Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
ས་པའི། །སྦྱིན་སྲེག་རྣམས་ཀྱི་ཐབ་བའོ། །ཟླུམ་པོ་ཞི་བ་ཡི་ནི་ཐབ། །གྲུ་བཞི་པ་ནི་རྒྱས་པ་ལ། །གྲུ་གསུམ་པ་ནི་དབང་ལས་ལ། །མངོན་སྤྱོད་ལ་ནི་ཟུར་དྲུག་པ། །ཟུར་བདུན་པ་ནི་བསྐྲད་
པ་ལ། །སྡང་བར་བྱ་ལ་གྲུ་བརྒྱད་པ། །ཟུར་དགུ་པ་ནི་རེངས་པ་ལ། །གསད་པ་ལ་ནི་ཟུར་ལྔ་སྟེ། །ལས་ཐམས་ཅད་ལ་ཟུར་བཅུ་པ། །ཁ་དོག་རང་བདག་སྦྱོར་བས་སོ། །རང་གི་བདག་གྱུར་མཚན་མ་ནི། །ཐབ་རྣམས་ཀྱི་ནི་དབུས་སུ་བྱ། །འཁོར་པད་རྡོ་རྗེ་
དང་གྲི་གུག །རལ་གྲི་རིན་ཆེན་སྣ་ཚོགས་རྡོར། །མདའ་གཞུ་དེ་བཞིན་ཐབ་ལ་ནི། །ཕྲེང་བ་དེ་རྣམས་སུ་བྱའོ། །ཁྲུ་གཅིག་པ་དང་ཁྲུ་གཉིས་པ། །ཁྲུ་ཕྱེད་དེ་ཡི་ཕྱེད་དང་ནི། །སླར་ཡང་ཁྲུ་གཉིས་གསུམ་དང་བཞི། །ལྔ་དྲུག་བདུན་དང་བརྒྱད་དང་དགུ། །ཁྲུ་བཅུ་རུ་
ནི་ཡང་དག་བཤད། །ཐབ་ཀུན་ཇི་ལྟའི་རིམ་པས་སོ། །ཡམ་ཤིང་དང་ནི་རྫས་རྣམས་དང་། །སྲེག་བླུགས་མེ་ཏོག་ཐམས་ཅད་དང་། །ཕྱི་ནང་བདག་ཉིད་སྦྱོར་རྣམས་ཀྱིས། །རང་རང་གི་ནི་ལས་བྱའོ། །མངོན་པར་བརྗོད་པར་བཤད་པའི་ལས། །རྩ་བའི་སྔགས་སོགས་
ཐམས་ཅད་ཅན། །དེ་ཡི་སྦྱོར་བའི་ཆོ་གའི་ལས། །རྒྱུད་རྣམས་ཀུན་དུ་ཤེས་བྱེད་དོ། །ཅུང་ཟད་འཆད་པར་འགྱུར་ཉིད་དུ། །རྒྱུད་ཐམས་ཅད་ཀྱི་བཤད་པར་བྱ། །ཟླུམ་པོ་ལྟེ་བར་སྐྱེས་པའི་ཐབ། །སྙིང་ག་རུ་ནི་གྲུ་བཞི་པ། །ནོར་བུའི་བུ་གར་གྲྭ་དྲུག་པ། །མགྲིན་པར་གྲྭ་

ནི་བདུན་པ་སྟེ། །ཟུར་བརྒྱད་པ་ནི་མགོ་བོ་ལ། །ཟུར་དགུ་རུ་ནི་སྨིན་དབུས་སུ། །གཙུག་ཏོར་དུ་ནི་ཟུར་ལྔ་པ། །ཟུར་བཅུ་པ་ནི་དབྲལ་བར་ཏེ། །རླུང་ལས་བྱུང་བའི་རྩ་བ་ཅན། །བསྲེག་རྫས་ཁམས་རྣམས་ཐམས་ཅད་ནི། །རླུང་འབབ་པ་ལ་བསྲེག་པར་བྱ། །དེ་ཉིད་དུས་སུ་ཕྱི་རོལ་གྱི། །
བློ་ལྡན་གྱིས་ལས་ཆུང་ངུའོ། །ལ་ལ་ནཱ་དང་ར་ས་ནཱ། །དགང་གཟར་བླུགས་གཟར་གཉིས་དེ་བཞིན། །མར་སྣོད་ཨ་བ་དྷཱུ་ཏཱི་སྟེ། །ཐབ་ནི་དེའི་བར་བར་དག་ཏུའོ། །ལས་ཐམས་ཅད་པའི་སྦྱིན་སྲེག་ནི། །འཇིག་རྟེན་འདི་ལ་བྱ་བ་ཡིན། །དེར་ནི་རྫས་རྣམས་ཐམས་ཅད་ཀྱི། །ཐེ་ཙོམ་
མེད་པར་བསྲེག་པར་བྱ། །དགང་གཟར་ཁྲུ་གང་དུ་འགྱུར་ཏེ། །རྒྱར་ནི་སོར་མོ་བཞི་པ་ལས། །དེར་ནི་སོར་མོ་གཉིས་བརྐོ་བྱ། །མཆུ་ཡི་སྤུག་མོ་སོར་མོ་ཕྱེད། །དབུས་སུ་རྡོ་རྗེ་པདྨ་དང་། །མཆུ་སྤུག་རྡོ་རྗེ་ལྡན་པ་ཅན། །རྩ་བར་རྡོ་རྗེ་སོར་དྲུག་པ། །ཡུ་བའི་སྟེང་དུ་དགང་གཟར་སོགས། །
བླུགས་གཟར་ཀྱང་ནི་དེའི་ཚད་ལ། །སྟེང་དུ་པད་འདབ་ལྟ་བུ་ཡིན། །གང་གི་ཐབ་རྣམས་ཀྱི་ནི་ཚད། །ཁྲུ་གང་པའམ་ཁྲུ་དོ་པ། །དེའི་ཕྱེད་ཐུར་དུ་བརྐོ་བྱ་བ། །བཅུ་པོ་རྣམས་ལ་རབ་ཏུ་བཤད། །ཐོག་མ་དང་ནི་དབུས་དང་མཐར། །སྔགས་པས་གང་བའི་སྲེག་བླུགས་དབུལ། །མེ་ནི་དགུག་
བྱ་དེ་ཡང་ནི། །ཀུ་ཤའི་བམ་པོ་ལ་གཞག་བྱ། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་ནི། །སྣ་ཚོགས་མངོན་པར་བསྔགས་ནས་དབུལ། །དེར་ནི་ཉ་ཕྱིས་ཕོར་པ་གསུམ། །ལོ་མའི་སྟེང་དུ་གཞག་པར་བྱ། །འོ་མའི་སྣོད་ནི་ཡང་བཞག་ནས། །དེ་ནས་གོས་ནི་དེའི་སྟེང་དུའོ། །ས་
གཞིར་དཱུར་བ་སྦྱིན་བྱ་བ། །སྔོན་དུ་ཁ་མངོན་ཕྱོགས་པར་རོ། །ཐམས་ཅད་དུ་ནི་གཡས་ཕྱོགས་སུ། །དེར་ནི་རྫས་རྣམས་གཞག་པར་བྱ། །ས་གཞི་རི་མོ་གསུམ་བྲི་སྟེ། །སྒོ་གཅིག་པ་ནི་ནུབ་ཏུའོ། །འགྲུབ་བྱའི་དངོས་ཀུན་ཐམས་ཅད་དང་། །རྒྱལ་པོ་ནས་བརྩམས་གཞུག་པར་བྱ། །
ཐམས་ཅད་ཉེ་བར་བྱ་བའི་ཕྱིར། །རྡོ་རྗེ་བླ་མ་ལ་དབུལ་བ། །དྲང་སྲོང་ཕྱག་བཞི་བསམ་བྱ་བ། །དབྱུག་པ་ཐབ་དང་སྤྱི་བླུགས་དང་། །བགྲང་ཕྲེང་ལུག་ལ་ཞོན་པ་ཡི། །ཁ་དོག་དམར་པོ་རྣམ་བསམ་བྱ། །ཨོཾ་ཨེ་ཧྱེ་ཧི་ཨགྣ་ཡེ་རྃ་སརྦ་སིད་དྷིམྨེ་པྲ་ཡཙྪ་ཛྭ་ལ་ཛྭ་ལ་ཧོ། མ་ཧཱ་རཱི་ཥི་

སརྦ་དེ་བ་མུ་ཁ་པཱུ་རི་ཨ་སྨིན་སནྣི་ཧི་ཏོ་བྷ་ཝ་ཧཱུྃ། མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཨཱཿཔཱ་དྱཾ་ཧུ་ཏཱ་ས་ནཱ་ཡ་གྲི་ཧྞ་ཧཱུྃ། ཞབས་བསིལ་གྱི་སྔགས་སོ། ཨོཾ་བྃ་ཨཱ་ཙ་མ་ནྃ་རྀ་ཥ་ཡེ་པྲ་ཡཙྪ་ཧཱུྃ། ཞལ་བསིལ་གྱི་སྔགས་སོ། ཧཱུྃ་ཌཱ་ཀ་ཌཱ་ཀི་ནི་ས་མ་ཡཱ་རྒྷྃ་ད་དཱ་མི་ཧཱུྃ་ཧཱུྃ་རྃ་རྃ་སྭཱ་ཧཱ།
མཆོད་ཡོན་གྱི་སྔགས་སོ། །ཨོཾ་དེ་བ་རྀ་ཥི་པར་མ་སཽ་ག་ཏ་ཀཱ་རུ་ཎི་ཀཱ་ཛཿཧཱུྃ་བྃ་ཧོཿ། ཧ་ཧ་ད་ཧ་ད་ཧ་པ་ཙ་པ་ཙ་ཛྭ་ལ་ཛྭ་ལ་ཧ་ན་ཧ་ན་ཧཱུྃ་ཧཱུྃ། མེ་དགྱེས་པར་བྱེད་པའི་སྔགས་སོ། །རྫས་ཐམས་ཅད་ལ་ཨོཾ་གྱི་ཡི་གེ་དང་ཨཱཿདང་དབུས་སུ་མིང་དང་ཡང་དག་པར་ལྡན་པ་དང་མཐར་ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་དང་སྭཱ་ཧཱ་
སྦྱིན་པར་བྱའོ། །རྫས་ཐམས་ཅད་ཀྱི་སྔགས་སོ། །དཀྱིལ་འཁོར་གཙོ་བོ་དང་བཅས་པ། །དྲང་སྲོང་སྙིང་གར་བསྒོམ་པར་བྱ། །དམ་ཚིག་མེ་ནི་རྃ་ལས་རྫོགས། །ཡེ་ཤེས་མེ་ལྷ་དེ་དང་མཉམ། །ཡང་ན་འབར་བར་བསྒོམ་པ་སྟེ། །ཞི་བ་ལ་སོགས་མདོག་ཏུའོ། །མེ་ནི་དེ་རུ་ཐིམ་བསམ་
བྱ། །སྔགས་པས་འོད་ཀྱི་ཁྱད་པར་ནི། །སོ་སོའི་སྣང་བའི་མེར་ཤེས་བྱ། །རྣལ་འབྱོར་མེ་ལྷའི་བདག་ཉིད་ཀྱི། །གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས། །མཁས་པ་ཡིས་ནི་བྱ་བ་ཡིན། །ནང་བདག་ཉིད་ཡེ་ཤེས་གང་འདྲ། །ཕྱི་རོལ་ཡང་ནི་དེ་འདྲར་བྱ། །བསོད་ནམས་
ཚོགས་ཀྱི་རྒྱུད་དོན་དང་། །ཡེ་ཤེས་ཚོགས་རྫོགས་བྱ་ཕྱིར་རོ། །དེར་ནི་ཙ་རུ་བསྒྲུབ་བྱ་སྟེ། །མེ་ལ་བཤོས་སུ་དབུལ་བྱ་ཞིང་། །ཅུང་ཟད་བདག་ཉིད་ཀྱིས་སྤྱད་དང་། །སྦྱིན་བདག་རྣམས་ལའང་སྦྱིན་པར་བྱ། །གཞོན་ནུ་མ་མཛེས་གར་བྱེད་དང་། །སྣ་ཚོགས་སིལ་སྙན་རྣམས་
དཀྲོལ་བྱ། །སྣ་ཚོགས་རྒྱན་དང་ལྡན་རྣམས་ཀྱི། །སྐྱེ་བོ་ཆེན་པོ་རྩེན་བཞིན་དང་། །མེ་ཏོག་སྤོས་སོགས་ཀྱིས་སྤྲོ་བར། །འདུས་པའི་དབུས་སུ་བྱ་བའོ། །ཏམ་བུ་ལ་ཀུན་ཐམས་ཅད་ལ། །དགྱེས་བྱེད་སྦྱིན་པར་བྱ་བ་ཡིན། །ལྷག་མ་གོས་དང་སོ་རྩི་དང་། །གང་བའི་སྲེག་བླུགས་
སྦྱིན་པར་བྱ། །རྡོ་ཞོ་དང་གྲལ་སོ་རྩི་དང་། །ཞལ་བསིལ་བ་ནི་མཇུག་ཏུའོ། །ཡེ་ཤེས་མེ་ནི་གཤེགས་གསོལ་ཏེ། །སྔགས་བརྗོད་པ་ཡི་བཤོས་གསོལ་བྱ། །ཨོྃཨགྣ་ཡེ་སརྦ་སན་ཏོ་ཥ་ཎྃ་ཀུ་རུ་མེ་ཡ་ཐཱ་ཀཱ་ལེ་སིདྡྷི་དཱ་གཙྪ་ཏུ་ཧཱུྃ་ཧཱུྃ་སྭཱ་ཧཱ། མེ་གཤེགས་སུ་གསོལ་བའི་སྔགས་སོ། །དམན་

