེ་གཅིག་པ། ། ཉོན་ཅིག་རྡོ་རྗེ་ད་ཁོ་ན། །སྔགས་དང་ཕྱག་རྒྱ་སྦྱིན་སྲེག་གི། །བཟླས་དང་བསམ་གཏན་བསྒོམ་པ་རྣམས། །སྔོན་དུ་མེ་ཡི་ལས་སོགས་ལ། །བློ་ལྡན་བཟླས་པ་ཤེས་པར་བྱ། །ས་ནི་སྦྱངས་མ་ཐག་ཏུ་ཡང་། །སྟེགས་བུའི་མཚན་ཉིད་འབད་དེ་བྱ། །སོར་བརྒྱད་ལྷག་ནི་ཡན་ ཆད་དུ། །ཁྲུ་གང་ཙམ་ནས་བརྩམས་ནས་སུ། །ཇི་སྙེད་ཁྲུ་སྟོང་བར་དུ་གཟུང་། །བརྒྱད་པ་དགྲ་ནི་འཇོམས་པ་སྟེ། །དེ་བཞིན་བཅུ་པས་རྒྱས་པར་འགྱུར། །བཅུ་གཉིས་པས་ནི་དབང་དུ་སྡུད། །བཅུ་བཞིས་དེ་བཞིན་ཞི་བ་ཉིད། །མཐེབ་སོར་བཅུ་དྲུག་ཚད་ཀྱིས་ནི། །རིགས་ རྣམས་མངོན་པར་འཕེལ་བར་བྱེད། །མཐེབ་སོར་བཅྭ་བརྒྱད་གནས་ཀྱིས་ནི། །བ་ལང་རིགས་སོགས་མངོན་པར་འཕེལ། །ཐབ་ཁུང་སོར་ནི་ཉི་ཤུ་པས། །གྲོང་ཁྱེར་དང་ནི་ཡུལ་འཁོར་ཞི། །རྒྱར་ནི་ཆ་གསུམ་བ་གོས་པ་ལས། །ཆ་གཉིས་སུ་ནི་བརྐོ་བར་བྱ། །བརྐོས་ པ་ཡི་ནི་བརྒྱད་ཆ་ཡིས། །ཁུང་བུ་ཡི་ནི་ཁ་ཁྱེར་བྱ། །ཁ་ཁྱེར་གྱི་ནི་ཕྱེད་པ་ཡིས། །ཕྱི་རོལ་གྱི་ནི་མུ་ཁྱུད་བྱ། །མུ་ཁྱུད་ཆ་བརྒྱད་ལྡན་པ་ལ། །པདྨའི་འདབ་དེ་ཆ་བརྒྱད་བྱ། །པདྨ་ཡི་ནི་ཕྱི་རོལ་དུ། །སོར་གཅིག་པ་ཡིར་བ་བྱ། །ཐབ་ཁུང་ནང་དུ་རྡོ་རྗེ་རྣམས། །པདྨའི་ནང་ དུ་གཞག་པར་བྱ། །མངོན་སྤྱོད་ལ་ནི་གྲུ་གསུམ་སྟེ། །ཞི་བ་ལ་ནི་གྲུ་བཞིའོ། །ཀུན་ནས་ཟླུམ་པོ་དབང་དུ་སྡུད། །རྒྱས་པ་ལ་ཡང་དེ་བཞིན་ནོ། །བསྐྲད་ལ་ཟླ་བ་ཕྱེད་པ་སྟེ། །དགུག་དང་བཅིང་ལ་ཟུར་བརྒྱད་པའོ། །རིམ་གྱིས་རིམ་གྱིས་སྦྱར་པར་བྱ། །ཞི་དང་རྒྱས་དང་ དབང་སོགས་རྣམས། །སངས་རྒྱས་ལྔ་ཡི་མཚན་མ་རྣམས། །ཇི་བཞིན་ཕྱོགས་སུ་དགོད་པར་བྱ། །ཁ་ཁྱེར་ནི་གནས་བཞི་རུ། །སངས་རྒྱས་མཚན་མས་བརྒྱན་པར་བྱ། །ཟླ་ཕྱེད་རྡོ་རྗེས་ཤིན་ཏུ་མཛེས། །གྲྭ་དང་གྲྭ་རུ་རྣམ་པར་གཞག །ཇི་བཞིན་སྟན་གྱི་གནས་ སུ་ཡང་། །མཐེབ་སོར་བཅུ་གཉིས་དག་དང་ནི། །དཔངས་སུ་ཁྲུ་ཕྱེད་ལྡན་པ་ཡི། །ཏི་སེའི་གངས་ནི་མཛེས་པར་གཞག །འདབ་མ་བརྒྱད་ཀྱི་གནས་རྣམས་སུ། །ལྷ་མོ་རྣམས་ནི་རི་མ་བཞིན་དགོད། །རྣལ་འབྱོར་པ་ཡིས་དེ་ཡི་ཚད། །ཁྱད་པར་དུ་ནི་སྦྱར་བར་བྱ། ། ཨོྃ་ཧི་ལི་ཧི་ལི་ཀི་ལི་བེ་ཏཱ་ལི་ཧཱུྃ་ཕཊ། ཉེ་བར་སྤྱོད་པའི་སྔགས་སོ། །ཡེ་ཤེས་མཁའ་འགྲོ་བསྒོམ་པ་ཡིས། །རང་གི་ལུས་ནི་བསྲུང་བར་བྱ། །བདག་གི་ཡན་ལག་བརྒྱད་པོ་རུ། །ཐམས་ཅད་བཀོད་པས་བསྲུང་བྱ་སྟེ། །ལྕེ་ལ་ཆུ་ནི་ཉིད་དང་ནི། །ནམ་མཁའ་རྣ་བ་སྣ་ དག་ལ། །ས་ནི་མིག་ཏུ་སྦྱར་བར་བྱ། །དེ་བཞིན་མི་ནི་ཚངས་པ་ལ། །མགྲིན་པར་རྨོངས་པའི་དེད་དཔོན་ཏེ། །གཡོ་བ་སྙིང་ལ་གནས་པའོ། །ཉོན་མོངས་ཐོང་ཀ་ཀུན་ཏུའོ། །ལྟེ་བའི་རྩ་བར་ཕྱུགས་ཡིན་ནོ། །ཡན་ལག་བརྒྱད་ཀྱིས་བསྲུང་བ་འདི། །ལྷ་རྣམས་སུ་ནི་ ཤེས་བྱས་ལ། །བ་དན་གསུམ་གྱི་ཕྱག་རྒྱ་ཡིས། །ཡན་ལག་བརྒྱད་དུ་གཏུགས་ཏེ་བསྲུང་། །ཡེ་ཤེས་མཁའ་འགྲོའི་བདག་ཉིད་དུ། །བདག་ཉིད་ལུས་ནི་སྤྲུལ་བྱས་ཏེ། །ཀུནྡ་ཟླ་བ་ལྟར་དཀར་ཞིང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །སེམས་དཔའི་སྐྱིལ་ ཀྲུད་ཕྱག་གཉིས་པ། །ཤིན་ཏུ་མཛེས་པའི་བཟའ་མ་ན་བས། །ཕྱག་ན་ཁ་ཊྭཱྃ་རྡོ་རྗེ་སྟེ། །འབར་བའི་ཕྲེང་བ་ཀུན་ཏུ་གསལ། །རང་གི་ལུས་ནི་མཉམ་བཞག་པས། །དབུགས་མི་གཡོ་བར་བསྒོམ་པར་བྱ། །དེ་ནས་ས་ནི་སྤྱང་བྱ་སྟེ། །ཨོཾ་ཧ་ན་ཧ་ན་ ཀྲོདྷ་ཧཱུྃ་ཕཊ། ལག་པ་གཡས་བརྐྱང་བྱས་ཏེ། །རྡོ་རྗེར་བསྒོམས་ནས་ས་ལ་བསྣུན། །ས་སྦྱངས་པའི་སྔགས་དང་ཕྱག་རྒྱའོ། །ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ། །གུད་མོ་གཉིས་བརྐྱང་ཀུན་ཏུ་བསྟན། །ཕྱག་རྒྱ་འདི་ནི་དག་ཁྱེད་པའོ། །ཨོྃ་ཤྲཱི་སྭཱ་ཧཱ། མར་སྦྱང་ བའི་སྔགས་སོ། །ཨོྃ་ཨ་སྭཱ་ཧཱ། རྫས་བཀྲུ་བའི་སྔགས་སོ། །ཨོྃ་ཛྲིཾ་སྭཱ་ཧཱ། འབྲུ་སྦྱང་བའི་སྔགས་སོ། །ཨོྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཟས་མཆོག་ལ་སོགས་པའི་རྫས་སྦྱང་བའི་སྔགས་སོ། །ཨོྃ་ཨ་སྭཱ་ཧཱ། ཡ་མ་ཤིང་སྦྱང་བའི་སྔགས་སོ། །མེ་དབུས་པདྨ་བསམས་ ནས་སུ། །མེ་ཡི་ལྷ་ནི་དགུག་པར་བྱ། །གཡོན་པ་ཁུ་ཚུར་བཅིངས་ནས་སུ། །ཁྲོ་བོ་དང་ནི་དབུ་མ་བརྐྱང་། །དབུ་མའི་ཆིགས་ན་གསུམ་པ་ལ། །ཁྲོ་བོ་བསམས་ཏེ་བཙུགས་བས་དགུག །ཨོྃ་ཨཱ་ག་ཙྪ་ཨཱ་གཙྩ་ཨགྣེ་ཛཿསྭཱ་ཧཱ། པདྨའི་གདན་ལ་བཞུགས་པ་རུ། ། ཐབ་ཁུང་དབུས་སུ་བསྒོམ་པར་བྱ། །བགྲད་ཕྲེང་སྤྱི་བླུགས་བུ་རམ་མདོག །རལ་པའི་ཐོར་ཚུགས་སེར་སྐྱར་ལྡན། །ཤིན་ཏུ་མཛེས་པའི་ན་བཟའ་བཀླུབས། །འོད་ཟེར་མེ་ལྟར་ཀུན་ཏུ་འབར། །མེ་ཡི་དབུས་སུ་བསྒོམ་པར་བྱ། །དེར་ནི་ཇི་ལྟར་འབྱོར་བ་དང་། །དངོས་ པོ་ལྔ་ཡིས་མཆོད་ནས་སུ། །མེ་དབུས་མེ་ལྷའི་ལྕ་ལ་ནི། །ཀུན་ནས་སྲེག་བླུགས་གསུམ་གསུམ་བྱ། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །པདྨའི་ཚུལ་དུ་ཅུང་ཟད་དབྱེ། །དབུ་མ་ཀུན་ཏུ་བརྐྱང་བར་བྱ། །ཨོྃ་ཛུ་ཧུ་ཛུ་ཧུ་ཨགྣེ་སྭཱ་ཧཱ། མེའི་སྙིང་པོའི་སྔགས་དང་ཕྱག་ རྒྱའོ། །དེ་ནས་འབད་པས་སེ་གོ་ལ་གསུམ། །གཏོགས་པས་འབར་བར་ཐིམ་པར་བསྒོམ། །མེ་ཡི་གནས་སུ་ཀུན་རིག་པས། །དེ་ནས་སྦྱང་བ་བརྩམ་པར་བྱ། །ཨོྃ་ཧཱུྃ་ཊ་ཊི་ཧཱུྃ་ཕཊ། རྡོ་རྗེར་བཅས་པའི་ལག་པ་ཡིས། །མེ་ཏོག་ཡུངས་ཀར་ཆུ་ཡིས་ནི། །ཕྱོགས་ ཀུན་ཏུ་ནི་གཏོར་ནས་སུ། །མེ་ཡི་ནང་དུ་བླུགས་པར་བྱ། །སྦྱང་བའི་སྔགས་དང་ཕྱག་རྒྱའོ། །ཨོྃ་བཛྲ་པྲཱ་ཀཱ་ར་ཧཱུྃ་ཕཊ། ལག་གཡོན་ཐལ་མོ་ཕར་བསྟན་ཏེ། །གཡས་བ་ཆུར་བསྟན་རྒྱབ་སྦྱར་ནས། །དབང་ལྡན་ཕྱོགས་སོགས་བསྐོར་བར་བྱ། །ར་བའི་སྔགས་དང་ ཕྱག་རྒྱའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། །ཕན་ཚུན་རྩེ་མོ་རེག་པར་བྱ། །ཨོྃ་ཛྲུྃ་སྭཱ་ཧཱ། རྡོ་རྗེ་དྲ་བའི་སྔགས་དང་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་བཅངས་ནས་སུ། །མཐེ་བོང་འོག་ཏུ་བརྐྱང་པར་བྱ། །ཨོྃ་པྲུྃ་སྭཱ་ཧཱ། ཕུར་བུའི་སྔགས་དང་ཕྱག་རྒྱའོ། །ཉི་ མའི་དཀྱིལ་འཁོར་གྱིས་བརྒྱན་པའི། །མེ་དབུས་པདྨ་བསམས་ནས་སུ། །གདུགས་དཀར་པོ་ཡིས་གཡོགས་པ་ཡི། །རྡོ་རྗེ་དབུས་སུ་བསྒོམ་པར་བྱ། །རྡོ་རྗེ་རྩེ་མོ་ལྔ་པ་སྟེ། །ཁ་དོག་དམར་སོགས་བསམ་པར་བྱ། །འོད་ཟེར་སྣ་ཚོགས་འབར་བ་ལས། །ཉི་མའི་ དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་གཟུགས་སུ་བསྐྱེད་ནས་སུ། །རང་གི་དབུགས་ལས་བྱུང་བ་ཡི། །སྦྱོར་བའི་གདན་ལ་བྱུང་བ་ཡིས། །ལས་ཀྱི་མདོག་ཏུ་བསྒོམ་པར་བྱ། །ཕྱག་གཉིས་ཁ་ཊྭཱྃ་རྡོ་རྗེ་བསྣམས། །ཐམས་ཅད་རྒྱན་གྱིས་རྣམ་པར་བཀླུབས། །རྡོ་རྗེའི་ གཟུགས་ནི་བསྐྱེད་ནས་སུ། །རང་གི་དབུགས་ལས་བྱུང་བ་ཡི། །བདག་གི་ལུས་ནི་གང་ཡིན་ལ། །ཡེ་ཤེས་མཁའ་འགྲོ་བསྟིམ་པར་བྱ། །མེ་ཡི་དབུས་སུ་ཀུན་རིག་པས། །སྣ་ཚོགས་དངོས་པོ་མཆོད་པར་བྱ། །ཨོྃ་ཋཿཋཿཋཿསྭཱ་ཧཱ། དགང་བླུགས་ཀྱི་སྔགས་སོ། ། གཡས་སུ་དབྱུག་པ་བསམ་པར་བྱ། །དེ་བཞིན་གཡོན་དུ་སྣོད་ནི་སྦྱང་། །ཨོྃ་ཧཱུྃ་སྭཱ་ཧཱ། རྩ་བའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཡས་པ་བརྐྱང་པ་དང་། །ཨོྃ་པྲ་ཏཱིཙྪ་སུ་གནྡྷ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་དྲིའི་སྔགས་དང་ཕྱག་རྒྱའོ། །བརྐྱང་བ་དེ་ཉིད་ཀྱི་མཐེ་བོང་ དང་ཁྲོ་བོ་སྦྱར་བ་དང་། ཨོྃ་པུཥྤ་མཱ་ལེ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་དེ་ཉིད་ལས་མཐེ་བོང་བརྐྱང་བ་དང་། ཨོྃ་ཏིཀྵྞ་དཱི་པེ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་མར་མེའི་སྔགས་དང་ཕྱག་རྒྱའོ། །མེ་ཏོག་གི་ཕྱག་རྒྱ་དེ་ཉིད་ལས་དབུ་མ་ བསྒྲེང་བ་དང་། ཨོཾ་དྷཱུ་བེ་ཤྭ་རི་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་བདུག་པའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ཀ་བརྐྱང་སྟེ་མཐེ་བོང་དང་། གུང་མོ་བསྐྱོད་པ་དང་། ཨོྃ་ཀུ་རུ་ཀུ་རུ་མ་ཧཱ་པ་ལིཾ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་གཏོར་མའི་སྔགས་དང་ཕྱག་ རྒྱའོ། །མེ་ཡི་ཁ་ཡི་ནང་དུ་ནི། །ལན་རེ་བཟླས་ཤིང་ལན་རེ་བཞིན། །དབུས་སུ་གོང་བུ་བསྲེག་པར་བྱ། །བདུན་ལས་ལྷག་མ་ཀུན་བཟུང་ནས། །དབུས་སུ་གོང་བུར་ན་པར་ནི། །གོང་མའི་ཚུལ་གྱིས་གནས་པ་ནི། །འབད་དེ་རྫོགས་པའི་མཐའ་རུ་ནི། ལྷག་ མ་དག་ནི་བསྲེག་པར་བྱ། །བསྲེག་པ་ཟིན་ནས་ལྷ་རྣམས་ནི། བདག་གི་ལུས་ལ་ཐིམ་པར་བསྒོམ། །དགང་བླུགས་ཀུན་ལ་རྫོགས་པ་རུ། །སྔགས་དང་ཕྱག་རྒྱས་རྫོགས་པར་བྱ། །སྣོད་ནི་མར་གྱིས་བཀང་ནས་སུ། །མེ་ཡི་དབུས་སུ་བླུགས་ནས་ཀྱང་། །དྲངས་ ནས