Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 080_རྒྱུད་འབུམ།_ང
Văn bản gốc(Tây Tạng)
Trang 11 / 21 (50.000 ký tự/trang)
དབུས་སུ་ཉི་མ་བསམ། །ཉི་མའི་དབུས་སུ་ཡི་གེ་ཧཱུྃ། །ཁ་དོག་དམར་པོའི་འོད་ཆེན་པོ། །མཚམས་དང་མཚམས་སུ་རྡོ་རྗེ་ནི། །རྩེ་དགུ་སེར་པོ་བྲི་བར་བྱ། །བདག་ཉིད་ཧེ་རུ་ཀར་བལྟ་སྟེ། །ཕྱིས་ནི་སྦྱིན་སྲེག་ཡང་དག་བརྩམ། །ཤེས་རབ་ཅན་གྱིས་མེ་ཡི་ལྷ། ། སྔགས་འདི་ཡིས་ནི་སྤྱན་དྲང་ངོ་། །ཨོྃ་སརྦྦ་དེ་བཱ་ཧུ་ཏ་པྲ་དྷེ་ནི་ཨྃ་བི་ཀལྦེ་སུ་ད་ཧ་ད་ཧ་ནེ་ད་ཧ་ད་ཧ་ཛྭ་ལ་ཛྭ་ལ། པྲ་ས་ར་པྲ་ས་ར། ཨཱ་གཙྪ་ཨཱ་གཙྪ། ཡ་ཏྲི་ཀུནྣེ་ཨ་དྷིཥྛ་ཡ། ཨ་དྷིཥྛ་ཡ། ཏིཥྛ་ཏིཥྛ། ཀི་ལི་ཀི་ལི། ཧ་ཧེ་ཧོ་ཧྃ་ཧྲཿཧྲིཿཧཱུྃ་སྭཱ་ཧཱ། མེ་ལྷ་སྤྱན་དྲང་པའི་སྔགས་སོ། །སངས་རྒྱས་ ཐོད་པའི་སྦྱོར་བ་ཡིས། །ཤེས་རབ་ཅན་སྔགས་ལན་བདུན་བཟླས། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང་། །མདོག་དཀར་དུ་བ་དང་བྲལ་བའི། །མེ་ལྷ་རྒྱལ་དབང་བྱོན་ནས་ཀྱང་། །ཐབ་ཁུང་གི་ནི་དབུས་སུ་བཞུགས། །དེ་ནས་བློ་ལྡན་སྦྱིན་སྲེག་བྱ། །དེ་རུ་སོལ་བ་གཞུག་ བྱའོ། །ཨ་ཤྭཏྠ་དང་ནྱ་གྲོ་དང་། །ཨུ་དུམ་བཱ་ར་ར་ཀ་ཏི། པ་ལ་ཤ་སྟེ་ཤིང་ལྔ་ལས། སོལ་བྱས་དུ་མེད་འབར་བའི་མེ། བློ་ལྡན་ཐབ་ཁུང་དབུས་སུ་གཞུག །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །པདྨ་བརྒྱ་ནི་རྩ་བརྒྱད་དང་། །དེ་བཞིན་ཨུཏྤ་ལ་ཉིད་དང་། །ཀུ་མུ་ད་ དམར་དྲི་ཞིམ་འདྲ། །ཀ་ར་བཱི་ར་གཞན་ཉིས་འགྱུར། །བྱས་ཏེ་བསྲེགས་པས་ཞི་བར་གསུངས། །སྦྱིན་བདག་མདུན་ན་འདུག་པ་ལ། །དེ་ཚེ་དུ་བ་དབབ་པར་བྱ། །མཁས་པས་གསང་སྔགས་འདི་བཏོན་ཞིང་། །པདྨ་མར་སྦགས་བསྲེག་པར་བྱ། །ཨོྃ་པདྨ་རཱ་ཛེ་ཨགྣི་པྲ་ཎི་ཡ་ ཨ་མུ་ཀ་སྱ་ཤཱནྟིྃ་ཀུ་རུ་སྭཱ་ཧཱ། མཁས་པ་ཡིས་ནི་སྔགས་བཟླས་ཏེ། །ཨུཏྤལ་འོ་མས་སྦྱིན་སྲེག་བྱ། །ཨོྃ་གྷ་གྷ་གྷཱ་ཏ་ཡགྷཱ་ཏ་ཡ་ཏེ་ཛོ་རཱ་ཛ་བི་ནཱ་ཡ་ཤཱནྟིྃ་ཀུ་རུ་སྭཱ་ཧཱ། མཁས་པ་བདེ་གཤེགས་ཀུན་བདག་གིས། །གུར་གུམ་ཀུ་མུད་སྔགས་བསྲེག །ཨོྃ་སུ་པུཥྤེ་སུ་ཀ་ར་ཙ་ལེ་ཛྭ་ལ་ནཱི་ཡེ་ཤཱནྟིྃ་ ཀུ་རུ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་ཡིས་ནི། །དྲི་ཞིམ་ཙནྡན་སྦྱིན་སྲེག་བྱ། །ཨོྃ་དྷ་མེ་མ་ཧཱ་མེ་རཱ་ཛེ་ད་ཧ་ད་ཧ་སརྦ་བིགྷྣྃ་ཤཱནྟིྃ་ཀུ་རུ་སྭཱ་ཧཱ། ཀ་ར་བཱི་ར་དྲི་ཞིམ་མར། །མཁས་པས་སྔགས་རྒྱལ་བཟླས་ཏེ་བསྲེག །ཨོཾ་ཀཱ་ལི་སུ་ཀཱ་ལི་ཀ་རཱ་ལ་རཱ་ཏྲི་སརྦྦ་པཱ་པྃ་ད་ཧ་ད་ཧ་ཤནྟི་ཀུ་རུ་སྭཱ་ཧཱ། ། མེ་ཏོག་རེ་རེ་རེ་རེ་ལ། །གསང་སྔགས་རྒྱལ་པོ་ལན་རེ་བཟླ། །ཞི་བའི་སྦྱིན་སྲེག་བླ་མེད་པ། །འཇིག་རྟེན་གསུམ་ན་རྙེད་པར་དཀའ། །མེ་ནི་འོ་མས་ཞི་བར་བྱ། །དེ་ནས་གཞན་ཡང་རྒྱས་པ་ཡི། །སྦྱིན་སྲེག་ཁྱད་པར་བཤད་པར་བྱ། །རྒྱས་ལ་ཐག་ཁུད་ཟླ་མ་པོ་སྟེ། །ཆུ་ཡི་དཀྱིལ་ འཁོར་ལྟར་སྣང་བ། །ཟབས་དང་རྒྱར་ནི་མཐོ་གསུམ་སྟེ། །ཁ་དོག་སེར་པོར་རྣམ་པར་བསམ། །དེ་དབུས་རྡོ་རྗེ་རྩེ་དགུ་པ། །སྔོ་བྲི་དེ་སྟེང་པད་འདབ་བརྒྱད། །བདག་ཉིད་ཧེ་རུ་ཀ་རྣམ་པ། །ཁྲོ་བའི་སེམས་ཀྱི་བདག་ཉིད་ཀྱིས། །ཤིང་བསྲེག་པ་ཡི་སྦྱིན་སྲེག་བྱ། །གལ་ཏེ་ རྒྱས་པ་མཆོག་འདོད་ན། །ཨ་མྲ་ཀ་ནྠ་པ་ལ་དང་། །ཨརྒ་བིལ་བ་དུ་དུ་ར། །ཤིན་ཏུ་རྙེད་དཀའི་ཤིང་ལྔ་ལས། །སོར་བཅུ་གཉིས་ཀྱི་ཚད་ཙམ་དུ། །སློབ་དཔོན་གྱིས་ནི་གཟུང་བར་བྱ། །མ་གསམ་སྐམས་མ་བཅད་ཅིང་། །བུ་ག་ཅན་གྱི་ཤིང་སྤང་ངོ་། །དེ་ཡི་དབུས་སུ་ སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ། །རེ་རེ་ལ་ནི་བརྒྱ་རྩ་བརྒྱད། །བགྲངས་ཏེ་དེ་ནས་སྦྱིན་སྲེག་བྱ། །བདག་ཉིད་ཧེ་རུ་ཀ་ཡི་ཚུལ། །སྐུ་མདོག་ནག་པོ་འོད་ཆེན་པོས། །མར་དང་ཡམ་ཤིང་ཐམས་ཅད་ནི། །སྔགས་བསྲེགས་འདིར་ནི་ཐེ་ཚོམ་མེད། ཨོཾ་ ག་ག་ནིག་ག་ན་བི་ལོ་ཀ་ནེ་ཧཱུྃ་ཕཊ། ཏེ་ཛོ་རཱ་ཛཱ་པུཥྚིྃ་ཀུ་རུ་སྭཱ་ཧཱ། ཤིང་རྣམས་ཀུན་གྱི་སྔགས་འདི་ཡིས། །རེ་རེ་བཞིན་དུ་སྦྱིན་སྲེག་བྱ། །ཕྱིས་ནི་སེར་བོའི་ཚུས་ཞི་བྱ། །འདི་ལྟའི་རྒྱས་པའི་སྦྱིན་སྲེག་ནི། །འཇིག་རྟེན་གསུམ་ན་རྙེད་པར་དཀའ། །རྒྱུད་གཞན་རྣམས་སུ་སྤས་པ་ནི། ། རྒྱུད་འདི་རུ་ནི་གསལ་བར་བྱས། །དེ་ནས་ཡང་དག་རབ་བཤད་པ། །དབང་དུ་བྱ་བའི་སྦྱིན་སྲེག་མཆོག །ཐབ་ཁུང་གྲུ་གསུམ་དམར་པོ་ལ། །ཟབས་དང་རྒྱར་ནི་སོར་མོ་བརྒྱད། །དེ་དབུས་པདྨ་འདབ་བརྒྱད་དམར། །ཟླ་བ་དམར་ལ་སོགས་པས་བརྒྱན། །གྲྭ་གྲྭ་རུ་ནི་ རྡོ་རྗེ་དམར། །བདག་ཉིད་ཧེ་རུ་ཀར་བསམ་པ། །དམར་པོ་ལྟར་སྣང་ཆགས་པའི་བདག །རྡོ་རྗེ་དམར་པོ་ཐོད་པ་བསྣམས། །ཡོངས་སུ་གང་བའི་ཁྲག་ཉིད་ཀྱིས། །ཁམས་གསུམ་པ་ལ་རྗེས་སུ་ཆགས། །ཨ་ཤོ་ཀ་ཡི་ཡམ་ཤིང་དང་། །གོ་རོ་ཙ་ནར་ལྡན་པ་ནི། །བློ་ལྡན་བརྒྱ་རྩ་ བརྒྱད་བསྲེགས་ཏེ། །ཤིན་ཏུ་མཉམ་གཞག་སྔགས་ནི་གདོན། །ཨོྃ་ཨ་ཤོ་ཀ་ནི་སུ་ར་ཀེ་ཨ་ནུ་རཱ་ག་ཡ་ཏྲཻ་ལོ་ཀྱ་བ་ཤྃ་ཀ་རཱི་ཏྲཻ་ལོ་ཀྱཾ་བཱ་ཤཱ་མཱ་ན་ཡཱ་ཧྲཱི་སྭཱ་ཧཱ། ཉིན་བདུན་སྦྱིན་སྲེག་བྱས་ཙམ་གྱིས། །ཁམས་གསུམ་དབང་དུ་འགྱུར་བ་ཡིན། །ཆུ་ནི་དམར་པོར་མེ་ཞི་བྱ། །དེ་ནས་ཡང་དག་རབ་བཤད་ པ། །མངོན་སྤྱོད་དང་ནི་གསད་པ་མཆོག །ཟླ་བ་ཕྱེད་པའི་ཆ་འདྲའི་ཐབ། །ཟབས་དང་རྒྱར་ནི་ཁྲུ་གང་ཚད། །འཇིགས་ཆེན་མདོག་ནི་ལྗང་ཁུའོ། །གྲྭ་གྲྭ་རུ་ནི་རྡོ་རྗེ་བྲི། །དབུས་ཀྱིས་གཞི་སྟོང་པ་རུ། །བློ་ལྡན་ཤ་ལྔས་སྦྱིན་སྲེག་བྱ། །གསོད་པ་ཡི་ནི་སྦྱིན་སྲེག་མཆོག །མངོན་སྤྱོད་ གསོད་པ་རུ་ནི་གསུངས། །དགྲ་ཀུན་བསྣུན་ཅིང་ཟློག་པར་བྱེད། །དགྲ་བོ་ཐུར་དུ་ཁ་བལྟས་ཤིང་། །ཁ་ནས་ཁྲག་ནི་སྐྱུག་པ་ཉིད། །ཤ་ཡི་དབུས་སུ་བསམ་པར་བྱ། །སེང་ལྡེང་སོལ་བས་མེ་བྱ་སྟེ། །མེད་ན་འབའ་འབོ་ལ་ཉིད་ཀྱི། །འབའ་འབོ་ཚེར་མས་ཤ་ཕུག་སྟེ། །བརྒྱ་རྩ་ བརྒྱད་དུ་སྔགས་ཀྱིས་བསྲེག །ཨོྃ་མཱ་ར་ཡ་མཱ་ར་ཡ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་ཤ་ཏྲུཾ་ནཱ་ན་ཤ་ཡ་ཧཱུྃ་ཕཊ། བདག་ཉིད་ཧེ་རུ་ཀར་གྱུར་ཅིང་། །སྐུ་མདོག་སྔོན་པོ་ཐུགས་འཁྲུགས་པས། །དགྲ་རྣམས་ཐམས་ཅད་བརླག་པར་ནི། །སྐད་ཅིག་དེ་ལ་ཐེ་ཚོམ་མེད། །ཕེད་མཛད་འཇིགས་ཤིང་འཇིགས་པར་ བྱེད། །ཧ་ཧ་ཞེས་མཛད་འཇིགས་པར་མཛད། །གདུག་པ་ཐམས་ཅད་གསོད་པར་ནི། །སྦྱིན་སྲེག་ཙམ་གྱིས་ཐེ་ཚོམ་མེད། །འདི་ལྟའི་བསད་པའི་སྦྱིན་སྲེག་དང་། །མངོན་སྤྱོད་ཀྱང་ནི་རྙེད་དཀའ་བ། །རྣལ་འབྱོར་ལྷ་མོས་རྟོགས་མིན་ན། །སྔགས་སྐྱེས་ཕལ་ལྟ་སྨོས་ཅི་ དགོས། །དེ་ཕྱིར་སངས་རྒྱས་ཐོད་པ་ཡི། །རྣལ་འབྱོར་ང་རྒྱལ་དང་བྲལ་བས། །ཤིན་ཏུ་མཉམ་པར་གཞག་པའི་སེམས། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །ལྗང་ཁུའི་ཆུ་ཡིས་མེ་ཞི་བྱ། །གང་གིས་བསྲེགས་ཤིང་གང་ཞིག་བསྲེགས། །གང་གི་ཞི་བ་གང་ཞི་བ། །གང་གིས་ རྣམ་རྟོག་ཀུན་བཅོམ་པ། །དེ་ཡིས་སེམས་ནི་མགུ་བར་བྱེད། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྦྱིན་སྲེག་གི་ཆོ་གའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །སྤྱོད་པའི་ལེའུ་ཤིན་ཏུ་རྙེད་དཀའ་བ། ། བུད་མེད་ཤིན་ཏུ་མཆོག་གྱུར་དང་། །རྣལ་འབྱོར་གང་གིས་སྤྱོད་ཀུན་བྱེད། །དངོས་གྲུབ་བརྒྱད་དང་ཡང་དག་ལྡན། །དེ་ནས་སྤྱོད་པ་ཡང་དག་བརྩམ། །སེམས་ཅན་དངོས་གྲུབ་གང་གང་འདོད། །དེ་དེའི་དངོས་གྲུབ་རྟག་ཏུ་སྟེར། །ལག་པས་ཐོད་པ་གཟུང་བྱས་ཏེ། །གཅེར་བུ་སྐྲ་ གྲོལ་གྱུར་པ་ཡི། །བརྟུལ་ཞུགས་ཅན་གྱིས་སྤྱོད་པས་འཁྱམ། །གང་དང་གང་ཚེ་དེ་ཚེ་དེར། །རྟག་ཏུ་སྤྱོད་པ་ཐམས་ཅད་བྱ། །རྒྱན་རྣམས་ཀུན་ལས་རྣམ་གྲོལ་ཞིང་། །ནམ་མཁའ་དང་མཚུངས་གྱུར་པ་ཡི། །ཤེས་རབ་ཅན་གྱིས་ཁྱིམ་ཁྱིམ་དུ། །སློང་མོ་བྱ་བར་ཐེ་ཚོམ་ མེད། །ཡིད་དང་མཐུན་པ་ཀུན་བླངས་ན། །བསམ་གཏན་གནས་སུ་ཐེ་ཚོམ་མེད། །དགའ་བའི་སེམས་ཀྱིས་བསམས་ནས་ནི། །རྣལ་འབྱོར་པ་ཡི་སློང་མོ་བླང་། །ཆོས་ལ་གཞོལ་པའི་རྣལ་འབྱོར་པས། །ཐོད་པའི་སྟེང་དུ་གཞག་པ་ཡི། །རྫས་ནི་དེ་ནས་བཟའ་བར་བྱ། །རྫས་ ནི་ཟོས་མ་ཐག་ཏུ་ཡང་། །ཁྱིམ་ཁྱིམ་ཐལ་ཕུང་ཤིང་དྲུང་དང་། །གང་དུ་གང་ཚེ་དེར་དེའི་ཚེ། །གང་གིས་དགའ་བའི་སེམས་དེ་ཡིས། །བློ་གྲོས་ཆེན་པོ་གཉིད་ལོག་ཕྲེང་། །འདི་ལྟའི་སྤྱོད་པའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་ངེས་པར་ཐོབ། །དེ་ལྟར་ཡང་རྒྱུད་ལས་གསུངས་པ། །གང་ དུ་ཇི་ལྟར་དེར་དེ་ལྟར། །གང་གིས་དེ་ཡིས་སངས་རྒྱས་ཏེ། །རང་གི་རྣམ་རྟོག་དག་གིས་ཉམས། །མཐའ་དག་རང་བཞིན་རྣམ་པར་དག །སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ ཡང་དག་རབ་བཤད་པ། །གཅིག་ཏུ་སེམས་ཅན་དོན་རབ་ངེས། །གསེར་དུ་ངེས་པར་བྱེད་པའི་ལེའུ། །སློབ་དཔོན་ལ་ནི་རབ་དང་བས། །མུ་ཏིག་དང་ནི་ཉ་ཕྱིས་དང་། །དངུལ་ཆུ་དང་ནི་བྱི་རུ་ཡིས། །གང་གིས་སེམས་ཅན་ནོར་ལྡན་འགྱུར། །འདི་ནི་ཕྱི་ཡི་ སྨན་མིན་ཏེ། །ཤུན་ལྤགས་ལོ་མ་མ་ཡིན་ཞིང་། །དངུལ་ཆུ་བཅུད་ལེན་མ་ཡིན་ཏེ། །མུ་ཟི་ལྷང་ཚེར་མ་ཡིན་ཞིང་། །ལྕགས་དང་ཞ་ཉེ་ཟངས་མ་མིན། །ལྕགས་གཞན་དག་ནི་མ་ཡིན་ཏེ། །གྲུབ་པའི་སྨན་གྱི་མཆོག་ཡིན་ནོ། །འདི་ལྟ་བུ་ཡི་ཚིག་ཐོས་ནས། །ཕྱག་ན་རྡོ་རྗེ་སྟོབས་པོ་ ཆེས། །ཞབས་ཀྱི་རྡུལ་གྱི་ཆ་བཏུད་ནས། །སེམས་དཔའ་གཅིག་ཏུ་དད་བརྟན་པས། །ལྷ་མོ་ལེགས་སོ་ཞེས་ནི་སྨྲ། །སྨན་གྱི་མཆོག་ནི་གང་ཡིན་ཞིང་། །དངོས་གྲུབ་ཀྱང་ནི་ཇི་ལྟ་བུ། །གུས་པ་ཡིས་ནི་ཉན་པར་འཚལ། །ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས། །གྲུབ་པའི་ སྨན་གྱི་མཆོག་གང་ལགས། །གང་གིས་སེམས་ཅན་ནོར་ལྡན་འགྱུར། །ཚེ་འཕེལ་བ་ལ་བརྩོན་པ་གང་། །སྔོན་བསྙེན་ལྟོས་པ་མེད་པ་ཡིས། །སྨན་ཆེན་གྲགས་པས་འགྲུབ་པ་གང་། །གང་གིས་རྫས་རྣམས་མང་པོར་འགྱུར། །མོ་ཤམ་བུ་དང་ལྡན་འགྱུར་གང་། །ཡང་དང་ཡང་དུ་ མི་འཆི་ཞིང་། །ཤི་ནས་ཡང་དག་འཚོར་འགྱུར་བ། །ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས། །བཀའ་སྩལ་པ། ཁྱིམ་འདི་ཉིད་དུ་གནས་པ་ཡི། །སྨན་ཆེན་པོ་ཡིས་འགྲུབ་པ་སྟེ། །དེ་ཡང་སྣོད་བཟང་མཆོག་ལ་འགྲུབ། །བྱིས་པ་རྨོངས་པས་མི་ཤེས་སོ། །བདག་དོན་གཅིག་པུ་ལ་ འབབ་ཅིང་། །ཀྱེ་མ་གཅིག་ཏུ་དཀའ་འབད་པས། །ཇི་ལྟར་སེམས་ཅན་དོན་འགྲུབ་འགྱུར། །སྣོད་བཟང་ལ་ནི་གནས་པའི་བཅུད། །ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་ཏེ། །རོ་བཅུད་རྩ་ཡི་ནང་གནས་པའི། །སྨན་ཆེན་རོ་བཅུད་མ་རུ་བརྗོད། །གང་གིས་ལྕགས་ནི་གསེར་འགྱུར་བ། །གཅིག་ གིས་ཀྱང་ནི་གྲངས་མེད་འགྱུར། །འདི་ལྟ་བུ་ཡི་སྨན་ཆེན་མཆོག །རོ་བཅུད་མ་ནི་དེ་བཞིན་གནས། །རབ་འབྱོར་ཆོ་ག་སྔོན་འགྲོ་བས། །སྨན་གྱི་མཆོག་ནི་འགྲུབ་པར་འགྱུར། །དེར་ནི་ཡང་དག་སྦྱོར་བཤད། །དད་པ་བརྟན་པ་ཡིས་ནི་ཉོན། །མེ་ཏོག་ལྡན་པའི་བུད་མེད་གང་། །གཞོན་ ནུ་ཁ་དོག་ནག་པོ་སྟེ། །རྒྱུད་འདི་ཐོས་པ་དང་ལྡན་ཞིང་། །ངོ་ཚ་མེད་ཅིང་ལྟོས་མེད་མ། །འདོད་པ་ཆུང་ཞིང་སེམས་ཅན་བརྩེ། །དེ་བཞིན་གཤེགས་པ་རྣམས་བསྟེན་ཅིང་། །རྟག་ཏུ་རབ་སྦས་བཙོག་མེད་མ། །འདི་ལྟའི་བུད་མེད་རབ་བླངས་ཏེ། །སྨན་ཆེན་མཆོག་ནི་ཡང་དག་བརྩམ། ། སྐྱེས་བུ་ཤིན་ཏུ་ཆགས་ཆེ་ཞིང་། །མྱུར་དུ་བྱང་ཆུབ་སེམས་འབབ་པ། །གང་ཡིན་དེ་ལ་དངོས་གྲུབ་མེད། །འདི་ལྟ་བུ་ཡི་སྨན་ཆེན་པོ། །སངས་རྒྱས་ཀྱིས་ཀྱང་རབ་རྙེད་དཀའ། །ཤིན་ཏུ་བརྟན་པའི་སེམས་ཀྱིས་ནི། །བློ་ལྡན་བུད་མེད་དེ་རྣམས་བསྟེན། །དེ་ལྟར་ཡང་ཞེས་ གསུངས་པ། རབ་ཏུ་བརྟན་པ་གཙོ་བོའི་གནས། །ཞེས་ནི་སྒྲུབ་པ་པོ་རྣམས་སྨྲ། །དེ་ཕྱིར་བརྟན་པའི་སེམས་ཀྱིས་ནི། །སྣོད་བཟང་འབྲས་བུ་བསྐུལ་བར་བྱ། །དེར་ནི་མེ་ཏོག་ལྡན་བུད་མེད། །གསེར་གྱི་སྦྱོར་བ་རྙེད་དཀའ་བརྩམ། །གྲུབ་པའི་བཅུད་ཀྱིས་བྱུགས་པ་ཡི། །ཟླ་བ་ རང་གི་སྙིང་ཁར་བསམ། །སྔོན་དུ་རི་ཡི་རྒྱལ་པོས་བརྒྱན། །དེར་ནི་ཡི་གེ་ཧྲཱིཿས་བོན། །སེམས་ཅན་དོན་ལ་གཅིག་ཏུ་འབད། །བློ་ལྡན་དགོས་པ་ཡང་དག་བརྩམ། །ཟངས་མའི་དངོས་པོ་སྲང་གཅིག་བཅས། །ཟླུམ་པོ་སྣོད་བཟང་ལ་བཅུག་སྟེ། །གཡོན་པ་བསྐུམ་ བའི་གཡས་ཟུར་གཞག །མེད་ན་ལྕགས་ཀྱང་བྱ་བ་ཡིན། །བརྟན་པའི་སྦྱོར་བའི་སེམས་ཀྱིས་ནི། །དེ་ནས་བློ་ལྡན་ལས་རྣམས་བརྩམ། །རི་རབ་ཟླ་བ་ས་བོན་རྒྱལ། །ཞུ་འགྱུར་ཐེ་ཚོམ་མེད་པ་ཡིན། །སྣོད་བཟང་དེར་ནི་ངལ་བསོས་པས། །འབོ་བའི་སྦྱོར་བས་འཛག་པ་ ཉིད། །བཟང་པོས་མྱུར་དུ་རབ་བླངས་ཏེ། །མཁས་པ་ཡིས་ནི་བྱུག་པར་བྱ། །རྡོག་པོ་བྱུགས་པ་ཙམ་གྱིས་ནི། །མེ་ཡི་ནང་དུ་གཞུག་བྱ་ཞིང་། །དེ་ནས་ཤེས་རབ་ཅན་བལྟས་ན། །གསེར་དུ་འགྱུར་བ་ཐེ་ཚོམ་མེད། །དེ་ནི་མི་ཤ་གཅིག་གིས་ནི། །སྲང་བརྒྱ་རུ་ནི་འགྱུར་བ་ཡིན། ། དེ་ལྟར་གསེར་གྱི་སྦྱོར་བ་མཆོག །འཇིག་རྟེན་གསུམ་ནའང་རྙེད་པར་དཀའ། །གལ་ཏེ་སྨན་ཆེན་ཚད་མིན་ན། །དེ་ཚེ་སངས་རྒྱས་ཚད་མ་ཡིན། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར། །དངོས་པོ་གང་དང་གང་གསུངས་པ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །དེ་དག་ཐམས་ཅད་ བདེན་པར་འགྱུར། །གང་ཞིག་འདི་ཚད་མིན་སྨྲ་བའི། །བློ་གྲོས་ཆེན་པོ་ཐོས་ལྡན་པ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །དེ་དག་ཐམས་ཅད་དམྱལ་བར་འགྲོ། །སྨན་འདི་ཙམ་གྱིས་མ་གྲུབ་ན། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། །བླ་ མེད་རྣལ་འབྱོར་མ་རྣམས་ཀྱི། །དེ་དག་ཐམས་ཅད་བརྫུན་པར་འགྱུར། །མཚམས་མེད་ལྔ་ནི་བྱེད་པ་དང་། །སེམས་ཅན་སངས་རྒྱས་ཆོས་ལ་འཚེ། །སྨན་གྱིས་མཆོག་ནི་འགྲུབ་འགྱུར་བ། །སྡད་ཅིག་དེ་ལ་ཐེ་ཚོམ་མེད། །སེམས་ཅན་དོན་ལ་གཅིག་ཏུ་འབད། །སྒོམ་ ལྡན་འགྲུབ་པ་ལྟ་ཡི་སྨོས། །སྨན་མཆོག་གསེར་དང་དངུལ་དུ་འགྱུར། །ཇི་སྲིད་སངས་རྒྱས་ཡེ་ཤེས་ཡོད། །མི་ནི་བསྐལ་བ་བྱེ་བར་འཚོ། །དེ་ནས་ཡང་དག་རབ་བཤད་པ། །མོ་ཤམ་རྣམས་ཀྱི་བུ་མེད་པ། །ཡང་དག་སྦྱོར་བས་བཀྲུས་ཙམ་གྱིས། །སྐད་ཅིག་དེ་ལ་ བུ་ལྡན་འགྱུར། །སྔོན་གྱི་གཙོ་བོས་ཇི་སྐད་གསུངས། །ཁྲུས་ཀྱི་ཆོ་ག་རབ་ཏུ་བཤད། །ཁ་དོག་ལྔ་ཡི་རྡུལ་ཚོན་ནམ། །ཡང་ན་རྡུལ་ཚོན་དཀར་པོ་ཡིས། །དཔག་དཀའ་སྐྲག་པར་བྱེད་པ་ཡི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །དེར་ནི་བུམ་པ་ལྟོ་ཆེ་བ། །ཟླུམ་ པོ་བཞི་ནི་གཞག་པར་བྱ། །ཤེས་རབ་ཅན་གྱིས་ཆུ་ཡིས་དགང་། །རས་ཀྱིས་ཀྱང་ནི་དཀྲི་བར་བྱ། །རང་གི་ཁྲག་གིས་མཚན་མ་བྲི། །བུད་མེད་མོ་ཤམ་དེ་ཡི་ནི། །ཁམས་ཀྱི་གཙོ་བོ་བླངས་ནས་ནི། །མཁས་པས་བུམ་པའི་ཁ་ལ་བྱུག །དེ་ནས་ཁྲག་འཐུང་གོ་འཕང་ལ། ། གནས་པ་བསྒོམ་པའི་མཆོག་ལྡན་པས། །ནག་པོ་དམར་མོ་འཇིགས་ཆེན་པོ། །རྡོ་རྗེ་ཧཱུྃ་ལས་པད་དག་བྱུང་། །འཇིགས་པའི་མེ་ལྟར་འཇིགས་བྱེད་པ། །ཞལ་གཅིག་བ་ལ་ཕྱག་བཞི་པ། །བླ་མ་འཇིགས་པའི་གར་བྱེད་ཅིང་། །མཁས་པས་ཧཱུྃ་ནི་སྒྲོགས་བཞིན་པ། །བློ་ལྡན་ བུམ་པའི་ནང་དུ་བསམ། །དེ་ནས་རལ་གྲི་འཛིན་པ་ཡི། །སྐྱེས་པ་བཞི་པོ་གྲགས་ཆེན་པོ། །ཁྲོ་བོ་གཞན་གྱི་སེམས་དང་ལྡན། །འཇིགས་ཆེན་སྐྱེས་བུ་དེ་རྣམས་ཀྱིས། །རལ་གྲིས་ནམ་མཁར་བསྣུན་ཅིང་གསོད། །སངས་རྒྱས་ཐོད་པའི་སྦྱོར་བ་དང་། །འདི་ལྟ་བུ་ཡི་སྦྱོར་ལྡན་པས། ། དེ་བཞིན་དུ་ནི་བུད་མེད་བཀྲུ། །སྐད་ཅིག་དེ་ལ་བཀྲུས་ཙམ་གྱིས། །བུད་མེད་བུ་དང་ལྡན་པར་འགྱུར། །སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྨན་ཆེན་པོ་ཁྱད་པར་ཅན་དང་། མོ་ཤམ་གྱི་ཁྲུས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་ པའོ།། །།དེ་ནས་ཡང་དག་རབ་བཤད་པ། །མཁའ་ལྡིང་སྦྱོར་ལས་བྱུང་བའི་ལེའུ། །སྔོན་དུ་གསུངས་པའི་ཆོ་ག་ཡིས། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །བློ་ལྡན་ཧེ་རུ་ཀ་དང་ནི། །ཀུན་ནས་རྣལ་འབྱོར་མ་བརྒྱད་བསྐྱེད། །མཚན་མ་ཕྱག་སོགས་ སྔོན་གསུངས་བཞིན། །ཁ་དོག་དཀར་པོ་འབའ་ཞིག་ཉིད། །ཕྱོགས་ཀྱི་རྣལ་འབྱོར་མ་དཀར་ཞིང་། །མཚམས་ཀྱི་དམར་པོ་ཉིད་ཡིན་ནོ། །སྔོན་དུ་གསུངས་པའི་ཆོ་ག་ཡིས། །མཁས་པས་དཀྱིལ་འཁོར་བྱིན་གྱིས་བརླབ། །བུམ་པ་རྣམ་པ་བཞི་པོ་ལ། །སྔོན་གསུངས་ཕྱག་ མཚན་བྲི་བར་བྱ། །རིག་པ་འཛིན་པའི་སྦྱོར་བ་ཡིས། །ཕྱིས་ནི་སློབ་མ་རྗེས་སུ་གཟུང་། །སྔོན་གྱི་ཆོ་གས་གསོལ་བཏབ་སྟེ། །སྦྱིན་དང་ཚོགས་ཀྱི་འཁོར་ལོ་དང་། །དེ་ནས་དཀྱིལ་འཁོར་མཆོད་པར་བྱ། །སླར་ཡང་གསང་སྔགས་འདི་ཡིས་ནི། །སློབ་མ་རྗེས་སུ་གཟུང་བར་ བྱ། །ས་སྟེངས་ན་ནི་དུས་ཟིན་ལ། །ཅུང་ཟད་གསོ་བར་མི་ནུས་ཏེ། །ནམ་མཁའ་ལྡིང་ཅན་གྱིས་བཏང་ཞིང་། །དུས་སུ་ཟིན་ཅེས་སྨྲ་བ་ནི། །སངས་རྒྱས་ཐོད་པའི་རྣལ་འབྱོར་པ། །བློ་ལྡན་དེ་ནས་ལས་བརྩམ་མོ། །བདག་ཉིད་ཧེ་རུ་ཀར་གྱུར་ཅིང་། །ཀུན་ནས་རྣལ་འབྱོར་མ་ བརྒྱད་དེ། །དེ་ཀུན་སྐུ་ནི་དཀར་པོ་རུ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །འབྲས་བཏགས་རང་བཞིན་བླངས་ནས་ནི། །རིག་པ་འཛིན་པ་གཉིས་བྱའོ། །ཤིན་ཏུ་མཉམ་པར་གཞག་པ་ཡིས། །དེ་ཡི་ལག་པར་རལ་གྲི་སྦྱིན། །དེ་ཡི་སྙིང་གར་སྔགས་བཞུགས་པ། །འདབ་ མ་གང་དང་གང་དེ་ལ། །མར་ཁུ་ཆེ་བྱས་སྣག་ཚ་དང་། །མཁས་པས་སྔགས་ནི་བྲི་བར་བྱ། །ཨོྃ་བུདྡྷ་ཀ་པཱ་ལེ་ནི་ཧྲཱིཿཨོྃ་ཀ་པཱ་ལ་ནི་བཛྲི་ཎི་ཨཿ བི་དྷྭཾ་ས་ཡ་སརྦྦ་ནཱ་ག་ན་ཨུ་ད་པ་ཡ་དྱ་དྷ་ར་ནི། བི་བྷ་བ་ཡ་ཀ་ལ་ད་ཤ་ན། བྷོ་བྷོ་བྷ་ག་པ་ཏི། བུདྡྷ་ཀ་པཱ་ལ་ནཱི། སརྦྦཱ་ན་ཎ་ཀྵ་ཡྃ་ཀ་ རཱི་ཧ་ཧ་ཧ་སྭཱ་ཧཱ། རིག་པ་འཛིན་པའི་སྔགས་སོ། །དེ་ལྟར་ཡོངས་སུ་རྫོགས་ནས་ནི། །འདབ་མ་སྙིང་ཁར་གཞུག་པར་བྱ། །གསང་སྔགས་འདི་དང་ལྕུག་མ་ཡིས། །ལན་བདུན་བར་དུ་སྤྱན་དྲང་ངོ་། །ཨོྃ་བུདྡྷ་ཀ་པཱ་ལི་ནི་གྷ་ཊ་གྷ་ཊ། གྷ་ཌ་གྷ་ཌ་ཧྲི་ཧྲི་ ཧཿཧཿ། ཧེ་ཧེཿཧྃ། ལན་བདུན་བསྔགས་པ་ཙམ་གྱིས་ནི། །རིག་པ་འཛིན་པ་རྣམ་པ་གཉིས། །བར་སྣང་དུ་ནི་ལྡིང་འགྱུར་ཏེ། །གཅིག་ནི་དུམ་བུ་དུམ་བུ་རུ། །ས་ལ་ལྟུང་བ་རུ་ནི་འགྱུར། །དུས་ཟིན་འདིར་ལངས་ཐེ་ཚོམ་མེད། །གཞན་ཡང་སྟོར་བ་རྙེད་དཀའ་གང་། །བད་ སྟེགས་ལ་སོགས་བཅྭ་ལྔ་པོ། །གླེགས་བམ་ལ་ནི་བྲི་མ་བྱས། །བླ་མའི་དྲིན་ལས་ཤེས་པར་བྱ། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་རིག་པ་འཛིན་པའི་སྦྱོར་བའི་མན་ངག་ངེས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཡང་དང་ཡང་དུ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་མ་ཡི་གཙོར་གྱུར་པ། །ཤེས་རབ་ཆེན་པོའི་ལྷ་མོ་ལེགས། །ཁྱོད་ཀྱིས་གསུངས་པའི་སྦྱོར་བ་གང་། །འཇིག་རྟེན་ན་ཡང་རྙེད་པར་དགའ། །བདག་ གིས་རྒྱུད་ཀུན་མཐོང་མོད་ཀྱི། །སྦྱོར་བ་འདི་དག་རྙེད་པར་དཀའ། །རྒྱུད་འདིར་ཁྱོད་ཀྱིས་གང་གསུངས་པ། །སངས་རྒྱས་ཀུན་གྱིས་མ་བཤད་དོ། །ཨེ་མའོ་སེམས་ཅན་དོན་ལ་བརྩོན། །ཨེ་མའོ་སངས་རྒྱས་ཀུན་སྐྱེད་མ། །ཨེ་མའོ་ཕྱག་རྒྱ་ཆེ་ལ་བརྩོན། །སྔགས་རྣམས་ ཀུན་གྱི་རབ་སྦྱོར་མ། །ཤིན་ཏུ་རྙེད་དཀའ་གང་ཡིན་དེས། །རྣལ་འབྱོར་པ་གང་ངོ་མཚར་བ། །སྣ་ཚོགས་བྱེད་འགྱུར་ལྷ་མོ་གསུངས། །དང་པོའི་ལེའུ་གང་གང་གསུངས། །སྦྱོར་དེ་ལྷ་མོས་བདག་ལ་ཤོད། །འདི་ལྟ་བུ་ཡི་ཚིག་གསན་ནས། །རྣལ་འབྱོར་མ་ནི་སྣ་ཚོགས་ སྡེ། །བཞད་ཅིང་ཤིན་ཏུ་བཞད་པ་ཡིས། །ལྷ་རྣམས་ཅད་སྒྲག་པ་དང་། །བདུད་སྡེ་ཐམས་ཅད་འབྲོས་པ་དང་། །བགེགས་རྣམས་ཐམས་ཅད་འཇིག་པར་འགྱུར། །ཨེ་མའོ་བཞད་པའི་ངེས་པ་ཡིས། །རྒྱལ་བའི་མཆོག་ཀུན་ངོ་མཚར་རོ། །གསུངས་པ། རྒྱལ་མཚན་ འཕྱང་བ་བླངས་བྱས་ལ། །དེ་ཡི་ཤ་ཡང་བླང་བྱ་ཞིང་། །དེ་ཡི་རྐེད་ཆའི་རུས་པ་ནི། །བླངས་ནས་ཐ་བ་ཁུང་དུ་ནི་བྱ། །དེ་ཡི་ཐོད་པའི་རྗེས་བཟུང་སྟེ། །རྒྱུས་བསྡོང་བུར་བྱས་ཏེ་གཞག །དེ་ཡི་མར་ཁུས་དགང་བྱ་ཞིང་། །ཐབ་ཁུང་གྲུ་གསུམ་སྟེང་དུ་གཞག །གཞན་ཡང་དུད་པ་ འབེབས་པ་དང་། །ཇི་སྲིད་དུད་པ་ཆགས་ཀྱི་བར། །སངས་རྒྱས་ཐོད་པའི་རྣལ་འབྱོར་བས། །གསང་སྔགས་འདི་ནི་བཟླས་པར་བྱ། །ཨོྃ་བུདྡྷ་ཀ་པཱ་ལི་ནི་བྷ་ར་བྷ་ར། དྷ་དྷ་ར། དྷ་དྷ་ར། དྷ་རཱ་པ་ཡ་དྷ་རཱ་པ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། ཏ་པ་ཡ་ཏ་པ་ཡ། ཏྲཱྃ་ཏྲཱྃ་ཨོྃ་མྃས་ར་དྷཱ་ཀུ་རུ་ ཀུ་རུ་བྷོ་བྷ་ག་པ་ཏེ་བུདྡྷ་ཀ་པཱ་ལ་སྱ་ཛྙཱ་མ་ལཾ་གྷ་ཡ་ཤཱི་གྷྲཾ་ཀ་ཛ་ལ་པ་ཏཾ། པ་ཏ་ཡ་པ་ཏ་ཡ། ཏྲཱྃ་ཏྲཱྃ་ཨ་ཧཱུྃ་སྟམ་བྷ་ཡ་བྷོ་བྷ་ག་བ་ཏི་ཧཱུྃ་ཨྃ་ཕཊ། འདི་ལྟར་སྔགས་ཀྱི་རྒྱལ་པོ་ཡིས། །འཇིག་རྟེན་གསུམ་ཡང་སྐེམས་པར་བྱེད། །འབྱུང་པོ་རོ་ལངས་མཁའ་འགྲོ་མ། །སྲིན་པོ་ཤ་ ཟ་ལ་སོགས་དང་། །གཞན་ཡང་རུང་སྟེ་བགེགས་དེ་རྣམས། །ཐོས་པ་ཙམ་གྱིས་འབྲོས་པར་འགྱུར། །ཇི་སྲིད་དུད་པ་མ་བབས་པ། །དེ་སྲིད་སྔགས་ནི་བཟླ་བར་བྱ། །དུད་པ་བསམ་ཐག་ཏུ་ནི། །ལག་པ་གཉི་གས་གཟུང་བར་བྱ། །དེ་ནས་བློ་ཆེན་རྣལ་འབྱོར་པས། །རོལ་ རྩེད་ཕྲེང་བ་བཏུང་བར་བྱ། །བུ་མོ་ལོ་ནི་བཅུ་དྲུག་མ། །ལང་ཚོའི་གཟུགས་ལ་བརྩེ་བ་ཅན། །འདི་ནི་རྣལ་འབྱོར་པ་ཡིས་སྤྱད། །གཅིག་ཏུ་སེམས་ཅན་དོན་འབད་པ། །གཅེར་བུ་སྐྲ་གྲོལ་གྱུར་པ་ཡི། །མཁས་པས་ཧི་ཧིའི་སྔགས་བཏོན་ཏེ། །རོལ་རྩེད་ཕྲེང་མ་བཏུང་བར་ བྱ། །དེ་ཡི་རྗེས་ལ་རྩེ་འཇོ་བརྩམ། །ཤིན་ཏུ་བཞད་གྱུར་ཕེད་མཛད་པའི། །བརྩེ་བ་ཆེན་པོའི་ལག་གཡོན་དུ། །དུད་ཆེན་མཆོག་ནི་གཞག་པར་བྱ། །སྦྱོར་བ་ལ་ནི་མཁས་པ་ཡིས། །ཕྱིས་ནི་པགས་ཀྱིས་བྱ་བ་བྱ། །པདྨ་ལས་བྱུང་རྫས་གང་ཞིག །དེ་ཉིད་ཀྱིས་ནི་དུད་ པ་མཉེ། །མིང་མེད་མཐེ་བོས་མེ་ཏོག་སྦྱིན། །རིལ་བུ་བརྒྱ་དང་རྩ་བརྒྱད་བྱ། །རིལ་བུ་རེ་རེ་རེ་རེ་ལ། །གསང་སྔགས་བརྒྱ་དང་རྩ་བརྒྱད་བཟླ། །ཨོྃ་བུདྡྷ་ཀ་པཱ་ལི་ནི་ཏྲཱྃ་ཧྲཱིཿཧཱུྃ་ཕཊ། འཇིག་རྟེན་གསུམ་ན་རྙེད་དཀའ་ཞིང་། །རྒྱུད་རྣམས་ཀུན་ཏུ་རྙེད་དཀའ་བ། །རྣལ་འབྱོར་ མས་ཀྱང་རྙེད་དཀའ་བའི། །སྔགས་འདི་ཡིས་ནི་དུད་པ་བསྒྲུབ། །སྲིན་ལག་གི་ནི་སོར་མོ་ཡིས། །མིག་ལ་དུད་པ་བྱུགས་ཙམ་གྱིས། །སྟོང་གསུམ་རྡུལ་ཕྲན་ལྟ་བུ་ཡི། །སངས་རྒྱས་ཐམས་ཅད་མཐོང་བར་འགྱུར། །དཔག་ཚད་འབུམ་ཕྲག་བརྒྱད་ ཅུ་ཡི། །སྟེང་དང་འོག་ནི་མཐོང་བར་འགྱུར། །ལག་པ་གཡོན་པས་མཉེས་ཙམ་གྱིས། །སྐད་ཅིག་དེ་ལ་རྣལ་མར་འགྱུར། །མཛུབ་མོས་བྱུགས་བ་ཙམ་གྱིས་ནི། །རྒྱུ་དང་མི་རྒྱུ་མཐོང་འགྱུར་ཏེ། །འབྱུང་པོ་ཡི་དགས་ཤ་ཟ་དང་། །གཞན་ཡང་གྲུབ་པ་རྣམས་དང་ནི། ། དཔག་ཚད་བྱ་བ་སྟོང་ཕྲག་གི། །སྟེང་དང་འོག་ནི་མཐོང་བར་འགྱུར། །ལག་པ་གཡོན་པས་མཉེས་ཙམ་གྱིས། །རྣལ་མར་འགྱུར་བར་ཐེ་ཚོམ་མེད། །གུང་མོས་བྱུགས་པ་ཙམ་གྱིས་ནི། །ཤིན་ཏུ་ངོ་མཚར་བྱེད་འགྱུར་ཏེ། །ཕེག་བརྡབས་བདུན་གྱི་སྒྲ་ཚད་དུ། །ནག་པོ་འབར་ བྱེད་རྩེ་མོ་ཡིས། །སྤྲིན་རྣམས་ཐམས་ཅད་འཐོར་བར་འགྱུར། །འདི་ལྟའི་དུད་པ་རྙེད་པར་དཀའ། །ལག་པ་གཡོན་པས་མཉེས་ཙམ་གྱིས། །སྐད་ཅིག་དེ་ལ་མི་རུ་འགྱུར། །མཐེ་བོང་གིས་ནི་དུད་པ་ཡི། །བདག་ཉིད་ཆེན་པོ་བྱུགས་ཙམ་གྱིས། །གཟུགས་བརྙན་མཚན་ མ་རི་དང་ཤིང་། །གཞན་དག་གང་ཡང་རུང་པ་རྣམས། །ཁྲོ་བོའི་ལྟ་བས་བལྟས་ཙམ་གྱིས། །དུམ་བུ་སྟོང་དུ་འགྱུར་བ་ཡིན། །གཡོན་པས་མཉེས་པ་ཙམ་གྱིས་ནི། །རྣལ་མར་འགྱུར་བར་ཐེ་ཚོམ་མེད། །མཐེའུ་ཆུང་གིས་ནི་མིག་བྱུ་གསན། །སྐད་ཅིག་དེ་ལ་མི་སྣང་འགྱུར། སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །སྐད་ཅིག་སུམ་ཅུ་གསུམ་དུ་འཁོར། །མཛོད་དང་བུད་མེད་རྫས་ཉིད་དང་། །དངོས་པོ་གང་དང་གང་འདོད་པ། །དུད་པའི་བདག་ཉིད་ཆེན་པོ་ཡིས། །སྐད་ཅིག་དེ་ལ་འཕྲོག་པར་འགྱུར། །འདི་ལྟ་བུ་ཡི་དུད་མཆོག་གི། །སྦྱོར་བ་སྣ་ ཚོགས་ལེགས་པར་བཤད། །དེ་ནི་མིག་ལ་བྱུགས་ཙམ་གྱིས། །རང་གི་གཟུགས་ནི་བསྒྱུར་བར་བྱེད། །དུད་པ་འདི་ནི་བྱུགས་ཙམ་གྱིས། །རིག་པ་འཛིན་པའི་གཙོ་བོར་འགྱུར། །བྱ་རོག་འུག་པ་བྱ་རྒོད་དང་། །སྤྲུལ་དང་ཁྱི་དང་ཅེ་སྤྱང་དང་། །སྟག་དང་གུང་དང་བྱི་ལ་དང་། ། སྤྲང་བུ་གླང་པོ་བོང་བུ་རུ། །དེ་ལྟར་དུད་པ་ཆེན་པོ་ཡིས། །སྣ་ཚོགས་པ་ཡི་ལས་བྱེད་པའོ། །ཀུན་ལ་ལས་ཀུན་ཡོད་མོད་ཀྱི། །སྦྱོར་བ་འབའ་ཞིག་རྙེད་པར་དཀའ། །སྦྱོར་བ་གླེགས་བམ་ལ་མ་བྲིས། །བླ་མའི་ཞལ་ནས་ཤེས་པར་བྱ། །དེ་ནས་ཡང་དག་རབ་བཤད་ དེ། །སྦྱོར་བ་ཤིན་ཏུ་རྙེད་དཀའ་བ། །སྔགས་དང་རུས་པའི་སྦྱོར་བ་ཡིས། །རྟག་ཏུ་སྣ་ཚོགས་ལས་བྱེད་དོ། །གླང་པོའི་རུས་པས་བསད་པའི་སྦྱོར་བ་བྱའོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ཧྲཱིཿ ཧཱུྃ། རྟ་ཡི་རུས་པས་བསྐྲད་པ་རྙེད་པར་དཀའ་བ་བྱའོ། །ཨོྃ་བུདྡྷཱ་ཀ་པཱ་ལི་ནཱི་ཁྃ་ཧྲཱིཿ ཧཱུྃ་ ཕཊ། བ་ལང་གི་རུས་པས་དགྲའི་སྙིང་གར་ཕུར་བུ་གདབ་པར་བྱའོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ཏྲཱྃ་ཧྲཱིཿ །ཁྱིའི་རུས་པས་རེངས་པ་ཆེན་པོ་བྱ་བར་གསུངས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿ ཧཱུྃ་ཕཊ། རུས་པ་ཆེན་པོས་ནི་དགུག་པར་བྱའོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ཧྲཱིཿ བཽ་ཥཊ། བོང་ བུའི་རུས་པས་རྨོངས་པར་བྱའོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་བྲུྃ་ཧཱུྃ། འུག་པའི་རུས་པས་དབང་དུ་བྱའོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ཏྲཱྃ་ཧྲཱིཿ ཧཱུྃ། བྱ་རྒོད་ཀྱི་རུས་པས་དབྱེ་བར་བྱའོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱ་ཧཱཿ ཕཊ་ཧཱུྃ། བོང་བུའི་རུས་པས་རེངས་པར་བྱའོ། །ཨོྃ་བུདྷཱ་ཀ་པཱ་ལི་ནཱི་ བཛྲི་ཎི་ཏྲྃ། ཅེ་སྤྱང་གི་རུས་པས་གཡུལ་ལས་རྒྱལ་བར་བྱེད་དོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བྷ་ག་བ་ཏི་དྷ་ར་དྷ་ར་ཧ་ཧེ་ཧོ་ཧ་ཧ། མ་ཧེའི་རུས་པས་དགའ་ཞིང་རྩེ་བས་ལོ་བཅུ་གཉིས་སུ་ཉིན་དང་མཚན་དུ་དེའི་བྱང་ཆུབ་སེམས་མི་ལྟུང་ངོ་། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ར་མ་ར་མ་ཀྲི་ཊ་ཀྲི་ཊ་ཧ་ཧ། སྦྲུལ་གྱི་རུས་པས་ཤིང་རྩད་ནས་འདོན་ནོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ཏ་ཊ་ཏ་ཊ། ཏྲ་ཏ་ཡ་ཏྲ་ཏ་ཡ། མ་ཏ་སྥོ་ཊ་ཡ་སྥོ་ཊ་ཡ། ཨུདྤ་ཊ་ཡ་ཧཱུྃ་ཕཊ། སྟག་གི་རུས་པས་རི་འདེགས་པར་བྱེད་དོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི། གྷ་ར་གྷ་ར། མ་ཊ་མ་ཊ་ཏྲ་ཊ་ཡ་ཏྲ་ཊ་ཡ། གྷ་ཊཱ་པ་ཡ་གྷ་ ཊཱ་བ་ཡ། སྥོ་ཊ་སྥོ་ཊ་མོ་ཊ་མོ་ཊ་ཡ་སཾ་ཀྲ་མ་ཡ་ཧྲཱིཿ ཧཱུྃ་ཏྲྃ་ཕཊ། ལྕགས་ཀྱུས་ནི་ནགས་སྟུག་པོ་སྟོང་པར་བྱེད་དོ། །ཨོྃ་བུདྡྷ་ཀ་བཱ་ལི་ནཱི་བཛྲེ་ནཱ་ཤ་ཡ་མ་ར་ཡ་གྷུ་ཊ་གྷུ་ཊི་ནི་སརྦྦ་བི་ན་ཡ་ཏི་ན་ཧྲི་ཡེ་ཡཾ་ཏ་ཌ་ཡ་བྷི་ཏྲཱ་པ་ཡ་ཙ་མཾ་ཙ་མཾ། བྷྲ་མ་ཡ་བྷྲ་མ་ཡ། བྷོ་བྷ་ག་བ་ཏི་ཨྃ་ཨྃ་ཏ་ཊ་ ཧཱུྃ་ཕཊ། སེམས་གཅིག་དྲི་མེད་མེ་ལོང་བཞིན། །གང་བསམས་དེ་ཡང་གཟུགས་བརྙན་དང་། །རྨི་ལམ་ལྟ་བུར་ཤེས་མོད་ཀྱི། །འོན་ཀྱང་རྣམ་པར་རྟོག་པས་བཟུང་། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པའི་ གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྔགས་སྣ་ཚོགས་ཀྱི་རབ་ཏུ་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །རྣམ་དག་ལེའུ་རབ་རྙེད་དཀའ། །ནེ་ནེ་མོ་དང་ཚ་མོ་དང་། །མ་དང་བུ་མོ་ཆུང་མ་ཉིད། །གལ་ཏེ་ཕྱག་རྒྱ་ཆེ་འདོད་ ན། །ཤེས་རབ་ཅན་གྱིས་འདི་དག་སྤྱད། །གཡུང་མོ་དང་ནི་གར་མཁན་མ། །ཁྲུས་མཁན་མ་དང་གཏུམ་མོ་ཡི། །བུ་མོ་ཀོ་བ་བྱེད་པར་གསུངས། །བློ་དང་ལྡན་པས་འདི་དག་སྤྱད། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག །དེ་ནས་ཡང་དག་རབ་བཤད་པ། ། མ་དག་པ་ཡི་སེམས་སྦྱང་ཕྱིར། །མིག་ནི་སྲིང་མོར་གྱུར་པ་སྟེ། །རྣ་བ་ཚ་མོ་ཉིད་ཡིན་ནོ། །སྣ་ནི་མ་རུ་འགྱུར་བ་སྟེ། །ལྕེ་ནི་བུ་མོ་ཉིད་ཡིན་ནོ། །ཡིད་ནི་ཆུང་མར་འགྱུར་བ་སྟེ། །ལྔ་པོ་དེ་རྣམས་མཆོག་ལྷ་མོ། །ཕྱག་རྒྱ་ཆེན་པོ་རབ་སྟེར་མའོ། །གཏི་མུག་གར་ མཁན་མ་རུ་འགྱུར། །ཞེ་སྡང་གཡུང་མོ་ཉིད་ཡིན་ནོ། །འདོད་ཆགས་ཁྲུས་མཁན་མ་ཡིན་ཏེ། །ང་རྒྱལ་གཏུམ་མོ་ཉིད་ཡིན་ནོ། །ཕྲག་དོག་ཀོ་བ་བྱེད་མའོ། །ལྔ་པོ་དེ་རྣམས་བུད་མེད་མཆོག །གཟུགས་ལས་གཏི་མུག་སྐྱེ་བ་སྟེ། །སྒྲ་ལས་ཞེ་སྡང་སྐྱེ་བ་ ཡིན། །དྲི་ལ་ལོངས་སྤྱད་པས་འདོད་ཆགས། །རོ་ལས་ང་རྒྱལ་ཉིད་ཡིན་ཏེ། །རེག་བྱ་ལས་ནི་ཕྲག་དོག་སྐྱེ། །སེམས་ཀྱི་དག་པ་ཉིད་ཡིན་ནོ། །ད་ཕྱིར་རྣལ་འབྱོར་བློ་ཆེན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེས་འདིར་དངོས་གྲུབ་མ་ཐོབ་ཀྱང་། ། སྐྱེ་གཞན་སྲིད་པར་དངོས་གྲུབ་འཐོབ། །ཇི་ལྟར་དངོས་པོ་མེད་པར་བསྒོམ། །ཇི་ལྟར་དངོས་པོ་བསྒོམ་པར་བྱ། །དངོས་པོ་བསྒོམ་བྱ་ཇི་ལྟར་འགྱུར། །སྲིང་མོའི་གཟུགས་ནི་ཇི་ལྟར་ཡིན། །དཀར་མོ་ལྗང་ཁུ་སྔོན་མོའི་མདོག །འདི་ལྟའི་གཟུགས་དང་ལྡན་ པར་ནི། །དག་པའི་སེམས་ཀྱིས་བལྟ་མི་བྱ། །ཚ་མོས་ཇི་ལྟར་སྒྲ་ཐོས་པའི། །སྒྲ་གྲག་པ་ནི་རྣམ་གསུམ་ཉིད། །འདི་ལྟའི་སྦྱོར་དང་ལྡན་པར་ནི། །དག་པའི་སེམས་ཀྱིས་མཉན་མི་བྱ། །རབ་སྦས་སྐྱེད་མ་གང་ཡིན་དེས། །དྲི་ནི་རྣམ་པ་གསུམ་བལྟས་པ། །ལྟ་ མིན་ཡིད་དང་ལྡན་པ་ལ། །ཇི་ལྟར་འདོད་ཆགས་སྐྱེ་བར་འགྱུར། །ལྕེ་དང་ལྷན་ཅིག་ལོངས་སྤྱོད་རྫས། །རོ་དྲུག་མྱངས་པ་ཅི་འདྲ་བ། །མྱངས་པས་ལོངས་སྤྱོད་ལྡན་པ་ཡི། །མྱངས་པའི་གཟུགས་ནི་ཇི་ལྟ་བུ། །ཡིད་ཀྱིས་ལོངས་སྤྱོད་དགའ་བདེ་ཉིད། །ཡིད་ཀྱིས་གཉི་ ག་སྤྱད་པས་བདེ། །དེར་ནི་རྟག་པ་ཡོད་མ་ཡིན། །དངོས་པོ་ལས་ནི་དངོས་མེད་ཡོད། །དངོས་མེད་ལ་ཡང་དངོས་པོ་ཉིད། །དངོས་དང་དངོས་མེད་གཉི་ག་སྟོང་། །འདི་དག་སེམས་ཀྱི་དག་པ་ཉིད། །དེ་ནས་གཞན་ཡང་རབ་བཤད་པ། །ཕྱི་ཡི་ལུས་ནི་སྦྱང་ཕྱིར་རོ། ། ལྟ་དང་ལྡན་པ་སྙིང་རྗེ་སྟེ། །འཁྱུད་པ་བྱམས་པར་འགྱུར་བའོ། །དྲུད་པའི་སྦྱོར་བའི་བདག་ཉིད་ནི། །དགའ་བ་ཡན་ལག་མ་ཡི་མཆོག །གཉི་ག་འདུས་ལས་གང་འཇོག་པ། །དེ་ནི་བདག་གིས་བཏང་སྙོམས་གསུངས། །དེ་ལྟར་དངོས་པོའི་སྦྱོར་ལྡན་པ། ། ཇི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར། །མཐོང་བ་ལས་ནི་འདོད་ཆགས་སྐྱེ། །འཁྱུད་ལས་འབྲས་བུ་ཅུང་ཟད་ཙམ། །དྲུད་པ་ལས་ནི་དགའ་བ་སྐྱེ། །ཀུན་གྱི་མཐའ་མར་དགའ་བྲལ་ལོ། །དེ་ལྟར་དགའ་དང་དགའ་བྲལ་འབྲས། །ཁམས་གསུམ་པ་ ལས་སྐྱེ་བར་འགྱུར། །རབ་དགའ་སེམས་ཀྱི་སྦྱོར་བ་ཡིས། །དངོས་པོ་གསུམ་གྱིས་འཆིང་མི་འགྱུར། །བཟའ་དང་བཏུང་བ་གང་ཅིའང་རུང་། །བདེ་བ་འབབ་པའི་ཁ་ཟས་རྣམས། །དེ་ཀུན་བཤང་དང་གཅི་སོགས་སུ། །རྣལ་འབྱོར་རིག་པས་རྟག་ཏུ་བརྟག །གང་ ཅི་རུང་བའི་དགའ་རྩེ་འཇོ། །འཁྱུད་པ་དང་ནི་འོ་བྱེད་དང་། །ཉེད་དང་འཚིར་བ་ཉིད་ཀྱིས་ནི། །ཕྱག་རྒྱ་ཆེན་པོའང་མཐོང་བར་འགྱུར། །འདི་ལྟའི་བསྒོམ་དང་ལྡན་པས་ནི། །འདི་རུ་འགྲུབ་པར་ཐེ་ཚོམ་མེད། །རྣལ་འབྱོར་མ་ལྔས་སངས་རྒྱས་ཀྱི། །དཔལ་དང་ཕྱག་རྒྱ་ ཆེར་སྟེར་བྱེད། །རྣལ་འབྱོར་བ་ཡིས་དེ་མཆོད་ན། །འདོད་པ་རྣམས་ཀྱིས་གོས་མི་འགྱུར། །ཕྲག་དོག་ལ་སོགས་ཀྱིས་སྦགས་ཀྱང་། །དེ་ལ་ཉེས་པས་གནོད་པ་མེད། །རྣལ་འབྱོར་པ་ཡི་མཆོག་དེ་ཉིད། །སྲིང་བའི་ཉེས་པས་གོས་མི་འགྱུར། ། ཇི་སྲིད་ཁམས་ནི་ཕྱི་མི་གསོར། །སངས་རྒྱས་སྐུ་སྲིད་སྡིག་དང་བྲལ། །བྱང་ཆུབ་སེམས་ནི་འཛག་མེད་པ། །གང་ཚེ་ཕུན་སུམ་ཚོགས་པའི་ཤིང་། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སེམས་རྣམ་ པར་དག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །སྣ་ཚོགས་སྡེ་མས་བསྔགས་པའི་ལེའུ། །དེ་ལྟར་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དང་མཚུངས་པའི་རྣལ་འབྱོར་ བ་རྣམས་སྤྱན་དྲངས་ཤིང་མགུ་བའི་སེམས་ཀྱིས་སྣ་ཚོགས་སྡེ་མ་ལ་བཏུད་དེ་བསྟོད་པ། །ཨེ་མའོ་བཅོམ་ལྡན་འདས་ལྷ་མོ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་མ། །དཔལ་དང་གྲགས་པ་ཆེ་ཞིང་འཇིགས། །སེམས་ཅན་ཀུན་ལ་ཕན་མཛད་མ། །ལྷ་མོ་ སྙིང་རྗེ་ཆེ་ལྡན་མ། །ཕྱག་རྒྱ་ཆེན་པོ་བློ་ཆེན་མ། །དོན་ཆེན་འབྲས་བུ་སྟོན་མཛད་མ། །སངས་རྒྱས་ཐོད་པ་ཡི་ནི་རྒྱུད། །རྡོ་རྗེ་འཆང་གིས་སྦས་པ་དང་། །སངས་རྒྱས་རྣམས་ཀྱིས་མ་གསུངས་ཤིང་། །བྱང་ཆུབ་སེམས་དཔའི་ཡུལ་མིན་པ། །གསུང་གཅིག་གིས་ ནི་གསལ་མཛད་དེ། །དེ་ནི་ལྷ་མོ་ཁྱོད་ཀྱིས་གསུངས། །ཨེ་མའོ་སྣོད་ཆེན་ལྷ་མོ་ཁྱོད། །རྣལ་འབྱོར་མ་ཀུན་བསྡུས་བྱས་པ། །དེ་བཞིན་གཤེགས་ཀུན་ཡུལ་མིན་པ། །རྙེད་དཀའི་དངོས་གྲུབ་གང་ཡིན་པ། །དེ་ནི་ལྷ་མོས་གསལ་བར་མཛོད། །གསུངས་པ། རྣལ་ འབྱོར་མ་ནི་ཐམས་ཅད་ཉོན། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །འདོད་ཆགས་བྲལ་དང་བདག་ཆེན་ཉོན། །སངས་རྒྱས་དེ་བཞིན་གཤེགས་པ་ཉོན། །ཀླུ་དང་ལྷར་བཅས་མི་རྣམས་ཉོན། །རྒྱུད་རྒྱལ་འདི་ནི་བཀླགས་ཙམ་གྱིས། །བསོད་ནམས་གང་ཡིན་ དེ་ཀུན་གྱི། །བསོད་ནམས་རྗེས་རང་ཡོངས་སུ་བསྔོ། །ཕྱག་རྒྱ་ཆེན་པོའི་དོན་དུ་ནི། །སངས་རྒྱས་ཡོན་ཏན་རྣམ་པ་དབུལ། །སྔགས་དོན་ཟབ་མོ་རྣམས་དང་ནི། །སྦྱོར་བ་ཤིན་ཏུ་རྙེད་དཀའ་བ། །གང་ཞིག་གསལ་བྱས་བདག་བཟོད་མཛོད། །ཤིན་ཏུ་སྦས་ པའི་ཡུལ་དེ་ཡང་། །སེམས་ཅན་དོན་དུ་གསལ་བྱས་པས། །རྒྱལ་བའི་མཆོག་རྣམས་བདག་བཟོད་མཛོད། །དེ་ནས་ཡང་དག་རབ་བཤད་པ། །སྔགས་ཀྱི་བཟླས་པ་སྟོབས་པོ་ཆེ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སངས་རྒྱས་ཐོད་སྦྱོར་བཟང་པོ་བཟླ། ། ཨོྃ་ཧྲཱིཿབུདྡྷ་ཧཱུྃ་ཀ་པཱ་ལི་ནཱི་ཨཱཿ། འཇུག་པ་ལ་ཨོྃ། འབྱུང་བ་ལ་ཧྲཱིཿ གནས་པ་ལ་བུདྡྷ། བདེ་བ་ལ་ཧཱུྃ། ནུབ་པ་ལ་ཀ་པཱ་ལི་ནཱི། ལྡང་བ་ལ་ཨཱཿའོ། །དེ་ལྟར་བཟླས་པ་རབ་རྙེད་དཀའ། །སངས་རྒྱས་ཐོད་པའི་སྦྱོར་ཆུད་བཟླ། །དེ་ལྟར་ཡིད་ཀྱི་བཟླས་ལྡན་པས། ། དངོས་གྲུབ་འཐོབ་པར་ཐེ་ཚོམ་མེད། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧྲཱིཿཧེཿཧཱུྃ་ཕཊ། སྙིང་པོའི་སྔགས་སོ། །ཨོྃ་བུདྡྷ་ཀ་པཱ་ལི་ནཱི་བཛྲི་ཎི་ཧོ་ཧཱུྃ། ཨ་དུར་ལ་ཀཱེ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའི་སྔགས་སོ། །དེ་ནས་ཡང་དག་རབ་བཤད་པ། །དབང་དུས་ཆོ་ག་ཇི་བཞིན་དུ། ། སློབ་མ་དད་བརྟན་གང་ཞིག་གིས། །ཤེས་རབ་མ་ལ་གསོལ་བ་གདབ། །དྲི་ཞིམ་པ་ཡི་དངོས་པོ་ཡིས། །མཎྜལ་རྣམ་པ་ལྔ་བྱས་ཏེ། །སངས་རྒྱས་ཀུན་གྱིས་བརྒྱན་བྱས་པ། །ལྷ་མོ་ཆེ་ལ་གསོལ་བ་གདབ། །ཞལ་དུ་བཟའ་བའི་རྫས་མཆོག་བསྟབ། །རྫས་དེ་རྣམས་ ནི་གསོལ་བ་དང་། །ཡིད་ནི་ཚིམ་ཞིང་ཐུགས་དགྱེས་སོ། །ལྷ་མོ་དགྱེས་པར་མཐོང་ནས་ནི། །ཚིག་འདི་དག་གིས་སྨྲ་བར་བྱེད། །རྣམ་པར་རྟོག་པ་མང་པོ་ཡིས། །གཡོགས་པའི་བག་ཆགས་རབ་ལྡན་པ། །འཁོར་བའི་འདམ་དུ་བྱིང་བ་བདག །མཛེས་མ་ཁྱོད་ ཀྱིས་སྐྱོབ་པར་མཛོད། །གྲགས་ཆེན་སྙིང་རྗེ་ལྡན་པ་ཡི། །ལྷ་མོ་དེ་ནི་ཞི་བར་མཛོད། །དེར་ནི་རྒྱན་རྣམས་ཐམས་ཅད་དང་། །ལྷབ་ལྷུབ་རྒྱན་རྣམས་དབུལ་བར་བྱ། །དད་པ་བརྟན་པའི་སེམས་ཀྱིས་ནི། །དེ་ནས་བདག་ཉིད་དབུལ་བར་བྱ། །སྣ་ཚོགས་ཟས་ དང་སྣ་ཚོགས་བཏུད། །དེ་ཡི་མདུན་དུ་དབུལ་བར་བྱ། །གང་གིས་ཤེས་རབ་མ་མཉེས་པ། །སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །འདི་ཉིད་ལ་ནི་སངས་རྒྱས་བཞུགས། །གཞན་ཡང་དངོས་གྲུབ་གཙོ་བོ་དང་། །སྙིང་རྗེ་ལྡན་པ་གཞན་གང་ཞིག ། མཁའ་འགྲོ་མ་ཀུན་འདི་ལ་བཞུགས། །གང་དུ་དབང་པོ་འགགས་གྱུར་པ། །བདག་རྟོག་རང་བཞིན་ཉམས་པ་སྟེ། །ཀྱེ་དེ་ལྷན་ཅིག་སྐྱེས་དགར་འགྱུར། །བླ་མའི་ཞལ་སྔར་གསལ་བར་ཞུས། །གང་ཞིག་འཆར་དུས་ཚེ་ན་དབང་པོ་དང་། །ཡུལ་མཉམ་ནུབ་གྱུར་དེ་ལ་ཕྱག་ འཚལ་ལོ། །མཁས་པ་རྣམས་ཀྱི་སྙིང་སྦས་སུ་སད་པ། །ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྔགས་ཀྱི་བཟླས་པ་དང་། ཤེས་རབ་མ་ལ་གསོལ་བ་ གདབ་པ་དང་། །རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་སྟེ་བཅུ་བཞི་པའོ།། །།འདི་གསུངས་ནས་སྣ་ཚོགས་སྡེ་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་གནས་ན་འདུག་སྟེ། ཅིའང་མི་གསུང་ བར་བཞུགས་སོ། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད་རྣལ་འབྱོར་མ་ཆེན་མོས་གསུངས་པ་མཆོག་ཏུ་གསང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་མཱ་ཡཱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྐད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་དེ་ལས་རྡོ་རྗེ་མཁའ་འགྲོ་མ་གསང་བའི་དབང་ཕྱུག་ མ་རྣམས་ཀྱི་མཆོག་ཏུ་གསང་བ་ཞེས་བྱ་བའི་རྒྱུད་བཤད་པར་བྱ་སྟེ། གང་ཞིག་གིས་ནི་ཀུན་ཁྱབ་པ། །རྒྱུ་དང་མི་རྒྱུ་ཚངས་སྒོ་ང་། །ལྷ་མོ་ཐམས་ཅད་སྐྱེད་བྱེད་ཅིང་། །ཚངས་ལ་སོགས་པའི་བདག་ཉིད་ཆེ། །དེ་རྣམས་ཀྱི་ནི་གསང་ཆེན་འདི། །སྒྱུ་འཕྲུལ་ཆེན་མོ་དབང་ ཕྱུག་ཆེ། །སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་བ་ཡང་དག་སྡུད་མཛད་མ། །གང་གིས་འདི་ཀུན་ལ་ཁྱབ་པ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །དེས་ནི་དེ་ནས་འདི་བསྡུས་ནས། །འཇིག་རྟེན་གསུམ་པོ་ཡང་སྤྲོའོ། །གསང་བ་པ་རྣམས་འདི་ཡི་ནི། །སྒྱུ་མའི་ བདག་ཉིད་ཅེས་རྣམ་གྲགས། །འཇིག་རྟེན་གསུམ་སྒྲུབ་རིག་མ་སྟེ། །འདོད་པ་ཐམས་ཅད་རབ་སྟེར་བ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པའི་དབང་ཕྱུག་རིག་པ་ཉིད། །ལྷ་དང་ནོར་བདག་དྲི་ཟ་དང་། །གནོད་སྦྱིན་ལྷ་མིན་མི་དང་བཅས། །རིག་པ་འཛིན་དང་གང་ ཡང་རུང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །སྲིན་པོ་དང་ནི་ཤ་ཟ་རྣམས། །སྒྲུབ་པོ་རྣམས་ལ་འགྲུབ་པར་འགྱུར། །དབང་དུ་འདུ་འགྱུར་འབྱུང་པོ་རྣམས། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། ། ཐབས་བརྗོད་པ་ཡིས་དེ་ལས་ནི། །རང་བྱུང་ཡེ་ཤེས་ལྔ་ལྡན་འགྱུར། །རྣལ་འབྱོར་མ་རྣམས་སྦྱོར་བའི་མ། །ཁམས་གསུམ་པོ་ནི་མ་ལུས་ཀུན། །མ་ལུས་ལུས་པ་མེད་གྲུབ་ཅིང་། །སྒྱུ་མ་ཀུན་གྱིས་རྣམ་རོལ་པའོ། །སངས་རྒྱས་ཀུན་ལས་ཕྲོགས་ནས་སུ། །ལྷ་མཆོག་ ལྷ་སྐྱེས་བུ་མོ་སྐྱོད། །རྣལ་འབྱོར་དབང་ཕྱུག་བྱེད་རིག་པ། །དེ་བཞིན་དུ་ནི་མིག་འཕྲུལ་བྱེད། །རྨོངས་པ་དང་ནི་རེངས་པ་དང་། །བསྐྲད་དང་གསད་པ་ལ་སོགས་པ། །དབང་དང་དགུག་པ་ལ་སོགས་དང་། །ནམ་མཁར་འགྲོ་བ་ཉིད་ཀྱང་ངོ་། །གཞན་གྱི་གྲོང་སོགས་ བྱ་བ་དང་། །མི་སྣང་བ་དང་གང་ཡང་རུང་། །ཞེ་འགྲས་པ་དང་རྨུགས་པ་དང་། །དེ་བཞིན་ས་འོག་འགྲོ་བའོ། །རིག་འཛིན་འཁོར་ལོས་སྒྱུར་ཉིད་འགྱུར། །འཆི་བ་མེད་ཅིང་རྒས་པ་མེད། །རྣལ་འབྱོར་སྒྱུ་མའི་རིག་པ་འདི། །འདི་ཡིས་ན་བ་མེད་པར་འགྱུར། །སྔགས་ ཀྱི་ཡི་གེའི་གཟུགས་ཀྱིས་སུ། །རྣལ་འབྱོར་བས་ནི་རྣམ་རོལ་བྱེད། །བཀླགས་པ་དང་ནི་བསམས་པ་ཡིས། །བསྒོམ་པ་དང་ནི་ཏིང་འཛིན་རྣམས། །བཀླགས་པས་བྱེད་པའི་རིག་པ་སྟེ། །རིག་པའི་དངོས་གྲུབ་བྱེད་པར་འགྱུར། །བརྟུལ་ཞུགས་ མེད་ཅིང་དཀའ་ཐུབ་མེད། །དཀའ་སྤྱོད་སྨྱུང་བ་སྡོམ་མེད་པར། །རྟག་ཏུ་ཤེས་རབ་ཐབས་སོགས་ཀྱིས། །རྟག་ཏུ་དགའ་དང་བདེ་བས་འགྲུབ། །ལྟེ་བའི་དབུས་ནས་དཔའ་བོ་སྟེ། །གེ་སར་གསང་བའི་སྤྱོད་ཡུལ་ལ། །སེམས་དང་སེམས་མེད་སེམས་ཀྱི་གཟུགས། ། ཡེ་ཤེས་ཤེས་བྱའི་རང་བཞིན་བདག །དེ་ནི་བདག་གིས་བཤད་བྱ་སྟེ། །ཟབ་མོ་སངས་རྒྱས་བསྟན་པའོ། །ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །རི་མོ་དེ་ལ་སྦྱར་བར་བྱ། །རི་མོ་སྟེང་དུ་འབར་བ་མཐར། །འོག་ཏུ་འབབ་པར་བྱེད་པའོ། །ཁུ་བའི་ཚུལ་གྱིས་འབབ་པ་སྟེ། ། བདུད་རྩིའི་ཐིགས་པའི་གཟུགས་ལས་སོ། །གང་གང་དབང་པོའི་ལམ་ནས་ནི། །དེ་དེའི་རང་བཞིན་སྐྱེ་བར་འགྱུར། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །སངས་རྒྱས་ཀུན་གྱི་རང་བཞིན་འབབ། །དམ་ཚིག་ཆེན་པོའི་དངོས་གྲུབ་དང་། །རིལ་བུ་ཆེན་པོའི་བསྒྲུབ་པ་ཡང་། ། སྒྱུ་འཕྲུལ་ཆེན་པོའི་རབ་སྦྱོར་བའི། །སྡོམ་པའི་སྦྱོར་བ་བྱེད་པར་འགྱུར། །མཆོད་པ་ལྔ་དང་ཡང་དག་ལྡན། །འདོད་པའི་ཡོན་ཏན་ལྔ་དང་བཅས། །སྒྲུབ་པའི་དབང་པོ་ཤེས་བྱ་བ། །དངོས་གྲུབ་ཤིན་ཏུ་རྟག་པའོ། །གང་ཞིག་ཤེས་པའི་དངོས་གྲུབ་ཀྱིས། །ལྷ་ཡི་གནས་ སུ་མྱུར་བར་འགྱུར། །དེ་ནི་བདག་གིས་བཤད་བྱ་སྟེ། །ལྷ་མོ་བདེན་པར་ང་སྨྲའོ། །སྒྱུ་འཕྲུལ་ཆེན་མོ་ཁྱོད་ལ་ངས། །འཇིག་རྟེན་གསུམ་འགྲུབ་དེ་བཤད་བྱ། །རྣལ་འབྱོར་ཆེན་མོ་རྣམས་ཀྱི་ནི། །བཟང་པོའི་ཡི་གེའི་ཕྲང་བ་རྣམས། །གང་ཞིག་བསམས་པ་ཙམ་གྱིས་ ནི། །རྒྱུ་དང་ནི་རྒྱུ་འགྲུབ་འགྱུར་བའོ། །འདོད་པས་ཀུན་ལ་ཉེར་སྤྱོད་པ། །ཇི་ལྟར་འདོད་བཞིན་བསྟེན་བྱས་ན། །རྣལ་འབྱོར་པ་ཆེན་རྟག་རོལ་ཏེ། །རྡོ་རྗེ་རྣལ་འབྱོར་རྣམས་འགྲུབ། །རྣམ་པ་སྣ་ཚོགས་གཟུགས་སུ་ནི། །རྣལ་འབྱོར་བདག་ཉིད་སྟོན་པར་བྱེད། །དེ་ བཞིན་གཤེགས་པ་ཀུན་གྱི་དཔལ། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །བཅུད་ལེན་རྣམ་པ་སྣ་ཚོགས་ཀྱིས། །རྟག་ཏུ་སེམས་ཅན་དོན་བྱེད་པའོ། །ཁུ་བ་དགུག་དང་ཆང་དང་ནི། །གོང་བུ་ཆེན་པོ་དགུག་པ་ཉིད། །ཤ་ཆེན་པོ་ནི་བཀུག་ནས་སུ། །རྣལ་འབྱོར་མ་ དང་ལྷན་ཅིག་སྤྱོད། །ཚེ་རིང་བརྩོན་འགྲུས་ཆེན་པོ་དང་། །གཟི་བརྗིད་ཆེ་ཞིང་སྟོབས་ཆེན་འགྱུར། །ལྷ་ཡི་མིག་དང་རྫུ་འཕྲུལ་ལྡན། །ཉིན་རེ་ཟླ་བ་འཐུང་བའོ། །དེ་ཡི་ཚེ་ནི་འཕེལ་འགྱུར་ཏེ། །བསྐལ་པ་ཆེན་པོའི་བར་དུ་གནས། །བལྟ་བས་མི་ངོམས་ལུས་དང་ནི། །ཆོ་ འཕྲུལ་དག་ནི་སྟོན་པར་བྱེད། །ཡིད་ལ་བསམས་མ་ཐག་ཏུ་ནི། །རང་གི་གཟུགས་ནི་ཡོངས་བརྗེས་ཤིང་། །བཀླགས་པས་འགྲུབ་པའི་དོན་ཡོད་པ། །རིག་མའི་དབང་ཕྱུག་རྫུ་འཕྲུལ་ཆེ། །རིག་པ་འཇིག་རྟེན་གསུམ་པོ་ན། །ང་ཡི་རིག་དང་མཉམ་པ་མེད། །རྒྱུད་རྣམས་ཀུན་གྱི་ ལུང་འདི་ནི། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །རྣལ་འབྱོར་མའི་དབང་ཕྱུག་མའི་རིག་མ་ཆེན་མོ་ལས་དངོས་གྲུབ་ཀྱི་མཚན་མ་བསྟན་པ་སྟེ་ལེའུ་དང་པོའོ།། །།དེ་ནས་དེ་ལས་རྣལ་འབྱོར་མའི་དབང་ཕྱུག་ཆེན་མོ་རྣམས་ཀྱི་སྦྱོར་བའི་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྟེར་བའི་ གསང་བའི་ཡི་གེ་བཟང་པོ་བཤད་པར་བྱ་སྟེ། གང་ཞིག་བསམས་པ་ཙམ་གྱིས་ནི། །རྣལ་འབྱོར་མ་མཆོག་སྟེར་འགྱུར་བ། །དང་པོའི་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་དགུགས་ནི་གཏང་བར་བྱ། །བརྒྱད་པའི་མཐའ་དང་ཡང་དག་ལྡན། །ཨུ་དང་ཐིག་ལེར་བཅས་པ་ཡིས། ། རྣལ་འབྱོར་པ་ཡི་དབུགས་རྔུབ་བྱེད། །དངོས་དང་དངོས་མེད་རྣམ་སྤངས་པའོ། །དེ་ལ་བརྟུལ་ཞུགས་མ་བཤད་དེ། །ཕྲེང་བ་སྔགས་དང་གཟུང་བ་དང་། །སྦྱིན་སྲེག་གི་ནི་ལས་རྣམས་ཀྱང་། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །སྔགས་དང་དབྱིབས་དང་ཆོས་ བདག་ཉིད། །སྦྱོར་བ་རྣམ་གསུམ་ཞེས་བྱ་སྟེ། །ཡེ་ཤེས་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་གོས་མི་འགྱུར། །དེ་ལྟར་རྒྱུན་དུ་རྣལ་འབྱོར་པ། །རྟག་ཏུ་གོམས་པ་ཉིད་ཀྱིས་ནི། །རྡོ་རྗེ་སེམས་དཔའ་དང་མཉམ་པའང་། །ཟླ་བ་གཅིག་གིས་དེ་འགྲུབ་ འགྱུར། །དབང་པོའི་མདོག་དང་ཡང་དག་ལྡན། །དང་པོའི་ཡི་གེ་བསྒོམ་བྱ་སྟེ། །རང་གི་རིག་པ་རབ་སྦྱར་ན། །དེས་འདི་མོད་ལ་འགུགས་པར་འགྱུར། །ཡི་གེ་གཉིས་པ་དང་ལྡན་པ། །བསམ་ཞིང་རྣམ་པར་བསྒོམ་བྱས་ན། །ས་གསུམ་པོ་ནི་ མ་ལུས་པ། །དེ་དག་ཐམས་ཅད་དབང་དུ་འགྱུར། །ཚངས་དང་ཁྱབ་འཇུག་དབང་པོ་དང་། །དེ་བཞིན་དབང་པོ་འདོད་དབང་ཕྱུག །ཡེ་ཤེས་ཡི་གེས་བསྐུལ་བྱས་ན། །དེ་དག་ཆུང་མར་བཅས་ཏེ་འགུགས། །ཡི་གེ་ཨ་དང་ཡང་དག་ལྡན། །སྐུ་གསུང་ཐུགས་ལ་ལེགས་ གནས་པ། །སྦྱོར་བ་རྣམ་གསུམ་བསྒོམ་བྱས་ན། །གོང་བུ་འགུགས་པའི་མཆོག་ཡིན་ནོ། །ཡི་གེ་ཁེ་དང་ཡང་དག་ལྡན། །སྐུ་མདོག་དམར་པོ་ཞལ་བཞི་པ། །ལག་ན་ཐོད་པ་ཆགས་པའི་བདག །ཁུ་བ་འགུགས་པའི་མཆོག་ཡིན་ནོ། །ཡི་གེ་རྩི་དང་ལྡན་པ་ཡིས། ། ཁ་དོག་སེར་པོ་ཀུན་ཏུ་འོད། །རྟ་ཡི་ཞལ་གྱི་ཚུལ་བྱས་ན། །ཆང་འགུགས་པ་ཡི་དམ་པ་ཡིན། །ཡི་གེར་དང་ཡང་དག་ལྡན། །ཁ་དོག་དམར་པོ་འོད་ཆེན་པོ། །ཕྱག་བཞི་པ་དང་ཞལ་བཞི་པ། །ཅེ་སྤྱང་ཚུལ་དུ་ལེགས་གནས་པ། །ཁྲོ་བའི་སེམས་ཀྱིས་བསྒོམ་བྱས་ན། ། ཁྲག་འགུགས་པ་ཡི་དམ་པའོ། །ཡི་གེ་དྲུག་དང་ཡང་དག་ལྡན། །གནས་དྲུག་ཏུ་ནི་ངེས་སྦྱར་བྱ། །རྣལ་འབྱོར་མཁའ་འགྲོ་མ་ཡི་ཚོགས། །རྡོ་རྗེ་རྣལ་འབྱོར་མ་རྣམས་འགྲུབ། །མིག་གཉིས་དང་ནི་རྣ་བ་དང་། །དེ་བཞིན་སྣ་དང་ཡིད་ཉིད་དག །སེང་གེ་རྣལ་འབྱོར་ཕྱག་ རྒྱ་ཡི། །རྣལ་འབྱོར་པ་ཡིས་བཅིང་བར་བྱ། །སྲོག་དང་རྩོལ་བ་བསྡམས་ནས་སུ། །བསྒོམས་ན་སྐད་ཅིག་དེ་ལ་འབར། །འོག་མིན་སྲིད་པའི་མཐར་ཐུག་པར། །རྒྱུ་དང་མི་རྒྱུའི་འཇིག་རྟེན་བདུན། །ཐམས་ཅད་ཀྱིས་ནི་དེ་བསྒོམས་ཀྱང་། །དེ་ནི་རྟོག་པ་མ་ཡིན་ནོ། །གལ་ ཏེ་ཐམས་ཅད་རབ་རྟོགས་ན། །འགྲོ་བའི་རོལ་པ་རྣམ་པར་འཇིག །དེ་ཕྱིར་ཡེ་ཤེས་འདི་གསང་ཞིང་། །མི་གསལ་ཡི་གེ་མེད་པའོ། །གང་ཕྱིར་སངས་རྒྱས་རྣམས་ཀྱིས་མཁྱེན། །རྣལ་འབྱོར་གཉིད་དང་ཡང་དག་ལྡན། །གོང་བུར་སོང་བའི་ཡིད་དེ་ཡིས། །གཟུགས་ གཅིག་ཏུ་ནི་སྒོམ་པར་བྱེད། །སྒོ་དགུ་ལས་ནི་གང་བྱུང་བ། །རྫས་ཀྱི་བདག་ཉིད་རྣམ་བསྒོམས་ལ། །རང་བཞིན་མེད་པའི་བློ་ལྡན་པའི། །རྣམ་པར་མི་རྟོག་པ་ཡིས་བཟའ། །མཐེ་བོང་དང་ནི་སྲིན་ལག་གིས། །ཁ་རུ་ཡིད་བཞིན་ནོར་བུ་ནི། །བདུད་རྩིའི་རང་བཞིན་ལས་བྱུང་བའི། ། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །རྣལ་འབྱོར་མའི་དབང་ཕྱུག་མའི་རིག་པ་ཆེན་མོ་ལས་སྦྱོར་བ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དམ་ཚིག་སྒྲུབ་པའི་དམ་པ་སྟེ། །རྫས་གཞན་ཚོགས་ནི་བཟའ་བྱ་བ། །ཐམས་ཅད་ མཁྱེན་པའི་འབྲས་སྟེར་བའོ། །གང་ཞིག་ཟོས་པ་ཙམ་གྱིས་ནི། །འབྱུང་པོའི་མི་རྣམས་འགྲུབ་འགྱུར་བ། །བརྟན་པ་དང་ནི་མྱུར་འགྲོ་ཉིད། །དེ་བཞིན་དུ་ནི་བ་ལང་ཁྱི། །ཆེན་པོར་ཡང་དག་ལྡན་པ་ནི། །དེ་བཞིན་ཡེ་ཤེས་བདུད་རྩི་ལྔ། །ཚེས་གྲངས་བཅུ་བཞི་བརྒྱད་ ལ་ནི། །ལྷན་ཅིག་བསྒོས་ཏེ་སྦྱར་བྱས་ནས། །ཉི་མ་བདུན་དུ་ཅེ་སྤྱང་གི། །དབུས་སུ་གཞག་ལ་དེ་ནས་བཏོན། །ལྔ་པོ་དག་ལས་ཡུངས་ཀར་གྱི། །འབྲས་བུའི་ཚད་ཙམ་རིལ་བུ་བྱ། །དེ་ནི་རྒྱུད་འདིར་གསུངས་མོད་ཀྱི། །ཚེས་བརྒྱད་དང་ནི་བཅུ་བཞིའི་བར་དག་ཏུ། ། ཉི་མ་བདུན་དུ་ལྷན་ཅིག་མིན་བསྒོམ་སྟེ། །སྦྱར་ནས་ཅེ་སྤྱང་དབུས་སུ་ལགས་བཞག་ལ། །དེ་ལས་བཏོན་ཏེ་ལྔ་པོ་དག་ལས་ནི། །དངོས་གྲུབ་འབྲས་བུའི་ཚད་ཙམ་རིལ་བུ་བྱ། །འབྲས་བུ་ཆེན་པོ་རབ་ཏུ་རྟོགས་པས་ན། །དེ་ནི་རྒྱུད་འདིར་གསུངས་ཀྱི་ཀུན་ཏུ་སྦས། ། འབྲས་བུ་ཆེན་པོ་སངས་རྒྱས་ཀྱིས། །ཐམས་ཅད་དུ་ནི་སྦས་པའོ། །དེ་ནས་སྒྲུབ་ཐབས་འབྱུང་བའོ། །ཡིད་ཀྱི་པདྨ་བསམ་བྱ་བ། །ཁ་དོག་དམར་པོ་ཀུན་འོད་ལ། །ལྷ་མོ་བཞི་དང་ཡང་དག་ལྡན། །སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པའོ། །ཤར་དུ་ཨུཏྤལ་ སྔོ་འོད་མདོག །ལྷོ་རུ་སེར་པོ་ལྟ་བུའོ། །ནུབ་ཏུ་དཀར་དང་དམར་བའི་འོད། །བྱང་དུ་མ་རྒད་འོད་ཡིན་ནོ། །འབར་བའི་ཕྲེང་བས་འཁྲིགས་པ་དང་། །ཞལ་བཞི་ཕྱག་བཞི་སྤྱན་གསུམ་མ་མཛེས། །ཤར་ཕྱོགས་ཀྱི་ལྷ་མོ་ནི་སྤྱན་གསུམ་པ་ཕྱག་གཡོན་ན་ཁ་ཊྭཱྃ་ག་དང་ དྲིལ་བུ། གཡས་ན་རྡོ་རྗེ་དང་། ཐོད་པ་བསྣམས་པ་བསམ་མོ། །ལྷོ་ཕྱོགས་ཀྱི་ལྷ་མོའི་ཕྱག་ན་མདུང་རྩེ་གསུམ་པ་དང་། རིན་པོ་ཆེ་དང་། བ་དན་དང་། ཅེ་སྤྱང་བསྣམས་པའོ། །ནུབ་ཕྱོགས་ཀྱི་ལྷ་མོའི་ཕྱག་ན་གཞུ་དང་། མདའ་དང་། སྣ་ཚོགས་ པདྨ་དང་། ཐོད་པ་བསྣམས་པའོ། །བྱང་ཕྱོགས་ཀྱི་ལྷ་མོའི་ཕྱག་ན་རལ་གྲི་དང་། ཞགས་པ་དང་། རྔེའུ་ཆུང་དང་། ཐོད་པ་བསྣམས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དེ་ཡི་དབུས་སུ་བསམ་པར་བྱ། །ཐོད་པ་ཉིད་དང་ཁ་ཊྭཱྃ་ག། །དེ་བཞིན་གཞུ་དང་མདའ་ཉིད་ དོ། །དང་པོའི་སྔགས་དང་ཡང་དག་ལྡན། །བསྒོམས་ན་སྐད་ཅིག་དེ་ལ་འབར། །དེ་ལྟར་རྣལ་འབྱོར་པས་བསྒྲུབས་ན། །རྫས་ཀྱི་དངོས་གྲུབ་རབ་ཏུ་སྟེར། །རྣལ་འབྱོར་མ་ཡི་གྲུབ་སྦྱོར་བས། །འཕྲལ་དུ་ཡིད་ཆེས་ཡང་དག་འཇུག །ཐམས་ཅད་ཀྱིས་ནི་མི་མཐོང་ཞིང་། ། སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུར། །སངས་རྒྱས་ཀུན་ལས་ཕྲོགས་པ་དང་། །ལྷ་ཡི་བུ་མོ་མཆོག་ལ་སྤྱོད། །གང་གཱའི་བྱེ་སྙེད་སངས་རྒྱས་རྣམས། །ཉིད་ཀྱི་རྡོ་རྗེའི་གནས་བཞུགས་པ། །ལག་ཏུ་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །གང་གཱའི་ བྱེ་སྙེད་ཞིང་དག་ཀྱང་། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་དང་། །དངོས་པོ་ཀུན་གྱི་བདག་ཉིད་གནས། །སེམས་ཀྱི་གར་ལས་བྱུང་བ་མཁྱེན། །ཡི་གེ་གོ་བཟློག་སྦྱོར་བ་ཡིས། །སྔགས་ནི་དེ་རུ་རྣམ་བསྒོམ་བྱ། །རྡོ་རྗེ་ཆུ་དང་ཡང་དག་ལྡན། །རིལ་བུ་རེ་རེ་བཟའ་བར་བྱ། ། ཡི་གེ་བརྒྱད་ཀྱི་མཐའ་ལྡན་པ། །ཨཱུ་དང་ཐིག་ལེར་བཅས་པ་ནི། །མཐའ་རུ་ཡང་དག་སྦྱར་བྱས་ལ། །སྔགས་ནི་ཀུན་དུ་བརྗོད་བྱ་སྟེ། །གུ་ཧྱ་བཀྵ་ཨ་བྷ་ཀྵེ་ཧཱུྃ་ཞེས་བྱའོ། །རྣལ་འབྱོར་མ་ཀུན་སྦྱོར་བ་ཡིས། །དང་པོའི་ཡི་གེ་ཡང་དག་ལྡན། །གལ་ཏེ་རྡོ་རྗེ་ཅན་གྱིས་གྲུབ་འདོད་ ན། །ལན་བདུན་མངོན་སྔགས་རྣལ་འབྱོར་པ་ཡིས་བཟའ། །ཡི་གེ་གསུམ་མཐའ་ཞེས་བྱ་སྟེ། །བརྒྱད་ཀྱི་མཐའ་མར་ལེགས་གནས་པ། །ཨཱ་དང་ཐིག་ལེར་ཡང་དག་ལྡན། །ཡི་གེ་མཆོག་ཏུ་གྱུར་པའི་གནས། །ཡི་གེ་དང་པོ་སྦྱོར་བ་ཡིས། །ཧྲཱི་ཞེས་བྱ་བ་ཡང་དག་སྦྱར། ། ཡི་གེ་རྣམས་ཀྱི་མཐར་སྦྱོར་ལ། །ས་བོན་ལྔས་ནི་རབ་དགང་བྱ། །ཡི་གེ་ཡིས་ནི་རྣམ་བསྒོམས་ཏེ། །པདྨ་རབ་ཏུ་རྒྱས་པར་བྱ། །ཅི་སྟེ་རྡོ་རྗེ་ཅན་འགྲུབ་འདོད། །དེ་ལྟའི་སྦྱོར་བ་ཀུན་ཤེས་བྱ། །དེ་ནས་འདིར་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དགོངས་པ་དཔལ་རྡོ་རྗེའི་ གྲས་སྲིད་པ་ཤིན་ཏུ་སྒྲུབ་པ་བླངས་པ། ཀྱེ་གྲོགས་པོ་རྡོ་རྗེས་པདྨ་ཁ་འབྱེད་སད་མཛད་མ། །ཨ་ལ་ལ་ཧོ། བདེ་བ་ཆེན་པོ་གར་གྱིས་རབ་ཏུ་མཉེས་མཛོད་ཅིག །ཉི་མའི་དཀྱིལ་འཁོར་པདྨའི་ཁ་ནི་རབ་ཕྱེ་བ། །བདེ་བ་ཆེན་པོ་གར་གྱིས་རབ་ཏུ་མཉེས་པར་མཛོད། ། རྡོ་རྗེ་འཛིན་པ་ཆེན་པོ་ལ། །དེ་ནས་འདིར་གླུ་བླངས་ཙམ་གྱིས། །རྡོ་རྗེ་མཁའ་འགྲོ་མ་རྣམས་གར། །རྡོ་རྗེ་སེམས་དཔའ་ཡང་དག་བསྐུལ། །དེ་ལྟར་རྟག་ཏུ་གུས་ལྡན་པས། །སྦྱོར་བའི་དངོས་གྲུབ་འགྱུར་བ་ཡིན། །དུས་བཞིར་རབ་ཏུ་སྦྱོར་བ་ཡིས། །འགྲུབ་པར་ འགྱུར་བ་བསྒོམ་པའི་མཆོག །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། །ཇི་ལྟར་སྐུ་གསུམ་མཆོག་སྟེར་བའི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །འདི་ནི་རབ་ཏུ་སྣང་བར་བྱེད། ། དབང་པོ་གཉིས་ནི་རབ་སྦྱོར་བས། །སྒོ་དགུ་ལས་ནི་བྱུང་བའི་རྫས། །སངས་རྒྱས་བྱང་ཆུབ་གནས་ཞི་བའི། །དེ་ཉིད་བླ་ན་མེད་པ་འགྲུབ། །འདིར་ཚིགས་བཅད་དུ་འགྱུར་བ་ནི། །གཟུགས་རྣམས་དེ་བཞིན་ཕྱག་རྒྱ་མཚན་མ་དང་། །རྫས་རྣམས་དང་ནི་བསམ་གཏན་ རྣམ་སྒོམ་པའི། །ཆོ་གའི་ཐབས་ནི་སྣ་ཚོགས་བསྟན་པ་དང་། །ལྷ་མོ་ཡིད་འདོད་རྣམས་ནི་གསུངས་པའོ། །གང་གི་ཁྱིམ་དུ་རྒྱུད་འདི་གནས་པ་དང་། རྒྱུན་དུ་འཆང་བ་དང་། ཀློག་པ་དང་། རྣམ་པར་བསྒོམ་པ་དེ་ལ་ནད་རྣམས་འབྱུང་བར་མི་འགྱུར་ཞིང་། རྒས་ པ་དང་། བགེགས་མི་འབྱུང་ལ། འཆི་བར་མི་འགྱུར་ཏེ། རྒྱུན་དུ་ཐམས་ཅད་དུ་རྣལ་འབྱོར་མའི་དབང་ཕྱུག་མ་རྣམས་ཀྱིས་བགགས་བསྲུང་བར་འགྱུར་རོ། །རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་རྣམས་ཀྱི་དགོངས་པ་མཆོག་ཏུ་གསང་བ་གསང་བ་ཆེན་པོ་ཉེ་བར་སྤྱོད་པ་དང་བཅས་ པའི་སྒྲུབ་ཐབས་ཏེ་ལེའུ་གསུམ་པའོ། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་བར་དང་། བོད་ཀྱི་ལོ་ཙྪ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། བཛྲ་ཨཱ་ར་ལི་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཨཱ་ར་ལི་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྷ་ག་ལ་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དུ་མ་དང་། དེ་བཞིན་གཤེགས་པས་གསོལ་བ་བཏབ་པར་རིག་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་མཁྱེན་ནས་བདེ་བའི་ཏིང་ངེ་འཛིན་ལས་བཞེངས་ ཏེ། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆུ་ཡིས་གདོང་ནི་བཀྲུས་ནས་ནི། །སྨན་ནི་བཟའ་བར་བྱས་ནས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །ཧེ་རུ་ཀ་ནི་རབ་བསྒྲུབ་བྱ། །རང་གི་སྙིང་གར་རེ་ཕ་ནི། །བསྲེག་པའི་བསྐལ་པ་ལྟར་འབར་བསྒོམ། །དེ་ བྱུང་རྡོ་རྗེ་ཉི་མ་ནི། །འབར་བའི་ཕྲེང་བས་ཡང་དག་ཁྱབ། །དེ་ཡི་སྟེང་དུ་ཧཱུྃ་ཉིད་དེ། །བསྐལ་པའི་མེ་ནི་ལྟ་བུ་ཉིད། །དེ་ནི་རྡོ་རྗེར་ཡང་བསམས་ནས། །རྡོ་རྗེ་ལས་བྱུང་ཧེ་རུ་ཀ། །བགེགས་ནི་ཆེན་པོ་མནན་ནས་ནི། །སྐུ་ལ་ཐལ་བས་བྱུགས་པ་དང་། །ཕྱག་རྒྱ་ལྔ་དང་ཡང་ དག་ལྡན། །འཇིགས་པ་ཡང་ནི་འཇིགས་པར་མཛད། །ཨིནྡྲ་ནཱིཾ་ལའི་འོད་ལྟ་བུ། །དབུ་སྐྲ་སེར་པོ་སྟོབས་པོ་ཆེ། །གར་དགུའི་རོ་དང་ལྡན་པར་ནི། །རོལ་པའི་གར་གྱིས་གར་མཛད་ཅིང་། །རི་རབ་རི་རྒྱལ་མཐོན་པོ་ཡང་། །ས་ཡི་འོག་ཏུ་ཡང་དག་མནན། །ཕྱག་ཏུ་རྡོ་རྗེ་ རྣམ་བསྒོམས་ནས། །གཡོན་པས་སྐྱེས་པའི་ཐོད་པ་ནི། །བདུད་རྩི་ལྔ་དང་ཡང་དག་ལྡན། །ཤ་ལྔ་ཡང་དག་ལྡན་པར་བསྒོམ། །ཀུནྡ་དང་ནི་ཟླ་བ་དང་། །ཆུ་སྐྱེས་དོ་ཤལ་ལྟ་བུར་ནི། །ཁ་ཊྭཱྃ་ག་ཡིས་ཕྲག་པ་བརྒྱན། །རྡོ་རྗེ་ཨཱ་ར་ལི་ལས་ལྷའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྡོ་རྗེ་བཙུན་མོ་ཐམས་ཅད་དང་། ཛམ་བྷ་ལ་ལ་སོགས་པའི་རྡོ་རྗེ་གནོད་སྦྱིན་ ཐམས་ཅད་དང་། དབང་ལྡན་ལ་སོགས་པའི་འབྱུང་པོ་ཐམས་ཅད་དང་། དབང་པོ་ལ་སོགས་པ་རྡོ་རྗེ་ནམ་མཁའ་ལ་གནས་པ་ཐམས་ཅད་དང་། གླང་པོ་ཆེའི་རྣ་བ་ལ་སོགས་པ་ཞིང་སྐྱོང་བ་ཐམས་ཅད་དང་། ཀུན་དར་ལ་སོགས་པའི་ཡི་དགས་ཐམས་ཅད་དང་། དེ་དག་ལ་ སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉན་པའི་སྦྱོར་བ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་ཨཱ་ར་ལི་ཆེན་པོ་ལ་ཞུས་པ། བཅོམ་ལྡན་འདས་གཏོར་མའི་སྔགས་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདེ་གཤེགས་ཀུན་གྱི་སྟོན་པ་ ཡིས། །གཏོར་མའི་ལས་ནི་རབ་ཏུ་ཕྱེ། །ཕྱག་རྒྱ་ཡང་ནི་ཁྱད་པར་དུ། །འདོད་པའི་དོན་ཀུན་སྒྲུབ་པའོ། །རྡོ་རྗེ་ཐལ་མོ་གྱེན་ཕྱེ་ནས། །ཨོྃ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ཉིད་སྔགས་ནི་ཆེན་པོ་ཉིད། །དེ་བཞིན་དུ་ནི་གཏོར་མའི་སྔགས། །ལས་ནི་ཐམས་ཅད་པ་ཡི་ སྔགས། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །རྡོ་རྗེ་ཨཱ་ར་ལི་ལས་གཏོར་མའི་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མིང་ཡང་དག་པར་རབ་ཏུ་ཕྱེ་བ། གདོང་རིང་ན་ནི་མཐོ་བ་དང་། །དེ་བཞིན་དཔག་བསམ་ཤིང་ཉིད་དང་། །ཚངས་པར་སྤྱོད་པ་མང་ བ་ཉིད། །དམ་ཚིག་འདིར་ནི་དངོས་གྲུབ་བྱིན། །གླང་པོ་རྟ་བོང་གླང་རྔ་མོ། །ཁྱི་ལས་བྱུང་བའི་མར་མེ་དང་། །མར་མེ་ཆེན་པོ་བསྲེགས་ནས་ནི། །ཚངས་སྤྱོད་འཛིན་པ་མཆོད་པར་བྱ། །དེ་ནས་སྡོམ་པ་བཀའ་སྩལ་པ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །མ་དང་སྲིང་མོ་ཉིད་དང་ཡང་། །བུ་མོ་སྲིང་མོའི་བུ་མོ་ནི། །ཐབས་དང་ཤེས་རབ་ཆོ་ག་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །དེ་ནས་དབང་བསྐུར་བཀའ་སྩལ་ པ། །ཕྱག་རྒྱ་ལྡན་པའི་སློབ་དཔོན་གྱིས། །དེ་ལ་དབང་བསྐུར་སྦྱིན་པར་བྱ། །དབང་བསྐུར་དེ་ཡི་ཕྱི་ནས་ནི། །དེ་ཉིད་འདི་ནི་རབ་ཏུ་དབྱེ། །དེ་ཉིད་བདེ་བ་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། ། མཆོག་ཏུ་དགའ་བའི་རང་བཞིན་ཅན། །དེ་ནས་སྦྱིན་སྲེག་བཀའ་སྩལ་པ། །ཁྲུ་གང་ཙམ་པའི་ཚད་དང་ནི། །ཁྲུ་ཕྱེད་ས་ལ་བརྐོ་བར་བྱ། །རྡུལ་ཚོན་དཀར་པོ་ལྡན་པར་ནི། །རྣམ་པར་མཁས་པས་ཐབ་ཁུང་བྱ། །གསུངས་པའི་སྔགས་ཀྱིས་ངེས་པར་ནི། །དེར་ནི་ཤ་ སོགས་སྦྱིན་སྲེག་བྱ། །མེ་ནི་ལྷ་ཡི་སྤྱན་ཉིད་དེ། །འདོད་པའི་དོན་ཀུན་སྒྲུབ་པའོ། །དེ་ནས་དཀྱིལ་འཁོར་བཀའ་སྩལ་པ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཀ་བ་བརྒྱད་དང་ཡང་དག་ལྡན། །མཁས་པས་དཀྱིལ་འཁོར་བྲི་བར་ བྱ། །དུར་ཁྲོད་སོལ་བ་སོ་ཕག་དང་། །ལྡོང་རོས་ཕྱེ་མ་ཉིད་དང་ཡང་། །ལྗང་ཁུ་ཡི་ཡང་ཕྱེ་མ་ཉིད། །དཀྱིལ་འཁོར་ལ་ནི་མཁས་པས་བསྔགས། །དབུས་སུ་གསུམ་ལ་རྡོ་རྗེ་བྲི། །ཤར་གྱི་སྒོ་རུ་མགོ་ཆེན་པོ། །ལྷོ་རུ་རྡོ་རྗེ་དྲིལ་བུ་ཉིད། །དེ་བཞིན་ནུབ་ཏུ་དགྲ་སྟ་སྟེ། ། བྱང་དུ་གྲི་གུག་དགེ་བ་ཉིད། །རྡོ་རྗེ་དཀྱིལ་འཁོར་དུ་ནི་བྲི། །ཆོས་དོན་འདོད་དང་ཐར་པ་ལ། །དཀྱིལ་འཁོར་འདི་ནི་རབ་ཏུ་དབྱེ། །དཀྱིལ་འཁོར་བཞེངས་པར་བྱས་ནས་ནི། །དེར་ནི་སློབ་མ་གཞུག་པར་བྱ། །རས་ཀྱིས་གདོང་ནི་བཅིངས་ནས་ནི། །བཀྲོལ་ནས་དཀྱིལ་ འཁོར་བསྟན་པར་བྱ། །རྡོ་རྗེ་ཨཱ་ར་ལི་ལས་ལས་ཐམས་ཅད་པའི་ལེའུ་སྟེ་གསུམ་པའོ།། །།མངོན་པར་ཤེས་པ་བཀའ་སྩལ་པ། །ལྷ་ཡི་མིག་དང་རྣ་བ་དང་། །དེ་བཞིན་གཞན་སེམས་ཤེས་པ་ཉིད། །སྔོན་གྱི་གནས་རྗེས་དྲན་པ་དང་། །དེ་བཞིན་རྫུ་འཕྲུལ་མངོན་ ཤེས་ཉིད། །ཧེ་རུ་ཀ་ཡི་དབྱིབས་བསྒོམས་ན། །ཡོ་གི་མངོན་ཤེས་ལྔ་རུ་འགྱུར། །ཤིན་ཏུ་གོམས་པའི་རྣལ་འབྱོར་གྱིས། །ཧེ་རུ་ཀར་ནི་ངང་གིས་འགྱུར། །བསམ་གཏན་ལས་ནི་ནུས་སྐྱེས་ནས། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །ཡིད་ནི་བརྟན་ནམ་གཡོའམ་ ཅི། །རང་གི་སེམས་ནི་བསྐུལ་བའི་ཕྱིར། །གླུ་ནི་སྣ་ཚོགས་ལེན་པ་དང་། །དེ་བཞིན་གར་ནི་སྣ་ཚོགས་ཉིད། །སྣ་ཚོགས་རིམ་གྲོ་བྱེད་པ་དང་། །ལུས་ལ་རྒྱན་ནི་སྣ་ཚོགས་དང་། །དེ་བཞིན་སྣ་ཚོགས་དགའ་བ་ཡི། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་རེག་བྱ་ ཡང་དག་བརྩམ། །དེ་ནས་ལས་རྒྱས་བཀའ་སྩལ་པ། །རེའུ་མིག་བརྒྱད་ནི་བྲིས་ནས་ནི། །རྒྱུད་ཀྱི་སྔགས་ནི་རྒྱས་པར་བྱ། །ལས་ཀྱི་དབྱེ་བའི་རབ་དབྱེ་བས། །དེ་བཞིན་ཞི་རྒྱས་ལ་སོགས་ཀྱིས། །ཨོྃ་ནི་དབང་ལྡན་ལ་ནི་མེར། །དེ་བཞིན་བདེན་བྲལ་ཉིད་དུ་ལ། ། རླུང་གི་མཚམས་སུ་ཧཱུྃ་ཉིད་དེ། །ཤར་དུ་ཛྭ་ནི་རྣམ་པར་གནས། །ལྷོ་རུ་ཛྭ་ཡི་རྣམ་པ་ཉིད། །ནུབ་ཏུ་བྷྱོ་ཡི་རྣམ་པ་སྟེ། །བྱང་དུ་ཕཊ་ཀྱི་རྣམ་པ་ཡིས། །དབུས་སུ་སྭཱ་ཧཱ་རྣམ་པར་གནས། །ངོས་གསུམ་དུ་ནི་བསྒྲུབ་བྱའི་མིང་། །རྡོ་རྗེ་ཨཱ་ར་ལི་ལས་སྤྱོད་པའི་ལེའུ་སྟེ་བཞི་ པའོ།། །།དེ་ནས་འཁོར་ལོ་བྲི་བ་བཀའ་སྩལ་པ། ཆེ་གེ་མོ་འདི་སོད་ཅིག །ཆེ་གེ་མོ་འདི་དབང་དུ་མཛོད་ཅིག །ཆེ་གེ་མོ་རེངས་པར་མཛོད་ཅིག །ཆེ་གེ་མོ་རྨོངས་པར་མཛོད་ཅིག །ཆེ་གེ་མོ་མ་ལུས་པར་གྱིས་ཤིག །ཆེ་གེ་མོ་ལྐུགས་པར་མཛོད་ཅིག །ཆེ་གེ་ མོ་ཁུག་ཅིག །ཆེ་གེ་མོ་སྐྲོད་ཅིག །ཆེ་གེ་མོ་ལ་སྡང་བར་མཛོད་ཅིག །ཆེ་གེ་མོ་ཆིངས་ཤིག །ཆེ་གེ་མོ་མ་ནིང་དུ་མཛོད་ཅིག །ཆེ་གེ་མོ་སྒུར་པོར་མཛོད་ཅིག །ཅེས་སྔགས་ཀྱི་རྐང་པ་འདི་རྣམས་ཀྱི་ངོས་གཉིས་སུ་བྲིས་ཏེ། གྲོ་གའི་འདབ་མར་གུར་གུམ་གྱིས་འདྲི་བར་ བྱ་ཞིང་། འདི་དཔུང་བའི་རྩ་བར་གདགས་པར་བྱའོ། །དགུག་པ་ལ་ནི་ཟླ་མཚན་ཟགས་པའི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་འདྲི་བར་བྱའོ། །བསད་པ་ལ་སོགས་པའི་ལས་ལ་དུར་ཁྲོད་ཀྱི་སོལ་བ་དང་། ཙི་ཏྲ་ཀའི་ཁུ་བ་དང་། ཡུངས་མར་དང་། དུག་དང་། སྐེ་ཚེ་ དང་། ལན་ཚྭ་དང་། ཚ་བ་གསུམ་དང་། ཀ་ན་ཀའི་ཁུ་བ་དང་། རུས་པའི་སྨྱུ་གུས་སོ། །དགུག་པ་ལ་ནི་སྐྱུ་རུ་རའི་ཚེར་མས་སོ། །རྨོངས་པ་ལ་ནི་དྷ་རུ་ཀའི་ཤིང་གིས་སོ། །རེངས་པ་ལ་ནི་པ་ཊའི་སྨྱུ་གུས་སོ། །མ་ལུས་པ་ལ་ནི་བོ་དེ་ཙེའི་ཤིང་གི་སྨྱུ་གུས་ འདྲི་བར་བྱའོ། །དེ་ནས་རྡོ་རྗེའི་མཆོད་པ་བཀའ་སྩལ་པ། བས་མཐའ་དང་ནི་དབེན་པ་དང་། །བདག་གི་ཁྱིམ་གྱི་ནང་དུ་ཡང་། །ལོ་ནི་བཅུ་གསུམ་དེ་བཞིན་དུ། །ལོ་ནི་བཅུ་དྲུག་བུ་མོ་དང་། །ཉི་ཤུ་རྩ་ལྔ་མ་མཆོད་བྱ། །བ་དང་དེ་བཞིན་ མ་ཏེ་དང་། །སྟེའུ་མོ་དང་ཁྱི་མོ་དང་། །བོང་མོ་དེ་བཞིན་རྔ་མོ་དང་། །ཤ་བ་དང་ནི་ར་མ་ཉིད། །ཕག་དང་བ་མན་ལས་བྱུང་བ། །གཞན་ཡང་ཧེ་རུ་ཀ་མཆོད་ན། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཉ་དང་ཟླ་བ་འཕོ་བ་ཡི། །ཚེས་ནི་མུ་སྟེགས་ཅན་གྱིས་བརྟགས། ། དྲི་མ་གཞིག་པར་བྱ་བའི་ཕྱིར། །རྣལ་འབྱོར་པས་ནི་མྱང་བར་བྱ། །སྲོག་ཆགས་རྣམས་ནི་གསད་མི་བྱ། །བརྫུན་གྱི་ཚིག་ནི་སྨྲ་མི་བྱ། །མ་བྱིན་པར་ནི་བླང་མི་བྱ། །ཕ་རོལ་བུད་མེད་བསྟེན་མི་བྱ། །ཉིན་པར་ཉལ་ཞིང་མཚན་མོ་ལངས། །ཤིན་ཏུ་མཉམ་པར་ བཞག་པས་འདུག །ཤ་ཆེན་དང་ནི་རུས་པ་དང་། །ཁྲག་ནི་ཆེན་པོ་བཏུང་བ་དང་། །ཁུ་ཆེན་ཡང་དག་བཟའ་བ་དང་། །དེ་བཞིན་རྣམ་སྣང་ཆེན་པོ་ཉིད། །བྲམ་ཟེ་མོ་དང་གཡུང་མོ་ཉིད། །གར་མ་དེ་བཞིན་བཙོ་བླག་མ། །ཐོད་ཅན་མ་དང་ཀོ་ལྤགས་མཁན། ། གདོལ་པ་དེ་བཞིན་ཕྱག་དར་མ། །རྩྭ་འཚོང་མ་དང་ཤན་མ་ཉིད། །དེ་བཞིན་ཀླ་ཀློ་ལ་སོགས་དང་། །སྨིག་མཁན་དང་ནི་ཆང་འཚོང་མ། །གཞན་ཡང་ཟླ་མཚན་འཛག་པ་ཉིད། །མ་དང་སྲིང་མོ་བུ་མོ་དང་། །སྲིང་མོ་ལས་བྱུང་བུ་མོ་ཉིད། །གཞན་གྱི་བུ་མོ་ སྤང་མི་བྱ། །རྗེའུ་རིགས་མངོན་དགའ་མི་བྱ་སྟེ། །བགྲོད་བྱའི་བུ་མོ་རྟག་སྤངས་ནས། །བགྲོད་མིན་མཁས་པས་བསྟེན་པར་བྱ། །རྡོ་རྗེ་ཨཱ་ར་ལི་ལས་འཁྲུལ་འཁོར་དང་། ལས་ཀྱི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དམ་ཚིག་གི་བག་ དབབ་པ་བཀའ་སྩལ་པ། ཉན་ཐོས་སྐལ་བ་ངན་པ་ལ། །བག་ནི་དབབ་པར་མི་བྱ་ཞིང་། །དེ་བཞིན་གཅེར་བུ་ཐོད་དུམ་དང་། །རལ་པ་ཅན་ནི་ཐམས་ཅད་ལ། །དམ་ཚིག་བག་ནི་དབབ་མི་བྱ། །སྙིང་རྗེ་ཡིས་ནི་བདག་ཉིད་ཅན། །གལ་ཏེ་ཡིན་ན་བཟའ་ བར་བྱ། །གྲུབ་ཀྱང་ལྟ་བ་དམན་པ་ནི། །སེམས་ཅན་དོན་བྱེད་སྐྱེས་པ་ཉིད། །སྐལ་བ་ངན་པ་ཞེས་བྱར་བརྗོད། །བྲམ་ཟེ་དམ་ཚིག་རྣམ་པར་སྡང་། །དེ་ནས་སློབ་མའི་དམ་ཚིག་བཀའ་སྩལ་པ། དུལ་བྱེད་བློ་དང་ལྡན་པ་དང་། །བཟོད་ལྡན་དལ་བ་ མི་བསླུ་བ། །བླ་མར་གུས་ཤིང་སྙིང་རྗེ་ལྡན། །རྒྱུད་ནི་འདིར་ནི་རབ་ཏུ་བསྔགས། །དེ་ནས་སློབ་དཔོན་གྱི་མཚན་ཉིད་བཀའ་སྩལ་པ། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་ འཁོར་བྲི་བའི་ལས་ལ་མཁས། །དེ་ནས་ཐུན་ཚོད་བཞི་བྱིན་གྱིས་བརླབ་པ་བཀའ་སྩལ་པ། ཇི་ལྟར་བསྒོམ་པའི་སྦྱོར་བ་དེས། །དང་པོ་ཐུན་ཚོད་བྱིན་གྱིས་བརླབ། །དེས་ནི་ཅི་སྲིད་ཉི་ཕྱེད་ན། །ཉི་མ་ཕྱེད་ན་ཐུན་གསུམ་པ། །དུས་དང་བྲལ་ནས་ནམ་ཕྱེད་ ན། །ཐུན་ཚོད་བྱིན་བརླབས་རབ་ཏུ་གྲགས། །ཐུན་ཚོད་བྱིན་བརླབས་རྣལ་འབྱོར་གྱིས། །བདག་གི་རྣལ་འབྱོར་གྱིས། །བདག་གི་རྣལ་འབྱོར་ལྡན་པས་འགྲུབ། །དེ་ནས་བདག་ཉིད་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཕྲག་དོག་དང་ནི་སེར་སྣ་ཉིད། ། བཅོམ་ལྡན་ཧེ་རུ་ཀ་ལ་མེད། །ཡོད་ན་རྣམ་པར་དག་པ་ཉིད། །དེ་ནས་དམ་ཚིག་བསྒྲུབ་པ་བཀའ་སྩལ་པ། བགེགས་དང་བཙུགས་པའི་ཤིང་ལའམ། །ལྗོན་ཤིང་བཏགས་ཤིང་འཕྱང་བ་དང་། །གཡུལ་དུ་མཚོན་གྱིས་བསྣུན་པ་ཉིད། །བདག་ཉིད་རྣལ་ འབྱོར་ལྡན་པས་བསྒྲུབ། །དེ་ནས་ནང་དུ་མཛད་པ་བཀའ་སྩལ་པ། བཏུང་བ་རིན་པོ་ཆེ་ཡི་ཆུ། །གང་ཞིག་བཟའ་དེ་དོན་ཡོད་ཉིད། །ཁྲུས་ནི་དཔག་མེད་རྡོ་རྗེ་ཡིས། །དྲིལ་སོགས་རིམ་པ་རྣམ་སྣང་མཛད། །དམ་ཚིག་ཆོས་ཀྱི་དེ་བཞིན་སྤྱད། །བཙོ་ནི་ གང་ཟག་མཉམ་པས་ནི། །དམ་ཚིག་རོ་ནི་འདི་ཡིས་ནི། །གང་ཞིག་གླུ་ཡི་རང་བཞིན་ཉིད། །མཁའ་འགྲོ་ཐམས་ཅད་བཙུན་མོ་སྟེ། །བུ་ནི་འཇམ་དཔལ་ལ་སོགས་པ། །ཁྲོ་བོ་ཡི་ནི་བསྙེན་བཀུར་བ། །བདག་ཉིད་ཧེ་རུ་ཀ་རུ་འགྱུར། །བརྗོད་པ་བཟླས་པ་ ཡང་དག་བཤད། །ཡན་ལག་ཉེད་སོགས་ཕྱག་རྒྱ་སྟེ། །ལྷ་ཡི་རྣལ་འབྱོར་དམིགས་ནས་ནི། །གང་ཞིག་ཐམས་ཅད་དུ་ནི་གནས། །མང་དུ་བརྗོད་པ་ཅི་ཞིག་བྱ། །གང་ཞིག་འཇིག་རྟེན་བྱ་གནས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཕྱིར། ། རྣམ་པར་བཟློག་པས་བྱ་བ་ཉིད། །རི་དགས་ཤོར་སོགས་བྱ་བ་ནི། །འཇིག་རྟེན་དུ་ནི་མི་ཤེས་པས། །མཆོག་ཏུ་རབ་ཏུ་བསྔགས་འགྱུར་བ། །རྣམ་དག་དག་པ་དམ་པ་ནི། །དེ་ཉིད་ཐོབ་པས་རབ་ཏུ་སྤྱོད། །དེ་ནས་སྡོམ་པ་བཀའ་སྩལ་པ། །རྡོ་རྗེ་དྲིལ་བུ་ གཟུང་བྱ་ཞིང་། །བདུད་རྩི་མཁས་པས་བཟའ་བར་བྱ། །རང་གི་ཕྱག་རྒྱ་རྟག་བསྟེན་ཅིང་། །སྤྱོད་པ་འདའ་བ་ཉིད་མི་བྱ། །དེ་ནས་ལྷའི་མཆོད་པ་བཀའ་སྩལ་པ། ཆུ་ཀླུང་ཚལ་གྱི་གནས་སུ་ནི། །བདག་ཉིད་ལྷ་ནི་མཆོད་པར་བྱ། །བདག་གི་སྔགས་ནི་ བརྗོད་པར་བྱ། །མེ་ཏོག་ལ་སོགས་བྱིན་གྱིས་བརླབ། །རྡོ་རྗེ་ཨཱ་ར་ལི་ལས་ལས་སྣ་ཚོགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་ཀྱི་ལྷུང་བཟེད་བཀའ་སྩལ་པ། མཁས་པས་ཕྲུ་བ་ཆག་པར་ནི། །རིགས་བཞི་ རུ་ནི་སློང་མོས་རྒྱུ། །ཆུ་བོའི་འགྲམ་དུ་བཟའ་བྱ་ཞིང་། །གཙང་སྦྲ་ཉིད་ནི་རབ་ཏུ་དབྱེ། །བྱི་ལའི་རྐང་པ་ཙམ་གྱི་ནི། །ཁམ་ནི་བློ་དང་ལྡན་པས་བླང་། །ཕྱེ་བཏབ་བཟའ་བར་མི་བྱ་ཞིང་། །མི་སྟེར་བ་ལ་རྟག་ཏུ་བླངས། །གཡས་སུ་རབ་མོས་སྐྱེ་བོ་ནི། ། གཡོན་ནས་བསྐོར་བ་རུ་ནི་བྱ། །ངེས་པ་མེད་པར་ཁྱིམ་དུ་གནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་ཤིང་གི་སྟོངས་བྱས་དང་། །དེ་བཞིན་དྲིལ་བུ་ཤིང་གི་བདག །ཧེ་རུ་ཀ་ནི་རབ་གྲུབ་ཕྱིར། །བཟུང་ནས་རྟག་ཏུ་རྒྱུ་བར་བྱ། །དེ་ནས་རྡོ་རྗེ་ གནོད་སྦྱིན་མོའི་བསྒྲུབ་པ་བཀའ་སྩལ་པ། སེར་སྐྱའི་ཕྲུ་མ་བླངས་ནས་ནི། །སྔགས་ནི་འདི་ནི་བཟླ་བར་བྱ། །བསྲུང་བར་བྱས་ཤིང་བསྐམས་བྱས་ནས། །དེ་ལ་གུ་གུལ་བསྲེ་བར་བྱ། །མཁས་པས་གནོད་སྦྱིན་མོ་སྔོན་དུ། །དེས་ནི་བདུག་པ་ སྦྱིན་པར་བྱ། །ཤིན་ཏུ་མཛེས་ཤིང་གོས་མཛེས་པ། །བྲིས་སྐུར་གནས་པ་ལེགས་གྲུབ་ཕྱིར། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །གནོད་སྦྱིན་མོ་ནི་དགུག་པར་བྱ། །བྲིས་སྐུ་ཉིད་ནི་གནོད་སྦྱིན་མོ། །སྔ་བར་བྱིན་ནས་འགྲོ་བར་འགྱུར། །དེ་ཡི་རྒྱན་རྣམས་ ཐམས་ཅད་ནི། །གང་ཞིག་ཅུང་ཟད་རྒྱན་རྣམས་ཀུན། །སྔ་བ་རུ་ནི་བླང་བར་བྱ། །གལ་ཏེ་འདོད་ན་མཚན་མོ་ལ། །མེ་ཏོག་གིས་ནི་མཆོད་པར་བྱ། །དེ་ནས་རྡོ་རྗེ་རོ་ལངས་ཀྱི་བསྒྲུབ་པ་བཀའ་སྩལ་པ། མ་ཆད་རྨ་མེད་གང་བ་ནི། །ལེགས་པར་བརྟུལ་ཞུགས་ ཅན་གྱིས་བཀྲུ། །མར་ཁུ་ཆེན་པོས་བྱུག་པ་དང་། །བདུག་པ་ཆེན་པོས་བདུག་པར་བྱ། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། །མར་ཁུ་ཆེན་པོའི་མར་མེ་དབུལ། །ང་ཡིས་ཁྱོད་ལ་ཅི་གསུངས་པའི། །དེ་ལ་དཀྱིལ་འཁོར་བཞེངས་པར་བྱ། །ཡུངས་ཀར་རོ་ ལ་བརྡེག་བྱ་ཞིང་། །སྒྲ་ནི་རི་བོར་ཡང་དག་བརྗོད། །དེ་ལ་མཁས་པས་འཇིགས་མི་བྱ། །ཨོྃ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་བརྗོད་པར་བྱའོ། །དེས་ནི་ཅི་ཞིག་སྦྱིན་ཞེས་སྨྲ། །སྒྲུབ་པོས་དེ་ལ་བླང་བར་བྱ། །རྐང་བྱུག་དང་ནི་མིག་སྨན་ཉིད། །རལ་གྲི་དང་ནི་ས་འོག་དང་། ། རིལ་བུ་མཁའ་ལ་སྤྱོད་པ་ཉིད། །ཐམས་ཅད་སྦྱིན་པར་ཐེ་ཚོམ་མེད། །དེ་ནས་ཚོགས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། གོང་གི་བསམ་གཏན་བྱས་ནས་ནི། །དེ་ལ་སྔགས་ནི་བཟླ་བར་བྱ། །རང་གིས་ཧེ་རུ་ཀ་ཡི་ནི། །རྣལ་འབྱོར་གྱིས་ནི་བདག་ཉིད་དུ། ། ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །གཙང་ཞིང་དབེན་པའི་ས་ཕྱོགས་དང་། །ཞི་ཞིང་དགེ་བའི་གནས་སུ་ནི། །རྣལ་འབྱོར་པ་ཡིས་བཟའ་བར་བྱ། །ཚོགས་ཀྱི་དཀྱིལ་འཁོར་འདི་ཉིད་དུ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །ཨཱ་ར་ལི་ཞེས་བྱ་བའི་ མཚན། །ཟ་བ་ན་ནི་གཏམ་སྨྲ་བྱ། །རི་ཡི་རྒྱལ་པོའི་མགོར་གནས་པ། །ཚོགས་ཀྱིས་དག་པའི་སེམས་ཀྱིས་བསྐོར། །དེ་ཡང་ཚོགས་ཀྱི་དཀྱིལ་འཁོར་འདིར། །འགྲུབ་འགྱུར་གང་ཕྱིར་འདི་ཉིད་དུ། །མཆོད་པས་གྲུབ་པར་ཤེས་མི་འགྱུར། །དེ་ཡི་ བཙུན་མོ་བསྲུང་བ་ནི། །གཤིན་རྗེ་མཐར་བྱེད་དུ་ནི་འགྱུར། །ཤེས་རབ་མཐར་བྱེད་དཔུང་གི་མགོན། །པདྨ་མཐར་བྱེད་སྐུ་བསྲུང་བདག །དེ་ཡི་བགེགས་ཀྱི་མཐར་བྱེད་ནི། །དམག་དཔོན་དུ་ནི་བརྗོད་པ་ཡིན། །འདོད་ པའི་རྒྱལ་པོ་ཞེས་བྱ་བ། །དེ་ཡི་གཤེད་མའི་བདག་པོ་ཉིད། །དཔལ་ལྡན་དབྱིག་པ་སྔོན་པོ་ནི། །སྒོ་སྲུང་བ་ཡི་བདག་པོ་ཉིད། །ཐམས་ཅད་ལ་ནི་དབང་བྱེད་པ། །ཞར་བ་མི་གཡོ་མགོན་པོ་ཉིད། །ཡི་གེ་པ་ཡི་བདག་པོ་ནི། །དེ་བཞིན་དུ་ ནི་སྟོབས་པོ་ཆེ། །རྡོ་རྗེ་ཨཱ་ར་ལི་ལས་དངོས་གྲུབ་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཐམས་ཅད་གཏམ་འདི་ཐོས་ནས་སྲིད་པའི་སྦྱོར་བ་ཀུན་ཏུ་བཅད་ཅིང་རྣམ་པར་དག་པར་གྱུར་པ་དང་། ། སྡིག་པ་ཟད་ཅིང་ཉོན་མོངས་པ་བསྲེགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་ཨཱ་ར་ལི་བརྩོན་ཆེ། །སྣ་ཚོགས་ཨེ་མ་རྨད་བྱུང་བ། །གང་ཞིག་བདག་ཅག་ཉོན་མོངས་ཁེབས། །གང་ཞིག་བདག་ ཅག་གྲུབ་འགྱུར་བ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོག་དམ་པ་ཟོབ་ནས་སངས་རྒྱས་ཀྱི་རོལ་བ་སྟོན་པར་བྱེད་དོ། །ལ་ལར་རྫོགས་པའི་བྱང་ཆུབ་མཛད། །ཁ་ཅིག་ཏུ་ནི་དཀའ་ཐུབ་སྤྱོད། །ལྷ་ལས་བབས་པའི་སྤྲུལ་ པ་དང་། །དེ་བཞིན་ཁབ་ནས་འབྱུང་བ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཁ་ཅིག་ཏུ་ནི་རབ་བྱུང་བྱེད། །འདུལ་བར་སྟོན་པར་བྱེད་པ་དང་། །མངོན་པའི་སེམས་ནི་ལྷག་པའི་སེམས། །ལ་ལར་སྔགས་ཀྱི་བདག་ཉིད་འཆང་། །ཁ་ཅིག་ ཕ་རོལ་ཕྱིན་པའི་ཚུལ། །ཁ་ཅིག་བྱེ་བྲག་སྨྲ་བའི་ལམ། །ཁ་ཅིག་ཏུ་ནི་མདོ་སྡེ་པ། །ཁ་ཅིག་ཏུ་ནི་རྣམ་ཤེས་ཉིད། །ཁ་ཅིག་ཏུ་ནི་དབུ་མ་ཉིད། །ལ་ལར་དམྱལ་བ་ཆེན་པོར་འགྲོ། །ལ་ལར་སེམས་ཅན་རྗེས་སུ་སྐྱོང་། །སེམས་ཅན་ འདུལ་བ་ལ་བལྟས་ནས། །སྙིང་རྗེའི་བསམ་པས་རོལ་པར་བྱ། །རྡོ་རྗེ་ཨཱ་ར་ལི་ལས་ཕན་ཡོན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། གང་ཡང་བྱང་ཆུབ་སེམས་དཔའ་དེ་དག་གིས་ལས་རྣམ་པར་འབྱེད་ པ་བསྟན་པར་བྱའོ། །གང་ཞིག་རྒྱུད་གང་དུ་དམ་ཚིག་བྱེད་པ་དེས་ནི་འཇིག་རྟེན་གསུམ་པོ་ཀུན་གྱིས་བསྟོད་པར་འགྱུར་རོ། །གང་ཞིག་རྒྱུད་དེ་ཡིས་གང་གི་ཚེ་བྱེད་པ་དེ་ནི་སྲིད་པར་མཛེས་པར་འགྱུར་རོ། །གང་ཞིག་གླུ་ཡིས་མཆོད་བྱེད་ན། །དེས་ནི་རྟག་ཏུ་ སྒྲ་སྙན་འགྱུར། །གང་ཕྱིར་གང་ཞིག་མར་མེ་འབུལ། །དེ་ནི་མིག་དང་ལྡན་པར་འགྱུར། །གང་ཞིག་གར་གྱིས་མཆོད་བྱེད་པ། །དེ་ནི་རིག་འཛིན་ཆེན་པོར་འགྱུར། །གང་ཞིག་ཕྱག་འཚལ་བྱེད་པ་ནི། །དེ་ལ་སྐྱེ་བོ་ཕྱག་འཚལ་འགྱུར། །གང་ ཞིག་དྲི་ཞིམ་འབུལ་བ་ནི། །ལུས་ནི་དྲི་ཞིམ་ལྡན་པར་འགྱུར། །གང་ཞིག་ཕྲེང་བ་བཟང་འབུལ་བ། །དེ་ནི་གསེར་གྱི་ཕྲེང་ལྡན་འགྱུར། །གང་ཞིག་གོས་ནི་འབུལ་བ་ནི། །དེས་ནི་ལྷ་ཡི་གོས་རྙེད་འགྱུར། །གང་ཞིག་མཚན་ཙམ་འདོན་པ་དང་། ། དད་པ་ཙམ་ཡང་རབ་བྱེད་པ། །ལྷག་པར་མོས་པ་རབ་ཏུ་བྱེད། །གང་ཞིག་སྐྱེ་བོ་མཆོད་བྱེད་པ། །དེ་རྣམས་ཐམས་ཅད་རྣམ་དག་པའི། །སྲིད་པའི་ལོངས་སྤྱོད་རབ་ཏུ་བཟང་། །རྡོ་རྗེ་ཨཱ་ར་ལི་