དང་ཆང་སོགས་གང་ཅུང་ཟད། །དེ་ཐམས་ཅད་ནི་བཟོད་པ་མཛོད། །ཀུན་གྱི་ལྷག་མ་ཡི་ནི་འབྲུ། །ཐམས་ཅད་ཐབ་ཏུ་བསྲེག་པར་བྱ། །ཞེས་བྱ་དཀྱིལ་འཁོར་ཐིག་མདོར་བསྟན། །སྦྱིན་སྲེག་ཐབ་དང་ཆོ་ག་མཆོག །སློབ་དཔོན་མཆོད་བྱ་ཡང་དག་པར། །རྡོ་རྗེ་འཆང་དུ་བྱས་ནས་
ནི། །མུ་ཏིག་གསེར་དང་རིན་ཆེན་རྣམས། །གླང་རྟ་ས་གཞི་ཡུལ་ལྗོངས་དང་། །བྲན་ཕོ་བྲན་མོ་འཁོར་རྣམས་དང་། །ཆུང་མ་ཕུན་སུམ་ཚོགས་ཀུན་དང་། །གོས་ཟུང་དུ་མ་རྣམས་དང་ནི། །དགྱེས་པའམ་ས་ལ་གང་ཅུང་ཟད། །བདག་ཏུ་ལྟ་བ་དང་བྲལ་བས། །དབུལ་བྱ་གཙོ་བོ་ཞི་བར་
གྱིས། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །མེ་ཏོག་སྤོས་སོགས་ཐམས་ཅད་རྣམས། །སྟོན་པའི་མདུན་དུ་དབུལ་བར་བྱ། །མཎྜལ་མདུན་དུ་བྱ་བ་ནི། །དེ་ནས་དགུ་ཡི་བདག་ཉིད་འདི། །དབུས་སུ་བླ་མ་རྡོ་རྗེ་སྟེ། །མདུན་དུ་ཐམས་ཅད་མཛེས་མ་སྟེ། །
བྱང་དུ་དགའ་བའི་མཆོག་མ་དང་། །ནུབ་ཏུ་ཤིན་ཏུ་རྩེ་མ་དང་། །ལྷོ་རུ་རོལ་པའི་རྡོ་རྗེ་མ། །སྙིང་རྗེ་ལ་སོགས་གྲྭ་བཞིར་རོ། །ཨོཾ་བཛྲ་ས་ཏྭ་གུ་རུ་པཱ་དེ་བྷྱཿ། སརྦ་ས་ཏྭོ་པ་ཀཱ་ར་ཎཱ་ཡ་སྭཱ་ཧཱ། དཀྱིལ་འཁོར་པ་རྣམས་རང་མིང་ནི། །བརྗོད་བྱ་ཐོག་སྭཱ་ཧཱ་མཐའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་
ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དཀྱིལ་འཁོར་དང་སྦྱིན་སྲེག་དང་སློབ་དཔོན་མཆོད་པའི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་
ཉི་ཤུ་རྩ་བཞི་པའོ།། །།དེ་ནས་འཁོར་བའི་འཇིགས་པ་ནི། །སྒྲོལ་བྱེད་རབ་གནས་བཤད་པར་བྱ། །རྣལ་འབྱོར་མ་ཡི་རྒྱུད་རྒྱལ་དུ། །ཉེ་བར་མཁོ་བ་ཐམས་ཅད་རྣམས། །སློབ་དཔོན་གྱིས་ནི་རྟག་གཟུང་བྱ། །བྱ་བར་འོས་པ་གཞན་དེ་བཞིན། །འཇིག་རྟེན་སྨོད་པ་
བསྲུང་ཕྱིར་ཡིན། །སླར་ཡང་རང་བཞིན་ལས་སྐྱེས་པ། །རབ་གནས་སྒྱུ་མ་ཡིས་གཟུང་བྱ། །ལུགས་མ་འམ་ནི་ཐང་ག་འམ། །རང་གིས་གཟུགས་ནི་ཕྱི་རོལ་སྤྲོ། །གང་གི་དུས་ཉིད་ལ་འབྱུང་བ། །གང་གང་ལྷ་ནི་ལྷག་གནས་པའི། །དེ་ཡི་གཟུགས་ནི་དེའི་དུས་ཀྱིའོ། །བདེ་བའི་བདག་

ཉིད་སྤྲོས་པ་སྟེ། །ས་བོན་གང་གི་དང་པོའི་ཡིག །འཆར་བ་དབུགས་རྒྱུ་བའི་བདག་ཉིད། །རླུང་དང་རྣམ་ཤེས་འདུས་ལས་སོ། །དེ་ཚེ་དུས་སུ་གང་གི་གཟུགས། །ཕུན་སུམ་ཚོགས་ཀུན་བྱེད་པ་ཡིན། །གཉིས་མེད་ཡེ་ཤེས་བྲལ་མིན་ལ། །ལུགས་མ་རབ་ཏུ་གནས་
པ་མེད། །གཉིས་སུ་མེད་པའི་ཡེ་ཤེས་ལས། །འཁོར་བ་པ་ཡི་རབ་གནས་བྱ། །ཐར་བདེ་མངོན་པར་འདོད་རྣམས་ཀྱི། །འདི་ལ་བདེ་བའི་བདེ་བ་ཆེ། །རྣལ་འབྱོར་མ་ཡི་དགར་གནས་ལ། །དེ་ལས་བྱུང་བར་བྱ་བ་ཡིན། །ལུགས་མའམ་ནི་ཐང་སྐུ་ལ་འམ། །ཡང་དག་རིག་པས་
རོ་རྣམས་བྱུག །བདུད་རྩི་ལྔ་ཡིས་རྫས་རྣམས་ལ། །བསྲེག་པར་གྱུར་པས་ཁྲུས་བྱའོ། །བློ་དང་ལྡན་པས་བུམ་པ་གཞག །ལྷ་ནི་དཀྱིལ་འཁོར་བ་དང་བཅས། །དམ་ཆོས་ལ་སོགས་ཐམས་ཅད་རྣམས། །ཆོས་ཀྱི་འབྱུང་གནས་ནང་དུ་སྟེ། །བཞུགས་པ་གང་གི་
གནས་རྣམས་སུ། །དུས་ཐམས་ཅད་དུ་རབ་གནས་པའོ། །ཨེ་ཡི་ཡི་གེའི་གནས་བསྒྲུབས་ནས། །བྃ་ཡིག་རྡོ་རྗེ་སེམས་དཔའ་ཅན། །མ་ཡིག་རབ་ཏུ་གནས་པ་དེར། །བཞི་པ་ཐོག་མ་མེད་ཡཱར་གྲགས། །ཐོས་པ་གཅིག་པ་སྔགས་ཀྱི་དོན། །བརྡ་ཡི་ཡི་གེའི་སྔགས་
ཅན་ནོ། །དུས་སུ་བཅོམ་ལྡན་འདས་རང་གིས། །རབ་བཞུགས་རབ་ཏུ་མི་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཚིག །ཆོས་ཀྱི་དབྱིངས་དང་མཉམ་པའོ། །སྐུ་གསུང་ཐུགས་ཀྱི་ཚིག་རྣམས་ཀྱིས། །རྣལ་འབྱོར་མའི་གཙོ་གཞན་གྱི་མིན། །བྷ་ག་རྣམས་སུ་རྒྱུད་
ལྔ་རྣམས། །བྱ་བ་ལ་སོགས་བླ་མེད་མཐར། །བཞུགས་པ་དེ་ལྟར་དུ་ནི་ཅི། །རབ་ཏུ་གནས་པའམ་མི་གནས་པའོ། །སེམས་ཅན་བསྒྲལ་བ་བྱས་ནས་ནི། །རབ་ཏུ་གནས་པ་རྒྱུད་ཀུན་དུའོ། །གང་ཚེ་ལྷག་མོས་རྣལ་འབྱོར་མའི། །རྒྱུད་དུ་གཉིས་མེད་རབ་ཏུ་གནས། །ལས་དང་
ལས་བྱ་གཉིས་བྱས་ནས། །འོན་ཀྱང་རང་གིས་རིག་པ་ཅན། །རང་གིས་རིག་པའི་ཡེ་ཤེས་ཆེ། །རང་གིས་རིག་པའི་བདག་ཉིད་ལྷ། །རང་གིས་རིག་པའི་རང་བཞིན་ལས། །རབ་གནས་དེ་ནི་རབ་ཏུ་བསྔགས། །སྐྱེ་བོ་རྣམས་ལ་སྙིང་བརྩེ་བས། །གཞན་ཡང་དེ་བཞིན་རབ་སྨྲ་བྱ། །

ཡང་དག་ཡེ་ཤེས་དཀྱིལ་འཁོར་གྱི། །ལྷ་ཡི་རྣམ་པར་དག་པའོ། །བདུན་ཅུ་རྩ་གཉིས་ཕྱག་རྣམས་ནི། །རྒྱུད་དག་པར་ནི་རྣམ་པར་བརྗོད། །ཕྱག་བཞི་དགོད་པ་ལ་སོགས་པ། །བཞི་པོ་རྣམས་ནི་དག་པར་འདོད། །ཞལ་རྣམས་དག་པའི་དངོས་པོ་ནི། །ལྷན་སྐྱེས་རྫོགས་བྱང་ཆུབ་
བཅུ་དྲུག །བཅུ་བདུན་པའི་ཞལ་ཡིད་དུ་བཤད། །སྲིད་དང་མྱ་ངན་འདས་ཞབས་གཉིས། །ཐམས་ཅད་རྒྱན་གྱི་དག་པ་ནི། །ཆོས་དང་ཆོས་པའི་སྐྱེ་རྣམས་སོ། །ལྷག་མ་འཇིག་རྟེན་ཁམས་ཀྱི་ནི། །རྣམ་དག་གསལ་དང་མི་གསལ་བའོ། །རྩ་བའི་སྔགས་སོགས་དག་པ་
ཡང་། །ཐེག་པ་ཐམས་ཅད་དོན་སྟོན་པའོ། །རྡོ་རྗེ་པདྨ་སོགས་ཐམས་ཅད། །འདིར་ནི་མངལ་སྐྱེས་བརྗོད་པ་པོའོ། །དཀྱིལ་འཁོར་དག་པ་ཐམས་ཅད་ཀྱང་། །ཆོས་བསྡུས་སྟོན་པ་པོ་ཡིན་ནོ། །ཡན་ལག་བཅུ་གཉིས་རྣམ་དག་པ། །འཁོར་ལོས་སྒྱུར་བ་བཅུ་གཉིས་སོ། །
ཆ་ཤས་བཅུ་དྲུག་རྣམས་ཀྱི་བར། །དུར་ཁྲོད་དག་པར་ཤེས་པར་བྱ། །རྒྱུད་གང་བདག་ལས་བྱུང་བ་དེ། །ཐམས་ཅད་དག་པར་ཤེས་པར་བྱ། །ཀུན་མཁྱེན་ཡེ་ཤེས་ཅན་ཐམས་ཅད། །དེ་ཡི་དག་པ་མངོན་བརྗོད་པའོ། །རྫས་འདུ་ཤེས་ཉིད་དང་ཡེ་ཤེས། །སོ་སོའི་ཡེ་ཤེས་
སྨྲ་རྣམས་ཀྱི། །མིང་བརྗོད་པ་ཡི་དག་པ་ནི། །རྣལ་འབྱོར་རྣལ་འབྱོར་མའི་རྒྱུད་དོ། །སྒྱུ་མ་ལྟ་བུའི་སྐྱེ་འགྲོ་ཀུན། །དཀྱིལ་འཁོར་འཁོར་ལོ་སྒྱུ་མའི་ངོ་། །གསུངས་པ་རང་གིས་རིག་ཡེ་ཤེས། །གང་དང་དེར་ནི་མངོན་བརྗོད་པའོ། །སྒྱུ་མའི་གྲུབ་མཐའི་མཚན་ཉིད་ནི། །བླ་མའི་
ཞལ་ལས་ཀུན་ཤེས་བྱ། །མན་ངག་གིས་ནི་བགྲོད་བཞིན་པ། །སོ་སོའི་མཚམས་ལ་བདེ་བ་ཆེ། །དེ་ཚེའི་དུས་སུ་དག་པ་གང་། །སངས་རྒྱས་སྤྱོད་ཡུལ་ལས་དེ་དག །དེ་ཕྱིར་རྩ་བའི་གསང་སྔགས་ཀྱང་། །བདེ་བ་འདོད་ལ་འབྱུང་བར་འགྱུར། །ཡི་གེ་རེ་རེར་བཏགས་པ་ལས། །
དངོས་པོའི་གཟུགས་ཀྱི་དེ་དག་འགྱུར། །ཕག་མོའི་གསང་སྔགས་ཉིད་བཤད་པ། །དངོས་པོ་ཐམས་ཅད་དེའི་དག་པའོ། །དབང་པོ་དང་ཡུལ་མི་བདེན་པར། །རོ་མཉམ་དེ་ཉིད་སྦྱོར་རྣམས་ཀྱི། །ཆོས་ཀྱི་སྐུ་ཅན་དག་པར་འགྱུར། །ངག་ནི་ལོངས་སྤྱོད་རྫོགས་སྐུ་ཅན། །སེམས་ནི་སྤྲུལ་

པའི་སྐུ་ཡི་སྟེ། །ལུས་ནི་ལྷན་སྐྱེས་སྐུ་ཅན་ནོ། །དྲི་མེད་ལ་སོགས་སླར་ཡང་དེར། །བཞི་རྣམས་ཀྱི་ཡང་དག་པར་འདོད། །གོ་ཆའི་སྔགས་ཀྱི་དག་ཆེན་ནི། །རྣལ་འབྱོར་ཀུན་གྱི་སྤྱོད་པའོ། །སྙིང་པོ་དང་ནི་ཉེ་སྙིང་དུ། །ཁ་སྦྱོར་རྣལ་འབྱོར་རྣལ་འབྱོར་
མའོ། །འབྱུང་དང་འབྱུང་ལས་བྱུང་འདུས་པ། །གཏོར་མའི་སྔགས་ཀྱི་དག་པར་འགྱུར། །གནོད་མཛེས་སྔགས་ཀྱི་དག་པ་གང་། །རྣམ་རྟོག་ཀུན་ལ་ཕུར་འདེབས་པའོ། །སྣ་ཚོགས་ལས་ཀྱི་དག་པ་གང་། །དེ་ཡི་དག་པ་དོན་དམ་ཅན། །ཁམས་ཐམས་ཅད་ཀྱི་ལྷ་
རྣམས་ནི། །པགས་དང་ཤ་སོགས་དག་པར་འགྱུར། །འདིར་མ་སྨྲས་པས་ཅི་བྱ་སྟེ། །བདེ་བ་ཐམས་ཅད་རྣམ་དག་པའོ། །གང་གང་དབང་པོའི་ལམ་རྣམས་སུ། །གང་གང་དེ་དེའི་རང་བཞིན་གྱིས། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཐམས་ཅད་སངས་
རྒྱས་རང་བཞིན་མནོས། །དག་པ་མཆོག་ཏུ་ཤེས་བྱ་སྟེ། །གཞན་གྱི་དག་པ་མི་སྨྲའོ། །དབང་ཕྱུག་ལ་སོགས་ལྟ་བར་ནི། །མདོར་བསྡུས་དག་པར་ཤེས་པར་བྱ། །སངས་རྒྱས་རྣལ་འབྱོར་མའི་རྒྱུད་དུ། །དེ་ནི་འགྲུབ་འགྱུར་གཞན་དུ་མིན། །བྱང་ཆུབ་ལམ་དུ་གནས་
པ་གང་། །གཟུང་དང་འཛིན་པའི་དངོས་པོ་ཅན། །དེ་ཡི་མ་རིག་མངོན་སྐྱོན་གྱིས། །དབང་ཕྱུག་ལ་སོགས་སུ་བལྟའོ། །དེ་ཕྱིར་རང་གིས་རིག་རང་བཞིན། །རྣམ་དག་འདི་ནི་བཤད་པ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་
མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དག་པ་དང་དེ་བཞིན་དུ་རབ་ཏུ་
གནས་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཕྱག་རྒྱ་ལྷན་ཅིག་སྐྱེས། །བྱེད་རྣམས་མཚན་ཉིད་བཤད་པར་བྱ། །མི་ཕྱེད་མ་སོགས་རྩ་རྣམས་ལའང་། །བཞི་ཡིས་ལྷག་པ་བཤད་པ་ཡིན། །མི་ཕྱེད་མ་དང་ཕྲ་

