Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 080_རྒྱུད་འབུམ།_ང
Văn bản gốc(Tây Tạng)
Trang 14 / 21 (50.000 ký tự/trang)
ི་དཀྱིལ་འཁོར་དབུས་གནས་པར། །རླུང་གི་ས་བོན་གྱིས་བསྐོར་བའི། །ལྕགས་ཀྱུའི་ཡི་གེ་བསྒོམ་པར་བྱ། །ཁ་དོག་ལ་སོགས་དམར་བསམས་ཤིང་། །གཟུགས་ཀྱང་ཁ་དོག་དམར་པོར་བསྒོམ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། ཡེ་ཤེས་མཁའ་འགྲོ་བསྒོམ་པར་བྱ། །གཟུགས་མཛེས་ཤིན་ཏུ་རྫོགས་པ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །གཡོན་པ་ལྕགས་ཀྱུའི་ཚུལ་གྱིས་ནི། །ཡིད་ནི་འགུགས་པ་བསྒོམ་པར་བྱ། །ལྕགས་ཀྱུའི་ཡི་གེ་བསྒོམས་པ་ཡིས། །མཛུབ་མོ་ལྕགས་ ཀྱུ་བསྐྱོད་པར་བྱ། །ཡི་གེ་ཉིས་འགྱུར་ཐིགས་པ་དང་། །རྩ་བར་སྒྲ་ནི་སྦྱར་བར་བྱ། །བདུད་རྩིའི་མཐའ་ཞེས་བྱ་བ་སྟེ། །འབུམ་ཕྲག་གཅིག་གིས་དབང་དུ་འགྲུབ། །དེ་ལྟར་བསྒོམ་ཞིང་བཟླས་ནས་སུ། །སོར་མོ་ཡང་ནི་བསྐྱོད་བྱས་ན། །བསྒྲུབ་བྱའི་ཡིད་ནི་ བསྐྱེད་འགྱུར་བར། །འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར། །འཁོར་ལོ་འདབ་མ་མེད་པ་ལ། །མུ་ཁྱུད་ཀྱིས་ནི་བསྐོར་བར་བྱ། །དབྱངས་ཀྱི་ཡི་གེ་ཐམས་ཅད་ཀྱིས། །མུ་ཁྱུད་མཁས་པས་བསྐོར་བར་བྱ། །སྡེ་ཚན་ལྔ་པ་གང་ཡིན་པ། །ཡི་གེ་གསུམ་ པ་བཟུང་ནས་སུ། །ཨི་དང་རེ་ཕ་སྦྱར་ནས་སུ། །འབད་པས་དབུས་སུ་བཞག་ནས་ཀྱང་། །ཡེ་ཤེས་ཅན་གྱི་ས་བོན་འདི། །སྒྲ་ཡི་བདུན་པ་དང་སྦྱར་ལ། །འདབ་མ་རྣམས་ལའང་དེ་ཉིད་བྱ། །འདབ་མར་འདི་ཉིད་གཞག་པར་བྱ། །རྣལ་འབྱོར་མ་ཡི་གྲུབ་འདོད་ པས། །འོད་ཟེར་སྣ་ཚོགས་རབ་འབར་བས། །གསེར་གྱི་མདོག་ཏུ་བསྒོམ་པར་བྱ། །སྔོན་བཞིན་མཚན་ཉིད་ལྡན་པ་རུ། །སྔར་བསྟན་བཞིན་དུ་མཁས་པས་བསྒོམ། །དེ་འོག་ལྷ་མོ་ནོར་རྒྱུན་གྱི། །གཟུགས་སུ་བདག་ཉིད་བསྐྱད་པར་བྱ། །གཟུགས་ མཛེས་ཤིན་ཏུ་ཡོངས་སུ་རྫོགས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཐམས་ཅད་ལག་གཡས་མི་འཇིགས་སྦྱིན། །གཡོན་པ་འབྲས་ཀྱི་སྙེ་མ་བསྣམས། །དབུས་སུ་བསྟན་པའི་ས་བོན་ནི། །ཕྱག་འཚལ་བསྲེག་པའི་མཐའ་སྦྱར་ཏེ། །དེ་ལྟར་བསྒོམ་ ཞིང་བཟླས་པ་ཡིས། །རྒྱས་པའི་སྦྱོར་བ་འགྲུབ་པར་འགྱུར། །ལྷ་མོ་ནོར་ལྡན་རྣལ་འབྱོར་གྱིས། །རྒྱས་པ་རུ་ནི་གྲགས་པ་ཡིན། །བདག་ཉིད་བྱེ་བྲག་གཞན་དག་ཏུ། །རྣམ་གཞག་ཐམས་ཅད་དེ་བཞིན་ནོ། །བདག་ཉིད་སྔོན་གྱི་མཚན་ཉིད་ཀྱིས། །སྟོང་པའི་ དེ་ཉིད་བསྒོམས་ནས་སུ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ས་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་རྣམ་ཤེས་དངོས་པོ་བསྒོམ། །འདབ་མ་བརྒྱད་པའི་འཁོར་ལོ་ནི། །དབུས་སུ་ས་བོན་བསྒོམས་ ནས་སུ། །ཕྱི་རོལ་འཁོར་ལོའི་མུ་ཁྱུད་ལ། །དབྱངས་ཀྱི་ས་བོན་བསྐོར་བར་བྱ། །ཕྱོགས་ཀྱི་འདབ་མར་བདུད་རྩི་བཞི། །གུག་སྐྱེད་ཀུན་དང་སྦྱར་བར་བྱ། །མཚམས་ཀྱི་འདབ་མ་བཞི་ལ་ཡང་། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །ཟླ་བའི་དཀྱིལ་འཁོར་ རྫོགས་པ་ནི། །འོད་ཟེར་སྣ་ཚོགས་འབར་བ་ཅན། །རིན་ཆེན་བདུན་གྱིས་མཛེས་པ་སྟེ། །རང་གི་ལུས་ལ་བསྒོམ་པར་བྱ། །གང་འདོད་ཡིད་ནི་རྟོག་བྱའི་ཕྱིར། །དེ་ཡི་འོད་ཟེར་སྦྱར་བར་བྱ། །འཇིགས་པ་མེད་ཅིང་འཚེ་མེད་པས། །དངོས་པོས་དངོས་པོ་བསྒོམ་པར་ བྱ། །རྨུགས་དང་གླེན་དང་སྙོམ་ལས་དང་། །ཤེས་རབ་ཞན་ཅིང་ལྟ་ངན་རྣམས། །རྣལ་འབྱོར་བ་ཡིས་སྐད་ཅིག་ལ། །སྙོམ་ལས་ལ་སོགས་རིང་དུ་སྤོང་། །མཉམ་གཞག་ཅུང་ཟད་བལྟས་ནས་སུ། །རྡུལ་ཕྲན་དཀར་པོ་སྤྲོ་བར་བྱ། །ཕྱོགས་བཅུར་སོང་སྟེ་ཁྱབ་ནས་ ནི། །ཐམས་ཅད་རིམ་པས་ཀུན་སྣང་བྱ། །ཡེ་ཤེས་སེམས་ལ་བལྟས་ནས་ནི། །རྣལ་འབྱོར་ཕ་རོལ་སེམས་ཤེས་འགྱུར། །སེམས་ནི་མཉམ་པར་བཅིངས་ནས་སུ། །མཉམ་གཞག་འཁོར་ལོར་བལྟ་བར་བྱ། །མཉམ་ཉིད་ཡེ་ཤེས་མཐོང་བ་ཡིས། །འཁོར་ བའི་ཕ་རོལ་སྒྲོལ་བར་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་ས་བོན་གྱིས་སྤྲུལ་ཏེ། །པདྨའི་གདན་ལ་བཞུགས་པ་ཡིས། །ཁ་དོག་དཀར་པོ་བསྒོམ་པར་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་རྣམས་ཀུན་གྱིས་བཀླུབས་ པ་སྟེ། །ཕྱག་གཉིས་ཕྱག་རྒྱ་ཆེ་བཅིངས་ནས། །སྙིང་གའི་ཕྱོགས་སུ་འཚེར་བར་མཛད། །ཁ་དོག་དཀར་པོ་མཛེས་པ་ཡི། །འཕགས་པ་རྣམ་པར་སྣང་མཛད་གཙོ། །སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ། །སྤྲོ་བ་སྣ་ཚོགས་མི་ཟད་པས། །སེམས་ཅན་ཁམས་ ནི་སྒྲོལ་བར་མཛད། །ཤེས་རབ་རྡོ་རྗེས་འགྲོ་སྒྲོལ་བ། །དབྱངས་ཡིག་དང་པོ་མཆོག་ས་བོན། །མཐའ་རུ་ཚེག་དྲག་སྦྱར་བར་བྱ། །ཕྱག་འཚལ་སྲེག་པའི་མཐའ་དང་ལྡན། །ས་བོན་འདི་ནི་བསྒོམས་ནས་སུ། །མཉམ་གཞག་དངོས་པོར་བཟླས་ནས་ནི། །བྱང་ཆུབ་ རིམ་པ་མཐོང་བར་འགྱུར། །སྦྱོར་བའི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་བ་གཉིས་པའོ།། །།བྱིན་བརླབས་སྦྱོར་བའི་ངོ་བོ་དག །གང་གིས་སེམས་ཅན་རྣམས་ལ་བསྟན། །བྱིན་བརླབས་རིམ་པ་ཇི་ལྟ་བུ། །ལྷ་ལས་གཟིགས་མོ་ཉན་པར་འཚལ། ། སེམས་ཅན་རྨོངས་པ་གསོ་བའི་ཕྱིར། །བྱིན་གྱིས་རློབ་པའི་ཆོས་བསྟན་པ། །ཡང་དག་འཁོར་བསྒྲོལ་བ་ཡི། །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །སྙིང་གར་ཟླ་བ་བསམ་མ་ནས་སུ། །ཧཱུྃ་གི་ས་བོན་དབུས་སུ་བསམ། །འོད་ཟེར་མེ་ལྟར་འབར་ཞིང་གསལ། །ཉི་ མའི་དབུས་སུ་གཞག་པར་བྱ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །མེ་ཡི་དཀྱིལ་འཁོར་བསམ་པར་བྱ། །གནས་རྣམས་ཐམས་ཅད་འབར་བ་ཡིས། །ཀུན་ནས་ཐམས་ཅད་བསྲེགས་ནས་སུ། །སྔོན་བཞིན་མཚན་ཉིད་བསྟན་པ་ཡི། །དང་པོ་སྟོང་ པ་ཉིད་དུ་བྱ། །མེ་ཡི་དཀྱིལ་འཁོར་དབུས་གནས་པའི། །སངས་རྒྱས་ལྔ་ནི་བསམ་པར་བྱ། །དབྱུག་པ་འཇིག་རྟེན་དབང་ཕྱུག་མགོན། །གྱ་གྱུ་ཕྱག་ན་རྡོ་རྗེ་སྟེ། །ལུས་ནི་འཇམ་པའི་མཆོག་ཡིན་ནོ། །མགོ་དང་བུམ་པ་བྱམས་པ་སྟེ། །སྟེང་དུ་ འབར་བའི་མ་ཡིག་ནི། །འཁོར་བ་ཐམས་ཅད་སྒྲོལ་བ་པོ། །འཇིག་རྟེན་གསུམ་གྱི་གྲུབ་འདོད་ན། །ས་བོན་དེ་ནི་བསྒོམ་པར་བྱ། །པདྨའི་སྟན་ལ་གནས་པ་ཡི། །ཉི་མའི་དཀྱིལ་འཁོར་བསྒོམས་ནས་སུ། །ཡེ་ཤེས་མཁའ་འགྲོའི་རང་བཞིན་དུ། །བདག་ཉིད་ཡེ་ཤེས་ ཀྱིས་བསྲུང་བ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །ཁ་དོག་དམར་པོ་ཤིན་ཏུ་མཛེས། །སྟེང་གི་རྡོ་རྗེ་ཅོད་པན་ལ། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཁ་ཊྭཱྃ་ག་དང་རྣལ་འབྱོར་སྣོད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །འོད་ ཟེར་སྣ་ཚོགས་འབར་བ་དུ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །སྡེ་ཚན་གསུམ་པ་གང་ཡིན་པའི། །རྡོ་རྗེ་དབྱུག་པ་གུག་སྐྱེད་བཅས། །ལུ་གུ་རྒྱུད་ལ་སོགས་པས་དཀྲི། །ཕྱག་འཚལ་བསྲེག་པའི་མཐའ་དང་ལྡན། །འབུམ་ཕྲག་གསུམ་ནི་བཟླས་ནས་ སུ། །གཉིས་མེད་གཏོར་མའི་ལས་ཀྱིས་ནི། །དེ་ཡི་འོག་ཏུ་ལས་རྣམས་བྱ། །བདུད་རྩི་ལྔ་དང་ལྡན་པས། །བརྒྱད་བརྒྱ་རུ་ནི་བཟླས་པར་བྱ། །ཆོ་གར་ལྡན་པས་སྦྱིན་པར་བྱ། །དེ་ཡི་མོད་ལ་འབབ་པར་འགྱུར། །བབས་ནས་རྣལ་འབྱོར་བ་ཡིས་ནི། ། རྡོ་རྗེའི་གླུ་ནི་བླང་བར་བྱ། །རོལ་ཅིག་རོལ་ཅིག་རྡོ་རྗེ་ཁྱོད། །ཞན་དང་དྲག་པོ་སྦྱོར་བ་ཡིས། །ཐམས་ཅད་ཀུན་ནས་ཁྱོད་ཀྱིས་གསོལ། །སྐད་ཅིག་འཁོར་ལས་བདག་མཉམ་བསྒྲལ། །གླུ་འདི་ཡིས་ནི་གར་བྱེད་དེ། །རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱ། །ཨོཾ་ཏིཥྛ་ཡོ་ག་ མ་ཧཱ་ཀྲོདྷ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། འདི་ནི་ཚི་མ་བྱ་ཐམས་ཅད་བྱ། །རྣལ་འབྱོར་མ་ཀུན་བསྟན་པར་བྱ། །དམན་དང་བར་དང་མཆོག་རྣམས་ལ། །དེ་ཡི་འོག་ཏུ་ཆོས་བསྟན་བྱ། །ཨོཾ་ཡོ་ག་ཨཱ་བེ་ཤ་ཡ། ཤིན་ཏུ་མཉམ་གཞག་རྣལ་འབྱོར་པས། །འདི་ཡིས་སྔོན་དུ་ བསྙེན་པར་བྱ། །གཉིས་མེད་གཏོར་མ་ལྡན་པ་ཡིས། །རྣལ་འབྱོར་པ་ཡིས་ཡུངས་ཀར་དང་། །ཧཱུྃ་གི་སྒྲ་ནི་འཇིགས་པ་ཡིས། །སྒྲུབ་བ་པོ་ཡིས་འདིས་གདབ་བྱ། །སྔར་གྱི་སྨོས་པའི་སྔགས་ཀྱིས་ནི། །བདག་ཉིད་ཇི་ལྟར་འདོད་བཞིན་བྱེད། །ཨོཾ་མ་ན་གྷུ་རུ་ གྷུ་རུ། དྷྲི་སྟི་ཙི་ལི་ཙི་ལི་ཧཱུྃ་ཧཱུྃ་ཕཊ། རྣལ་འབྱོར་པ་ཡིས་འབུམ་བཟླས་ན། །བལྟས་པས་འབེབས་པ་འགྲུབ་པར་འགྱུར། །མཆོད་ཅིང་གང་ལ་བལྟས་པ་ཡི། །མཐོང་བར་བྱས་ཏེ་གར་བྱེད་དོ། །ཨོཾ་མ་ལ་མ་ལི་ཧཱུྃ་ཕཊ། འབུམ་ཕྲག་གསུམ་གྱིས་འགྲུབ་ འགྱུར་ཏེ། །འགྲོ་བ་ཐམས་ཅད་འབེབས་པར་འགྱུར། །ཨོཾ་མ་ཧཱ་ཙི་ལི་ཙི་ལི་ཧཱུྃ་ཧཱུྃ་ཕཊ། འབུམ་ཕྲག་གཅིག་ནི་བཟླས་པ་ཡིས། །སྐྱེས་སོགས་རིང་པོ་ནས་ཀྱང་འབེབས། །ཨོཾ་བ་ཏ་ལི་བ་ཏ་ལི་ཧཱུྃ་ཕཊ། རྣལ་འབྱོར་འབུམ་ཕྲག་གསུམ་དུ་ནི། །བཟླས་ པས་སྔོན་དུ་བསྙེན་པ་བྱ། །ཡི་དགས་འབྱུང་པོ་གསང་བ་སོགས། །ལྷ་རྣམས་ཐམས་ཅད་འབེབས་པར་བྱེད། །ཨོཾ་པ་ཏ་ནི་པ་ཏ་ནི་ཧཱུྃ་ཕཊ། རྣལ་འབྱོར་པ་ཡིས་འབུམ་ཕྲག་གཅིག །བཟླས་པས་སྔོན་དུ་བསྙེན་པ་བྱ། །ཆུ་དང་བོང་བ་རྡོ་དང་ནི། །ཤིང་ རྣམས་ཀུན་ལ་འབེབས་པར་བྱེད། །དཀྱིལ་འཁོར་སྔོན་དུ་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་བྱས་ནས་ནི། །ཤིན་ཏུ་དུལ་ཞིང་བརྟགས་པ་ཡིས། །དེ་འོག་དཀྱིལ་འཁོར་དེ་ཉིད་བསམ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་ལ་ནི་ཅོ་འདྲི་ཡིན། ། ཨོཾ་བེ་ཏ་ལི་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་གྷྲཾ་ཕུཿཕཊ། ཐལ་པར་ལན་བདུན་པར་དུ་ནི། །མངོན་པར་བཟླས་ཏེ་རོ་ལ་གཏོར། །ཉིན་ཞག་བདུན་དུ་བཞག་ན་ཡང་། །ཅིས་ཀྱང་ཟ་བར་མི་འགྱུར་རོ། །ཨོཾ་ཕུ་རུ་ཕུ་རུ། མཾ་ཏྲེ་ཛཿཧཱུྃ་ཕུཿཕཊ། སྐུད་པ་དམར་ལ་བརྒྱད་བརྒྱ་རུ། ། ཡོངས་སུ་བཟླས་དང་ལྡན་པ་ཡི། །གང་གི་མགྲིན་པར་བཅིངས་གྱུར་ན། །ཅེ་སྤྱང་བཞིན་ཏུ་འཁྱམ་པར་འགྱུར། །སྐུད་པ་དང་ནི་བྲལ་གྱུར་ན། །བདག་ཉིད་འདོད་པ་བཞིན་དུ་བྱེད། །བྱིན་རླབས་རིམ་པའི་རྣལ་འབྱོར་གྱིས། །མཉམ་པར་གཞག་པས་བསྒོམ་ ཞིང་བཟླས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མཁའ་འགྲོ་མ་བསམ་བྱ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་སྐུ། །འོད་ཟེར་སྣ་ཚོགས་ཤིན་ཏུ་འབར། །རླུང་གི་དཀྱིལ་འཁོར་དབུས་གནས་པར། །མངོན་དུ་བསྒྲུབ་པ་བྱ་བར་ བསམ། །རྐང་མཐིལ་གཉིས་སུ་རླུང་གི་ནི། །ས་བོན་སྟན་དུ་བསྒོམ་པར་བྱ། །སྒྲ་དང་ཐིག་ལེར་ལྡན་པ་ནི། །རླུང་གི་ས་བོན་དབུས་གནས་པར། །རླུང་གིས་བསྐོར་བ་སྙིང་གར་གཞག །ཐམས་ཅད་ཁ་དོག་སྔོན་པོར་བསམ། །རང་གི་དབུགས་ཀྱི་རྩེ་མོ་ཡི་ རླུང་གི་བརྡ་རུ་སྦྱར་བར་བྱ། །ཨོཾ་ཡུཾ་པྲེ་ཏ་བཱ་ཡུ་ཨ་མོ་ཀ་སྱ་ཡུཾ་ཕཊ། རྣལ་འབྱོར་པ་ཡི་གསང་སྔགས་འདི། །བརྒྱད་བརྒྱ་རབ་ཟླས་ན་འགྲུབ་པར་འགྱུར། །འགྲོ་བ་ལ་སོགས་བཟུང་ནས་སུ། །དུག་དང་ཁྲག་གིས་བྲི་བར་བྱ། །རྣལ་འབྱོར་མཆོག་ནི་བཟུང་ནས་ སུ། །ཐམས་ཅད་གནས་ནས་བྲི་བར་བྱ། །བརྒྱད་བརྒྱ་རུ་ནི་བཟླས་པ་ཡིས། །སྐུད་པ་དམར་པོ་དཀྲིས་ནས་ནི། །ཤིང་གི་རྩེ་མོར་གདགས་པར་བྱ། །རླུང་གིས་སྦུར་བར་བསྒོམ་པ་སྟེ། །གད་དུ་རླུང་ནི་གཞོལ་འགྱུར་བ། །དེ་ཡི་ཕྱོགས་སུ་འགྲོ་བར་ འགྱུར། །རྣལ་འབྱོར་པ་ཡིས་བསྐྲད་པ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མཁའ་འགྲོ་མ་བསམས་ཏེ། །བདག་གི་ལུས་ནི་བསྒོམས་ནས་སུ། །བློ་དང་ལྡན་བས་སྔགས་བཟླས་ན། །གཉིས་མེད་གང་ བའི་གཏོར་མ་ནི། །དེ་ཡི་དབུས་སུ་སྦྱར་བར་བྱ། །ཨོཾ་བཛྲ་ཌཱ་ཀི་ནཱི་དེ་ཤ་མཱ་ཀརྵ་ཡ་ཨཱ་ཀརྵ་ཡ་ཨོཾ་ཧྲཱིཿཧཱུྃ་ཕོ་ཕྲུང་ཕུཿཕཊ། མཎྜལ་དམར་པོར་བྱུགས་ནས་ནི། །སེང་ལྡེང་ཕུར་བུ་བརྒྱད་ཀྱིས་གདབ། །དབུས་སུ་མིང་ནི་བྲིས་ནས་སུ། །གཏོར་མ་ཡོངས་སུ་གང་ བར་ལྡན། །སྐུད་པ་དམར་ལ་བཟླས་ནས་ཀྱང་། །ལན་བདུན་བསྐོར་བས་དྲང་བར་བྱ། །རྡོ་རྗེ་ལྕགས་ཀྱུས་དྲངས་ནས་སུ། །གསང་སྔགས་འདིས་ནི་བཟླས་བྱས་ན། །དཔག་ཚད་བརྒྱ་ཡི་ཕྱི་རོལ་ནས། །ལས་འདིས་བཟློག་ནས་འགུགས་པར་འགྱུར། ། མཎྜལ་གྱི་ནི་དབུས་དག་ཏུ། །ལས་འདིས་འགྲུབ་འགྱུར་ཐེ་ཚོམ་མེད། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །མཁའ་འགྲོ་དྲག་མོར་བསམ་བྱ་བ། །རང་གི་ལུས་ནི་རྣལ་འབྱོར་མར། །མཁས་པ་ཡིས་ནི་བསྒོམས་ནས་སུ། །ཉ་མོ་གཅིག་ནི་བཟུང་ ནས་སུ། །མཁའ་འགྲོའི་གཏོར་མ་བྱིན་གྱི་བརླབ། །སྔགས་དང་བཅས་པའི་མིང་བྲིས་ལ། །ཉ་ཡི་ཁ་རུ་བཅུག་ནས་ནི། །རྐང་པས་མགོ་ནི་རབ་མནན་ལ། །བརྒྱད་བརྒྱ་རུ་ནི་བཟླས་པར་བྱ། །ཨོཾ་ཕྲུཾ་ཕྲུཾ། ཨ་མུ་ཀ་སྱ་མུ་ཁཾ་བནྡྷ་བནྡྷ། ཧྲཱི་ཧྲཱི་ཧྲཱི། ཕུཾ་ ཕཊ། དེ་ནི་བཟླས་པ་ཙམ་གྱིས་ནི། །བྱ་བ་ཐམས་ཅད་བཅིང་བར་འགྱུར། །ཐམས་ཅད་ཆུ་ལ་བྱ་བ་སྟེ། །ལས་གཞན་ཆོ་ག་བཤད་པར་བྱ། །སྔགས་འདི་རབ་ཏུ་སྦྱར་ནས་ནི། །བག་ཟན་གྱིས་ནི་དྲིལ་བར་བྱ། །གང་དུ་ཉ་ནི་གནས་པ་ཡི། །ཉ་ཡི་ཁ་རུ་གཞུག་ བར་བྱ། །མཁའ་འགྲོའི་གཏོར་མ་བྱིན་བརླབས་ཏེ། །རིལ་བུ་བརྒྱད་བརྒྱ་བྱས་ནས་ནི། །ལན་རེ་བཟླས་ཏེ་ཟར་བཅུག་ན། །བྱ་བ་ཐམས་ཅད་བཅིངས་པར་འགྱུར། །རླུང་གི་དཀྱིལ་འཁོར་དབུས་གནས་པར། །བདག་ཉིད་ཙཎྜཱ་ལཱི་ཡི་གཟུགས། །གཟུགས་རྣམས་ ཐམས་ཅད་ཡོངས་རྫོགས་ཤིང་། །མེ་ལྟར་འབར་བ་བསམས་ནས་སུ། །གཉིས་མེད་གཏོར་མའི་ལས་རྣམས་ནི། །དེ་ཡི་དབུས་སུ་རབ་ཏུ་བྱ། །ལྕི་བས་པདྨའི་གཟུགས་བྱས་པ། །མིང་དང་སྔགས་ཀྱིས་གཞག་པར་བྱ། །ཨོཾ་སྟམ་བྷ་ཡ་སྟམ་བྷ་ཡ་ཧཱུྃ། བྷགྒཾ་མུ་ཏྲཱཾ་ཕྲུ་ཕྲུཾ་ཕཊ། གསང་སྔགས་འདི་དང་མིང་དག་ནི། །རྐང་པ་གཡོན་པས་མནན་ནས་སུ། །ལན་གྲངས་བརྒྱད་བརྒྱར་བཟླས་ནས་སུ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཆུང་མ་ཤིན་ཏུ་གཡོན་ཅན་རྣམས། །ལས་འདི་ཡིས་ནི་གདུལ་བར་བྱ། ། མཐར་ན་ཆུ་དང་འོ་མ་ཡིས། །བཀྲུས་ན་བཅིངས་པ་ལས་གྲོལ་འགྱུར། །རླུང་གི་དཀྱིལ་འཁོར་དབུས་གནས་པར། །ལྷ་མོ་རྡོ་རྗེ་མ་རུ་བསྒོམ། །ཁ་དོག་སྔོན་པོ་ཤིན་ཏུ་མཛེས། །འོད་ཟེར་མེ་དང་མཚུངས་པར་འབར། །ཡོངས་སུ་རྫོགས་ཤིང་མཛེས་པར་ལྡན། ། རྒྱན་རྣམས་ཀུན་གྱིས་བཀླུབས་པ་སྟེ། །ཡི་དགས་ཀྱི་ནི་གདན་ལ་བཞུགས། །ཧ་ཧར་བཞད་པས་འཇིགས་སུ་རུང་། །གཉིས་མེད་གང་བའི་གཏོར་མ་ཡི། །ལས་ནི་དེ་རུ་བྱས་ནས་ཀྱང་། །འབྲས་ཕྱེ་ལ་སོགས་ཁྱད་པར་ལས། །པདྨའི་ དབྱིབས་ནི་བྱས་ནས་སུ། །ཁྱི་ཡི་སྤུ་ཡིས་དགང་བར་བྱ། །མིང་དང་སྔགས་སུ་སྦྱར་ནས་སུ། །གཉིས་མེད་གཏོར་མའི་ལས་རྣམས་ནི། །ལས་དེར་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཀྲོ་དྷེ་ཤྭ་རི་ཕྲུ་ཕྲུཾ་ཕཊ། བརྒྱད་བརྒྱ་རུ་ནི་བཟླས་ནས་སུ། །རྡོ་རྗེ་གསང་བར་གཞུག་ བར་བྱ། །ལས་འདི་སྦྱར་ཞིང་གཟིར་བ་ཡིས། །བྷ་ག་དག་ནི་བཟློག་པར་འགྱུར། །ལས་འདིས་ཤིན་ཏུ་འགྲུབ་པ་སྟེ། །ཕྱུང་ན་དེ་ལས་ཐར་བར་འགྱུར། །ཆུང་མ་ཤིན་ཏུ་གདུལ་དཀའ་ལ། །ལས་ནི་དེ་ལྟར་སྦྱར་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་ བར། །ལྟེ་བར་བདུད་རྩིའི་ཡི་གེ་བསྒོམ། །རྩ་རྣམས་ཀུན་ལས་དྲངས་ནས་སུ། །བདུད་རྩིའི་ཆུ་ནི་འཛག་པར་བྱ། །བནྡུའི་མེ་ཏོག་རྒྱས་པ་ཡི། །དབུས་སུ་ལྕགས་ཀྱུའི་ཡི་གེ་སྟེ། །ཁ་དོག་དམར་པོ་ཤིན་ཏུ་འབར། །གསང་ཞིང་གསང་བས་བསྒོམ་པར་བྱ། ། ཁྲོ་བོའི་སོར་མོ་རྩེ་མོ་རུ། །བདུད་རྩིའི་ཡི་གེ་བསམས་ནས་ནི། །སོར་མོ་འདི་ཡིས་བསྐྱོད་པར་བྱ། །སྦྱོར་བ་གསུམ་ནི་བསམས་པ་ཡིས། །དེ་ཡི་དབུས་ཀྱི་གནས་རྣམས་སུ། །བདུད་རྩིའི་ཆུ་ནི་འཛག་པར་བྱ། །ཆུང་མ་ཤིན་ཏུ་གདུལ་དཀའ་ལ། །འདི་ཡིས་ བྷ་ག་བརྟག་པར་བྱ། །འོད་ཟེར་ཅན་དང་བླ་མར་བྱ། །སྨྱོ་བྱེད་ཡན་ལག་ལྔ་དང་བཅས། །གུ་གུལ་ཆེན་པོའི་ཆ་དང་བསྲེ། །མར་ནག་ཆེན་པོས་བསྐོལ་བར་བྱ། །སྔགས་པས་བདུད་རྩིའི་ཆུ་དང་ནི། །ལྕེ་ཡི་དབང་པོས་མྱང་བར་བྱ། །འདིར་ནི་སྨྱོ་འགྱུར་ཐེ་ཚོམ་ མེད། །མར་ཟོས་པས་ནི་གྲོལ་བར་འགྱུར། །ཡི་དགས་གོས་ནི་མ་ལྷུང་བས། །མར་མེ་ཡི་ནི་སྡོང་བུ་བྱ། །ཀླུ་དབང་གི་ནི་གོང་དུ་གཟུང་། །རྐང་གི་མར་གྱིས་སྦར་བར་བྱ། །གཏོར་མ་ཡི་ནི་གནས་དག་ཏུ། །མཁའ་འགྲོ་མ་ཡི་སྙིང་སྔགས་ཀྱིས། །དུ་བ་ དག་ནི་དབབ་པར་བྱ། །དུར་ཁྲོད་དུ་ནི་གཏོར་བྱིན་ལ། །བརྒྱད་བརྒྱ་རུ་ནི་བཟླས་ནས་སུ། །ལམ་གྱི་བཞི་མདོར་ཤིང་གཅིག་དྲུང་། །གང་ལ་དུབ་བྱུགས་པ་དེས། །མཁའ་འགྲོ་མ་ཀུན་མཐོང་བར་འགྱུར། །ལྷག་མའི་སྣོད་ནི་གཉིས་གཟུང་ལ། །དུར་ཁྲོད་ཀྱི་ ནི་སོལ་བ་ཡིས། །ཚ་བའི་རྫས་ལ་སྦྱར་ནས་ནི། །བྱ་རོག་སྒྲོ་རྩས་བྲི་བར་བྱ། །ཨོཾ་ཀི་རི་ཀི་རི་ཀྲོ་དྷེ་ཨ་མུ་ཀཾ་ཕྲུཿཕྲུཾ་ཕཊ། སྣོད་ནི་གཉིས་ལ་སོ་སོ་རུ། །གཟུགས་གཉིས་མིང་དང་བཅས་བྲིས་ལ། །གཉིས་མེད་གཏོར་མ་བྱིན་ནས་ནི། །ཁྲོ་བོས་བཀང་སྟེ་དྲུད་ པར་བྱ། །ཨོཾ་ཀ་ལི་བརྟཱ་ལི་བརྟཱ་ལི་ཀྲོ་དྷ་མུ་ཁེ་ཨ་མུ་ཀ་སྱ་ཧི་ལི་ཧི་ལི་བཛྲ་ཏིཥྛ་མུ་ཁི་ཕྲུཾ་ཕྲོཾ་ཕྲོཾ་ཕཊ། བརྒྱ་ཕྲག་གཅིག་ཏུ་བཟླས་ནས་ནི། །མྱུར་དུ་འཐབ་རྩོད་འབྱུང་བར་འགྱུར། །གཉིས་མེད་གཏོར་མར་ལྡན་པ་ཡི། །དབང་བསྐུར་ན་ནི་ཞི་བར་འགྱུར། །སྦྱོར་བའི་ གདན་གྱི་རབ་ཏུ་དབྱེ་བ་ལས་རིམ་པར་ཕྱེ་བ་གསུམ་པའོ།། །།གཉིས་མེད་སྦྱོར་བའི་སྙིང་པོ་སྟེ། །གཉིས་མེད་མིང་གིས་བརྗོད་པ་ཡིན། །སྦྱོར་བ་ཇི་ལྟར་བརྩམ་བགྱི་བ། །རོལ་མོ་དག་ནི་ཉན་པར་འཚལ། །གཉིས་མེད་སྦྱོར་བ་དེ་ཉིད་ཀྱི། །རྡོ་རྗེ་ དྲིལ་བུའི་ཕྱག་རྒྱ་དག །སོ་སོར་གཟུང་བའི་དེ་ཁོ་ན། །ཡང་དག་ཇི་བཞིན་རྡོ་རྗེས་ཉོན། །དེ་ཉིད་ཇི་བཞིན་བདག་ཉིད་དང་། །ཆོས་ཀྱི་དྲིལ་བུ་ལྷ་མོའོ། །ཁ་སྦྱོར་སྦྱོར་བ་ཕྱག་རྒྱ་སྟེ། །ཐབས་ནི་དེ་རུ་ཐིམ་པའོ། །དང་པོར་རེ་ཞིག་རྣལ་འབྱོར་པས། །རྡོ་རྗེ་ ཐལ་མོ་དམ་བཅིངས་ནས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དག་པ་རྣམ་གསུམ་བརྗོད་པར་བྱ། །ཨོཾ་སྭ་བྷ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། གཟུང་དང་འཛིན་ པ་ལས་གྲོལ་བས། །སྦྱིན་པའི་ར་བས་སྦྱིན་པར་བྱ། །རྣལ་འབྱོར་ལྡན་པའི་སེམས་ཀྱིས་ནི། །ཐམས་ཅད་རྩ་བཞིན་བལྟ་བར་བྱ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །འགྲོ་རྣམས་བརྩེ་བར་མི་བྱ་སོགས། །སེམས་ཅན་དོན་ནི་དགག་མི་བྱ། །སྟེང་དུ་ ཚུལ་ཁྲིམས་དྲ་བའོ། །གཞན་ལ་གནོད་པ་འགོག་ལ་སོགས། །བཟོད་པའི་ཕུར་བུ་འོག་ཏུ་གདབ། །ཕུར་བུར་འདྲ་བ་ཡིས། །སྡང་བའི་བདུད་དང་དགྲ་རྣམས་བསྐྲད། །བདུད་ནི་བདུད་དུ་འཆར་མི་འགྱུར། །རང་གི་སེམས་ཀྱིས་བསྡམས་ བའོ། །རང་གིས་རང་སེམས་བཏུལ་བ་ན། །བདུད་ཀྱིས་འཚེ་བར་གལ་འགྱུར། །མཉམ་ཉིད་སེམས་ཀྱི་དྲི་ཡིས་ནི། །གྲུ་བཞི་པ་རུ་བྱུག་པར་བྱ། །ལུས་ལ་སྟེ་འཇོག་ཙནྡན་བྱུག །སེམས་ནི་མཉམ་པར་གཞག་པ་སྟེ། །བཟོད་པའི་མེ་ཏོག་རྣལ་འབྱོར་ བས། །འབད་དང་ལྡན་པས་དགམ་པར་བྱ། །མཉམ་ཉིད་བསྒོམས་པའི་བདུག་པ་ཡིས། །རང་བཞིན་དག་པས་བདུག་པར་བྱ། །ཤེས་རབ་མར་མེའི་སྣང་བ་སྟེ། །ཁམས་གསུམ་གྱི་ནི་མུན་པ་རྣམས། །མར་མེ་འདི་ཡིས་བཅོམ་ནས་སུ། །ཇི་ ལྟར་འདོད་བཞིན་སྣང་བར་བྱ། །སེམས་ཀྱིས་མི་འཇིགས་སྦྱིན་པ་ཡིས། །དབུགས་མ་ཕྱིན་པ་དབུགས་དབྱུང་བྱ། །མཆོད་པའི་དུས་དང་ཁྱད་པར་དུ། །གཏོར་མའི་དུས་སུ་རབ་ཏུ་སྦྱར། །ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ སུ། །བདག་ཉིད་རྡོ་རྗེར་བསྐྱེད་ནས་ནི། །ཤེས་རབ་དྲིལ་བུ་ཞེས་བྱར་སྤྲུལ། །བར་དུ་ཁྲུ་གང་བཞག་ནས་སུ། །མཉམ་ཉིད་ལྟ་བས་བལྟ་བར་བྱ། །སྙིང་གར་ཧཱུྃ་ནི་བསྒོམ་བྱས་ལ། །ཐམས་ཅད་རིག་པས་ཀུན་སྟོང་བྱ། །ཁམས་གསུམ་ཟད་པར་བྱས་ནས་ ནི། །ཐམས་ཅད་ནམ་མཁའ་ཡང་དག་གནས། །སྔོན་བཞིན་མཚན་ཉིད་ཡང་དག་ལྡན། །མཉམ་ཉིད་སྟོང་པར་བསམས་ནས་སུ། །ཕོ་བྲང་ཡངས་པར་ཅི་འདོད་པ། །རི་རབ་རྩེ་མོར་བསམས་པར་བྱ། །ལྷ་ནི་ཉི་ཤུ་རྩ་བརྒྱད་ལྡན། །རྡོ་རྗེ་སྔོན་དུ་བསྟན་པ་ བཞིན། །འོད་ཟེར་སྣ་ཚོགས་འབར་བ་ཡི། །ཧཱུྃ་གི་ཐིག་ལེ་ལས་བྱུང་བ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །མི་གཡོ་རྡོ་རྗེ་བསྒོམས་ནས་སུ། །རྡོ་རྗེ་སེམས་དཔའི་རང་བཞིན་དུ། །བདག་གི་ལུས་ནི་སྤྲུལ་པར་བྱ། །ཡི་གེའི་དགོད་པས་བཀོད་ནས་ སུ། །མཁས་པས་གོ་ཆ་བྱས་ནས་ཧཱུྃ། །སངས་རྒྱས་ལྔ་ཡིས་བརྒྱན་པ་སྟེ། །གངས་དང་ཀུན་ཟླ་བའི་མདོག །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་རྣམས་ཀུན་གྱིས་བཀླུབས་པ་སྟེ། །ཕྱག་རྒྱ་ཆེན་པོ་སྙིང་པོར་བཅས། །གོ་འཕང་ མཆོག་ནི་བསྒོམ་པར་བྱ། །འོད་ཟེར་སྣ་ཚོགས་འབར་བ་ལ། །སངས་རྒྱས་སྤྲིན་ནི་རྣམ་པར་འཕྲོ། །དངོས་པོ་བསྒོམ་པ་བསྒོམས་ནས་སུ། །ཧཱུྃ་གི་སྒྲ་ཡིས་དགང་བར་བྱ། །རང་ཉིད་ཇི་ལྟར་འདོད་སེམས་ཀྱིས། །ཡེ་ཤེས་ས་བོན་བཟླས་པར་བྱ། །བཙོ་ མའི་གསེར་ལྟར་ཤིན་ཏུ་འབར། །སེམས་ཅན་ཀུན་གྱི་དོན་ལ་ཆགས། །དེ་ནས་སྟོང་པའི་མཚན་ཉིད་ནི། །སྔར་གྱི་མཚན་ཉིད་བདག་ཉིད་ཅན། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སྔར་གྱི་མཚན་ཉིད་ཀུན་རིག་པས། །ཉི་ཤུ་རྩ་གསུམ་ལྷ་རྣམས་ ཀྱིས། །དྲིལ་བུའི་བདག་ཉིད་བསྒོམ་པར་བྱ། །འོད་ཟེར་སྣ་ཚོགས་འབར་བ་ལས། །སངས་རྒྱས་འོད་ནི་རྣམ་པར་སྤྲོ། །དེ་ལྟར་བསྐྱེད་པའི་ལུས་རྣམས་ནི། །ཤེས་རབ་ཕ་རོལ་ཕྱིན་མས་བསྐྱེད། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་ རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཁ་དོག་ཅུང་ཟད་འདྲེས་པའི་སྐུ། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །ཡི་གེ་བརྒྱད་ཀྱི་སྔགས་རྣམས་ནི། །ཡན་ལག་བརྒྱད་དུ་དགོད་པར་བྱ། །ཕྱག་གཉིས་ཕྱག་རྒྱ་ཆེན་པོ་སྟེ། །གོ་འཕང་མཆོག་ནི་བསྒོམ་ པར་བྱ། །ཨཱ་ལི་ཀཱ་ལི་ལས་བྱུང་བའི། །དེ་ཡི་ས་བོན་བཟླས་པར་བྱ། །འདོད་ཆགས་སེམས་ཀྱི་སྟོབས་ཀྱིས་ནི། །བཙོ་མ་གསེར་གྱི་འོད་དང་བཅས། །སེམས་ཅན་བསྒྲལ་ཕྱིར་ཀུན་ཏུ་འཁྱུད། །ནུ་མ་འཁྱུད་ཅིང་ཞལ་གཉིས་འཇིབ། །རྡོ་རྗེ་སོར་མོའི་རྩེ་ མོར་ནི། །བདུད་རྩིའི་ཡི་གེ་བསམས་ནས་ནི། །ལྷ་མོའི་གཡོན་གྱི་ཆ་རུ་ནི། །བསྟན་པའི་རྩེ་མོར་གཟུང་བར་བྱ། །བཅུ་དང་བརྒྱད་ཀྱི་གནས་རྣམས་ནི། །ཀུན་ནས་བདུད་རྩི་གང་གནས་པ། །མཛུབ་མོ་འདི་ཡིས་བསྐྱོད་པ་ཡིས། །བདུད་རྩིའི་ཆུ་ནི་ འཛག་པར་འགྱུར། །གཉིས་ཀྱི་ཀུན་སྤྲོད་བཏང་ནས་སུ། །ཤར་གྱི་ཕྱོགས་སུ་བལྟ་ཞིང་བསྐྱོད། །རོལ་པའི་སྟབས་ཀྱིས་ལྷ་མོ་ནི། །རྡོ་རྗེ་རྐང་པའི་སྟབས་ཀྱིས་མནན། །དྲིལ་བུ་གཡོན་གྱི་རླུང་གནོན་པ། །ནུ་མ་ལག་པ་གཉིས་ཀྱིས་ གཟིར། །སྒེག་ཅིང་བཞད་པའི་བཞིན་ཅན་ཏེ། །འོག་མ་གནོན་པོས་བཙིར་བར་བྱ། །དྲིལ་བུ་ལག་གཉིས་གསང་བར་སྦྱོར། །དེ་བཞིན་ས་བོན་གཉིས་མེད་བཟླས། །ཤར་ཕྱོགས་སུ་ནི་བསྐྱོད་པ་ཡིས། །སེམས་ཅན་ཕ་རོལ་སྒྲོལ་བར་འགྱུར། ། ལྷ་མོ་གཡོན་པ་བསྐྱོད་ནས་སུ། །ལྷོ་རུ་ཁ་ནི་བལྟ་བར་བྱ། །རྡོ་རྗེ་ཡང་ནི་བསྐྱོད་ནས་སུ། །རྐང་མཐིལ་གཉིས་ནི་དེ་བཞིན་བཙིར། །དྲིལ་བུའི་ལག་པ་གཉིས་ཀྱིས་ནི། །རྐེད་པ་བསྡམས་ཏེ་བཙིར་བར་བྱ། །རྡོ་རྗེ་གཡས་ཀྱི་ནུ་མ་དང་། །དེ་བཞིན་གསང་ པར་རྩེ་བར་བྱ། །རྡོ་རྗེ་དྲིལ་བུའི་ལུས་དག་ནི། །ཡང་དང་ཡང་དུ་སྤྲད་པར་བྱ། །ས་བོན་གཉིས་ནི་བཟླས་པ་ཡིས། །ལྷོ་ཕྱོགས་སེམས་ཅན་སྒྲོལ་བར་འགྱུར། །ནུབ་ཕྱོགས་སྙིང་པོའི་རྐང་སྟབས་ཀྱིས། །ལྷ་མོ་ནུབ་ཏུ་བལྟ་བར་བྱ། །རྡོ་རྗེ་ཡི་ནི་ཕྱོགས་ གཅིག་གིས། །གཡས་ཀྱི་བརླ་ནི་མནན་པར་བྱ། །མགྲིན་པའི་རྒྱབ་ནས་གཉིས་འཁྱུད་དེ། །དྲིལ་བུའི་ལྕེ་ནི་བསྐྱོད་ནས་སུ། །རྡོ་རྗེ་ལྕེ་ལ་རེག་པར་བྱ། །དེ་བཞིན་སྦྱར་ནས་གཉི་ག་བཟླས། །རྡོ་རྗེ་མཉམ་པའི་དབུས་སུ་ནི། །ལག་པ་གཉིས་ཀྱིས་བསྡམ་ པའོ། །དྲིལ་བུའི་ལག་པ་གཉིས་ཀྱིས་ཀྱང་། །རྣ་བའི་དྲུང་བར་གཟུགས་པར་བྱ། །གཉིས་ཀའི་མཆུ་ནི་ཀུན་སྦྱར་ནས། །དེ་ཡི་བདུད་རྩི་བཏུང་བར་བྱ། །རྣལ་འབྱོར་པ་ཡིས་སྔགས་བཟླས་ནས། །རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱ། །སེམས་ཅན་ཐམས་ཅད་ བདེ་གྱུར་ཅིག །ཀུན་ཀྱང་འཚེ་བ་མེད་པར་ཤོག །གང་གི་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག །སྐད་ཅིག་ཚུལ་གྱིས་རྣལ་འབྱོར་དང་། །སྐད་ཅིག་ཚུལ་གྱིས་ཕྱག་རྒྱ་ཅན། །ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་ གསང་སྔགས་འདོན། །དྲིལ་བུ་ལྷ་རུ་སྦྱོར་བ་ཡིས། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཡི་གེ་བརྒྱད་ཀྱི་སྔགས་དག་ནི། །གནས་རྣམས་ཀུན་གྱི་ལྷ་ཉིད་དེ། །རང་ཉིད་ལྷ་མོར་བསམ་པར་བྱ། །སླར་ཡང་འདི་ཉིད་རབ་ཏུ་བྱ། །རང་གི་རྗེས་སུ་ཆགས་པའི་ སེམས། །དེ་ནས་རྡོ་རྗེ་ཀུན་ཏུ་འཁྱུད། །དེ་ནས་བདག་ཉིད་རྡོ་རྗེ་རུ། །ཀ་ར་ནར་བཅས་བསམ་པར་བྱ། །རྡོ་རྗེ་ཡི་ནི་ང་རྒྱལ་གྱིས། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །ཆུ་ལས་བྱུང་བའི་མེ་ཏོག་ནི། །གསང་བའི་ནང་གི་མཚན་ཉིད་ལས། །རྩ་བ་མྱུ་ གུ་མེ་ཏོག་སྟེ། །བནྡུ་ཀ་ནི་རྒྱས་པ་འདྲ། །ཐོང་ག་གཉིས་ཀྱི་ས་བོན་རྣམས། །ས་དང་རླུང་དག་ཉིད་ཡིན་ནོ། །འོག་ཏུ་ཆུ་ཡི་རང་བཞིན་ལ། །མྱུ་གུ་མེ་ཡི་ས་བོན་ནོ། །སྡེ་ཚན་གསུམ་པ་གང་ཡིན་པའི། །ཡི་གེ་གསུམ་པ་བཟུང་ནས་སུ། །དབྱུག་པ་ ཕྱི་མོ་རྡོ་རྗེ་ཅན། །སྐ་བོ་ཆེ་ལ་སོགས་པས་དཀྲི། །ལྷ་མོའི་གཟུགས་སུ་བསམས་ནས་སུ། །ས་ཡི་ནང་དུ་ཐིམ་པར་བྱ། །དུས་མེའི་ཡི་དགས་མར་སྦྱོར་ཅིང་། །ཡི་དགས་མེ་དང་དུས་མེ་སྦྱོར། །ལག་པ་གཉིས་ཀྱིས་ཁ་སྦྱར་བ། །མཐེབ་ཆུང་མཐེ་ བོས་མནན་ནས་སུ། །གསུམ་པོ་དག་ནི་རྩེ་མོར་སྦྱོར། །ཕྱག་རྒྱ་གཉིས་ཀྱིས་མགོར་བཙུགས་ནས། །བདུད་རྩི་བཟའ་བའི་བསམ་པ་ཡིས། །གནོན་པོས་འོག་མ་བཙིར་བར་བྱ། །བཅུད་དང་བརྒྱད་ཀྱི་ལམ་དག་ནས། །དྲིལ་བུའི་བདུད་རྩི་བསྐུལ་བར་ བྱ། །གཡོན་གྱི་ཆ་ན་བནྡུ་ཀ། །ཆུ་འཛག་པ་ཡི་ཆ་བྱད་ཅན། །ཆུ་འཛག་བྱ་མཆུའི་དབྱིབས་ལྟ་བུ། །མཁའ་འགྲོ་མ་ཡི་ཚུལ་དག་ལ། །དེར་ནི་ཕྱག་རྒྱས་བསྐུལ་བར་བྱ། །རྡོ་རྗེ་གཡས་ཀྱི་ཆུ་དག་ནི། །རང་བཞིན་མཉམ་པའི་ཚུལ་དུ་བྱ། །ཐོང་ག་ ལ་སོགས་གནས་ཀུན་ཏུ། །དེ་ནས་སོར་མོ་གདབ་པར་བྱ། །དེ་ནས་རྡོ་རྗེའི་རྩེ་མོ་ནི། །ཕྱག་རྒྱ་གློ་རུ་སྦྱར་ནས་བྱ། །གཉིས་ཀ་ཀུན་ཏུ་སྦྱར་ནས་ནི། །རྡོ་རྗེ་པདྨོ་བསྒུལ་བར་བྱ། །ཧཱུྃ་གི་སྒྲ་ཡིས་བཀང་ནས་སུ། །ལྷ་མོ་ཐམས་ཅད་ཚིམ་པར་བྱ། །དྲིལ་ བུ་ཡི་ནི་དངོས་པ་ཡིས། །ཨཱ་ལི་ས་བོན་ཀུན་ཏུ་སྦྱིན། །ཡེ་ཤེས་ས་བོན་རྡོ་རྗེ་རྩེ། །བདག་གི་ལྷ་ནི་མཉེས་པར་བྱ། །རྡོ་རྗེ་དྲིལ་བུ་ལུས་ཡིན་ཏེ། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །དེ་ཁོ་ན་ཡིས་སོ་སོར་གཟུང་། ། རྡོ་རྗེ་དེ་ཁོ་ནས་བསྐྱོད་ལ། །དྲིལ་བུ་རང་དགར་དཀྲོལ་བར་བྱ། །རྡོ་རྗེ་དྲིལ་བུ་རབ་སྦྱོར་ཏེ། །ཕྱག་རྒྱའི་དེ་ཉིད་སྦྱོར་བ་ཡིན། །ལུས་ནི་གཉིས་ཀ་མཉེས་པ་ཡིས། །སེམས་ཅན་ཕ་རོལ་སྒྲོལ་བར་འགྱུར། །གཉི་ག་ཡི་ནི་བདག་ཉིད་སེམས། །ཆུ་དེ་བྱིན་གྱིས་བརླབ་ པར་བྱ། །སྒེག་ཅིང་བསྐྱོད་པར་གནས་པ་སྟེ། །བདེ་བའི་སྟ་ན་ལ་འདུག་ནས་ནི། །རྡོ་རྗེ་རོལ་པའི་རྐང་པ་སྟེ། །དྲིལ་བུ་གཡོན་གྱི་བརླ་ཡིས་རོལ། །ལག་གཡོན་འཁྱུད་ཅིང་ནུ་མ་གཟུང་། །གཡས་ཀྱི་རྡོ་རྗེ་གསོར་བར་བྱ། །བཞད་ཅིང་ཁྲོ་དང་སྒེག་པ་ ཡིས། །ཡང་དང་ཡང་དུ་སྤྲེ་བར་བྱ། །དྲིལ་བུ་བསྐྱོད་པའི་ཚུལ་གྱིས་ནི། །བརླ་ཡི་སྟན་ལ་འདུག་ནས་སུ། །རྐང་པ་གཡས་པས་དཀྲིས་ནས་ནི། །དཀུ་ཡི་གནས་སུ་གཞག་པར་བྱ། །མགྲིན་པར་གཅིག་གིས་འཁྱུད་ནས་ནི། །གཡོན་པས་དྲིལ་བུ་ གསིལ་བར་བྱ། །ངོ་མཚར་བཅས་བཞད་སྒེག་པ་ཡིས། །ཡང་དང་ཡང་དུ་སྤྲད་པར་བྱ། །དེ་ནས་རྡོ་རྗེ་གླུ་བླང་ཞིང་། །སྣ་ཚོགས་ཧཱུྃ་ཞེས་བྱ་བར་འདོད། །བདུད་རྩིའི་ཆུ་ནི་བཟུང་ནས་སུ། །སླར་ཡང་གླུ་ནི་བླང་བར་བྱ། །འཁོར་ལོ་སྟོང་པ་སྙིང་པོ་མེད་པ་ནི། ། སྙིང་པོ་དག་ནི་ཤིན་ཏུ་བསགས་པ་སྟེ། །རྣམ་པར་ཐར་པས་རབ་ཏུ་བསྒྲལ་བ་སྟེ། །དངོས་ལས་རྣམ་པར་གྲོལ་བ་རབ་ཏུ་འགྲུབ། །ཕན་ཚུན་ཀུན་ཏུ་འཁྱུད་པའི་སྦྱོར་བྱས་པ། །དེ་ཡིས་དོན་ནི་ཡང་དག་བྱེད་པར་འགྱུར། །འཁོར་བའི་སྙིང་པོ་དག་ནི་མེད་པ་ལ། ། རྣལ་འབྱོར་མ་ཡི་དབུས་སུ་སྙིང་པོ་བསྒྲུབ། །རྡོ་རྗེ་དྲིལ་བུའི་སྒྲར་བཅས་པས། །དེ་ནས་དེ་ལྟར་གླུ་བླང་བྱ། །མཉམ་བཞག་སྒོམ་ཞིང་བཟླས་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལས་ནི་གང་ཞིག་བསམས་པ་རྣམས། །དེ་ཡིས་ཐམས་ཅད་ འགྲུབ་པར་འགྱུར། །སྨན་ལ་སོགས་པའི་ཁྱད་པར་རྣམས། །བསྐྱོད་པའི་སྦྱོར་བར་ལྡན་པར་བྱ། །གུར་གུམ་དང་ནི་གི་ཝང་དང་། །ཀར་སྦྲང་རྩེ་པ་ལ་ཤ། །ཡུང་བ་རུ་རྟ་ཆ་མཉམ་པ། །སྦྱོར་བའི་གནས་སུ་གཟུང་བར་བྱ། །རྫས་དེ་དག་ནི་བསྒོས་ནས་སུ། ། རྟག་ཏུ་ཐིག་ལེ་བྱས་གྱུར་ན། །རྒྱལ་པོ་བློན་པོ་ཕོ་བྲང་བཅས། །ཐམས་ཅད་དུ་ནི་དགའ་བར་འགྱུར། །དབང་པོ་ལག་དང་རུ་རྟ་དང་། །རྨོངས་བྱེད་མ་དང་རེངས་བྱེད་མ། །བདག་གི་ལྡ་དང་ཡན་ལག་ལྔ། །ལྔ་པོ་ཐམས་ཅད་ཆ་བསྙམས་ལ། །བཟའ་དང་བཏུང་དང་སོ་རྩི་དང་། །ཞིབ་ཏུ་ བཏགས་ཏེ་སྦྱར་ལ་སྦྱིན། །ཐམས་ཅད་དུ་ནི་དབང་འགྱུར་ཏེ། །འཆི་བ་ན་ཡང་གཏེར་མི་འགྱུར། །ཁྲག་ནི་གཏོར་བའི་སྦྱོར་བ་ཡིས། །དབང་ལ་སོགས་པའི་ལས་རྣམས་འགྲུབ། །སྔགས་ནི་འབུམ་དུ་བཟླས་པ་ཡིས། །འགྲོ་བ་ཐམས་ཅད་རྨོངས་པར་འགྱུར། ། བདག་གི་ལུས་ལ་གཤེགས་གསོལ་བ། །བདག་ཉིད་ཇི་ལྟར་དགའ་བར་བྱ། །སེམས་ཅན་དོན་ཕྱིར་བློ་ལྡན་པས། །ཐམས་ཅད་དབང་དུ་འདུ་བར་འགྱུར། །བརྟུལ་ཞུགས་བྲམ་ཟེའི་ཉེ་དུ་མོས། །ཞི་བའི་ལས་ནི་སྐྱེ་བར་འགྱུར། །རྒྱལ་པོ་བླ་མ་གསང་བ་མོས། ། རྒྱས་པའི་ལས་ནི་སྦྱར་པར་བྱ། །རྗེའུ་རིགས་དམངས་མོ་ཐམས་ཅད་ཀྱིས། །དབང་གི་ལས་ནི་བསྒྲུབ་པར་བྱ། །ལྷམ་མཁན་ཤན་པ་ཉ་པ་མོས། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། །ཀླ་ཀློ་གདོལ་པ་ཚོས་མཁན་མས། །སྦྱོར་བའི་དངོས་གྲུབ་བཤད་པ་ཡིན། །དེ་ བས་འབད་པ་ཐམས་ཅད་ཀྱིས། །རྣལ་འབྱོར་བསྟན་བཅོས་གཟུང་བར་བྱ། །གཞན་ཡང་རྐང་སྟབས་བཅིང་བར་བྱ། །སེམས་ཅན་བསྒྲལ་བའི་གནས་ཡིན་ཏེ། །གཉིས་ནི་ཀུན་ཏུ་འདུས་ནས་བསྐྱོད། །དེ་ཉིད་ཕྱག་རྒྱ་ཞེས་བྱ་བཅིང་། །མཉམ་པའི་རྐང་སྟབས་དང་། དབྱེ་བའི་སྟབས་དང་། ཟླུམ་པོའི་སྟབས་དང་། གསུམ་གནོན་པོའི་སྟབས་དང་། རུས་སྦལ་གྱི་སྟབས་དང་། གཡས་བརྐྱང་དང་། གཡོན་བརྐྱང་དང་། གནས་གཅིག་པ་དང་། འདུག་པ་དང་། བུང་བའི་ཚོགས་དང་། རྒྱ་མཚོ་རླབ་པ་དང་། རི་བོ་ དཔུང་པ་དང་། རྐང་པའི་འཕེན་པ་དང་། མཆོད་སྡོང་གི་ཚུལ་དང་། པུས་མོ་བཙིར་བ་དང་། བསྡུ་བའི་ཚུལ་དང་། མཉམ་དུ་གནས་པ་དང་། དུས་ཀྱི་མེ་དང་། སྙིང་པོ་དང་། དགའ་བས་གནས་པ་དང་། གཅིག་ཏུ་བསྡུ་བའོ། ། རྐང་སྟབས་བསྐྱོད་པ་བཅྭ་བརྒྱད་ནི། །མཆོད་པའི་དུས་སུ་སྦྱར་བར་བྱ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །རྣལ་འབྱོར་པ་ཡིས་མཚོན་པར་བྱ། །སྙིང་གར་བཙིར་བ་དང་། རྐང་པ་སྦྱར་བ་དང་། ཕྲེང་བའི་ཚུལ་དང་། ནུ་མའི་ཚུལ་དང་། གཉི་ག་ སྦྱར་ཏེ་བཟའ་བ་དང་། ཕྱེད་ཀྱིས་འཁྱུད་པ་དང་། ལག་པ་གཉིས་སྦྱར་བ་དང་། གསང་བར་རེག་པ་དང་། ལུས་མཉེ་བ་དང་། ཀོ་སྐོ་ལ་རེག་པའོ། །ལག་པའི་ཐབས་ཉིད་བཅུད་པ་ནི། །ཞལ་ནི་བཞད་ཅིང་སྒེག་པ་དང་། མཚན་ཉིད་སྣ་ཚོགས་ལྡན་པ་ ཡིས། །དེ་ཡིས་ལས་རྣམས་འགྲུབ་པར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །དེ་ཁོ་ན་ཡིས་སོ་སོར་བཟུང་། །གསང་བའི་རྡོ་རྗེ་དང་བྲལ་ན། །དྲིལ་བུས་ཇི་ལྟར་འབྲས་བུ་འགྲུབ། །རྡོ་རྗེའང་དྲིལ་བུ་དང་བྲལ་ན། །རྡོ་རྗེ་སྒྲུབ་པའང་རིང་པར་འགྱུར། །རྡོ་རྗེ་དྲིལ་ བུའི་ཕྱག་རྒྱ་དག །དམིགས་ན་ཕ་རོལ་སྒྲོལ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་དང་། །ཉིན་མོ་ཟླ་བས་ཅི་ཞིག་ནུས། །དེ་བས་རྡོ་རྗེ་དྲིལ་བུ་དག །མཉམ་པ་དེ་ཉིད་གསལ་བར་བྱེད། །ཨཱ་ལི་ཀཱ་ལི་མཉམ་བསྒོམས་ནས། །རྣལ་འབྱོར་ཆེན་པོ་སྒྲུབ་པ་ པོས། །ཨཱ་ལི་རྡོ་རྗེ་ཞེས་བྱར་བརྗོད། །ཀཱ་ལི་དེ་བཞིན་གཤེགས་མ་ཡིན། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །དགོས་པ་ཐམས་ཅད་སྒྲུབ་པར་བྱེད། །སེམས་ཅན་དོན་རྣམས་མ་ལུས་པ། །ལྷ་ཡི་གཟུགས་ཀྱིས་ཕྲི་བར་བྱ། །ཕྱི་རོལ་ཤེས་རབ་ཐབས་ རྣམས་ཀྱིས། །ཇི་ལྟར་འཁོར་བ་སྒྲོལ་བར་འགྱུར། །རྨོངས་པ་ཕྱི་རོལ་སེམས་ལྡན་པས། །དེ་ཡི་དམ་ཚིག་བསྟན་པ་ཡིན། །གསང་བའི་གསང་བ་གསང་བ་ཆེ། །རྟག་ཏུ་གབ་ཅིང་གསང་བ་ཡིན། །གང་ཞིག་ལུང་ནི་ཤེས་གྱུར་པ། །དེ་ཡི་རྣལ་འབྱོར་ བ་རུ་གྲགས། །ཤེལ་ལྡན་དག་པའི་སེམས་ལ་ནི། །དེ་ཡི་ཆོས་ནི་བསྟན་པར་བྱ། །གལ་ཏེ་སེམས་ནི་ཐེ་ཚོམ་ན། །སྐད་ཅིག་གིས་ནི་དམྱལ་བར་ལྟུང་། །འདོད་ལ་དགའ་བ་མ་ཡིན་ཞིང་། །ལོངས་ཕྱིར་ནི་བསྟེན་མི་བྱ། །སེམས་ཅན་དོན་བྱའི་ཕྱིར་དུ་ནི། ། རབ་ཏུ་འབད་པའི་དེ་ཉིད་དམིགས། །གལ་ཏེ་འདོད་དགའི་རྣལ་འབྱོར་པ། །ཐབས་ཀྱི་མཚན་ཉིད་གཅིག་ཡིན་ཏེ། །རང་དགར་སྐད་ཅིག་ཡང་དག་འབྱུང་། །རྡོ་རྗེ་དྲིལ་བུ་སྦྱོར་བའོ། །སྐད་ཅིག་ཚུལ་གྱིས་བསྐྱེད་ནས་ནི། །བདག་གི་རྣལ་འབྱོར་བདག་ཅེས་བརྗོད། ། གསང་བའི་ནང་གི་དབུས་གནས་པར། །ཨཱ་ལིའི་ས་བོན་གཟུང་བར་བྱ། །བདག་ཉིད་སྐད་ཅིག་རྣལ་འབྱོར་ནི། །ཧཱུྃ་ཞེས་བྱ་བ་འབད་དེ་བཟླ། །གང་ཡང་ཅུང་ཟད་ལུས་དང་ལག །ལྷ་ཡི་སྦྱོར་བར་ཐིམ་པར་བྱ། །ཐལ་སྦྱོར་ཕྱོགས་ནི་ཐམས་ཅད་དུ། །རྣལ་འབྱོར་རྣལ་འབྱོར་མ་དབང་གསོན། ། དགྱེས་ཤིང་ཐུགས་ནི་ཚིམ་པ་ཡིས། །འགྲོ་བ་ཐར་པ་དེ་རིང་ཐོབ། །ཨེ་མའོ་ཆོས་ཀྱི་མཆོག་གི་ལམ། །ཨེ་མའོ་འཁོར་བ་གཅོད་པ་པོ། །ཨེ་མའོ་རྣལ་འབྱོར་གྲོལ་བའི་གནས། །ཨེ་མའོ་ངོ་མཚར་རྣལ་འབྱོར་ལམ། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། ། སྨྱུང་བ་མེད་པར་བསྟན་པ་སྟེ། །འདི་ནི་བདེ་བའི་སྒྲུབ་པར་བརྗོད། །བདེ་བས་འཁོར་ལོ་གཅོད་པར་བྱེད། །ལས་ཀྱི་འཁོར་ལོར་ཆོ་ག་རྣམས། །སྒྲུབ་པ་པོ་ཡི་སྣ་ཚོགས་འདོད། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །དྲག་མོའི་གཟུགས་སུ་སྤྲུལ་པར་ བྱ། །དེ་ཡི་གཟུགས་སུ་བསམས་ནས་ནི། །སྔོན་བཞིན་དེ་ཉིད་བསྒོམ་པར་བྱ། །སྔགས་བས་སུམ་འབུམ་བཟླས་ནས་སུ། །བྱི་ནས་ལས་ནི་བསྒྲུབ་པར་བྱ། །ཡི་གེ་གཉིས་འགྱུར་ཐིག་ལེ་དང་། །རྩ་བའི་སྒྲ་ནི་སྦྱར་བར་བྱ། །ཕྱག་འཚལ་སྲེག་པའི་ མཐར་བཞག་པ། །རྣལ་འབྱོར་པ་ཡིས་སུམ་འབུམ་དུ། །བཟླས་པས་སྔོན་དུ་བསྙེན་ནས་ནི། །དེ་ཉིད་ལས་རྣམས་འབད་དེ་སྒྲུབ། །ཡི་དགས་གོས་ལ་སོགས་བཟུངས། །ལྷ་མོ་སེར་མོ་ཚོན་རྩི་བྲིས། །ཕྱག་གཉིས་རོལ་པའི་རྐང་སྟབས་ཅན། །དཀར་ དང་སེར་ལ་འབར་བའི་ལུས། །ཧ་ཧར་བཞད་ཅིང་གཙིགས་པ་སྟེ། །སྐྲ་ནི་ལྷུག་པས་རྣམ་པར་བརྒྱན། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །སྐྱེས་བུའི་པགས་པའི་ན་བཟའ་མནབས། །དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། །སྦྲུལ་གྱི་རྒྱན་གྱིས་ རྣམ་པར་བཀླུབས། །གླང་པོའི་པགས་པའི་ཤམ་ཐབས་ཅན། །ཁ་ཊྭཱྃ་མཆོག་གིས་བརྒྱན་པ་སྟེ། །གཡོན་པ་ཆང་གི་ཐོད་པ་བསྣམས། །ཧཱུྃ་གི་སྒྲ་ཡིས་འཇིགས་པར་མཛད། །འོད་ཟེར་མེ་ལྟར་འབར་ཞིང་གསོལ། །ལྷ་མོ་སེང་གེ་བསྒོམ་པར་བྱ། །ས་ཡི་ དབུས་སོགས་སྦྱོར་བར་བྱ། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །སྔོན་གྱི་མཚན་ཉིད་ལྡན་པ་ཡིས། །གཉིས་མེད་གཏོར་མས་དགང་བར་བྱ། །གལ་ཏེ་འབྱོར་ན་ཡི་དགས་མོ། །ཐ་མལ་མེ་འབར་དབུས་སུ་ནི། །ཡམ་ཤིང་ཐང་ཤིང་ལས་བྱས་པའམ། །ཞོ་ ཅན་ལྔ་ཡི་ཤིང་ལས་བྱ། །མཆོད་པ་སྣ་ཚོགས་རྒྱ་ཆེན་དང་། །ཤ་ཆེན་ལ་སོགས་བསྲེག་པར་བྱ། །སྦྲང་རྩི་ཁྲག་ལ་སྤགས་པ་དག །བརྒྱད་བརྒྱ་རུ་ནི་སྦྱིན་སྲེག་བྱ། །དེ་ལྟར་བསྲེག་པ་ཙམ་གྱིས་ནི། །དེས་ནི་མཚན་མ་སྟོན་པར་འགྱུར། །ཨོཾ་སྨྲཱཾ་ཕྲུཾ་ཕུཿ ཕཊ། སྦྱིན་སྲེག་གི་རྩ་བའི་སྔགས་སོ། །ཐམས་ཅད་སྔར་བསྟན་བཞིན་དུ་བྱ། །དང་པོས་ནི་འགུལ་འགྱུར་ཏེ། །གཉིས་པ་ལ་ནི་བྲིས་གཟུགས་འགུལ། །གསུམ་པ་ལ་ནི་དྲི་ཆེན་འབྱུང་། །བཞི་པར་སེང་གེ་སྒྲ་སྒྲོགས་ཏེ། །ལྔ་པར་བསྒྲུབ་པའི་གྲོགས་ པོར་ནི། །སེང་གེའི་ཚུལ་དུ་བབས་ནས་སུ། །དྲག་པོའི་གཟུགས་ཅན་རྣམ་པར་གཙིགས། །འཇིགས་པའི་སྒྲ་ནི་སྒྲོགས་པར་བྱེད། །དམ་ཚིག་ཕྱག་རྒྱ་སོགས་ཕྱིན་ནས། །གཏོར་མའི་མཆོད་པས་མཉེས་པར་བྱ། །ཇི་ལྟར་འདོད་བཞིན་གནས་རྣམས་དང་། ། བསྟན་ནི་བདག་གིས་མཛད་དུ་གསོལ། །དེ་ནས་ལྷ་མོ་དངོས་བསྟན་ནས། །བདག་གིས་བུ་ཡི་ཅི་ཞིག་བསྒྲུབ། །འབད་དེ་དམ་ཚིག་བྱིན་ནས་སུ། །དེ་ལ་ཕྱག་རྒྱ་བསྟན་པར་བྱ། །དཔའ་བོས་དེ་ལྟར་བྱིན་ནས་སུ། །ད་ལྟར་བདག་གི་འདི་མཛོད་ཅིག །བདག་ ཉིད་ལ་ནི་ལྷ་མོ་འགྲུབ། །ཨོཾ་ཏིཥྛ་མ་མ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་སྭཱ་ཧཱ། སྤྱི་བོར་ལག་པ་བཞག་ནས་ནི། །གསང་སྔགས་འདིར་ནི་བརྗོད་པར་བྱ། །ཤ་དང་ཁྲག་དང་སྲན་ཆན་བཅས། །གཉིས་མེད་གཏོར་མ་དེ་ལ་སྦྱིན། །ཡི་དགས་བགྲོད་པར་གནས་ནས་སུ། ། རྟག་པའི་དུས་སུ་བྱིན་གྱིས་བརླབ། །ལྷ་མིན་ཀླུ་མོ་གནོད་སྦྱིན་མོ། །དྲི་ཟ་མིའམ་ཅི་དང་ནི། །ཡི་དགས་མི་མོ་གང་འདོད་པ། །བཀའ་བཞིན་སྐད་ཅིག་གིས་འགུགས་ན། །ཕྲན་ཚེགས་མི་མོ་སྨོས་ཅི་དགོས། །བཀའ་ནི་བསྒོ་བ་ཙམ་གྱིས་སུ། །ལྷ་མིན་ ཀླུ་ཡི་གནས་དག་ཀྱང་། །གང་ཞིག་དོན་དུ་གཉེར་བ་རྣམས། །མྱུར་དུ་ཁྲིད་ནས་འོང་བར་འགྱུར། །གང་ཡང་དགྲ་རྣམས་གསད་པ་དང་། །བཀའ་བཞིན་དུ་ནི་སྐྲོད་པར་འགྱུར། །ལས་རྣམས་ཀུན་བྱེད་ལྷ་མོ་སྟེ། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། ། སྟག་མོ་ཅེ་སྤྱད་འུག་པ་མོ། །ལས་དེ་ཉིད་ཀྱིས་བསྒྲུབ་བྱ་སྟེ། །དངོས་གྲུབ་དེ་ལྟར་ཤེས་བྱས་ལ། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །དེ་བཞིན་ཉིད་ཀྱིས་སོ་སོར་བཟུང་། །རྡོ་རྗེ་དེ་ཉིད་ཀྱིས་སྦྱར་ཞིང་། །དྲིལ་བུ་ཆོས་ཀྱི་ལྷ་ མོའོ། །ཕྱག་རྒྱ་གཉིས་སུ་ལྡན་པ་ཡིན། །ཀུན་རིག་པས་ནི་ཐམས་ཅད་སྒྲུབ། །སྦྱོར་བའི་གདན་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞི་པའོ།། །།རྣལ་འབྱོར་ཕྱག་རྒྱ་སོགས་མཚན་པའི། །སློབ་དཔོན་དག་ནི་བཟུང་བྱ་བ། །སྔགས་དང་ཕྱག་རྒྱ་སྦྱོར་ སོགས་ལྡན། །འཁོར་བ་ལས་སྒྲོལ་མཉམ་ཉིད་ཀྱི། །ཇི་བཞིན་ལམ་གྱིས་འཁོར་བ་ལས། །སྒྲོལ་བའི་མཚན་ཉིད་རྡོ་རྗེས་ཉོན། །སློབ་དཔོན་ཡོན་ཏན་ཇི་འདྲ་ཞིང་། །བླ་མ་ཞེས་བགྱི་ཇི་ལྟར་ལགས། །སློབ་དཔོན་ཇི་ལྟར་སྦྱར་བར་བགྱི། །བཅོམ་ལྡན་ ཇི་ལྟར་བལྟ་བར་བགྱི། །ཐམས་ཅད་བྱང་ཆུབ་མཚན་ཉིད་ཀྱི། །དེ་ཉིད་ཕྱག་ན་རྡོ་རྗེས་ཉོན། །བྱང་ཆུབ་རྫོགས་པའི་མཚན་ཉིད་དང་། །ལུས་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆ་ཤས་བྱང་ཆུབ་ཡན་ལག་གནས། །དབུ་རྒྱན་རིགས་ནི་ལྔ་ཉིད་དེ། །བ་སྤུ་ རྣམས་ནི་དགྲ་བཅོམ་མོ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་ལྡན་པའི་སྐུར། །རྣལ་འབྱོར་ཅན་ནི་རྟག་ཏུ་བལྟ། །ཡེ་ཤེས་ཅན་ནི་ཤེས་བྱ་བ། །མཚན་ཉིད་གང་ཡིན་བསྟན་ པར་བྱ། །ཤིན་ཏུ་དུལ་ཞིང་ཞི་བའི་གཟུགས། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་མཁས། །རྣལ་འབྱོར་བཟོ་དང་བསྟན་བཅོས་རིག །ཐམས་ཅད་དུ་ནི་སྙན་པར་སྨྲ། །སེམས་ཅན་ཀུན་ལ་བུ་བཞིན་ལྟ། །སྦྱིན་པ་ལ་སོགས་ རྟག་ཏུ་དགའ། །རྣལ་འབྱོར་བསམ་གཏན་མངོན་པར་བརྩོན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་འཚེ་མི་བྱེད། །མཉམ་ཉིད་སེམས་ནི་བསྐྱེད་བས་ན། །སེམས་ཅན་རྣམས་ཀྱི་མགོན་སྐྱོ་བ་ཡིན། །དེ་ཉིད་བཅུ་ནི་ཡོངས་ཤེས་བ། །འདི་ནི་ སློབ་དཔོན་ཞེས་བྱར་བརྗོད། །གཞན་ཡང་སློབ་མས་སྤྱོད་པ་ཡི། །དེ་ཉིད་མཚན་ཉིད་མཉམ་པར་གྱིས། །རྣལ་འབྱོར་མ་ཡི་སྦྱོར་བ་ལྟ། །དམ་ཚིག་སྤྱོད་པ་དང་ལྟ་ཉིད། །གཏོར་མ་གསང་བ་ལས་སོགས་ལྡན། །སློབ་དཔོན་གསང་བ་སྨད་མི་བྱ། །སྨད་ ན་མྱུར་དུ་མནར་མེད་འགྲོ། །ཀུན་ཏུ་དམ་ཚིག་མེད་པ་དང་། །སྟན་དང་མལ་དང་ལྷ་མ་སོགས་དང་། །གདུགས་དང་ན་བཟའ་ཉེར་སྤྱོད་རྣམས། །གྲིབ་མ་འགོམ་ཞིང་བརྫི་མི་བྱ། །བཟློག་དང་གཟིར་བའི་ཚིག་བརྗོད་མིན། །འདས་ན་དེ་ནི་དུས་ཀུན་ཏུ། ། གདོན་གྱིས་འཚེ་བར་འགྱུར་བ་དང་། །ནོར་ཉམས་དཔལ་ལས་རིང་དུ་འགྱུར། །བདུད་དང་སྡང་བས་འཇོམས་པར་བྱེད། །དེ་ཡི་གྲིབ་མ་འགོམ་གྱུར་ན། །མཆོད་རྟེན་བཤིག་པའི་སྡིག་འདྲར་བརྗོད། །སློབ་དཔོན་སྨོད་པར་གང་བྱེད་པ། །རྨི་ལམ་ན་ཡང་ དངོས་གྲུབ་མེད། །སློབ་དཔོན་ཡོན་ཏན་གཟུང་བྱ་ཡི། །སྐྱོན་རྣམས་ནམ་ཡང་གཟུང་བྱ་མིན། །སྔགས་དང་ཕྱག་རྒྱའི་སྦྱོར་ལ་སོགས། །དེ་ཡི་ལམ་གྱིས་འགྲུབ་ཕྱིར་རོ། །བསླབ་པ་སྦྱིན་པ་སྔོན་འགྲོ་བས། །དེ་ནས་མཎྜལ་ལ་སོགས་བྱ། །སྔར་བསྟན་ ཡི་གེ་གཅིག་པ་ཡིས། །སངས་རྒྱས་ལྔ་རུ་བསྟན་པར་བྱ། །དེ་ཡི་རྣལ་འབྱོར་ལྡན་པ་ཡིས། །ལས་རྣམས་འདོད་བཞིན་འགྲུབ་པར་འགྱུར། །སྔགས་ཀྱི་དབང་བསྐུར་ལྡན་པ་ཡིས། །ཡི་གེ་བརྒྱད་པོ་བསྒོམ་པར་བྱ། །གཉིས་མེད་གཏོར་སྦྱིན་དབང་བསྐུར་ བའི། །དེ་ཡིས་ཆོས་ནི་ཤེས་པར་བྱ། །སྦྱོར་བའི་དབང་བསྐུར་ལྡན་པ་ལ། །ཡེ་ཤེས་རྣམ་ཤེས་བསྟན་པར་བྱ། །སློབ་དཔོན་དབང་ནི་བསྐུར་ནས་སུ། །ཐམས་ཅད་གསང་བ་ལ་སོགས་བསྟན། །དང་པོར་སློབ་མས་བྱ་བ་ནི། །བླ་གོས་ཕྲག་པར་གཟར་ ནས་སུ། །པུས་མོ་གཡས་པའི་ལྷ་ང་དག །ས་ལ་ལེགས་པར་བཙུགས་ནས་ནི། །ཐལ་མོ་སྙིང་གར་སྦྱར་བར་བྱ། །བླ་མ་སྟན་ལ་འདུག་ནས་ནི། །རང་གི་ལྷ་རུ་རབ་བསྒོམས་ལ། །ལག་པས་ལག་པ་བཟུང་ནས་ནི། །མཁས་པས་བསླབ་པ་སྦྱིན་པར་ བྱ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སོགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །རྣམ་སྣང་མཛད་དང་མི་བསྐྱོད་པ། །རིན་ཆེན་མཆོག་དང་འཇིག་རྟེན་དབང་། །དོན་ཡོད་གྲུབ་པ་ལ་སོགས་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། ། བདག་མིང་འདི་ཞེས་བགྱི་བ་ནི། །དུས་ཆོད་འདི་ནས་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་པར་དུ། །མ་བསྒྲལ་བ་རྣམས་བསྒྲལ་བགྱི་ཞིང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དེ་ལྟར་རྗེས་སུ་བརྩེ་བའི་ཕྱིར། །བདག་གིས་ཆོས་ཁྲིམས་འདི་ བགྱིའོ། །དེ་ལྟར་ལན་གཉིས་ལན་གསུམ་དུ། །མཉམ་ཉིད་བརྟན་པའི་སེམས་ལྡན་བརྗོད། །ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཱཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ལུས་ཀྱི་ལས་ནི་རྣམ་ གསུམ་དང་། ངག་གི་ལས་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ལུས་བསྡམས་པས་ནི་དམ་ཚིག་བསྲུང་། །སེམས་ནི་མཉམ་ཉིད་ཤེས་ནས་སུ། །ཇི་སྐད་གསུངས་པའི་ཆོས་བཤད་བྱ། །དེ་ནས་རས་ཀྱིས་མིག་ བཀབ་ནས། །གཏོར་མའི་གནས་སུ་གཞུག་པར་བྱ། །ལག་པས་ལག་པ་བཟུང་ནས་སུ། །སླར་ཡང་བསླབ་པ་བསྟན་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་འཁོར་ལོ་ཡི། །སྦྱོར་བའི་ གདན་ལ་བདག་ཕྱག་འཚལ། །དོན་དམ་རྟོགས་མཆོག་སེང་གེ་སློབ་མ་རྣམས་ཤེས་ནས། །རྣལ་འབྱོར་ལྡན་པས་སྒྲིབ་གཡོགས་རྣམས་སུ་དྲལ་བའི་ཕྱིར། །སྲིད་པའི་ཉེས་དམིགས་བསྐྱེད་པའི་ཉོན་མོངས་བཅོམ་ནས་སུ། །རྣལ་འབྱོར་དོན་དམ་གྲུབ་བྱེད་དེ་ ཉིད་རྒྱལ་པོར་འགྱུར། །ཨཱཿནི་ཡིག་འབྲུ་ཀུན་གྱི་མཆོག །གསུང་གི་རྡོ་རྗེར་བྱིན་གྱིས་བརླབ། །ཧཱུྃ་ནི་ཉོན་མོངས་བསྲེག་པ་སྟེ། །ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་བརླབ། །ཨོཾ་ནི་ཡེ་ཤེས་འགུགས་པ་སྟེ། །སྐུ་ཡི་རྡོ་རྗེར་བྱིན་གྱིས་བརླབ། །དེ་ནས་མིག་ཕྱེ་ མཐོང་མ་ཐག །ཀུན་ལ་ཡན་ལག་ལྔས་བཏུད་ནས། །བདག་གི་རང་བཞིན་ལུས་འདི་ཉིད། །སྦྱོར་བའི་གདན་དུ་གདིང་བར་བྱ། །དེ་ནས་མཚན་ཉིད་ཅི་འདྲ་བར། །ལུས་ནི་ཇི་ལྟར་བསྟན་པ་བཞིན། །མཁས་པ་ཡིས་ནི་སྦྱིན་པར་བྱ། །ཇི་ལྟར་བསྟན་ བཞིན་མཚོན་བྱས་ལ། །དེ་ནས་བསླབ་སོགས་ཡང་བྱ་སྟེ། །ཇི་ལྟར་བསྟན་པའི་ཡིད་ཀྱིས་བརྟག །བདུད་རྩི་ལྔ་དང་ལྡན་པ་ཡི། །དམ་ཚིག་ཆུ་ནི་དེ་ནས་སྦྱིན། །ཧ་ཞེས་པ་ཡིས་ཁ་དོག་འཕྲོག །ཧོ་ཡིས་དྲི་ནི་འཇོམས་པར་བྱེད། །ཧྲཱིཿཡིས་ནུས་པ་གཞོམ་ བྱ་སྟེ། །ལ་ལར་སྔགས་ནི་བཟླས་པར་བྱ། །བླ་མའི་ཞབས་ཀྱི་དྲུང་དུ་ནི། །མགོ་བོས་བཏུད་དེ་དབུལ་བར་བྱ། །ཨོཾ་པཉྩ་ཌཱ་ཀི་ནཱི་པཱུ་ཛོ་བསྠཱ་ནཱ་ཡ་ཨཱཏྣཱ་ནཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་ཨཱ་ཙཱརྱ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་སརྦ་སཏྭ་པ་རི་ཏྲཱ་ཎ་ཨརྠཱ་ཡ་ཨཱཏྨཱ་ནཾ་ ནི་རྱཱ་ཏ་ཡཱ་མི། ང་རྒྱལ་དང་ནི་ཁྲོ་བ་དང་། །བརླང་དང་ཚིག་རྩུབ་སྤང་བར་བྱ། །སྡིག་པའི་གྲོགས་པོ་སྤང་བྱ་སྟེ། །སྲོག་གཅོད་རྐུ་བ་དེ་བཞིན་ནོ། །ལོངས་སྤྱོད་ཀུན་ལ་མི་ཆགས་ཤིང་། །བདག་ཉིད་ངེས་པར་ཆོག་ཤེས་བྱ། །གར་གྱི་གནས་དང་ཚུལ་འདྲ་ བའི། །ཕྱི་རོལ་བསྟན་བཅོས་ཞེན་མི་བྱ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ། ཨ་ཨཱ་ཨཾ་ཨཿཧཱུྃ་ཛཿ། རྡོ་རྗེ་ཕྱག་རྒྱ་ལྡན་པ་ཡིས། །ཡན་ལག་དྲུག་གི་ས་བོན་གཟུང་། །གཞན་ཡང་ཆོས་རྣམས་ཐམས་ཅད་ཀྱི། །རྫོགས་པའི་བྱང་ཆུབ་རིམ་པར་བསྟན། ། དེ་ནས་སློབ་མ་འབྱོར་ལྡན་པས། །རྟག་ཏུ་བླ་མ་ཡོན་དབུལ་བྱ། །རང་གི་བུ་དང་ཆུང་མ་དང་། །གཉེན་འདུན་བྲན་ཁོལ་བཅས་པ་དང་། །གླང་ཆེན་རྟ་དང་བ་གླང་ཁྱུ། །རིན་ཆེན་ཁྱིམ་དང་ཞིང་ཡུལ་བཅས། །གསེར་དང་དངུལ་དང་ཟངས་དང་ནི། །གོས་དང་འབྲུ་ ལ་སོགས་པའི་ནོར། །སྟན་དང་མལ་ཆ་ལྷམ་ལ་སོགས། །གདུགས་སོགས་ཉེ་བའི་ལོངས་སྤྱོད་དབུལ། །མཐར་ནི་རང་གི་ལུས་ཉིད་ཀྱང་། །བླ་མའི་ཡོན་དུ་ཕུལ་ནས་སུ། །ཆོས་རྣམས་རང་བཞིན་དག་པ་ཉིད། །དངོས་པོའི་རང་བཞིན་མེད་པ་རུ། །རྫོགས་ པའི་བྱང་ཆུབ་རིམ་པར་བསྟན། །སྔོན་དུ་བཟོད་པའི་ཚུལ་གྱིས་ནི། །སེམས་ཅན་རྣམས་ལ་གཟིར་མི་བྱ། །གཞན་ལ་ཚིག་རྩུབ་སྨྲ་མི་བྱ། །ཐམས་ཅད་མི་དགར་བྱ་བ་མིན། །ཚུལ་ཁྲིམས་སྡོམ་པ་བསྲུང་བ་དང་། །སྐྱེ་བོ་རྣམས་ལ་གནོད་མི་བྱ། །སྲོག་ ཆགས་བསད་པར་མི་བྱ་སྟེ། །དེ་བས་ཤི་བར་འགྱུར་ཀྱང་བླ། །རབ་ཏུ་འབར་མེ་མཚུངས་པས་ན། །གཞན་གྱི་ནོར་ལ་རེག་མི་བྱ། །དངོས་ལ་སྲིད་པའི་བླུན་པོ་རྣམས། །བདག་ཉིད་སྲིད་པ་མི་བཟང་ལྟུང་། །རགས་དང་ཕྲ་མོ་ཙམ་ལ་ཡང་། །རྣལ་འབྱོར་པ་ ཡིས་བརྫུན་བསྲུང་ངོ་། །རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པའི། །དེ་ལ་བརྫུན་སྨྲ་ཡོད་པ་མིན། །སྤྱོད་པ་ལེགས་པར་བསྡམས་པ་དང་། །བཟའ་བཅའ་སོགས་ལའང་ལེགས་པར་བསྡམ། །དགའ་དང་རྩེ་ལ་འང་ལེགས་པར་བསྡམ། །གཏོར་མའི་དུས་སུའང་ ལེགས་པར་བསྡམ། །རྣལ་འབྱོར་དངོས་གྲུབ་འདོད་པ་རྣམས། །སེམས་ཅན་དགའ་བས་འགྲུབ་པར་འགྱུར། །གང་ཞིག་ཀུན་ཤེས་སློབ་མ་ལ། །སེམས་ཅན་སྤྲོ་བ་བསྟན་པར་བྱ། །མཉམ་ཉིད་ཡེ་ཤེས་བསྐྱེད་ནས་ནི། །ཐམས་ ཅད་མཉམ་པར་བལྟ་བར་བྱ། །རྟག་ཏུ་མཉམ་པར་སྤྱོད་པར་བྱ། །རྣལ་འབྱོར་བསམ་གཏན་འབད་པར་བྱ། །སེམས་དམན་པ་སྲེད་པའི་གཞིས། །ཚོང་བྱེད་མྱུ་གུ་འཕེལ་འགྱུར་ཏེ། །དེ་ཡི་མྱུ་གུ་ལྗོན་ཤིང་གིས། །འགྲོ་བའི་འབྲས་ལམ་འགོག་པར་ བྱེད། །མཐོ་རིས་ལོངས་སྤྱོད་འདོད་པ་ཡིས། །ལུས་ཅན་རྣམས་ནི་བྱམས་པས་ན། །དགའ་ཞིང་རྩེ་བའི་ཆོས་སྤྱོད་ཀྱིས། །བདག་ཉིད་སྲིད་པར་ལྟུང་བར་འགྱུར། །མཆོད་རྟེན་ལས་ནི་མི་བྱ་ཞིང་། །གླེགས་བམ་བཀླག་པར་མི་བྱའོ། །ལག་པའི་ཕྱག་རྒྱ་ མི་བཅིང་ཞིང་། །སྔགས་ཀྱི་ཡི་གེ་བཟླ་མི་བྱ། །བསྟན་བཅོས་དག་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །སློབ་དཔོན་དག་གི་ལུང་གིས་ནི། །མཁས་པ་ཡིས་ནི་བལྟ་བར་བྱ། །བདག་གི་ལྷ་དང་གཞན་ལས་ནི། །བདག་གི་ལྷ་ནི་ལྷ་ཡི་མཆོག ། བདག་གི་གཟུགས་སུ་མི་ནུས་པས། །གཟུགས་བརྙན་ལ་སོགས་བྲི་བར་བྱ། །གསང་བའི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་ཕྱེ་བ་དང་པོའོ།། །།དེར་ནི་སྦྱོར་བ་རྙེད་དཀའ་བ། །ཉོན་ཅིག་རྡོ་རྗེ་རྒྱལ་པོ་གཙོ། །དེ་ཉིད་མེད་པའི་སྔགས་པ་ རྣམས། །སྲིད་པ་འཕེལ་བྱེད་འོག་ཏུ་ལྟུང་། །ལུས་པོ་ངོ་མཚར་སྐྱེས་གྱུར་པས། །དེ་ཉིད་ཆོས་ནི་བསྟན་དུ་གསོལ། །རྣལ་འབྱོར་ཀྱི་ནི་ཚད་མ་ཅི། །སྔགས་དང་ཕྱག་རྒྱ་ཇི་ལྟ་བུ། །ཆུ་དང་མེ་དང་རླུང་རྣམས་ཀྱིས། །ལུས་ཀྱི་ཆད་ནི་ཇི་ལྟར་ལགས། ། རྣལ་འབྱོར་པ་ཡི་གཏོར་མའི་ལས། །རབ་ཏུ་སྦྱར་བའི་ཚད་མ་གང་། །གང་གིས་འགྲོ་བ་བསྒྲུབ་པ་ཡི། །མཚན་ཉིད་ཚད་མ་ཇི་ལྟར་ལགས། །མཚོན་བྱའི་ལུས་དང་སེམས་ཀྱི་ཚད། །ཇི་བཞིན་དེ་ཉིད་རྡོ་རྗེས་ཉོན། །བདག་གི་ཁམས་ནི་མི་བརྟན་པས། ། གཏོར་མའི་ལས་དང་བཟླས་པ་དང་། །དཀྱིལ་འཁོར་མེ་དང་ཆུ་ཡི་ལས། །ཕྱག་རྒྱ་གདུགས་སོགས་མཆོད་པ་ཡི། །འབྲས་བུ་ཐོབ་པའི་རྣལ་འབྱོར་པའང་། །སྲིད་པའི་རྒྱ་མཚོར་ལྟུང་བར་འགྱུར། །ཕྱག་ན་རྡོ་རྗེས་ཡང་གསལ་བ། །སྲིད་པ་སོ་སོར་ འབྱུང་བ་རྣམས། །གང་གིས་དེ་ཡི་ཚད་མ་སྟེ། །སེམས་ནི་ཇི་ལྟར་བལྟ་བར་བགྱི། །ཡིད་ནི་ཐེ་ཚོམ་སྐྱེས་པར་གྱུར། །འཁོར་བ་ཁྱོད་ཡིས་དྲིས་པ་ཉོན། །སེམས་ནི་ཡིད་ཀྱིས་བཀྲུས་ནས་སུ། །རང་དགའ་ཡེ་ཤེས་དངོས་མེད་པ། །མཁའ་འགྲོ་རླུང་གིས་ བཅིངས་པ་ཡིས། །སེམས་ནི་གཟུགས་དང་གཟུགས་མེད་པར། །བསམ་གཏན་དམིགས་པས་འགྲུབ་པར་འགྱུར། །འདོད་ལྷ་ལ་སོགས་འདོད་ཅན་རྣམས། །རྟག་ཏུ་འདོད་ཡོན་སྤྱོད་པ་སྟེ། །དེ་ལྟར་འཁོར་བའི་མི་རྣམས་ནི། །རང་འདོད་ས་ལ་སོགས་པ་ འགྲུབ། །དེ་ལས་སྒྲོལ་བའི་དངོས་པོ་རྣམས། །དེ་ཡི་དོན་ནི་གང་ཡིན་པ། །ང་ཡིས་ལེགས་པར་བཤད་པར་བྱ། །རྡོ་རྗེ་འཛིན་གྱིས་མདོར་བསྡུས་ཉོན། །རྣལ་འབྱོར་ཅན་གྱི་རྣམ་ཤེས་དང་། །ལྷན་ཅིག་འགྲོ་བས་འགྲོ་བར་འགྱུར། །རྣམ་ཤེས་རྣམ་པར་ཤེས་ པ་ཡིས། །ཕྱོགས་ཀུན་གྱིས་ནི་གསལ་བར་འགྲུབ། །སེམས་ཀྱི་ངོ་བོ་ཐེ་ཚོམ་པས། །བཅོམ་ལྡན་དེ་ཡང་བཤད་དུ་གསོལ། །ཤེས་རབ་རྣམ་ཤེས་དངོས་རང་བཞིན། །མི་ཤེས་ཡེ་ཤེས་ཇི་ལྟར་ལགས། །རྣམ་ཤེས་ཡེ་ཤེས་མཚན་ཉིད་ཀྱིས། །ཐེ་ཚོམ་ གྱུར་པ་ཉན་པར་འཚལ། །ཤེལ་དང་མཚུངས་པ་དག་པའི་སེམས། །སེམས་ལ་སྐྱོན་དང་ཡོན་ཏན་མེད། །ཡུལ་རྣམས་དང་ནི་སྤྲད་པ་ཡིན། །སྲིད་པའི་སྐྱོན་གྱིས་གོས་པ་ཡིན། །གང་གིས་འདི་ཡི་སྲིད་པའི་དངོས། །ཡུལ་གནས་པ་ཡི་ཞི་གྱུར་ནས། །ཇི་ ལྟར་གནས་བཞིན་རབ་སྦྱོར་བ། །བུ་གའི་སྒོ་རུ་གཟིར་བར་བྱ། །དེ་ཡི་དབུས་སུ་ཤེས་བྱ་བ། །རྟག་ཏུ་རྣམ་ཤེས་ནམ་མཁའ་འདྲ། །ཁ་དོག་མེད་ཅིང་ཐམས་ཅད་མཚོན། །མི་ལྡན་ལུས་ཅན་ལྡན་པ་སྟེ། །གཟུགས་མེད་པ་ནི་ཀུན་གྱི་གཟུགས། །དེ་བཞིན་ ཐུང་ངུ་རིང་པོ་མིན། །སེམས་ཀྱི་དེ་ཁོ་ན་ཉིད་ཀྱིས། །དངོས་མེད་རྫུ་འཕྲུལ་འགྲུབ་པར་འགྱུར། །མཚན་ཉིད་མེད་པའི་སེམས་ཀྱིས་ནི། །མཚན་ཉིད་ཐམས་ཅད་སྟེར་བའོ། །དངོས་པོ་མེད་པར་བསྒོམ་པ་ཡིས། །བསྒོམ་པ་དག་ནི་ མཚོན་པར་བྱ། །གཟུགས་དང་སྟོང་པའི་དབུས་སུ་ནི། །སེམས་ནི་མཁས་པས་ཤེས་བྱ་སྟེ། །ཐམས་ཅད་ཀུན་ནས་དམིགས་པ་ཡིས། །རྣལ་འབྱོར་ལུས་ནི་སྐྱོན་མེད་པའོ། །གསང་ལས་གསང་བ་གསང་ཆེན་པོ། །རྣམ་ཤེས་ཡེ་ཤེས་གསང་བ་དག ། བསྟན་བཅོས་ཀློག་ལ་སོགས་སྦས་ཤིང་། །ཡུལ་གྱིས་མཚན་ཉིད་ལས་ཀྱང་རིང་། །མཚོན་བྱའི་མཚན་ཉིད་དེ་ཉིད་ནི། །བླ་མའི་ལམ་གྱིས་མཐོང་བར་འགྱུར། །སེམས་དང་ལུས་སུ་བཅས་མཉམ་ཞིང་། །སེམས་ཀྱང་གདུང་བར་མི་བྱའོ། །ལུས་ནི་གདུང་ བར་མི་བྱའོ། །ཡིད་དུ་འོང་བའི་ས་ཕྱོགས་སུ། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །བདེ་བའི་སྟན་ལ་གནས་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །ལག་གཉིས་གསང་བའི་གནས་སུ་གཞག །མིག་ནི་སྣ་རྩེར་བལྟས་ནས་སུ། །དབུགས་ ནི་ལྟེ་བའི་རྩ་བར་བཟུང་། །ཐོང་ག་ཀུན་ཏུ་སྤངས་པ་ནི། །དཀྱིལ་འཁོར་ལྟ་བུར་སྦྱར་བར་བྱ། །འབད་དེ་མཉམ་ཉིད་སེམས་ཀྱིས་ནི། །དེ་ཉིད་རང་བཞིན་དག་བྱས་ལ། །ཡིད་ཀྱི་དྲི་ཡིས་བྱུག་པ་དང་། །ཡིད་ཀྱི་མེ་ཏོག་མཆོད་པར་བྱ། །རང་བཞིན་དྲི་ཡིས་ བྱུགས་ནས་སུ། །ཤེས་རབ་སྒྲོན་མས་སྣང་བར་བྱ། །བདུད་རྩིའི་གཏོར་མས་ཚིམ་པའི་ལུས། །ཀུན་ནས་དྲངས་ཏེ་བཟའ་བར་བྱ། །ཁ་དོག་སེར་པོ་འབར་བའི་འོད། །ཀ་ཤ་གཉིས་འགྱུར་ཡི་གེ་སྟེ། །དྲག་མོར་ལྡན་པའི་ས་བོན་ཉིད། །ཚངས་པའི་སྒོ་རུ་ ཤིན་ཏུ་བསྲུང་། །ཐམས་ཅད་གཟུགས་ཀྱི་འཇིག་བྱེད་པ། །དྲིལ་བུ་ཆུ་ཡི་ཡི་གེ་སྟེ། །སྟོང་པར་ལྡན་པའི་ས་བོན་ནི། །སྣ་དང་རྣ་བ་དག་ལ་དགོད། །བདུད་རྩིའི་ཆུ་ཡི་ས་བོན་ནི། །ལྕེ་དབང་རྩེ་མོར་གཟུང་བར་བྱ། །སེང་གེའི་ས་བོན་བརྩེགས་པ་ཡིས། ། རྒྱས་པའི་སྒོ་ནི་བསྲུང་བར་བྱ། །སྟག་མོའི་ས་བོན་བརྩེགས་པ་ཡིས། །ཐོང་ག་ཀུན་ཏུ་གཟུང་བར་བྱ། །ཅེ་སྤྱང་ས་བོན་བརྩེགས་པ་ནི། །སྙིང་གའི་གནས་སུ་གཞག་པར་བྱ། །ལྟེ་བའི་ཚིགས་ནི་གདན་གྱི་སྒོར། །ཕྱུགས་ཀྱི་ས་བོན་གྱིས་བསྲུང་ངོ་། །ལྷ་མོ་ བརྒྱད་དུ་སྦྱར་ནས་ནི། །ས་བོན་བརྒྱད་པོ་གཟུང་བར་བྱ། །དེ་ཡི་མདོག་ནི་དཀར་མོ་སྟེ། །ལུས་ཀུན་ཏུ་ནི་ཤིན་ཏུ་འབར། །སྟེང་གི་མཆེ་པ་གཉིས་ལས་ནི། །དངུལ་ཆུའི་རྒྱུན་དང་འདྲ་བར་དབབ། །འོ་མའི་ཆུ་ཞེས་བྱ་བ་ཡིན། །འཇུག་པས་བརླབས་པའི་ མདོག་ལྟ་བུ། །སྟེང་གི་མཆེ་བ་གཉིས་ཀྱི་ནི། །ལྕེ་ཡིས་བསྟེན་པའི་བདུད་རྩིའི་ཆུ། །ལྕེ་ཆུང་གསང་བའི་ནང་དུ་དབབ། །དཔྲལ་པའི་སྡེ་དང་སྣ་དང་ནི། །རྣ་བ་གཉིས་ཀྱི་རྒྱབ་དག་ཏུ། །ཁ་ཟས་ལྟ་བུའི་དངོས་པོ་ནི། །ཀུན་ནས་དྲངས་ཏེ་གཞག་པར་བྱ། ། མཆོད་རྟེན་སྒོ་རུ་ས་བོན་ནི། །ཧཱུྃ་ཞེས་བྱ་བ་དབང་ཕྱུག་མཆོག །བདུད་རྩིའི་ཆུ་ཡིས་བཀྲུས་ནས་སུ། །ལྷག་མ་འོག་ཏུ་ཐེམ་པར་བྱ། །འོག་ཏུ་རླུང་གི་ས་བོན་གྱིས། །འཁྲུལ་འཁོར་ལྟ་བུར་ཀུན་ནས་དྲངས། །ཆུ་ནི་མཇུག་དེ་རྩིབ་ལོགས་དང་། །དེ་བཞིན་ མཆན་ཁུང་གཉིས་དང་ནི། །དུས་དང་ཡི་དགས་མེ་རྐང་པ། །ཚིགས་རྣམས་ཀུན་དང་སྙིང་ག་ནས། །བདུད་རྩི་བཏུང་བ་གང་ཡིན་པ། །བ་ལང་རྨིག་པར་ཐིམ་ནས་ནི། །སྒོ་གཅིག་ནས་ནི་སྒོ་དགུར་གཞག །ལུས་ཀུན་ལ་ནི་གནས་པ་ཡི། །བདུད་རྩི་ གང་གིས་ཤེས་པ་དག །ལུས་རྣམས་ཐམས་ཅད་སྐྱེ་འགྱུར་བས། །དེ་ཡི་རྣལ་འབྱོར་བརྟགས་པ་ཡིན། །སྙིང་དབུས་ཟླ་བ་བསམ་བྱ་བ། །མདངས་ལྡན་ཤིན་ཏུ་མཛེས་ཤིང་གསལ། །གངས་དང་ཀུནྡ་ཟླ་བ་འདྲ། །ཟླ་བ་དེ་དབུས་འོ་མའི་རྒྱུན། །བདུད་ རྩིའི་ཀུན་རིག་གུག་སྐྱེད་བཅས། །བདུད་རྩིའི་འོད་ནི་ཤིན་ཏུ་བསིལ། །མ་ནིང་རྣམས་ནི་སྤངས་པ་ཡིས། །དབྱངས་ཀྱི་ཡི་གེ་ཐམས་ཅད་ཀྱིས། །ཟླ་བའི་དཀྱིལ་འཁོར་དངོས་རྣམས་ཀྱི། །གནས་རྣམས་ཀུན་ཏུ་བསྐོར་བར་བྱ། །བ་ལང་རྨིག་པའི་སྟེང་དུ་ནི། རྟག་ཏུ་བདུད་རྩི་བཞག་ནས་སུ། །གཟུགས་དང་ཁ་དོག་མཛེས་པ་ཡི། །ཡེ་ཤེས་ལུས་སུ་བསྒོམ་པར་བྱ། །མི་གཡོ་འཚེ་བ་མེད་པ་རུ། །དངོས་པོས་དངོས་པོ་བསྒོམ་བྱས་ལ། །འོ་མའི་ཟླ་བ་ས་བོན་དག །ཕྱག་འཚལ་བསྲེག་པའི་མཐའ་ ལྡན་པ། །མཉམ་གཞག་དངོས་པོས་བཟླས་བྱས་ནས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དབང་པོ་རྣམས་ཀྱི་སྲེད་པ་དང་། །བཀྲེས་སྐོམ་ལ་སོགས་མེད་པར་འགྱུར། །ལོ་ནི་བརྒྱ་ཕྲག་དུ་མར་འཚོ། །གཟུགས་དང་གཟི་བརྗིད་ན་ཆོད་ལྡན། །རིམས་དང་ དུག་ལ་སོགས་པ་དང་། །གྲང་དང་ཚ་སོགས་གནོད་པ་རྣམས། །ཡེ་ཤེས་ཅན་གྱི་ཡེ་ཤེས་ལུས། །ཡན་ལག་ཀུན་ལ་གནས་མི་འགྱུར། །བདུད་རྩིའི་རྩ་བ་དམིགས་པ་ཡིས། །མྱུ་གུ་སྐྱེ་ཞིང་འབྱུང་བར་འགྱུར། །དེ་དང་དེ་ནི་འཕེལ་འགྱུར་བས། །གཟུགས་ དང་ཡེ་ཤེས་བདག་ཉིད་ཆེ། །དེ་ཡི་རྣལ་འབྱོར་གནས་རྣམས་ནི། །སྟོང་པའི་བྲག་ལ་སོགས་པར་བརྟེན། །བདུད་རྩི་གང་གིས་ཤས་པ་ཡིས། །བདུད་རྩིའི་འབྲས་བུ་སྟེར་བར་འགྱུར། །ཇི་ལྟར་བདག་ཉིད་ཀྱི་ནི་སེམས། །ཡེ་ཤེས་ཅན་གྱིས་དེ་ཁོ་ནས། ། དག་བྱ་འཁོར་བའི་ཕ་རོལ་མཚན། །ཡེ་ཤེས་དབང་ལས་ཉན་པར་འཚལ། །གཉིས་མེད་སྔོན་གྱི་སེམས་ཀྱིས་ནི། །འདོད་ཆགས་ཉོན་མོངས་རྒྱ་མཚོ་ཡི། །རང་གི་ལུས་ནི་བཀྲུ་བྱ་བ། །ཡེ་ཤེས་སེམས་དཔའ་མཉན་པར་གྱིས། །རྒྱ་མཚོ་ཟབ་མོ་ལྟ་བུ་ ཡི། །སྟོང་ཉིད་ཡེ་ཤེས་དེ་ཉིད་ཀྱིས། །ཕྱི་ནང་དྲི་མ་བཀྲུས་པས་ན། །ལུས་ནི་ཤེལ་དང་མཚུངས་པར་འགྱུར། །ཤེལ་དང་འདྲ་བའི་ལུས་ཀྱི་དངོས། །དྲི་མེད་དུང་དང་ཀུནྡ་འདྲ། །ཡེ་ཤེས་དབང་པོ་སྣ་ཚོགས་ཀྱི། །ཆོས་ཀྱི་ཚོན་གྱིས་བཙོ་བར་བྱ། །རང་ བཞིན་གྱིས་ནི་རྣལ་འབྱོར་པ། །ཉེས་བྱས་ལེགས་བྱས་ལས་བྱུང་བ། །གང་གིས་རང་བཞིན་ལས་རྒྱལ་བ། །ཡེ་ཤེས་ཀྱིས་ནི་སྣང་བར་བྱ། །སྔོན་གྱི་མཚན་ཉིད་སྟོང་པ་ཡིས། །འགྲོ་བའི་དངོས་ཀུན་ཟད་པར་བྱ། །མཉམ་ཉིད་སེམས་ནི་བསྐྱེད་པ་ཡིས། ། གཟུགས་སོགས་ཐམས་ཅད་ཟད་པ་ན། །དེ་གཉིས་དབུས་སུ་བསམ་བྱ་བ། །ཟླ་བ་འོ་མའི་ས་བོན་ཏེ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །དེ་ཡི་དབུས་སུ་བཏུ་བར་བྱ། །དེ་ཡི་ས་བོན་དེ་ཉིད་ཀྱིས། །འོད་ཟེར་ཕྲེང་བ་བསམ་པར་བྱ། །ས་བོན་དེ་ཉིད་གང་གིས་ནི། །མྱུར་དུ་ ཡེ་ཤེས་སྣང་བར་འགྱུར། །གཟུགས་མཛེས་ཡོངས་སུ་མཛེས་པ་ཡིས། །ཡེ་ཤེས་སྐུ་རུ་དེ་ནས་བསྒོམ། །ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་ནི། །སངས་རྒྱས་སྤྲིན་རྣམས་སྤྲོ་བར་བྱ། །ཕྱག་འཚལ་བསྲེག་པའི་མཐའ་ལྡན་པའི། །ས་བོན་གང་ཞིག་བཟླ་ བ་ནི། །སྡེ་ཚན་གསུམ་པ་གང་ཡིན་པའི། །ཡི་གེ་གསུམ་པ་གཟུང་བར་བྱ། །དབྱུག་པ་སྤྱི་བོ་རྡོ་རྗེ་དང་། །སྐ་བོ་ཆེ་ལ་སོགས་པས་དཀྲི། །སེམས་ནི་མཉམ་ཉིད་བསྒོམས་ནས་སུ། །རྣལ་འབྱོར་ཅན་གྱིས་བཟླས་པར་བྱ། །མི་གཡོ་འཚེ་བ་མེད་པ་རུ། ། དངོས་པོས་དངོས་པོ་བསྒོམ་བྱས་ལ། །རྣལ་འབྱོར་བསམ་གཏན་ལ་འབད་པས། །འོག་མིན་ལ་སོགས་སྣང་བར་བྱ། །འོད་ཟེར་འཕྲོ་བ་སྤྲོས་པ་ཡིས། །ས་འོག་རིམ་པ་བདུན་ཡང་བསམ། །རྣལ་འབྱོར་སྣང་བར་འདོད་པ་ཡིས། །རྟག་ཏུ་སེམས་ཀྱིས་ བསྒོམ་པར་བྱ། །སྙིང་གའི་དཀྱིལ་འཁོར་དབུས་གནས་པར། །ཧཱུྃ་ཞེས་བྱ་བ་དབང་ཕྱུག་མཆོག །སྔོན་གྱི་མཚན་ཉིད་ཀུན་རིག་པས། །ཐམས་ཅད་ཀུན་ནས་ཟད་པར་བྱ། །རླུང་གི་དཀྱིལ་འཁོར་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། ། འོད་ཟེར་སྣ་ཚོགས་འབར་བ་ཡི། །ཡེ་ཤེས་ས་བོན་དེ་དབུས་བསམ། །དེ་ལས་བྱུང་ངའི་ཡེ་ཤེས་ལུས། །ཡེ་ཤེས་མཁའ་འགྲོའི་བདག་ཉིད་དེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨའི་སྟན་ལ་བཞུགས་པ་སྟེ། །སྔོན་གྱི་མཚན་ཉིད་ཀུན་ རིག་པས། །ཡན་ལག་རྫོགས་པའི་སྐུར་བསྒོམས་ལ། །སྙིང་གི་དཀྱིལ་འཁོར་དབུས་གནས་པར། །ཟླ་བའོ་མའི་ས་བོན་བསམ། །ཀུན་ནས་མཉམ་པའི་སེམས་ཀྱིས་ནི། །རྟག་ཏུ་དེ་ཉིད་བསྒོམ་པར་བྱ། །ཁ་དོག་དཀར་པོ་འོད་འབར་ལས། །ཀུན་ཏུ་ རྡུལ་ཕྲན་དཀར་པོས་དགང་། །ཕ་རོལ་དངོས་པོ་དམར་པོ་རུ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨའི་སྟན་ལ་བཞུགས་པ་ཡི། །རྡོ་རྗེ་སེམས་དཔར་བསམས་ནས་སུ། །གང་གི་སྙིང་གི་དབུས་སུ་ནི། །དེ་ཡི་རྣམ་ཤེས་གཟུང་བར་ བྱ། །ཧཱུྃ་ཞེས་བྱ་བའི་ཕྱོགས་བརྒྱད་དུ། །ཁ་དོག་དམར་པོ་བསམས་ནས་ནི། །རྟག་ཏུ་མཉམ་ཉིད་ལྟ་བ་ཡིས། །བློ་ལྡན་ཕ་རོལ་སེམས་ཤེས་བྱ། །ཀུན་ནས་དཔག་ཚད་ཕྱི་རོལ་དུ། །རྣལ་འབྱོར་པས་ནི་གང་བསམས་ན། །དེ་ཡི་བསམ་པ་ཐམས་ཅད་ནི། ། ཡི་གེ་དེ་ཡིས་སྟེན་པར་འགྱུར། །གལ་ཏེ་ཕ་རོལ་ཆ་ཡིས་ནི། །སེམས་ཀྱི་མཚན་ཉིད་ཤེས་འདོད་པས། །གཞན་གྱི་སེམས་ནི་རིག་པ་ཡིས། །ཀུན་ནས་ཐམས་ཅད་ཤེས་བྱས་ལ། །དཔའ་བོ་སེམས་ཅན་ཀུན་དོན་ཕྱིར། །རྣལ་འབྱོར་འདི་ཡིས་སྦྱར་བར་ བྱ། །དེ་ནས་མེ་ཡི་ལས་ཀྱི་བདག །སྦྱོར་བ་ཇི་ལྟར་འཚལ་བར་བགྱི། །ཡེ་ཤེས་མེ་ཡི་བདག་ཉིད་ལ། །སྦྱིན་སྲེག་མཚན་ཉིད་ཇི་ལྟར་ལགས། །ཐམས་ཅད་སེམས་ཀྱིས་བྱིན་བརླབས་པས། །སྐྱེ་བོའི་ལུས་ཅན་ཡེ་ཤེས་མེ། །ཐམས་ཅད་ཡེ་ཤེས་བྱིན་ བརླབས་པ། །མེ་ཡི་དེ་ཉིད་མཉམ་པར་གྱིས། །བདག་ཉིད་སེམས་ཀྱིས་བསྲེགས་པས་ནི། །རྣལ་འབྱོར་ཅན་གྱིས་སྦྱིན་སྲེག་བྱ། །མདུད་པའི་ལྟེ་བའི་དབུས་ཉིད་ཀྱི། །དངོས་སུ་སོར་ནི་བདུན་པ་སྟེ། །མེ་ཡི་ཐབ་ཀྱི་གནས་ཡིན་ལ། །ཀླུ་དབང་འཁྱིལ་བའི་ བསྐོར་བ་ཡིན། །ཡི་གེ་ཐམས་ཅད་འབར་བར་བྱ། །དེ་དབུས་པདྨ་རིག་པ་ཡིས། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་ལུས་ནི་འབར་བར་གཟུང་། །མདུད་པའི་མེ་ལ་དཀར་པོ་རུ། །རྡོ་རྗེ་མཁའ་འགྲོ་ཐིམ་པར་བྱ། །གཡས་ཀྱི་ཆ་ཡི་ལོགས་སུ་ ནི། །དྲག་པོ་ཐིམ་བྱ་མེ་དང་འདྲ། །ལྟེ་བ་དམར་བོ་འབར་བ་ལ། །ལྷ་མོའི་རྩེ་མོ་རོ་ལངས་མ། །གཡོན་ཕྱོགས་ཆ་ནི་སྔོན་པོ་ལ། །དྲག་ཏུ་འབར་བ་གཏུམ་མོ་སྟེ། །མེ་ལྔ་ཡི་ནི་བདག་ཉིད་རྣམས། །གཟུགས་མཛེས་མཐེ་བོའི་ཚད་དུ་བལྟ། །ཆུ་དང་མེ་དང་ རླུང་དང་ནི། །ས་དང་ཡེ་ཤེས་རྣམ་པ་ལྔ། །ལྷ་མོ་ལྔ་ཡི་བདག་ཉིད་ལ། །སྦྱིན་སྲེག་ཆོ་གའི་མཆོག་ཡིན་ནོ། །བཅུ་དང་བརྒྱད་ཀྱི་རྩ་རྣམས་ནས། །དུས་སུ་བདུད་རྩི་དམིགས་པར་བྱ། །བ་ལང་རྨིག་པའི་དབུས་སུ་ནི། །འཛག་པ་དེར་ནི་ཐིམ་པར་བྱ། །མེ་ ཡི་དབུས་སུ་བསྲེག་པའི་གཞི། །དབྱངས་ཡིག་དང་པོ་སོགས་ས་བོན། །འདི་ལྟར་དེ་ཁོ་ན་བསྒོམས་ནས། །བདག་ཉིད་རྒྱས་ཕྱིར་བསྲེག་པར་བྱ། །ཅུང་ཟད་བཟའ་དང་བཏུང་ལ་སོགས། །རུང་བར་བྱས་ནས་བཟའ་བར་བྱ། །འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། ། བུ་ལོན་དུ་ཡང་མི་འགྱུར་རོ། །གསང་བའི་གདན་གྱི་རབ་ཏུ་བྱེད་པ་ལས་རིམ་པར་བྱེ་བ་གཉིས་པའོ།། །།སྤྲེའུ་འདྲ་བར་མི་གནས་པ། །མཉམ་ཉིད་གང་གིས་སྦྱར་བར་བགྱི། །ལུས་ཀྱི་སྦྱོར་བའི་མཚན་ཉིད་རྣམས། །ལྷ་ལ་རོལ་མོ་ཉན་པར་འཚལ། ། འབྱུང་བ་ཡི་ནི་ཁྱད་པར་དང་། །གསང་བ་རྡོ་རྗེ་ཆེན་པོས་ཉོན། །སེམས་ནི་མཉམ་པར་གནས་པ་སྟེ། །ཉེ་བར་ཞི་ནས་ཀ་ལིར་འཇུག །ལུས་ལས་སྤུ་རྣམས་སྐྱེ་བ་ནི། །ཀུན་ཏུ་ཆུ་ཡི་ཚད་མ་སྟེ། །ཆུ་ལ་ལུས་ནི་མ་ཡིན་ཏེ། །ལུས་ལ་ཆུ་ཡི་ཚད་མ་ཡིན། །ལུས་ ཀུན་ལས་ནི་ཁྱབ་པས་ན། །བློ་ལྡན་ཆུ་ནི་ཚད་མའོ། །ལུས་ནི་རྡོ་རྗེ་ལྷ་མོ་ཡིན། །ལུས་ཀྱི་ཡན་ལག་ཐམས་ཅད་ལ། །མེ་འབར་ལྟ་བུར་དྲོ་བ་སྟེ། །ཁ་ཟས་སྨིན་པའི་ཚད་མ་ཡིས། །མེ་ནི་ཙད་མར་རབ་ཏུ་གྲགས། །ཡན་ལག་ཐམས་ཅད་ཁྱབ་པ་ཡི། །མེ་ནི་ ཀུན་རིག་དམར་ཡིན་པས། །ལུས་ནི་དྲག་མོར་བསྟན་པ་སྟེ། །བདག་ཉིད་ཚད་མང་རབ་ཏུ་གྲགས། །བུ་གར་ཟླ་བ་འདྲ་གནས་པས། །རླུང་གིས་ལུས་ཀུན་ཁྱབ་པ་སྟེ། །དབུགས་རྒྱུ་བ་ཡི་ཚད་མ་ཡིས། །མཁས་པས་སེམས་ནི་ཚད་མར་གྲགས། །ལུས་ལ་བརྟེན་ བའི་སྦྱོར་བ་ཡིས། །དབུགས་ནི་གང་གིས་ཤེས་ནས་སུ། །ཐམས་ཅད་ལྷ་མོ་རོ་ལངས་མར། །མཁས་པ་ཡི་ནི་ཤེས་པ་ར་བྱ། །ས་ནི་ཀུན་གྱི་གནས་ཡིན་ཏེ། །གཟུགས་སོགས་དབང་པོ་ཡོན་ཏན་ལྡན། །གཟུགས་ལ་སོགས་པ་སྣང་བ་ན། །ས་ནི་ཚད་ མའི་གནས་ཡིན་ནོ། །མཛེས་མ་ཞེས་བྱ་རབ་ཏུ་གྲགས། །དེ་ནི་ལྷ་མོ་གཏུམ་མོ་སྟེ། །ཀུན་གྱི་གཙོ་མོར་རབ་ཏུ་གྲགས། །ཡིད་ནི་ཐེ་ཚོམ་གཅོད་པ་སྟེ། །བྱེད་པོ་སྡུད་པོ་ཟ་བོའང་ཡིན། །དབང་པོ་ཀུན་གྱི་སེམས་རྣམས་ཀྱི། །མཚན་ གཞི་མཚན་ཉིད་ཤེས་པར་བྱ། །དབང་རྒྱལ་ཉེར་སྦྱོར་ལོངས་སྤྱོད་པ། །ཡུལ་ལ་སོགས་པ་ཉེར་སྤྱོད་ཀྱི། །རྣལ་འབྱོར་ཚད་མ་མཁས་པ་ཡིས། །ལུས་ལ་ཡེ་ཤེས་བསྟེན་པར་བྱ། །སེམས་ལས་ཆུ་ནི་བྱུང་བས་ན། །རྣམ་ཤེས་ཆུ་རུ་གྱུར་པ་སྟེ། །གལ་ཏེ་ ཆུ་ནི་གཞན་ཡིན་ན། །ཅི་ཕྱིར་ཞེན་ཆུ་མི་འབྱུང་། །ལུས་ལ་ངེས་པར་དྲོད་ཡོད་ན། །ཆུ་ཡི་ནང་དུ་བྱིང་མི་འགྱུར། །ལུས་ལ་ཚད་མ་ལྔ་ཡོད་པས། །ལྔ་པོ་གཅིག་གི་བདག་ཉིད་འགྱུར། །མཚན་ཉིད་གཅིག་ཏུ་ཤེས་བྱས་ནས། །རྣལ་འབྱོར་བ་ཡིས་འགྲོ་བ་བརྟག ། དེ་ཡི་མཚན་ཉིད་ཤེས་བྱའི་ཕྱིར། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །དེ་ཉིད་རྣལ་འབྱོར་གྲོགས་ཀྱིས་ནི། །འཁོར་བའི་ཕ་རོལ་རྒལ་བར་འགྱུར། །ཡུལ་དང་དབང་པོའི་ཡེ་ཤེས་ནི། །གཟིར་དང་བཅས་པས་སྡོམ་པར་འགྱུར། །སྒོང་སྐྱེས་ཁྱིམ་གྱི་ གནས་སུ་ནི། །དབུས་སུ་གནས་པ་བཅིང་བར་བྱ། །འབྱུང་དང་འབྱུང་མིན་སེམས་ཀྱིས་ནི། །གཡོ་བའི་དངོས་པོ་བསྐོར་བར་བྱ། །བཅིང་བའི་གནས་དང་སྟན་དག་ནི། །རྣམ་ཤེས་པདྨའི་སྟན་ལའོ། །རྣལ་འབྱོར་པ་ཡིས་དེ་ཡི་ཕྱིར། །རྣམ་ཤེས་རང་བཞིན་ མཚོན་པར་བྱ། །གཟུགས་ཞེས་བྱ་བའི་དངོས་པོ་ཡིས། །རྣལ་འབྱོར་གྲུབ་པར་བྱ་བའི་ཕྱིར། །རང་བཞིན་ཞེས་བྱའི་དངོས་པོར་འགྱུར། །ལྟེ་བར་ཆུ་ཤིང་མེ་ཏོག་ནི། །སྙིང་གར་ཡང་ནི་འགྲེང་སྟེ་གནས། །རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །མཁས་པས་ རྟག་ཏུ་བཟློག་པར་བྱ། །གསེར་དང་ནི་ལྡན་པ་ཡི། །རྟག་ཏུ་འདབ་མ་བརྒྱད་དུ་འགྱུར། །དེ་དབུས་རྟག་ཏུ་གསུངས་པ་ནི། །ཡེ་ཤེས་རྣམ་ཤེས་སྦྱོར་བ་སྟེ། །སྦྱོར་བ་ཡི་ནི་ཤར་ཕྱོགས་ཆར། །དེ་དང་མཐུན་པའི་སོར་བྲུག་པའོ། །མདུད་པ་ཡི་ནི་ནུབ་ ཕྱོགས་ཆར། །འོག་ཏུ་སོར་ནི་ལྔ་པའོ། །ཞིང་དེ་ལ་ནི་ས་བོན་དང་། །འོད་ཟེར་ཚོགས་ཀྱི་མྱུ་གུར་འགྱུར། །ས་བོན་དེ་ཡི་འོད་ཟེར་གྱིས། །ཆུ་ཤིང་ལྟ་བུར་བསྐོར་བར་བྱ། །རྒྱས་པ་ལྔ་ཡི་ས་བོན་ལ། །ལྷོ་ཡི་འོག་ནས་དགར་བར་བྱ། །པདྨོ་མཛེས་པ་ བཀས་པ་ཡིས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །པདྨོ་དེ་ཡི་སྟན་ལ་ནི། །སྒོང་སྐྱེས་ཡེ་ཤེས་གནས་དག་ལ། །དབུས་སུ་ཤེལ་ལྟར་དག་པ་ཡིས། །ཡེ་ཤེས་རྣམ་ཤེས་དབུ་མ་ཉིད། །མཁའ་འགྲོ་མ་བཞིའི་ས་བོན་རྣམས། །ཕྱོགས་ཀྱི་འདབ་ མར་གནས་པ་སྟེ། །དབྱངས་ཡིག་དང་པོ་སོགས་ས་བོན། །མཚམས་སུ་སེན་མོ་ལ་སོགས་པའི། །མ་ནིང་ཡི་གེ་སྔར་བསྟན་བཞིན། །སྙིང་གར་དངོས་པོ་དངོས་པོ་ཡིས། །སྙིང་གར་ཡི་གེ་བལྟ་བར་བྱ། །བ་ལང་རྨེག་པའི་སྟེང་དུ་ནི། །སྒོ་དགུ་པ་ཡི་བདུད་རྩི་ ཡིས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བཀྲུ། །ཡི་གེ་དཀར་པོ་བརྒྱད་པོ་རྣམས། །བདུད་རྩིའི་ཡི་གེ་དཀར་པོ་ཡི། །འོད་འབར་པ་སྤུའི་ཁུང་ནས་སྤྲོ། །རྣལ་འབྱོར་ཅན་གྱིས་ཐམས་ཅད་དུ། །འགྲོ་དང་འཆག་དང་འདུག་པ་དང་། །ཉལ་བ་ལ་སོགས་དུས་ཀུན་ཏུ། ། ཡེ་ཤེས་རྣམ་ཤེས་ས་བོན་བཟླས། །ཤིན་ཏུ་མཉམ་གཞག་སེམས་ཀྱིས་ནི། །རྣལ་འབྱོར་ཅན་གྱིས་བསྒོམས་བཟླས་ན། །ཡེ་ཤེས་ལས་བྱུང་རྣལ་འབྱོར་པ། །འཁོར་བའི་ཕ་རོལ་རྒལ་བར་འགྱུར། །གཡོ་བ་མེད་ཅིང་འཚེ་མེད་པར། །དངོས་པོས་ དངོས་པོ་བསྒོམ་པར་བྱ། །གོང་དུ་འཕོ་བའི་སྦྱོར་མཚན་ཉིད། །ཇི་བཞིན་རྡོ་རྗེས་མཉན་པར་གྱིས། །ལམ་བཟང་པོ་ཡི་རྣལ་འབྱོར་པ། །འགྲོ་བ་མཛེས་པ་བལྟ་བར་བྱ། །སྒོ་དགུ་པོ་ནི་ཇི་ལྟ་བུ། །ཡེ་ཤེས་སྒོ་ཡི་བྱེ་བྲག་གིས། །ཡོན་ཏན་སྐྱོན་རྣམས་ཇི་ལྟ་བུ། ། ཡེ་ཤེས་དབང་ལས་ཉན་པར་འཚལ། །འཆི་བའི་དུས་ཀྱི་ཚད་མ་རྣམས། །ཡང་དག་རབ་སྦྱོར་མཉན་པར་གྱིས། །ལམ་བཟང་པོ་ཡིས་མཛེས་པའི་གནས། །ལམ་ངན་སྲིད་པའི་སྐྱོན་གྱིས་གོས། །ཐིག་ལེ་ལྟེ་བ་སྤྱི་གཙུག་དང་། །མིག་དང་སྣ་དང་རྣ་སྲིད་སྒོ། །ཆུ་ དང་ཆུ་མིན་སྒོ་ཡིན་ཏེ། །སྒོ་དགུ་ཡི་ནི་མཚན་ཉིད་ཡིན། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། །ཐིག་ལེས་གཟུགས་ཁམས་ཀྱི་ལུས་ཅན། །སྟེང་ནས་སྟེང་དུ་གནས་དེ་རུ། །མི་གདུང་ལ་སོགས་དེ་རུ་འགྲོ། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། ། རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྲོ། །སྲིད་པའི་སྒོ་ཡིས་ཡི་དགས་ཏེ། །དེ་བཞིན་གཅི་བས་དུད་འགྲོའོ། །ཆུ་མིན་རྣམ་ཤེས་མྱུར་བ་རུ། །དམྱལ་བ་བརྒྱད་དུ་ཤེས་པར་བྱའོ། །སྒོ་རྣམས་ཀྱི་ནི་བྱེ་ བྲག་གིས། །འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །དེ་བས་སྒོ་ཡི་བྱེ་བྲག་ལས། །སྒྲུབ་པོས་ལམ་ནི་བཟང་པོ་སྟེ། །འཆི་བའི་མཚན་མ་སྟོན་པ་དང་། །འཆི་བའི་དུས་ལ་བབ་པ་ན། །རིམས་ལ་སོགས་པས་མ་ཕོག་པར། །གོང་དུ་འཕོ་བ་སྦྱོར་བའི་མཆོག ། སྔོན་དུ་བུམ་པ་བརྩམས་པ་ཡིས། །སྒོ་རྣམས་ཐམས་ཅད་བཅིང་བར་བྱ། །རྒྱས་པ་ལྔ་ཡི་མཆོད་རྟེན་གྱིས། །སྒོ་ནི་དགག་པ་བསྒོམ་བྱ་སྟེ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་པོ་བསམ། །ཆུ་དང་ཆུ་མིན་སྒོ་ལ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །སེམས་ནི་རླུང་གི་དཀྱིལ་འཁོར་ལ། །རྩ་བ་རླུང་གི་ས་བོན་ནོ། །རླུང་གི་མཐའ་ནི་རྩ་བ་ཅན། །ཐིག་ལེ་སྒྲ་དང་ལྡན་པ་ཡི། །རྩ་བའི་ས་བོན་དྲང་བར་བྱ། །རྡོ་རྗེའི་ ས་བོན་དྲག་མོ་ཡིས། །ལྕགས་ཀྱུ་ལ་སོགས་སྦྱར་བར་བྱ། །ཉི་ཤུ་རྩ་གཅིག་དབུགས་རྣམས་ཀྱིས། །གནས་ནས་དྲག་ཏུ་དྲང་བར་བྱ། །གནས་དང་གནས་ནས་སྟེང་དུ་དབྱེ། །ཚིགས་དགུ་ལས་ནི་སྟེང་དུ་བྱ། །སྟེང་དུ་སྨིན་པའི་ས་བོན་དང་། །ཡི་གེ་ཕྱེད་དང་ གཉིས་ཀྱིས་སྦྱང་། །དྲག་མོའི་ང་རོ་བརྗོད་བྱ་སྟེ། །བརྒྱད་ཀྱི་མཐའ་ཡི་ས་བོན་ལ། །སྡེ་ཚན་དང་པོའི་དབང་པོ་ནི། །ཡི་གེ་ཕྱེད་དུ་སྦྱར་བར་བྱ། །འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས། །སྒྲ་ཡི་དབྱེ་བས་བསྐུལ་བར་བྱ། །རླུང་གི་ས་བོན་ལྡན་པ་ཡི། །རླུང་གི་དཀྱིལ་ འཁོར་བསམས་ནས་ནི། །ཉི་ཤུ་རྩ་གཅིག་གནས་རྣམས་ནས། །གོང་ནས་དེ་བཞིན་སྟེང་གནས་སུ། །རྣལ་འབྱོར་པ་ཡིས་སྨིན་བྱས་ལ། །སྟེང་གི་རྩ་ལ་བཟླ་བར་བྱ། །ཚིགས་དགུ་ལས་ནི་སྟེང་གཞན་གྱིས། །མོད་ལ་འཕོ་བར་ཤེས་བྱ་སྟེ། །ཉིན་རེ་བྲམ་ཟེ་ གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་འཕྲོག་འདོད་ལ་སྤྱོད་པ་དག །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨ་དྲི་མེད་ཡིད་འོང་བ། །དེ་ བཞིན་ལུས་ཀྱི་འདམ་ལས་ནི། །ཡེ་ཤེས་སྐུ་ནི་འདོད་བཞིན་འགྲོ། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །དེ་བས་ལུས་ལ་མཚན་མ་རྣམས། །མཐོང་ནས་མཁས་པས་སྦྱོར་བ་བརྩམ། །རྣལ་འབྱོར་བསྒྲུབ་པའི་ཁྱད་པར་གྱི། ། དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །སྔར་གྱི་མཚན་ཉིད་ཀུན་རིག་པས། །མཉམ་ཉིད་སེམས་ནི་བསྒོམ་པར་བྱ། །སྙིང་གའི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་ལྔ་ཡི་ས་བོན་བསམ། །དེ་འོད་ཉི་མར་འབར་བ་ཡིས། །གཟུགས་རྣམས་ཟད་པར་བསམས་ནས་ནི། ། སྔོན་བཞིན་མཚན་ཉིད་ལྡན་པ་ཡིས། །སྔར་བསྟན་སྟོང་ཉིད་བསམ་པར་བྱ། །གཟུགས་སོགས་ཐམས་ཅད་བཅོམ་ནས་ནི། །ཧཱུྃ་ཞེས་བྱ་བ་གནས་པར་བསམ། །ས་བོན་གྱིས་ནི་བསྐྱེད་བྱ་བ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །པདྨའི་སྟན་ལ་བཞུགས་པ་ཡི། ། ཡེ་ཤེས་མཁའ་འགྲོའི་བདག་ཉིད་ནི། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །སྤྱན་གསུམ་ཅོད་པན་གྱིས་བརྒྱན་ཞིང་། །བཞད་དང་ཁྲོ་དང་སྒེག་པ་སྟེ། །རྒྱན་རྣམས་ཀུན་གྱིས་བཀླུབས་པ་ཡི། །ཀུནྡ་ཟླ་བ་ལྟར་དཀར་ཞིང་། །ཤིན་ཏུ་མཛེས་པའི་ན་བཟའ་མནབས། ། སེམས་དཔའི་སྐྱིལ་ཀྲུང་གནས་ནས་ནི། །སངས་རྒྱས་སྤྲིན་རྣམས་སྤྲོ་བ་མཛད། །གཡས་ཀྱི་དང་པོ་མདའ་ཡིན་ཏེ། །གཉིས་པ་ཡིས་ནི་ལྕགས་ཀྱུ་བསྣམས། །གསུམ་པ་ནི་རྡོ་རྗེ་ཉིད། །གཡོན་པ་ཁྲོ་བོའི་སྡིགས་མཛུབ་སྟེ། །གཉིས་པ་འཇིགས་པའི་ཞགས་པ་ ཐོགས། །གོ་ཆའི་གཞུ་ནི་སྟེང་ན་བསྣམས། །འོད་ཟེར་སྣ་ཚོགས་འབར་བ་རུ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །ཡན་ལག་བརྒྱད་དུ་རབ་འབད་ནས། །ས་བོན་བརྒྱད་ཀྱི་ཡི་གེ་དགོད། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །ས་བོན་ཇི་བཞིན་པ་ཏུ་ བར་བྱ། །འོད་ཟེར་ལྡན་པའི་ས་བོན་རྣམས། །ཀུན་ཏུ་ཁ་དོག་དཀར་པོར་བྱ། །ཆུ་ཤིང་མེ་ཏོག་པདྨོ་ལ། །སྙིང་གར་སྒོང་སྐྱེས་གཞག་པར་བྱ། །དེ་ཡི་དབུས་སུ་རྣམ་ཤེས་དང་། །ཡེ་ཤེས་ལྷན་ཅིག་ལྡན་པར་ནི། །མི་གཡོ་འཚེ་བ་མེད་པ་རུ། །དངོས་པོས་ དངོས་པོ་བསྒོམ་པར་བྱ། །དེ་ནས་ཕྱི་རོལ་སྦྱོར་བ་ནི། །མཁས་པ་ཡིས་ནི་གཟུང་བར་བྱ། །གནས་གཉིས་དག་ནི་བསམས་པ་ནི། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་སུ་མེ་ཡིན་ཏེ། །མེ་ཡི་དབུས་སུ་ཉི་མ་ལ། །ཨཱ་ལི་ཀཱ་ལིར་ལྡན་པ་ཡི། །དེ་ཡི་ ས་བོན་དམར་པོར་ད་གོད། །རྣལ་འབྱོར་པ་ཡིས་ཁྱད་པར་དུ། །འབྱུང་དང་འཇུག་པས་བཟླས་པར་བྱ། །འབྱུང་བ་ཡེ་ཤེས་ས་བོན་གྱིས། །དབུས་སུ་བསྣུན་དང་ལྡན་པར་བྱ། །འཇུག་པས་སྙིང་གི་རྣམ་ཤེས་ལ། །མེ་ཏོག་ལྟ་བུར་བསྣ