གཟུགས་མ། །བཟང་མོ་གཡོན་མ་གཡོན་ཕྱོགས་མ། །རུས་སྦལ་སྐྱེས་མ་སྒོམ་པ་མོ། །དབང་མ་སྐྱོན་མ་ནོན་མ་མ། །སྤྱི་མ་དང་ནི་རྒྱུ་སྦྱིན་མ། །དངོས་མ་སུ་མ་ན་དེ་བཞིན། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱི་སྤྲོ་བའི་ངག །པྲ་བན་དྲོ་མ་གྲུབ་མ་དང་། །རྒན་མོ་སྐྱེ་བོ་ཀུན་
མཐུན་མ། །འདར་བ་མོ་དང་སྙིང་པོ་མ། །ངང་པ་སུམ་སྐོར་འདོད་མ་ཀླུ། །གཏུམ་མོ་བདུད་ཀྱི་བུ་མོ་དང་། །ཟླ་བ་ཉི་མ་མེ་རཱ་ཧུ། །སུམ་ཅུ་རྩ་དྲུག་རྩ་རྣམས་ལ། །རེ་རེ་ལ་ནི་བཅུ་གཉིས་ཏེ། །ཐམས་ཅད་དབྱེ་བས་ཕྱེ་བ་ནི། །སླར་ཡང་ཕྱག་རྒྱ་མདོར་བསྟན་པའོ། །སོར་མོ་གཅིག་ནི་
བསྟན་བྱ་སྟེ། །དེ་ཡི་སོར་མོ་གཉིས་བསྟན་བྱ། །འོག་དང་སྟེང་དུ་མཉམ་པར་གནས། །སླར་ཡང་མཐེ་བོང་བསྟན་པར་བྱ། །འདི་རྣམས་རྩ་ནི་ཐམས་ཅད་རྣམས། །འོག་དང་སྟེང་དུ་མཉམ་རེངས་པའོ། །ཐམས་ཅད་མཁྱེན་པས་འགྲོ་བྱ་མཆོག །སྣ་ཚོགས་རིམ་པས་ཤེས་པར་བྱ། །དེ་
ཡི་མཐེའུ་ཆུང་རབ་བསྟན་བྱ། །དེ་དང་ཡང་དག་གནས་བྱེད་པའོ། །གང་གི་མིང་མེད་སྟོན་པ་ན། །དེ་ཡི་རབ་ཏུ་སྟོན་པ་སྟེར། །རྡོ་རྗེ་ཉི་མ་ཧེ་རུ་ཀ། བརྐྱང་མ་སྙིང་གའི་པདྨར་རོ། །གང་གི་སྡིགས་མཛུབ་སྟོན་པ་ན། གུང་མོ་རབ་ཏུ་བསྟན་པར་བྱ། །རྡོ་རྗེ་པདྨའི་རབ་སྦྱོར་བས། །བདེ་བ་
སྟེང་དུ་འཕང་བར་བྱ། །གང་གི་དཔྲལ་བར་སྟོན་པ་ན། དེ་ཡི་དར་དཔྱངས་རབ་བསྟན་བྱ། །རང་གིས་རིག་པའི་བདེ་བ་དེར། །ཕྱག་རྒྱ་དང་བཅས་འཆིང་བར་འགྱུར། །གང་གི་འཁོར་ལོ་སྟོན་པ་ན། །དེ་ཡི་ས་གཞི་རབ་བསྟན་བྱ། །གཙུག་ཏོར་དང་ནི་ལྟེར་འགྲོ་བ། །ལག་པ་གཉིས་
ཀྱིས་རེངས་པར་བྱ། །གང་གི་མིག་ནི་སྟོན་པ་དང་། །དེ་ཡི་མེ་ལོང་རབ་བསྟན་བྱ། །ལྷ་རྫས་དབང་པོ་རྣམས་ཀྱི་རྒྱུས། །འོད་གསལ་བ་ནི་མཐོང་བར་འགྱུར། །གང་གི་ལྟོ་བར་རྡེག་བྱེད་པ། །དེ་ཡི་ལྟེ་བར་རབ་བསྟན་བྱ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། །རྣམ་ཤེས་བརྒྱད་
པོ་སྣང་བར་འགྱུར། །གང་གི་ནམ་མཁའ་སྟོན་པ་ན། །དེ་ཡི་ཉི་མ་རབ་བསྟན་བྱ། །སྟོང་ཉིད་སྙིང་རྗེ་ཡང་དག་པར། །རྩ་ཡི་རྣལ་འབྱོར་ཉིད་ཀྱིས་མཐོང་། །གང་གི་ཁྲོ་གཉེར་སྟོན་པ་ན། །དེ་ཡི་མཚམས་ཀྱི་མཐའ་བསྟན་བྱ། །བདག་ཉིད་ཡང་དག་སྦྱོར་རོལ་ཅིང་། །རང་གིས་

རྗེས་སུ་མྱོང་བ་ཤེས། །གང་གི་ཆུ་བོ་སྟོན་པ་ན། དེ་ཡི་རྒྱ་མཚོ་རབ་བསྟན་བྱ། །ས་གཅིག་གི་ནི་རབ་སྦྱོར་བས། །ཐམས་ཅད་སར་ནི་རབ་ཏུ་བསྔགས། །གང་གི་པུས་མོ་སྟོན་པ་ན། །དེ་ཡི་རྐང་པ་རབ་བསྟན་བྱ། །བདེ་འགྲོར་འགྲོ་བའི་དུས་སུ་ནི། །དབང་པོའི་དངོས་པོ་
དེ་འགྲོའོ། །གང་གི་ནུ་མ་སྟོན་པ་ན། །དེ་ཡི་གདན་ནི་རབ་བསྟན་བྱ། །བདེ་བ་ལོངས་སྤྱོད་བདག་ཉིད་སྐྱེས། །ཀུན་ནས་སྲིད་པ་འཛག་བར་དུའོ། །གང་གི་དཔུང་པ་སྟོན་པ་ན། །དེ་ཡི་ལག་པ་རབ་བསྟན་བྱ། །འབར་བ་དབྱུག་པ་བཞིན་སྣང་ལ། །བདུད་རྩི་ལྔ་རྣམས་བསྲེག་པར་བྱ། །གང་
གི་བརླ་ནི་སྟོན་པ་ན། །དེ་ཡི་གསང་བ་རབ་བསྟན་བྱ། །གཞུ་ཡི་དབྱུག་པའི་རྣམ་པའི་སྲོག །དབུ་མ་རྣམས་སུའང་ཐིམ་པའོ། །གང་གི་ལྕེ་ནི་སྟོན་པ་ན། །དེ་ཡི་རྐན་ནི་རབ་བསྟན་བྱ། །གཏུམ་མོ་ཐམས་ཅད་རྩ་རུ་ནི། །བསྡུས་ནས་རྣམ་པར་གནས་པ་ཡིན། །གང་གི་མཆུ་ནི་སྟོན་
པ་ན། །དེ་ཡི་ཀོས་ཀོ་རབ་བསྟན་བྱ། །ཐམས་ཅད་ཆོས་ཉིད་བརྗོད་མེད་པ། །དབང་པོ་ཀུན་གྱི་དྲན་པ་བྲལ། །གང་གི་སོར་མོའི་རྩེ་སྟོན་པ། །དེ་ཡི་སེན་མོ་རབ་བསྟན་བྱ། །སྲིད་པའི་རྩེ་མོར་བདེ་བའི་གཟུགས། །གཅོད་པར་ངེས་པར་མཐོང་བར་འགྱུར། །གང་གི་སྐྲ་ནི་སྟོན་པ་ན། །
དེ་ཡི་ཕྲེང་བ་རབ་བསྟན་བྱ། །གཡོ་ཅན་སེམས་ཅན་གྱི་ནི་སྟེ། །ཡེ་ཤེས་གཟུགས་ཅན་དུ་བལྟའོ། །གང་གི་སྤྱི་གཙུག་སྟོན་པ་ན། །དེ་ཡི་རྐང་མཐེབ་རབ་བསྟན་བྱ། །ནོར་བུའི་སྐུད་པ་བཞིན་དུ་སྲོག །དབུ་མར་འོང་བ་མཐོང་བར་འགྱུར། །གང་གི་མགྲིན་པ་སྟོན་པ་ན། །དེ་ཡི་སྐྱེ་
བ་རབ་བསྟན་བྱ། །སྤྱི་བླུགས་བདུད་རྩི་ཇི་ལྟ་བར། །པདྨར་སྐྱེ་འགྲོ་ཐམས་ཅད་མཐོང་། །གང་གིས་ཉི་མ་སྟོན་པ་ན། །དེ་ཡི་ནམ་མཁའ་བསྟན་པར་བྱ། །སྙིང་ག་ལས་བྱུང་འཇིག་རྟེན་ཀུན། །མཆོག་ཏུ་ཟག་མེད་ལས་ཤེས་འགྱུར། །གང་གི་ས་ནི་སྟོན་པ་ན། །རྐང་པའི་མཐིལ་ནི་རབ་བསྟན་
བྱ། །པདྨའི་འདབ་འདྲའི་ཆུ་ཡིས་ནི། །བདུད་རྩིའི་མྱུ་གུ་འཛག་པར་འགྱུར། །གང་གི་མུར་གོང་སྟོན་པ་ན། དེ་ཡི་མཁུར་བ་རབ་བསྟན་བྱ། །སེམས་ཅན་ཀུན་གྱི་རྩ་རྣམས་ཀྱི། །ནུས་པས་ནམ་མཁའི་གནས་རྣམས་སུའོ། །གང་གི་ལིང་ག་སྟོན་པ་ན། །དེ་ཡི་རླིག་པ་རབ་བསྟན་བྱ། །འགྱུར་མེད་

འགྱུར་བར་འགྲོ་འགྱུར་བ། །དེ་ནི་རླིག་མཚམས་ཕྱག་རྒྱ་སྐྱེས། །གང་གི་སྤྱི་བླུགས་སྟོན་པ་ན། །རི་བོ་དེ་ཡི་རབ་བསྟན་བྱ། །རི་ལས་ཐུར་དུ་ཆུ་བོ་བཞིན། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །བུད་མེད་གང་ཞིག་རྣ་བར་རེག །རྒྱབ་ཀྱི་རྒྱུད་ནི་རབ་བསྟན་བྱ། །གང་གིས་ལྷན་སྐྱེས་རྫོགས་བྱང་
ཆུབ། །ཐོས་པའི་སྤྱོད་ཡུལ་དུ་འཐོབ་འགྱུར། །གང་གི་གོས་ནི་སྟོན་པ་ན། །དེ་ཡི་ཚོན་རྩི་རབ་བསྟན་བྱ། །ཆོས་ཐམས་ཅད་ཀྱི་རང་བཞིན་དུ། །སྐད་ཅིག་གིས་ནི་བདག་མེད་མཐོང་། །གང་ཞིག་སོ་ཡིས་མཆུ་འཛིན་མ། །སོ་ནི་ཀྲིག་ཀྲིག་བསྟན་པར་བྱ། །བཟའ་བ་ཐམས་ཅད་མེད་པ་ཉིད། །
བག་ཆགས་སྟོབས་ཀྱིས་རྣམ་པར་འཕེལ། །གང་གི་ལྕེ་ནི་བསྐྱོད་པ་ན། །ཟ་བའི་ལག་པ་རབ་བསྟན་བྱ། །བདེ་བ་ཀུན་གྱིས་ཚིམ་པ་ནི། །དོན་ཡོད་པ་ལས་འཐོབ་པར་འགྱུར། །གང་གི་ལག་པའི་མཁྲིག་མ་སྟོན། །དེ་ཡི་ཐལ་གོང་རབ་བསྟན་བྱ། །སྲོག་གི་རླུང་རྣམས་ལ་བརྡུང་བ། །བུམ་
ཅན་འཁྲུལ་འཁོར་སོགས་ཀྱིས་སོ། །གང་གི་རྩིབ་ལོགས་སྟོན་པ་ན། །དེ་ཡི་མཆན་ཁུང་རབ་བསྟན་བྱ། །ནང་དུ་ལྷན་ཅིག་སྐྱེས་པ་དང་། །སྙིང་རྗེ་ལ་ཡང་རིག་པའོ། །གང་གི་ལག་པའི་དབུས་རེག་པ། །ལག་པའི་རྒྱབ་ནི་བསྟན་པར་བྱ། །བདག་གིས་གཞན་དང་རང་གི་དུས། །མཆོག་
མ་ཀྱེ་ཧེ་མི་ཤེས་པའོ། །གང་གི་རྒོད་པ་སྟོན་པ་ན། །དེ་ཡི་དུ་བ་རབ་བསྟན་བྱ། །མཆོག་ཏུ་གཉིས་མེད་ཞུགས་པ་ལས། །འདོད་ཆགས་འདོད་ཆགས་བྲལ་བའང་ཉམས། །གང་གི་གར་ནི་སྟོན་པ་ན། །དེ་ཡི་གླུ་ནི་རབ་བསྟན་བྱ། །ཁམས་གསུམ་ཐམས་ཅད་སྒྱུ་མ་རུ། །གཉིས་ཀྱི་
དངོས་པོ་ལས་མཐོང་འགྱུར། །གང་གི་ཀེང་རུས་སྟོན་པ་ན། །དེ་ཡི་རྩེ་མོ་རབ་བསྟན་བྱ། །རྩ་གསུམ་པོ་ནི་འབར་བ་ཡིས། །འཆི་བ་བླུ་བར་འོང་བ་ཡིན། །དེ་ལྟར་ཕྱག་རྒྱ་སུམ་ཅུ་དྲུག །ཕྱག་རྒྱའི་ལན་ནི་དེ་བཞིན་མཆོག །སྤུན་དང་སྲིང་མོར་སྤྱོད་པར་ནི། །རྡོ་རྗེའི་འཁོར་ལོར་ཤེས་པར་
བྱ། །རབ་གཏུམ་རིགས་ཀྱི་བདག་མོར་ནི། །གནས་ཀྱི་གཙོ་མོར་ཤེས་པར་བྱ། །རབ་ཏུ་གསལ་བའི་མཐར་གྱུར་གཟུགས། །སྲིད་པའི་རྒྱ་མཚོར་འབྱུང་བར་འགྱུར། །ཇི་སྲིད་གཉིས་སུ་མེད་སྤྱོད་ཡུལ། །གཡོ་བའི་ཆོས་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཚོགས་མ་ལུས་པ། །

ལྷན་ཅིག་སྐྱེས་པའི་རྒྱ་མཚོར་འདུས། །རབ་གཏུམ་ཡི་གེ་ཤེས་པར་བྱ། །ཐམས་ཅད་བུད་མེད་སྒྱུ་མའི་གཟུགས། །ཕྱག་རྒྱ་ཀུན་གྱིས་འདུན་པ་ཡི། །རྫུ་འཕྲུལ་རྐང་པའི་རང་བཞིན་དུ། །གསུངས་པའི་དེ་བཞིན་མ་ལུས་པ། །དེ་ནི་རྫུ་འཕྲུལ་རྐང་པར་འདོད། །
ཕྱག་རྒྱའི་བརྡ་ནི་མ་ལུས་པ། །རྣལ་འབྱོར་མ་བསྐྱེད་མཚན་ཉིད་དོ། །སྔོན་བཤད་ཆུང་ངུ་བདེ་མཆོག་གི། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་སྟེ། །སུམ་ཅུ་བདུན་བདག་ཉིད་དབུས་སུ། །སྔགས་འདི་ཐམས་ཅད་རྣལ་འབྱོར་མའོ། །མཁའ་འགྲོ་མ་སོགས་བཅུ་གཉིས་ཀྱི། །
དུས་སྦྱོར་ཆུ་སྲིན་ལ་སོགས་ཏེ། །རབ་གཏུམ་ལ་སོགས་ཉི་ཤུ་བཞི། །དུས་དེ་རྣམས་སུ་འབྱུང་བ་ཡིན། །སྐད་ཅིག་ཡུད་ཙམ་ལ་སོགས་པས། །ཐམས་ཅད་ཀྱི་ནི་འཕོ་བ་གཅིག །ཤིན་ཏུ་ཕྲ་དང་རགས་རྣམས་ཀྱི། །སྐྱེ་བོ་རྣམས་ཀྱི་དུས་ཀྱིས་ནི། །ལོར་འགྱུར་བ་ཡི་
ཚད་ཀྱིས་ནི། །རྟག་ཏུ་རྣལ་འབྱོར་མ་རྣམས་རྩིས། །ཁ་ར་སོགས་སུ་དུས་བྱས་ནས། །ལྡོག་པ་གཉིས་དག་གིས་ནི་མཚོན། །གཉིས་དག་བཅུ་ཡིས་བསྒྲེ་བྱས་པ། །ལོ་ཡི་ཆུ་ཚོད་དེ་བཞིན་ནོ། །བརྒྱད་ཅུ་རྩ་ལྔས་ལྷག་པའི་བརྒྱ། །ཆུ་ཚོད་ལྔ་ལ་ཤེས་པར་བྱ། །ཉི་མ་
གཅིག་གི་ཚད་ཀྱང་ནི། །ནམ་མཁའ་མིག་དང་ལག་པ་མིག །ཟླ་བ་གཅིག་གི་ཚད་ཀྱང་ནི། །མཁའ་མཁའ་རོ་དང་དུས་ཚོད་རོ། །ལོ་གཅིག་གི་ནི་ཚད་ཀྱང་ནི། །མཁའ་སྟོང་མིག་དང་བུག་དེ་བཞིན། །བུག་པ་དང་ནི་རི་བོའོ། །མཁའ་འགྲོ་མ་ཀུན་ཤེས་པར་བྱ། །
གསང་སྔགས་ཁ་སྦྱོར་བདག་ཉིད་དེ། །རྩ་བའི་སྔགས་རྣམས་ཀྱི་ནི་ཡང་། །རྐང་པ་གཉིས་གཉིས་མཉམ་པར་ནི། །རྣལ་འབྱོར་མའི་དེ་རྐང་པ་གཅིག །དེ་རྣམས་ལས་ནི་ལྷག་གྱུར་གང་། །ཧཱུྃ་ཕཊ་ལ་སོགས་སྤང་བར་བྱ། །ཨོཾ་ཏྲི་ན་བྷུ་མཿབ་ཤྲཱི་ཎ་བ་ཀྃ་ཛྲ་པ་ཌཱ་ཀྃ་ཀ་པཱ་
མ་བ་ཧཱ་ཎཱ་བཱི་ཡ་ར་ཧཱུྃ་བཱི་ཧཱུྃ་རཱི་ཕཊ་ཤྭ་ཕཊ་རཱ་སྭཱ་ཡ་ཧཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོྃ་པྲ་ཙཎྜི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་སྔགས་སོ། །ཁ་དོག་ནག་མོ་ཕྱག་བཞི་མ། །སྐྲ་གྲོལ་འཇིགས་པར་མཛད་པ་མོ། །ལྷ་མོ་ཤེས་རབ་ཐབས་བདག་ཉིད། །ལྷག་མ་སྔོན་བཤད་མཚན་ཉིད་དོ། །ལྷ་མོ་འདི་རྣམས་

ཐམས་ཅད་ནི། །སླར་ཡང་རྟག་ཏུ་རྒྱ་མཚོ་མཉམ། །རབ་མཆོག་བདེ་བ་ཐོབ་པ་ན། །དགོས་པ་མང་པོ་ཡང་དག་རིག །ཡེ་ཤེས་ཟླ་བའི་རང་བཞིན་དུ། །འདི་ནི་འཆར་དང་ནུབ་པ་ཡིན། །ཚངས་པའི་སྒོ་ངའི་འོད་གཟུགས་གང་། །འོད་ཟེར་མཁའ་འགྲོ་མཁའ་འགྲོ་མ། །
འོད་ཟེར་ཞེས་བྱ་རབ་བཅིངས་པའང་། །ཡེ་ཤེས་འབབ་པར་རབ་ཏུ་ནུས། །རི་མོའང་ནམ་མཁའི་དབུས་རྣམས་སུ། །བགྲོད་བྱ་རང་གི་མ་ལས་སྐྱེས། །དེ་ལྟར་རབ་གཏུམ་མའི་ཡོན་ཏན། །རབ་མཆོག་ལ་སོགས་སུ་མཚོན་བྱ། །དུས་ཐམས་ཅད་དུ་ཀུན་སྤྱོད་པ། །
སྔགས་ལས་བྱུང་བ་ཤེས་པར་བྱ། །མཆོག་གི་དངོས་གྲུབ་རྒྱུ་ཡིས་ནི། །འདུ་བ་རྣལ་འབྱོར་མར་རབ་གསུངས། །དངོས་གྲུབ་རྨི་ལམ་དུ་སྟེར་མ། །སྟེས་ན་དུས་ཀྱིས་ཤེས་པར་བྱ། །ལས་ནི་གང་དང་གང་འདྲ་བ། །དེ་དང་དེ་འདྲའི་འབྲས་བུ་སྟེ། །རྒྱུ་དང་འབྲས་
བུའི་འབྲེལ་ཉིད་པས། །རང་ཉིད་རྣལ་འབྱོར་པས་སྐྱེ་འགྱུར། །རྒྱུ་མེད་ཅིང་ནི་འབྲས་བུ་མེད། །མངོན་སུམ་མངོན་སུམ་མིན་དེ་བཞིན། །འདི་འདྲའི་བདེན་པ་སྨྲ་རྣམས་ཀྱི། །ཚད་མའི་བསྟན་བཅོས་ལས་ཤེས་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་
སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རབ་ཏུ་གཏུམ་མོ་བདག་པོའི་དཀྱིལ་འཁོར་དུ་རྣལ་འབྱོར་མ་དང་དཔའ་བོ་
རྣམས་ཀྱི་ཕྱག་རྒྱའི་བརྡ་ཡིས་གནས་པའི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བའི་སྤྱོད་ཡུལ་གྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་གཏུམ་མིག་མའི་ཕྱག་རྒྱ། །རྒྱུད་གཞན་ན་མེད་བཤད་པར་བྱ། །མིག་གི་བརྡར་ནི་ཤེས་བྱ་སྟེ། །འདི་ཐམས་ཅད་ཀྱང་ཁ་
སྦྱར་ཡིན། །བཙུམས་པ་དང་ནི་མ་བཙུམས་པ། །གཡས་དང་གཡོན་དང་གཡས་འགྲོ་དང་། །གྱེན་དུ་བསྐྱོད་དང་སྣ་རྩེར་དང་། །སར་ལྟ་དངོས་པོའི་མིག་ཅན་དང་། །ཁྲོ་དང་ཞུམ་དང་མཐུན་བུད་མེད། །བུ་དང་གཉེན་དང་སྤུན་རྣམས་དང་། །གཏི་མུག་ཞེ་སྡང་ཆགས་

ཕྲག་དོག །སྐྱོན་དང་ང་རྒྱལ་ཆེར་རློམ་དང་། །འདོད་དང་སྙིང་རྗེ་གླེན་པ་དང་། །སྒྱུ་མར་ལྟ་དང་རིང་དུ་ལྟ། །འགྲོ་དང་བསམ་གཏན་ཕྱེད་ཕྱེད་དང་། །ཐམས་ཅད་ཕྱེ་དང་དགའ་བ་དང་། །ཚད་དང་ནད་དང་གཡུལ་ངོ་དང་། །ཆོས་དང་བཅས་
པར་ལྟ་བ་མཆོག །གལ་ཏེ་སུམ་ཅུ་དྲུག་ལྟ་བ། །འདི་ཉིད་རྣལ་འབྱོར་མས་སྟེར་ན། །དེ་ཉིད་ཀྱི་ནི་ཕྱག་རྒྱའི་ལན། །རྣལ་འབྱོར་རྣམས་ཀྱིས་རྟག་སྦྱིན་པ། །མེ་ལོང་ཆུ་དང་མཆོད་པ་དང་། །རལ་གྲི་མར་མེ་མཐེ་བོང་དང་། །ནམ་མཁའ་པདྨ་ཀུ་མུ་ད། །མདའ་
དང་ཟླ་བ་ཉི་མ་དང་། །ནོར་བུ་མུ་ཏིག་བྱི་རུ་དང་། །བཞུ་བའི་གསེར་དང་དྲ་བ་དང་། །འབར་བ་གྲིབ་མ་རས་བལ་དང་། །བླ་མ་རྟ་གླང་ས་ར་བྷ། །གར་དང་སྐྲག་དང་འདར་བ་དང་། །འཁྲིག་པ་རྩོད་སྨྲ་ཉེ་བར་དང་། །གཏོར་མ་རི་མོ་དཀྱིལ་འཁོར་དང་། །ཞི་དང་རྒྱས་དང་དབང་དང་ནི། །
གསད་པ་དང་ནི་བསྐྲད་རྣམས་ཀྱིས། །ལྟ་བ་རུ་ནི་བཤད་གྱུར་པ། །བརྡ་ནི་སུམ་ཅུ་རྩ་དྲུག་པོ། །ཇི་ལྟའི་རིམ་པས་སྦྱིན་པར་བྱ། །འདི་ཉིད་རྣལ་འབྱོར་པའི་འབྲེལ་པ། །དེ་རྣམས་དགོས་པ་བཤད་པར་བྱ། །ཟླ་བའི་རྒྱུ་བར་སོན་པའི་སྲོག །གཡོན་པར་རྒྱུ་བ་ཡི་ནི་
མཆོག །སུམ་ཅུ་རྩ་དྲུག་སེམས་འབབ་པ། །དེ་རྣམས་ངོ་བོར་ཤེས་པར་བྱ། །མིག་གི་ཕྱག་རྒྱ་གང་འདྲ་བར། །དེ་འདྲའི་སྲོག་ནི་རྒྱུ་བར་བྱ། །མགོ་ལ་སོགས་པའི་ཚིགས་ཀུན་དུ། །རྩ་རྣམས་གནས་ནི་བསྒྲུབས་བྱས་ནས། །མི་ཕྱེད་མ་སོགས་སྟེང་འོག་ཏུ། །དེར་ནི་བལྟ་བ་
ཆེན་པོ་བྱ། །དེ་ལྟར་བདུན་ཅུ་གཉིས་ཤེས་བྱ། །ཕུན་སུམ་ཚོགས་ཀུན་འཐོབ་པར་འགྱུར། །གཏུམ་མིག་རྣལ་འབྱོར་མའི་བདག་མོ། །སྡང་བ་ཚར་གཅོད་མཛད་མ་ཡིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུ་ཡང་། །རྣལ་འབྱོར་མ་ཀུན་ཤེས་འགྱུར་བ། །གཏུམ་མིག་རྣལ་འབྱོར་མ་
རྟག་ཏུ། །བརྩོན་འགྲུས་རྫུ་འཕྲུལ་རྐང་པ་གཉིས། །གཏུམ་མོའི་རྣམ་པར་རྟོག་ཀུན་ལ། །མིག་གི་ལྟ་བ་ཟ་བ་ཡིན། །གཡོ་བའི་སེམས་ཀྱི་རང་བཞིན་ནི། །སེམས་གཅིག་ཏུ་ནི་འཆིང་བ་ཡིན། །ཐོ་ཅོའི་སྒྱུ་སྤྱོད་འཇིག་རྟེན་དུ། །འཇོམས་པ་ཕྱག་རྒྱ་མཁའ་འགྲོ་

སྐྱེས། །ཀུན་རྫོབ་དང་ནི་དོན་དམ་པར། །ལོང་མེད་པར་ནི་གཉིས་མེད་བྱེད། །གཉིས་མེད་མིག་ནི་འདིར་དེ་ཉིད། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །རྫུ་འཕྲུལ་གྱིས་ནི་སྣང་བ་བྱེད། །རྩ་རྣམས་ཐམས་ཅད་རབ་ཏུ་སྟོན། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །ཚུལ་འདི་
བསྒོམ་པར་བྱ་བ་ཡིན། །གཏུམ་མིག་མ་ནི་ཐབས་ལྡན་པ། །སུམ་ཅུ་རྩ་བདུན་བདག་ཉིད་ཅན། །དེ་ཡི་ཚུལ་ནི་མངོན་བརྗོད་པས། །ཐམས་ཅད་བྱང་ཆུབ་རང་བཞིན་ཅན། །སྔགས་ཀྱི་ཡི་གེ་ལས་སྐྱེས་པ། །ཀུན་སྤྱོད་རྩ་ཡི་བདག་ཉིད་ཅན། །དེ་ཡི་ཇི་ལྟར་ཁ་དོག་
གཟུགས། །རབ་གཏུམ་རྣལ་འབྱོར་མ་ཡིའོ། །ཨོཾ་ཤ་དཱྃ་ཏ་ཥྚྲོ་ས་ཏྐ་ཧ་ཊ་སྲ་བྷཱི་ནེ་ཥ་ཏྲཱ་ཎ་ཡ་བྷཻ་ཧཱུྃ་ར་ཧཱུྃ་བཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕཊ་སྭཱ་ཧཱ། ཨོྃ་ཙནྜཱ་ཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གང་བའི་རི་ཡི་གནས་སུ་ཡང་། །རབ་ཏུ་གཏུམ་མོ་དུས་ཀུན་སྐྱེས། །ཟླ་བ་ཉ་ལ་དཔྲལ་བ་
རུ། །རི་བོ་ཆེན་པོར་ཟླ་བ་འཆར། །འབར་བ་འཛིན་པར་གཏུམ་མིག་མ། །རཱ་ཧུ་ཡིས་ནི་ཟས་སུ་བྱས། །ཚེས་གཅིག་ཏུ་ནི་ཡང་དག་བཤད། །ཉི་མའི་རྗེས་འགྲོར་ངེས་བཤད་པའོ། །དེ་ལྟར་རྣལ་འབྱོར་མ་རེ་རེའི། །རང་གི་ཞིང་དུ་མིང་རྒྱ་ཆེ། །རེ་རེ་ཡི་ཡང་ཉི་ཤུ་བཞི། །སླར་ཡང་
གནས་དང་ཉེ་གནས་སོ། །བསམ་གཏན་སྔགས་ཀྱི་བཟླས་པའང་མེད། །ཡི་གེ་ལས་བྱུང་སྤངས་པ་ཡིན། །དུས་དང་དུས་མིན་ངོ་བོའི་བདག །ཧཱུྃ་ཕཊ་ཡི་གེས་འདོད་པར་གྱིས། །ཡི་གེ་ལས་བྱུང་བའི་གཟུགས་ཀྱི། །ཧེ་ཡི་རྡོ་རྗེའི་བདུད་རྩི་འབྱུང་། །སྤུན་གྱི་
སྤྱོད་པར་ཙྪམ་པ་གང་། །འཇུག་དང་ལྡོག་པར་བྱེད་པ་མོ། །སྙིང་གའི་འཁོར་ལོར་ཤེས་བྱ་སྟེ། །མིག་གི་རང་བཞིན་ཅན་སྙིང་ག། །སྙིང་གར་གནས་རང་རྣལ་འབྱོར་མ། །གཏུམ་མོ་ལྟེ་བའི་སྟེང་ནས་འབར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །
རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཏུམ་མིག་མའི་མཚན་ཉིད་ཀྱི་ཕྱག་རྒྱ་དང་བདག་པོའི་རང་བཞིན་གྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བདུན་པའོ།། །།

དེ་ནས་ཡང་དག་བཤད་བྱ་བ། །ཇི་ལྟའི་ཆོ་གས་བརྡའི་ཡིག་གེའོ། །རྣལ་འབྱོར་འཁོར་བའི་འཆིང་བ་ལས། །ཤེས་ནས་མྱུར་དུ་ངེས་པར་གྲོལ། །ཌཱ་དཱ་ལི་ཀ། ནཱ་མ་དང་ནཾ་པི་ཥི་ཏཾ། རཱ་ཛི་ཀཱ། བ་ཊབྦ་ཀི་པི་ཊ་ཀ། ཌཱི། ཀུན་ཏུ་རུ། ཀ་ར་པཱུ་ར། སིལླ་ཀཾ།
སྭ་ཡཾ་བྷུ། ཀ་སྟུ་རི་ཀཱ། ཧ་ཧཽ་ས་མ། བོལླ། ཀཀྐོ་བཾ། ཀཱ་ལི་ཉ་ཛ་རཾ། ཤཱ་ལི་ཤཱི་རཾ་ཨ་པྱ་ཀཾ། པི་ཏྲཱི་བ་ནཾ་བྱཉྫ་ནཾ། མཱ་ལ་ཏིན་དྷ་ནཾ། རཏྣ་སམྦྷ་བཾ། གོ། ཀུ། ད། ཧ། ན། བི། མཱུ། ཤུ། ར། མ། དེ་ལྟར་རྣལ་འབྱོར་མ་རྣམས་ཀྱི། །དེ་བཞིན་དཔའ་བོ་སྤུན་རྣམས་བརྡ། །རྣལ་
འབྱོར་མ་དེའི་དགོངས་པ་ནི། །ཁ་ཡིས་རྗོད་པ་བྱེད་པར་འགྱུར། །སྐྱེས་བུ། རྣལ་འབྱོར་མ། བུད་མེད། ཆང་། ཤ། ལྕེ། པ་ཌུ་བ། ཅང་ཏེའུ། བུད་མེད་ཀྱི། འཁྲིག་པ། ཁུ་བ། ཁྲག། ཤ་ལས་སྐྱེས། ཁྲག། བུད་མེད་ཀྱི་གཅིན། བཤང་བ། ལིང་ག། པདྨ། འདུས་
པའམ། སྐལ་ལྡན། སྐྱེས་གཉིས་ཀྱི་ཤ། ཤི་བའི་རོ། །རྒྱལ་པོའི་སྐྱེས་བུ། །དུར་ཁྲོད། ཉའི་ཤ། བྱའི་ཤ། གཡུལ་ངོའི་ཁྲག། བ་ལང་། ཁྱི། གླང་པོ་ཆེ། རྟ། མི། བཤང་བ། གཅི་བ། ཁུ་བ། ཁྲག །རྐང་མར། དེ་ལྟར་ཡང་ནི་བརྡ་ཡི་ལན། །སྔགས་པས་རྟག་ཏུ་ཤེས་པར་
བྱ། །རྣལ་འབྱོར་དངོས་པོ་ཤེས་རྣམས་ཀྱི། །དུས་རྣམས་ཀུན་ཏུ་བསྐྱེད་པ་ནི། །སྤྲུལ་པ་སེམས་ཅན་སྒྲོལ་བ་པོ། །ཞིང་དང་ཞིང་དུ་སྐྱེ་བར་འགྱུར། །བྱང་ཆུབ་སེམས་ནི་ཞུ་བའི་ཁམས། །སུམ་ཅུ་རྩ་དྲུག་གྲངས་ཀྱང་ནི། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཡེ་ཤེས་
ཁམས། །དེའི་ཡང་ཁམས་ནི་དྲུག་དྲུག་འགྱུར། །མངོན་པའི་གཟུགས་སོགས་ཤེས་མཐར་རོ། །ངེས་པར་བཤད་དོན་སྨྲ་བ་པོའི། །རང་བཞིན་གྱི་ནི་བརྡར་ཤེས་བྱ། །རེ་རེའི་བར་དུ་ལྷ་མོ་ནི། །འོད་ལྡན་ཡེ་ཤེས་གཟུགས་ཅན་ནོ། །སུམ་ཅུ་རྩ་དྲུག་ཁམས་རྣམས་ཀྱི། །
འཆར་བའི་དུས་མཐའ་མཁའ་སྤྱོད་མ། །ཡེ་ཤེས་འོད་ཟེར་དེ་བསྒྲུབས་ནས། །བདེ་བ་ཀུན་གྱི་གནས་ལ་བཞུགས། །གོས་ཀྱི་མཐའ་ནས་བཟུང་ནས་ནི། །གནད་དང་གནད་དུ་རྩེ་བར་བྱ། །ཡེ་ཤེས་ཀུན་རྫོབ་སྤངས་པ་ལས། །བསྒོམ་པའང་རྣམ་རྟོག་བདག་ཉིད་དོ། །རྡོ་རྗེ་ས་འོག་

སྦྱོར་བདག་ཉིད། །རྩ་ཐམས་ཅད་ནི་གཞིག་པར་བྱ། །རྣོན་པོར་སྲེག་པའི་སྦྱོར་བདག་ཉིད། །མཁས་པས་འོད་ལྡན་ཡི་གེའོ། །དཔྱོད་པའི་རྫུ་འཕྲུལ་རྐང་པ་སྟེ། །ཨཽ་ཌྱན་གནས་སུ་དེ་བཞིན་དུའོ། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །ལྷ་ཡི་བདག་མོ་མཆོག་བསྒོམ་བྱ། །
གསང་སྔགས་བདེན་པའི་སྦྱོར་བདག་ཉིད། །སྣ་ཚོགས་ཡི་གེ་རྣམས་དབུས་སོན། །སུམ་ཅུ་རྩ་བདུན་ལྷ་རྣམས་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཉིད། །ཨོཾ་ཀཾ་བི་ཀཱ་ད་ལ་ཡུ་མཱ་ཏ་ལཱ་ཛི་བྷ་ཧ་ར་བཱ་ཎ་ཡ་ཨུ་ཧཱུྃ་གྲཱ་ཧཱུྃ་ཡ་ཕཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་པྲ་བྷཱ་ཝ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་
སྭཱ་ཧཱ། ཁ་དོག་གཟུགས་ནི་སྔོན་བཞིན་ནོ། །རང་གི་འོད་ཀྱིས་རྣལ་འབྱོར་འགྲུབ། །ཨོཾ་ཡིག་ཕྱི་མོ་འབྱུང་བའི་བདག །སྲོག་གི་རླུང་ནི་བསྐྱོད་ཅིང་བསྐྱོད། །སྐར་མའི་བདག་པོ་ཀུན་མཁྱེན་རྣམས། །དབང་པོ་སོགས་ཀྱིའང་སྤངས་པ་ཡིན། །ཡ་ཡིག་དང་ནི་ཨ་ཡིག་གཟུགས། །
རྐང་པའི་མཐའ་དང་མགོ་བོ་ཅན། །ནཱ་ད་ཙམ་ལ་ཐམས་ཅད་བརྟེན། །རང་འབྱུང་ཆོས་བརྗོད་པ་ཡིན་ནོ། །དེ་ལྟར་ཡི་གེ་བཞི་རྣམས་ནི། །ཆོས་ཀྱི་སྐུ་ལ་སོགས་པའང་ཡིན། །མི་ནི་ཡིད་དེའི་ཆའི་ཡེ་ཤེས། །དེ་ཡོད་པས་ནི་དཔྱོད་པ་སྟེ། །འཇིག་རྟེན་དབུས་དང་ས་ལ་ནི། །རྫུ་འཕྲུལ་
རྐང་པས་སྤྱོད་ལམ་བྱེད། །ཡོན་ཏན་ཀུན་གྱི་འཁོར་ལོར་ཡང་། །ཐར་པའི་རྒྱུ་ཡིས་སྟེར་བར་འགྱུར། །ཡོན་ཏན་ཀུན་བདག་སྟོང་པ་ཉིད། །འཁོར་བར་འདི་ལས་ཐབས་གཞན་མེད། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་
འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འོད་ལྡན་མའི་མཚན་ཉིད་ཀྱི་ཕྱག་རྒྱའི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་རྣལ་འབྱོར་མ་
མཆོག་གཙོ། །མཚོན་ཆའི་བརྡ་ནི་བཤད་བྱ་སྟེ། སྣ་ཆེན་མ་ཡི་རབ་སྦྱོར་བས། །སྲོག་དང་རྩོལ་བའི་རང་བཞིན་ཅན། །འདི་ལ་དྲིལ་བུ་ཕུབ་མཆེ་བ། །གཏུན་ཤིང་ཞགས་པ་ཐོད་པ་དང་། །གཞུ་དང་ཁ་ཊྭཱཾ་ག་པོ་ཏི། །ཕུབ་ཆུང་དང་ནི་སྡིགས་མཛུབ་དང་། །གཡེར་ཀའི་ཕྲེང་

དང་ལྕགས་ཐག་དང་། །བྲག་དང་དུར་ཁྲོད་རྡུལ་དང་ནི། །མདུང་དང་རྔ་དང་པགས་རློན་དང་། །སྐྲ་ཡི་ཐག་པ་དཔྱངས་པ་དང་། །རོ་སྲེག་སྐུལ་བའི་ཤིང་དང་ནི། །ག་ཏའི་དབྱུག་པ་ཕུབ་དང་མགོ། །ཀེང་རུས་དང་ནི་ཟོར་བ་ཉིད། །མིག་དང་མཁལ་མ་གཉེ་མ་དང་། །སྤེན་པ་ཡི་
ནི་ཕུར་བུ་དང་། །ས་བོན་གར་དང་སོག་ལེ་དང་། །ཁབ་དང་སླུད་བཤུས་པགས་པ་དང་། །སྤྲིན་ཆར་འབབ་དང་ཤིང་ལྕགས་ཀྱུ། །དེ་ལྟར་རྣལ་འབྱོར་མས་སྟེར་ན། །ཕྱག་རྒྱའི་ལན་དུ་བརྗོད་བྱ་བ། །རྡོ་རྗེ་རལ་གྲི་མདུང་རིང་དང་། །རྩེ་གསུམ་དགྲ་སྟ་གྲི་གུག་མདའ། །གསལ་ཤིང་ཕུབ་
དང་ཐོ་བ་དང་། །འཁོར་ལོ་ཅང་ཏེའུ་ཆུ་གྲི་དང་། །དབྱུག་པ་དང་ནི་མཚོན་རྩེ་གཅིག །དུང་དང་ཟངས་དུང་དབྱུག་གུ་གསུམ། །དེར་ནི་རྨ་བྱའི་མཇུག་མ་དང་། །བྱ་རོག་སྒྲོ་དང་པིར་དང་ནི། །མེ་ཡི་ཐབ་དང་རི་བོ་དང་། །དབྱུག་ཐུང་མེ་ལོང་པི་ཝང་དང་། །རྐང་མགོ་ལག་མགོ་གློ་བ་དང་། །རྒྱུ་
མ་སྒྲ་གཅན་ལྕགས་སྒྲོག་དང་། །གདོས་དང་སྐོགས་དང་ཉ་རྒྱ་དང་། །མགོ་མེད་མར་ནག་འབར་བ་དང་། །འཇིགས་བྱེད་གཟུགས་ཅན་ཞེས་བྱ་བ། །ཕྱག་རྒྱའི་ལན་དུ་མངོན་བརྗོད་ཡིན། །རླུང་གི་རང་བཞིན་མ་ལུས་པ། །དེའི་རིགས་རྣལ་འབྱོར་མའི་ཁྱིམ་དུའོ། །གང་དག་གང་གི་
ཕྱག་རྒྱའི་དབྱིབས། །དེ་དེ་རྣལ་འབྱོར་མ་ཡི་ལུས། །དེ་ཡི་རང་བཞིན་རྗེས་བཟུང་ངམ། །ཚར་གཅོད་པ་ཡང་བྱེད་པར་འགྱུར། །སྟོང་པ་ཉིད་ནི་བཅྭ་བརྒྱད་དང་། །ཁྱད་པར་དུ་ཡང་སྙིང་རྗེ་དང་། །སངས་རྒྱས་ཆོས་ནི་མ་འདྲེས་དང་། །དེ་བཞིན་དུ་ནི་ཁམས་བཅྭ་བརྒྱད། །རྣལ་འབྱོར་མ་
ཡི་རྒྱ་མཚན་ཉིད། །སྐྱེ་བོ་ཐམས་ཅད་ཤེས་པར་བྱ། །སྣ་ཆེན་མ་ཡི་རབ་སྦྱོར་བར། །རང་གི་མཚན་ཉིད་གསུངས་པ་ཡིན། །འབྱུང་པོ་ཐམས་ཅད་ཀྱི་ནི་མ། །མངོན་པར་སྣ་ཚོགས་ནོར་བུ་བཞིན། །ཧཱ་ཡིག་བསྐྱོད་པའི་ནཱ་དའི་བདག །དེ་བཞིན་ཁ་འོག་བལྟས་པར་འཕྱང་། །ནཱ་དར་
གནས་པའི་སྐུད་པ་ཡང་། །བདེ་གཟུགས་གཉིས་མེད་ཕྲེང་བ་ཅན། །སྒྲུབ་ཐབས་མན་ངག་སྦྱོར་བདག་ཉིད། །དབྱངས་དང་གསལ་བྱེད་ལས་སྔོན་བྱུང་། །ཆོས་དང་ལས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན། །ཡི་གེ་བཞི་ཡི་རྟོག་པ་ལས། །ཕྱག་རྒྱ་བཞི་མངོན་བརྗོད་

ཉིད་དོ། །གནས་ནི་ཨ་ར་བུ་དར་ཞེས་བྱ། །སེམས་ཀྱི་རྫུ་འཕྲུལ་རྐང་དེ་བཞིན། །ལྷ་རྫས་རྣལ་འབྱོར་མ་འདུས་པ། །ནམ་མཁའི་འཁོར་ལོར་གྲགས་པ་ཡིན། །སུམ་ཅུ་བདུན་བདག་ཉིད་དེ་ཡི། །བདག་མོ་སྣ་ཆེན་མ་ཡིན་ནོ། །སྣ་ཡི་ཐོག་མ་ཐ་མར་དབུགས། །འཇུག་དང་
གནས་དང་ལྡང་བ་ཅན། །དབུས་སུ་མཚོན་བྱ་མཚན་ཉིད་བྲལ། །རྣལ་འབྱོར་མ་ཀུན་རྩེ་བར་འགྱུར། །ནུ་བཾ་ལ་ནི་དབྱངས་ཅན་འགྲོ། །དབུས་སུ་གང་གང་འབབ་པ་མོ། །གཞུ་འགེངས་པ་ཡི་སྦྱོར་བ་ཡིས། །སྲོག་དང་ཐུར་སེལ་ཅན་འཛིན་པའོ། །རྣམ་ཤེས་བརྡ་རུ་ཤེས་བྱས་
ནས། །མཚོན་བྱ་དེ་ཡང་གཞོམ་པར་བྱ། །གང་དུ་སེམས་ནི་གཏོང་བ་ན། །དེར་ནི་རྫུ་འཕྲུལ་གྱིས་དཔག་བྱ། །ཡེ་ཤེས་མ་ཡི་མངལ་ཉིད་དོ། །ཐམས་ཅད་དུ་ནི་རྣམ་པར་དཔྱད། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །འདིར་ནི་སླར་ཡང་བསྒོམ་པར་བྱ། །ཤེས་རབ་
ཐབས་ཀྱི་རང་བཞིན་ནི། །གསང་སྔགས་ཡི་གེ་རྣམས་ལས་བྱུང་། །མདོག་དང་དབྱིབས་ནི་སྔོན་གྱི་སྟེ། །འཇིགས་བྱེད་མཚན་མོ་ནག་མོ་ཅན། །ཨོཾ་ཛ་ཀོ་བཱ་ཊི་ལཱ་ལ་བཀྵ་ལཱི་བྷུ་ཌྷ་ཛཱ་ལ་ཡ་ག་ཧཱུྃ་ནཱ་ཧཱུྃ་ཡ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་ཧོཿམ་ཧཱ་ནཱ་སེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་
བྱའི་གསང་སྔགས་ལས་རྫོགས་པ། །འདོད་པ་ཀུན་གྱི་རང་བཞིན་ཅན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་
མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་སྣ་ཆེན་མའི་མཚན་ཉིད་ཀྱི་བརྡའི་ཆོ་གའི་ངེས་པ་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ལུས་ཀྱི་ཙྪོ་མ་ནི། །མཛེས་པའི་སྤྱོད་པ་བཤད་པར་བྱ། །དཔའ་བོའི་བློ་གྲོས་མའི་སྦྱོར་བས། །ལྷ་རྫས་ལུས་སྐྱེས་འཐོབ་པར་འགྱུར། །མགོ་
དང་སྤྱི་གཙུག་དཔྲལ་བ་དང་། །གཡོན་དང་གཡས་པའི་རྣ་བ་དང་། །རྒྱབ་ཀྱི་རྒྱུད་དང་དཔུང་པ་གཉིས། །སྣ་དང་སྨིན་མ་མིག་དང་ཁ། །རྐན་དང་སྙིང་ག་ལག་པ་དང་། །མཆན་ཁུང་ནུ་མ་རྩིབ་ལོགས་དང་། །ལྟེ་བ་མདོམས་དང་འཕོངས་ལིང་ག །བརླ་དང་པུས་མོ་བྱིན་རྐང་པ། །སོར་མོ་མཐེབ་

ཆེན་ལོང་བུ་དང་། །རྐང་པའི་མཐིལ་དུ་ཐམས་ཅད་དུ། །རླིག་པ་ལག་པ་གླང་པོའི་པགས། །མཁྲིག་མ་དཔྲལ་བའི་ངོས་དང་ནི། །མཚམས་དང་ལྟོ་བར་ཤེས་བྱ་སྟེ། །རྟག་ཏུ་རྣལ་འབྱོར་མས་སྟེར་ན། །ཕྱག་རྒྱའི་ལན་གྱུར་རྣལ་འབྱོར་པས། །ཇི་ལྟའི་རིམ་པས་སྦྱིན་
བྱ་བ། །གླིང་བུ་པི་ཝང་འཁར་རྔ་དང་། །གླུ་དང་རྫ་རྔ་རོལ་མོ་དང་། །ཕྲེང་བ་སྒེག་པ་གར་ཟངས་དུང་། །སྤོས་དང་དྲི་དང་ལྷ་བཤོས་དང་། །འབྲས་བུ་མ་ཆགས་འབྲས་དང་སྣོད། །ཞབས་བསིལ་མཆོད་ཡོན་མར་མེ་བུམ། །གོས་དང་མེ་ལོང་གདུགས་དང་ནི། །བླ་རེ་རྔ་ཡབ་དེ་བཞིན་དུ། །
བ་དན་མེ་ཏོག་ཕྲེང་བ་དང་། །རྒྱལ་མཚན་དང་ནི་དྲི་གཙང་ཁང་། །མདུང་ཐུང་ཕྲེང་བ་ཕྲེང་ཕྱེད་དང་། །སླར་ཡང་དྲིལ་ཆུང་དྲ་བ་དང་། །སེང་གེ་གདན་དང་ཅོད་པན་དང་། །རིན་ཆེན་སྣ་ཚོགས་དེ་བཞིན་ནོ། །གོ་དཱ་བ་རིའི་ཉེ་གནས་གཞུག །དད་པའི་དབང་པོའི་རང་བཞིན་ཅན། །དཔའ་
བློ་མ་ཡི་རབ་སྦྱོར་བས། །ཕྱག་རྒྱ་ཐམས་ཅད་རབ་ཏུ་བཤད། །ལྷན་སྐྱེས་སྐད་ཀྱིས་བཱི་ཞེས་བྱ། །སུམ་ཅུ་དྲུག་དངོས་བདག་ཉིད་ཅན། །ཕུང་པོ་ཁམས་དང་ཡུལ་དང་ནི། །དབང་པོ་ལས་དང་ལས་ཅན་ཏེ། །ཡུལ་གྱི་སྒྲ་ནི་དེ་བཞིན་འདིར། །ཀུན་ལ་དྲུག་དྲུག་རིམ་ཇི་བཞིན། །དེ་རྣམས་
ནང་དུ་སོང་ཡེ་ཤེས། །ལྷན་སྐྱེས་གཞན་གྱི་དངོས་པོ་མིན། །མཚན་མོ་ཉིན་མོའི་རབ་སྦྱོར་བས། །ཤེས་རབ་ཐབས་ཀྱི་བདག་ཉིད་དོ། །ལྷན་སྐྱེས་རྣལ་འབྱོར་མ་དེ་རྣམས། །སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ། །དམ་ཚིག་ཆེན་པོ་འདུས་པ་ནི། །པདྨའི་ལྟེ་བར་རིག་པར་བྱ། །དེ་ལས་སྐྱེས་པའི་
རང་ཕྱག་རྒྱ། །ཡུལ་དང་ཡུལ་དུ་རྣམ་པར་གཞག །རང་རིག་རྣལ་འབྱོར་མའི་བདེ་བ། །འདི་ནི་སངས་རྒྱས་སྤྱོད་ཡུལ་ཡིན། །འཇིག་བཞིན་པ་ནི་ཆེན་པོ་ཉིད། །བཅུ་གཉིས་མི་རྣམས་ནང་དུ་སོན། །རྡོ་རྗེའི་རླུང་ནི་རབ་ཞུགས་པའི། །དེར་ནི་ཀུན་དུར་རྣལ་འབྱོར་སྐྱེས། །འོད་ཟེར་སློང་བའི་
བདེ་བ་ཡི། །འཕོ་མེད་རྣམས་ཀྱིས་བགྲོད་པར་བྱོས། །དེ་ལྟར་གོ་དཱ་བ་རི་ཤེས་བྱས་ནས། །དད་པའི་དབང་པོའི་རྡོ་རྗེ་ཅན། །དཔའ་བློ་མ་ཡི་རང་བཞིན་ཤེས། །དཀྱིལ་འཁོར་དབུས་ཀྱི་གཙོ་མོ་ཡིན། །སུམ་ཅུ་བདུན་བདག་ཉིད་རྡོ་རྗེ། །རང་མིང་གསང་སྔགས་ལྡན་པར་རོ། །སྣ་ཚོགས་

རྣམ་རྟོག་ཟས་ཅན་ནི། །ལྷན་སྐྱེས་བརྩོན་འགྲུས་མིང་གིས་སོ། །ཨོཾ་ཀ་པཱ་ལ་ར་པཱཾ་ཤུ་ཏ་པཱ་དྷཱུ་ཤོ་མྲུ་དྱ་ཨུ་ཏ་གྲ་ཤཱུ་བ་ལཱ་པུ་ཡ་ཥཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཕཊ་ཕཊ་སྭཱ་ཕཊ་ཧཱ་སྭཱ་ཧཱ། ཨོཾ་བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཁ་དོག་དང་དབྱིབས་སྔོན་གྱི་རུ། །རྣལ་འབྱོར་མ་ཀུན་གྱི་ནི་བྱ། །གང་ཕྱིར་
བརྩོན་འགྲུས་ཡང་དག་འཕོ། །མངོན་པར་བརྗོད་པ་ཡང་དག་འབྱུང་། །ནམ་མཁའ་ལྡིང་གི་སྦྱོར་ལྡན་པས། །འདིར་ནི་ཐེ་ཙོམ་མེད་པར་བྱེད། །སྔོན་དུ་བསྟན་པའི་ཙྪོ་མ་ཀ། །མཆོག་གི་ལྕེ་རུ་ཤེས་པར་བྱ། །ཕྱག་རྒྱའི་ལན་ནི་གཞན་མེད་དེ། །ལན་གྱི་ལྕེ་ནི་དབང་གཉིས་ཀྱིའོ། །
སྣ་ཚོགས་རྒྱུད་དང་ལུང་རྣམས་སུ། །ང་ཡིས་ཁྱོད་ལ་མ་བཤད་དོ། །རྒྱུད་འདི་ཡི་ནི་རབ་སྦྱོར་བ། །མ་བྱུང་འབྱུང་བར་མི་འགྱུར་རོ། །མ་རིག་པ་དང་སྡང་སེམས་དང་། །སྐྱེ་བོ་རྨོངས་གང་ཡུལ་སྤྱོད་ན། །སངས་རྒྱས་ཉིད་ནི་མི་འཐོབ་ཅིང་། །ངེས་པར་དམྱལ་བར་འཚེད་པར་འགྱུར། །དེ་
ཕྱིར་གུས་པའི་སེམས་བདག་གིས། །བྱ་བ་གུས་པས་ལེགས་རིག་བྱ། །སྔོན་གྱི་རྨོངས་པ་མེད་འགྱུར་ཞིང་། །སངས་རྒྱས་ཉིད་འཐོབ་ཡུན་མི་རིང་། །མོས་པས་རྒྱུན་ཏུ་གཞོལ་གྱུར་པས། །ཚེ་དང་ནད་མེད་འཕེལ་བ་ཡིན། །རླུང་གི་འཁོར་ལོའི་རྣལ་འབྱོར་མ། །སྟོབས་ལྡན་
དཔའ་བོའི་བློ་གྲོས་མ། །རྡོ་རྗེའི་རླུང་དབྱེ་རབ་ལྡན་པས། །སེམས་ཆེན་པོར་ནི་ཐིམ་པར་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་
མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དཔའ་བོའི་བློ་གྲོས་མའི་ཆོ་གའི་མཚན་ཉིད་ཀྱི་མིང་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་པའོ།། །།ཁམས་ཐམས་ཅད་ཀྱི་ཙྪོ་མ་ཀ། །བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། །གང་ཞིག་དྲི་མེད་དངོས་
པོའི་བརྡ། །བཤད་ཀྱིས་སྒྲུབ་མོ་མཉན་པར་གྱིས། །སོ་ཡིས་མཆུ་ནི་ཡོངས་བཟུང་ནས། །བདེ་བས་བོལླ་འཇིབ་པར་བྱེད། །ཕྱིན་ནས་ཡེ་ཤེས་རབ་སྟོན་པའི། །འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །ཕྱི་མོའི་ཡི་གེའི་སྦྱོར་བ་ཡིས། །བཅུ་པོ་གསུམ་ལ་དྲུག་ལྡན་པའི། །ཕྱག་རྒྱ་ཕྱག་རྒྱའི་

ལན་གྱིས་ནི། །འདི་ལས་དམ་ཚིག་དབྱེ་བར་བྱ། །ཀ་ཁ་ག་གྷ་ང་ཀཾ། ཙ་ཚ་ཛ་ཛྷ་ཉ་ཙཾ། ཊ་ཋ་ཌ་ཌྷ་ཎ་ཊཾ། ཏ་ཐ་ད་དྷ་ན་ཏཾ། པ་ཕ་བ་བྷ་མ་པཾ། ཡ་ར་ལ་ཝ་ཧ་ཡཾ། །ཞེས་བྱ་རྣལ་འབྱོར་མས་སྟེར་ན། །ཕྱག་རྒྱའི་ལན་ནི་སླར་ཡང་འདི། །ཀཱ་ཁཱ་གཱ་གྷཱ་ངཱ་ཀཿ། ཙཱ་ཚཱ་ཛཱ་ཛྷཱ་
ཉཱ་ཙཿ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ཊཿ། ཏཱ་ཐཱ་དཱ་དྷཱ་ནཱ་ཏཿ། པཱ་ཕཱ་བཱ་བྷཱ་མཱ་པཿ། ཡཱ་རཱ་ལཱ་ཝཱ་ཧཱ་ཡཿ། དེ་ལྟར་ཕྱག་རྒྱའི་ཁྱད་ཤེས་ནས། །ལུས་ཅན་ཀུན་གྱི་སྒོ་གླེགས་ཡིན། །བུ་ག་གཉིས་ཀྱི་རབ་སྦྱོར་བར། །ཐམས་ཅད་ཀྱང་ནི་ཡི་གེ་འདྲ། །འོག་དང་སྟེང་དུ་འདུས་བྱས་ནས། །རྣལ་འབྱོར་རྣལ་འབྱོར་མ་
གཉིས་མེད། །སྐད་ཅིག་བཞི་ཡི་བདེན་རྣམས་ཀྱིས། །དེ་ཉིད་དགའ་བ་བཞི་དེ་བཞིན། །སྡེ་པ་བཞི་དང་འཁོར་ལོ་བཞི། །ཨེ་བཾ་མ་ཡཱ་སྐུ་རྣམས་ནི། །རྒྱུད་འདིར་མདོ་རུ་བསྟན་པ་སྟེ། །རྒྱས་བཤད་གཞན་དུ་རྟོགས་པར་བྱ། །མིའུ་ཐུང་མ་ཡི་རབ་སྦྱོར་བས། །ཆོ་ག་སྔགས་པས་
ཤེས་པར་བྱ། །ནམ་མཁའ་དང་མཉམ་སྒོ་གླེགས་ཕྲེང་། །མཁའ་སྤྱོད་མ་རུ་སྤྱོད་པ་རང་། །ངག་ཀྱང་སྐད་ཀྱི་རང་བཞིན་བདག །འགོག་པར་ཉེ་བར་འགྲོ་བར་གྱིས། །གསང་ཆེན་སེམས་དང་སེམས་བྱུང་རྣམས། །མཐའ་མ་གསལ་བར་འཐོབ་པ་ཡིས། །རིན་ཆེན་རྡོ་རྗེ་ལས་དགའི་
གཟུགས། །བལྟས་པའི་མཚམས་སུ་མཐོང་བར་འགྱུར། །ཐམས་ཅད་བདེན་པའི་སྦྱོར་བདག་ཉིད། །བཞི་པོ་བཞི་ཡི་བདག་ཉིད་ཅན། །རཱ་མེ་ཤྭ་ར་དང་དབང་པོར། །མཆོག་ཏུ་རྨད་བྱུང་ཤེས་པར་བྱ། །འདོད་ཆགས་ཆགས་བྲལ་རྣམ་བསྲེས་པ། །དེའི་སྐད་ཅིག་ལས་བྱུང་བ་མིན། །
འབྱུང་བ་ལྔའི་བདག་ཅན་ཡིན་ལས། །མེ་ནི་དབུས་སུ་བདུད་རྩིའི་གནས། །དབུགས་ཀྱི་འཁོར་ལོ་རྟག་ཏུ་བདེའི། །དེ་བཞིན་གཤེགས་པ་བཟའ་བར་བྱ། །ལྷ་དང་ཀླུ་རྣམས་བུད་མེད་ལ། །མཁས་པ་ཡིས་ནི་རོལ་པ་ཡིན། །དེ་རྣམས་ཀྱིས་ནི་དུས་ཀུན་དུ། །ལུས་ཅན་ཀུན་གྱི་འཕོ་
བ་ཡང་། །སྒོ་དགུའི་བདག་ཉིད་ནམ་མཁའ་ལ། །དེ་རྣམས་བཞི་འགྱུར་དུ་ཤེས་བྱ། །དེ་ལྟར་སྒོ་གླེགས་གནས་རྣམས་ནི། །རྟག་ཏུ་སུམ་ཅུ་རྩ་དྲུག་འགྱུར། །སྒོ་ཡི་དབྱེ་བ་མི་ཤེས་ལ། །སྐྱོན་དང་ཡོན་ཏན་ཇི་ལྟར་ལགས། །འཕོ་བའི་དུས་ཚོད་ཀྱི་ནི་ཚད། །ཡང་དག་རབ་ཏུ་སྦྱོར་བ་ཉོན། །

མཛེས་པའི་གནས་ནི་ལམ་བཟང་པོས། །ལམ་ངན་གྱིས་ནི་སྲིད་པའི་སྐྱོན། །ཐིག་ལེ་ལྟེ་བ་སྟེང་རྣམས་དང་། །མིག་དང་སྣ་དང་རྣ་བ་དག །བཤང་བ་དང་ནི་གཅི་བའི་སྒོ། །སྒོ་དགུ་ཡི་ནི་མཚན་ཉིད་དོ། །ལྟེ་བས་འདོད་པའི་མཐོ་རིས་དང་། །ཐིག་ལེས་གཟུགས་ཀྱི་ལུས་ཅན་རྣམས། །
སྟེང་གིས་སྟེང་གི་གནས་ཀྱི་ནི། །འགྲོ་དང་འོང་བར་རབ་ཏུ་གྲགས། །གནོད་སྦྱིན་དངོས་པོ་སྣ་ལས་སོ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མི་གནས་ཡེ་ཤེས་བགྲོད། །མི་རྣམས་མི་བདག་སྒྱུར་རྣམས་འགྱུར། །སྲིད་པའི་སྒོ་ཡིས་ཡི་དགས་རྣམས། །གཅི་བས་དུད་འགྲོ་དེ་བཞིན་
ནོ། །དམྱལ་བ་བརྒྱད་ཀྱི་དངོས་རྣམས་ཀྱི། །ལུས་ཅན་རྣམས་ནི་བཤང་བ་ལས། །གཞན་གྱི་སྒོ་ནི་གསུམ་གསུམ་སྟེ། །མཁས་པས་རྩ་ཡི་ཀུན་སྤྱོད་ཅན། །ཉི་ཤུ་རྩ་བདུན་རྣམས་ཀྱང་ནི། །སྨིན་དྲུག་ལ་སོགས་རྒྱུ་སྐར་རོ། །རྣམ་དག་ཡེ་ཤེས་གསུམ་པོ་ནི། །རེ་རེའི་སྒོ་
མ་རྣམས་ཀྱིའོ། །བརྩོན་འགྲུས་དབང་པོའི་དངོས་རྣམས་ཀྱིས། །ཐམས་ཅད་ཉེར་སྤྱོད་མཚན་ཉིད་དོ། །སུམ་ཅུ་བདུན་བདག་ཉིད་དབུས་སུ། །སྔོན་གྱི་མདོག་ཅན་བསྒོམ་པར་བྱ། །རྡོ་རྗེ་དཀར་མོ་སོགས་ས་བོན། །སྒོ་གླེགས་གནས་སུ་གཞག་པར་བྱ། །ཤེས་རབ་ཐབས་
བདག་ཉིད་ལྷ་མོ། །ས་ཡི་འཁོར་ལོའི་སྦྱོར་བས་སོ། །སྔགས་ཀྱི་ཡི་གེ་རྣམས་སུ་གྱུར་པ་ནི། །ཨོཾ་མཱ་བི་ཏྲི་ཀ་ག་ཊ་ཎ་མུ་པ་ཁ་རི་ཧཱ་པཱུ་ཧཱ་རི་ར་ཏ་བཱ་མ་ཡནྟྲཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕ་ཕཊ་ཊ་ཕ་སྭཱ་ཊ་ཧཱ་སྭཱ་ཧཱ། ཨོཾ་ཁརྦ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ལས་ཡང་དག་བྱུང་། །དོན་དམ་སྦྱོར་
བ་ལས་སྐྱེས་པའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མིའུ་ཐུང་མའི་
ཡི་གེའི་བརྡའི་མཚན་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་གཅིག་པའོ།། །།སླར་ཡང་མཆོད་པ་བྱས་ནས་ནི། །ཡང་དང་ཡང་དུ་ཞུས་པ་ཉིད། །དངོས་པོ་ཡེ་ཤེས་ཀྱིས་ཕྱག་རྒྱ། །བཅོམ་ལྡན་གཙོ་བོ་ཇི་ལྟར་ལགས། །བདག་གིས་མཚན་

ཉིད་བཤད་བྱ་ཡིས། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ལྷན་སྐྱེས་བདེ་དང་སྟོང་བ་དང་། །རང་གིས་རིག་དང་བདེ་བ་ཆེ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་དང་ནི་རྨད་བྱུང་ཆེ། །འོད་གསལ་སེམས་དང་བསམ་པ་དང་། །ཞི་དང་མྱང་འདས་སྦྱོར་སྐྱེས་
དང་། །ཕ་རོལ་ཕྱིན་དང་གཉིས་མེད་དང་། །ཐར་པ་དང་ནི་དོན་དམ་དང་། །ཡེ་ཤེས་རྣམ་ཤེས་བྱང་ཆུབ་དང་། །ཆོས་དབྱིངས་གྲོང་ཁྱེར་དེ་བཞིན་དུ། །པདྨ་དང་ནི་ཆོས་འབྱུང་དང་། །སླར་ཡང་བདག་མེད་མཐོ་རིས་དང་། །ཞི་དང་སྒྲ་དང་བླ་མ་དང་། །རིག་དང་འཁྲུལ་མེད་རྟོག་སྤངས་
དང་། །བཅུད་ལེན་དང་ནི་སྨྲ་བཤད་དེ། །མཁས་པས་ཙྪོ་མའི་རྣམ་གྲངས་སོ། །ཇི་ལྟར་དེ་ལྟར་ཡིག་དང་པོ། །ཐམས་ཅད་ལན་གྱི་ཙྪོ་མ་ཡིན། །ཇི་ལྟར་ཡི་གེ་དེ་བཞིན་དོན། །དམྱལ་བ་ལ་སྡང་ཤེས་པར་བྱ། །ལང་ཀའི་དབང་ཕྱུག་མའི་སྦྱོར་བར། །རྣལ་འབྱོར་པ་ཁྱོད་
ཀྱིས་བྱའོ། །འཕྱང་བར་གྱུར་པའི་ས་བོན་གྱི། །དེར་ནི་ཙྪོ་མ་ཐམས་ཅད་དེ། །གེ་སར་ཡེ་ཤེས་ཁམས་ཀྱི་ནི། །རང་གི་རང་བཞིན་དུ་མཚན་ཉིད། །རང་ཡོད་དེ་མཉམ་རྣལ་འབྱོར་པ། །པདྨའི་སྙིང་པོ་རི་ནི་གནས། །རི་ནི་རྣམ་ཤེས་འགྲོ་བ་སྟེ། །ཡིད་ཀྱི་ཁམས་རྣམས་
ཐམས་ཅད་དུའོ། །ལང་ཀར་བདག་ཉིད་སྐྱེ་བ་སྟེ། །དངོས་པོའི་ཡེ་ཤེས་རྣམས་ཀྱིས་བྱུང་། །དབང་ཕྱུག་འབྱུང་པོ་ཐམས་ཅད་ཀྱི། །ཡེ་ཤེས་མིན་པ་དངོས་ཀུན་སྐྱེས། །དེ་བི་ཀོ་ཊའི་གནས་སུ་སྟེ། །སླར་ཡང་བྱང་ཆུབ་དྲན་དབང་པོ། །གང་དུ་ཡེ་ཤེས་བསམ་མེད་པ། །དེར་ནི་
བསྟན་པས་ཐོས་པར་འགྱུར། །འདོད་ཆགས་བྲལ་བས་གང་དག་གི། །བི་ནི་ཀུན་འགྲོའི་ཡེ་ཤེས་སོ། །རླུང་རྣམས་ཀྱི་ནི་མཁའ་རྣམས་སུ། །དབང་པོ་རྣམས་ཀྱི་བདེ་དེ་བཞིན། །ཊི་ནི་རྡོ་རྗེའི་ནུས་པར་གྲགས། །ཡུལ་རྣམས་ཀྱི་ནི་གྲོང་དུ་བགྲོད། །དྲན་པ་ལྷན་ཅིག་སྐྱེས་ཡེ་ཤེས། །
གང་དུ་ཡིད་ནི་རབ་བརྗོད་པ། །དེར་ནི་དབང་པོའི་བྱང་ཆུབ་ཀྱང་། །ཤེས་ནས་རྡོ་རྗེའི་ཚུལ་བདག་ཉིད། །དེ་ལྟར་དེ་ཉིད་ངེས་ཤེས་ནས། །རང་གི་རང་བཞིན་དུ་གནས་བྱ། །ཆོས་དང་འཇིག་རྟེན་བཅས་པ་སྤང་། །ཅུང་ཟད་མིག་མེད་གཟུད་པར་བྱ། །ཡང་ན་དངོས་པོ་ཀུན་བདག་

ཉིད། །ཡང་ན་ཐམས་ཅད་རྣམ་པར་སྤང་། །དངོས་དང་དངོས་པོ་ཅན་ཡོད་མིན། །དངོས་པོ་མེད་པ་གསལ་མཐོང་འགྱུར། །དངོས་དང་དངོས་མེད་རྣམ་པར་གྲོལ། །ཐམས་ཅད་མི་བདེན་ལས་སྐྱེས་བལྟ། །བླ་མ་རྡོ་རྗེ་འཛིན་ཞལ་ལས། །བརྒྱུད་པའི་རིམ་པས་ཕྲད་པར་
གྱིས། །མེ་ཡི་དཀྱིལ་འཁོར་དུ་ལྷ་མོ། །དེ་ཕྱིར་དེ་ཡི་རང་བཞིན་ལུས། །སུམ་ཅུ་བདུན་བདག་ཉིད་དབུས་སུ། །སྔོན་གྱི་གཟུགས་ཅན་བསྒོམ་པར་བྱ། །ཐམས་ཅད་ཐབས་དང་ལྡན་པར་འགྱུར། །སྔགས་ཀྱི་ཡི་གེ་ལས་བྱུང་བའོ། །ཨོཾ་ཧཱུྃ་ས་ཧཱུྃ་ཧ་ཀཱ་ཛ་རོ་སུ། ཙྪནྡ་ར་རཱི་ཎ་
པ་མུལླ་ཁཱ་བ་ཡ་ཀ་ཧཱུྃ་རཱ་ཧཱུྃ་ཡ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་ལངྐེ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་ཤེས་བྱས་གསང་སྔགས་ཆེ། །དངོས་གྲུབ་ཡང་བས་བྱེད་པ་ཡིན། །ལས་ཐམས་ཅད་ཀྱི་རང་བཞིན་ཏེ། །བརྒྱ་ལ་ན་ཡང་གཞན་དུ་མིན། །དངོས་གྲུབ་རི་ཡི་མིང་
ཅན་ནི། །ཉི་ཤུ་རྩ་བརྒྱད་སྨན་དུའོ། །སྨིན་དྲུག་དང་ནི་སྣར་མར་འགྱུར། །མགོ་བོ་དང་ནི་ལག་དེ་བཞིན། །ནབ་སོ་དང་ནི་རྒྱལ་ཉིད་དང་། །སྐག་དང་མཆུ་དང་གཞན་པ་ནི། །ཤར་གྱི་གྲེ་དང་བྱང་གི་དབོ། །མེ་བཞི་ནག་པ་ས་རི་དང་། །ས་ག་དང་ནི་ལྷ་མཚམས་དང་། །སྣྲོན་དང་
སྣྲུབས་དང་ཆུ་སྟོད་དང་། །ཆུ་སྨད་དང་ནི་བྱི་བཞིན་དང་། །གྲོ་བཞིན་མོན་གྲུ་དེ་བཞིན་དུ། །མོན་གྲེ་དང་ནི་ཁྲུམས་སྟོད་དང་། །ཁྲུམས་སྨད་དང་ནི་ནམ་གྲུ་དང་། །ཐ་སྐར་དེ་བཞིན་བྲ་ཉེ་དང་། །ཟླ་བ་ཉི་མ་རཱ་ཧུ་དང་། །སའི་མ་ཉིད་དང་སྤེན་པ་རྣམས། །རང་རང་དུས་ཉིད་ཤེས་པར་བྱ། །
ཐེ་ཙོམ་མེད་པས་བཟུང་བས་སོ། །ཐམས་ཅད་ཟླ་བའི་སྦྱོར་བདག་ཉིད། །ནམ་མཁའ་ལ་ནི་མཉམ་པར་གནས། །འཆད་བཞིན་པ་ཡི་རབ་སྦྱོར་བས། །སྔགས་པས་ཆོ་ག་ཤེས་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་
འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལང་ཀའི་དབང་ཕྱུག་མའི་ཕྱག་རྒྱའི་བརྡའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དང་མིང་གི་ཆོ་གའི་ཡེ་ཤེས་

ཀྱི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།སླར་ཡང་གཞན་པ་བཤད་བྱ་སྟེ། །དགོས་དང་བྱེད་པའི་ཕྱག་རྒྱའོ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་འཐོབ་པར་འགྱུར། །ཟླ་བ་ཉི་མ་གཟས་གཟུང་བར། །རྣལ་
འབྱོར་མ་ཡི་སྔགས་མཚན་ཉིད། །པོ་ཏཾ་གི་ནི་གསང་པོར་སྨྲ་བ་སྟེ། །པྲ་ཏི་པོ་ཏཾ་གི་ནི་ལན་ཡིན་ནོ། །ག་མུ་འགྲོ་བའོ་ལུམ་པ་ནི། །འོང་ངོ་ཞེས་ནི་བྱ་བ་ཉིད། །དེ་ཧི་གྲོང་ཁྱེར་རོ་ཙ་ཊུ་ཀཾ་ཞེས་བྱ། །ཟུང་ཤིག་པའོ་ཧྲཱི་ད་ཡ་ནི་དཔའ་བོ་ཡིན། །ཀཽ་ར་བ་ནི་སོང་ཅིག་པ་ཉིད་དེ། །ཀརྞྞི་
ཀ་ནི་དྲིལ་བུའོ་ཨ་ལི་བྱེད་པའོ། །ཤི་ར་འཁྱིལ་པའི་སྐྲ་ཡིན་ཏེ། །སྲ་བ་རྣ་བའོ་གཞན་པ་ནི། །མན་ཐ་ན་ནི་བདུད་རྩི་སྟེ། །ན་ར་ཕྲད་པའོ་ཏཱ་ལི་ཀ་ཡང་ནི། །མཁའ་འགྲོ་མའོ་ན་ར་ཀཾ་དཀྱིལ་འཁོར། །ཨ་མུ་ཀཾ་ནི་དུར་ཁྲོད་ཏེ། །ཀཱ་ཁི་ལ་སྒོའོ་སྭ་ས་ནཾ། །བྲམ་ཟེའོ་བ་རི་རྒྱལ་
པོའི་རིགས། །བིར་ཏི་རྗེའུ་རིགས་ཀྲུ་ར་ནི། །དམངས་སོ་ཨན་ཏ་གདོལ་པ་ཅན། །ཨཱ་ལི་ཀ་ཕྱུགས་ཌཱ་ཀི་ནི། །སྲིང་མོའོ་མུ་ད་ཀ་ཚིལ། །ལྕེ་ཡིས་སོ་རེག་དེ་བཞིན་དུ། །ཟས་ཀྱིས་ལྟོགས་པར་རིག་པར་བྱ། །ཏྲེ་སྣ་དྲི་ཡིས་བསྒོས་པ་སྟེ། །ཨཱ་ག་མ་ན་ཞེས་བྱ་གནས་གང་ནས། །
ཆེ་གེ་མོའོ་ཀི་ར་ཎ་མེ་ཏོག་གོ། །ལམ་པ་ལྟོ་བ་དན་ཏ་རྒོད་པ་སྟེ། །ནི་རོ་དྷེ་ཆར་རོ་བི་ཛྙ་པ་ཏི་ཚིམ་པའོ། །དྷུ་མྲ་ཞེས་བྱ་སྤྲིན་དེ་བཞིན། །དྷུ་མྲ་པྲི་ཡ་རི་བོ་སྟེ། །སཱ་ནུ་སཱ་རི་ཏ་ཆུ་ཀླུང་། །ཨང་གུ་ལྱ་ནི་ཆ་ཤས་ཏེ། །བ་ད་ན་རཱ་ཛི་ཀ་ལྕེ། །ཨ་དྷ་ར་སོ་ཡིན་པཾ་ཀ་ཏི། །རྒྱལ་མཚན་ཚན་དོ་ཕྲེང་
དེ་བཞིན། །ཙ་ལ་རླུང་ངོ་མྲིག་པ་ཏི་ཕྱུགས། །མཎྜ་ལ་ནི་མཉམ་པ་སྟེ། །སྭཱ་ས་ལམ་གྱི་བཞི་མདོར་ཤེས་པར་བྱ། །སྐྱེ་བ་ཕལ་གུ་ཤམ་མོ་མ་ཧཱ་ཀྵ་རཾ་ནི། །ཕྱུགས་ཆེན་ནོ་ཙྪ་ནི་ར་སྐྱེས་སོ། །ན་ནི་མིའོ་བ་ནི་གླང་ཡིན་ནོ། །མ་ནི་མ་ཧེ་བྷ་ནི་ཟ་བ་སྟེ། །སི་ནི་སེང་གེ་བྱཱ་ནི་སྟག་དེ་བཞིན། །
སྠཱ་ནི་གནས་པའོ་ཁ་ལ་རེག་པ་ཟོས་པ་ཡིན། །སོ་ལ་རེག་པ་ཚིམ་པ་ཡིན། །ཧྲི་ཀ་ངོ་ཚ་སྟོང་པ་ལ་རེག་པ། །འཁྲིག་པའོ་བརླ་ལ་རེག་པ་ནི། །དེ་ལྟར་ད་ལྟར་གྱིས་ཞེས་པར། །མཆོག་ཏུ་མཐུན་མ་ཤེས་པར་བྱ། །འདིར་ནི་དགོས་པ་སླར་བཤད་པ། །མཁས་པ་ཡིས་ནི་བསྲུབ་

པར་བྱ། །བྱེད་པ་རྣལ་འབྱོར་མར་ཤེས་བྱ། །དཔའ་བོ་ཀུན་ཏུ་དགོས་པའོ། །སྣ་ཚོགས་དངོས་པོའི་རང་བཞིན་གྱིས། །ཡེ་ཤེས་ཤེས་བྱའི་རང་བཞིན་བདག །བསྐྱེད་པ་སྲིད་པའི་སྦྱོར་བ་དང་། །སྦྱོར་བྲལ་ཀུན་རྫོབ་དེ་བཞིན་དུ། །སྒྱུ་མ་མཐུན་པ་འཁོར་བ་དང་། །བརྩེ་བ་
རང་བཞིན་བརྟགས་པ་དང་། །གཞན་གྱི་དབང་དང་ཡོངས་གྲུབ་དང་། །ཏུ་རི་ཡྃ་འཁོར་ལོ་བསྒོམ་པ་དང་། །སེམས་དགའ་བྱས་དང་ཚུལ་ཁྲིམས་དང་། །གཏོང་བ་བརྟུལ་བ་དཔའ་དེ་བཞིན། །སྐར་རྩིས་མཁན་དང་སྨན་པ་ཉིད། །བཟོ་དང་ཁམས་དང་སྨྲ་བ་པོ། །ལྷག་མ་རྟེན་
འབྲེལ་ཡན་ལག་ནི། །བཅུ་གཉིས་མ་རིག་སོགས་ཤེས་བྱ། །མཱ་ལ་བ་ཡི་ཉེ་གནས་སུ། །ཤིང་གྲིབ་མ་ཡི་རབ་སྦྱོར་བས། །ཏིང་འཛིན་དབང་པོའི་ཕྱོགས་རྣམས་སུ། །འཇུག་པ་མེད་དང་འཇུག་པ་མཚུངས། །དབང་པོ་འདོད་ཆགས་ཆགས་བྲལ་དག །ཡང་དག་ཕུན་སུམ་
ཚོགས་བདག་པོ། །མཱ་མ་ཀཱི་རྡོ་རྗེའི་བུ་གར་ནི། །སྤྱི་གཙུག་གནས་སུ་ཡོངས་གནས་བྱ། །འཕྱང་བཞིན་པ་ཁ་འོག་ཏུ་སྟེ། །ཀམ་པོ་ཛི་ཡི་ཕྱག་རྒྱའི་ཚུལ། །བ་ནི་ཡང་དག་རིག་པའི་རྒྱུད། །རང་བཞིན་སྒྱུ་མའི་རང་མཚན་ཉིད། །དེ་ལྟར་བྱས་དང་མ་བྱས་ཀུན། །མཁས་
པས་དབུ་མར་མི་སྣང་ངོ་། །ཞི་བའི་དངོས་པོའི་ཡེ་ཤེས་འདིར། །རྣལ་འབྱོར་བདུད་རྩི་སྐུ་ཅན་ཏེ། །སྨིག་རྒྱུ་དང་ནི་འདྲ་བའི་གཟུགས། །བདག་ཉིད་གཟུགས་ཅན་མཐོང་བར་འགྱུར། །ཡེ་ཤེས་ཤིན་ཏུ་བས་གཡོགས་པས། །ཀུན་འགྲོ་བ་ཡི་ལྷར་དྲན་བྱ། །གང་འདྲའི་
སྙིང་རྗེ་གཉིས་བྱར་མེད། །དེ་འདྲའི་དངོས་པོར་སྐྱེ་དྲན་བྱ། །སུམ་ཅུ་བདུན་བདག་ཉིད་དབུས་སུ། །སྔོན་ཅན་གྲགས་པ་བསྒོམ་པར་བྱ། །གསང་སྔགས་བདེན་པའི་གཟུངས་བདག་ཉིད། །ཆུ་ཡི་དཀྱིལ་འཁོར་དབུས་སོན་པའོ། །ཨོཾ་སམ་རྦ་ཧཱ་བྷཱུ་ཤྨ་ཏ་ཤཱ་སྃ་ན་ཏྲཱ་པྲི་ས་ཡཱ་ན་ཡ་ཀ་ཧཱུྃ་རཱ་
ཧཱུྃ་ཡ་ཕ་ཧཱུྃ་ཊ་ཧཱུྃ་ཕ་ཕ་ཊ་ཊ་སྭཱ་ཕ་ཧཱ་ཊ་སྭཱ་ཧཱ། ཨོཾ་དྲུ་མ་ཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་གཟུགས་བདག་ཉིད་དུ། །ཀུན་དུ་འགྲོ་མ་ཅན་ཤེས་བྱ། །མཆོད་པ་རྡོ་རྗེའི་རང་བཞིན་དུ། །ལྷན་སྐྱེས་མཛེས་མ་འདུས་པའོ། །ཡེ་ཤེས་མཁའ་འགྲོ་མ་དངོས་བདག །རྣལ་འབྱོར་ནམ་

མཁའ་གཙོ་བོ་ཡིན། །དབུགས་ནི་སྦ་བ་བྱས་ནས་ནི། །སླར་ཡང་ཨོ་ཌྱན་ཀུན་དུ་འགྲོ། །ས་གསུམ་པོ་ཡི་རིས་སུ་ནི། །གཟུགས་ཀྱི་གཙོ་མོ་བསྒོམ་པར་བྱ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། །སླར་ཡང་རྡོ་རྗེ་ཕག་མོ་
ཡི། །རྣལ་འབྱོར་པ་ཡིས་རིགས་ལྡན་མཆོད། །ལྷ་རྫས་མི་ཡི་བདེ་བ་ནི། །བསྡུས་བྱས་པ་བས་དེ་མཆོག་གོ། །མ་མོའི་གྲོང་ཁྱེར་ཉམས་དགའ་བ། །འགྲོ་བའི་གཙོ་བོ་བསྒོམ་པར་བྱ། །འདི་འདྲའི་དུས་ཀྱིས་ཡེ་ཤེས་ནི། །མཁས་པས་ཨ་བ་དྷཱུ་ཏཱིའི་ནང་དུའོ། །རྣལ་འབྱོར་
པས་བསྒོམས་སེམས་བདག་ཉིད། །སྟོང་པ་ཉིད་གཟུགས་དམིགས་པ་ཅན། །དེ་ཡིས་ཐམས་ཅད་རིག་བྱས་ནས། །སྒྱུ་འཕྲུལ་དྲ་བའི་རང་མཚན་ཉིད། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་
ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཤིང་གྲིབ་མའི་རང་གི་མཚན་ཉིད་ཀྱི་ཕྱག་རྒྱའི་བརྡའི་ཆོ་གའི་ངེས་པ་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་བདག་
པོས། །རྡོ་རྗེ་མཁའ་འགྲོ་ཁྱབ་བདག་ཆེ། །ཕྱག་རྒྱ་ཡང་དག་རིག་པའི་གཟུགས། །ཇི་ལྟའི་རིགས་པས་བསྟན་དུ་གསོལ། །ཕྱག་རྒྱ་བཞི་ཡི་རབ་སྦྱོར་བས། །རེ་རེ་ལ་ནི་དགུ་དགུ་སྟེ། །ལས་དང་ཆོས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་བཞི་པ་ཡིན། །པད་རྩ་ལྟར་དཀར་བུད་
མེད་གང་། །པདྨའི་དྲི་ནི་གཏོང་བ་ཡིན། །པདྨ་དང་ནི་ཨུཏྤལ་དྲི། །ཁ་དོག་ཙམྤ་ཀ་ཡི་ཡིན། །ཛ་ཏི་དང་ནི་ཙམྤའི་དྲི། །དེ་ཡི་གཟུགས་དང་མདོག་འཛིན་མའོ། །ག་པུར་དང་ནི་ཙནྡན་དྲི། །པདྨ་དཀར་པོའི་པགས་ཅན་མའོ། །རི་དགས་ལྟེ་བ་དང་མཉམ་དྲི། །ཨུཏྤལ་སྔོན་
པོའི་མདོག་ཅན་མའོ། །ཨུཏྤལ་སྔོ་འདབ་ལྗང་གུ་ལ། །དྲི་ནི་དེ་ཉིད་ཀྱིས་མཚོན་བྱ། །མལླི་ཀ་དང་ཨུཏྤལ་དྲི། །མུ་མེན་དང་ནི་མཚུངས་མའོ། །ཀེ་ཏ་ཀ་ཡི་དྲི་ཤེས་བྱ། །དམར་པོ་བན་དྷུ་ཀ་ལྟ་བུའོ། །པ་ཊ་ལི་མལླི་ཀའི་དྲི། །སླར་ཡང་ནམ་མཁའི་ཁ་དོག་གོ། །དེ་ལྟར་ལས་ཀྱི་

ཕྱག་རྒྱར་འགྱུར། །ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ། །བདེ་གཤེགས་ཚོགས་པ་ལ་དགའ་བ། །མཐར་སྐྱེས་རྣལ་འབྱོར་མ་མཆོག་ཡིན། །བསམ་གཏན་བཟླས་ལ་རྒྱུན་དུ་དགའ། །བྲམ་ཟེ་མོ་རུ་རབ་ཏུ་བཤད། །རྟག་ཏུ་ཁྲུས་དང་གཙང་སྦྲ་དགའ། །རྗེའུ་རིགས་ཀྱི་ནི་བུད་མེད་
དོ། །རྣམ་རྟོག་མེད་བདག་ཉིད་ནི་མོ། །རྟུལ་ཅིང་དཔའ་བོ་ལ་རྩེ་ཞིང་། །རྒྱལ་རིགས་ཀྱི་ནི་རང་བཞིན་ཏེ། །འདི་ནི་མཆོག་ཏུ་གཏམ་དགའ་མའོ། །ལས་ལ་ཡོངས་སུ་རྩེ་བ་སྟེ། །དམངས་རིགས་ཀྱི་ནི་རྣལ་འབྱོར་མའོ། །བདེ་གཤེགས་འདུས་ལ་རྗེས་སུ་ཆགས། །མཆོག་ཏུ་
མཐུན་མའི་རྣལ་འབྱོར་མའོ། །མཁས་པ་ཡི་ནི་ཕྱོགས་སུ་གཞོལ། །ཆོས་ཀྱི་གནས་སུ་ཁྲོ་མེད་མའོ། །དཔའ་བོ་ཡི་ནི་རིགས་སུ་སྐྱེས། །རྟག་པར་ཤ་ནི་ཟ་མ་ཡིན། །བདེ་བར་གཤེགས་པའི་ལམ་སྲུང་མ། །བྱང་ཆུབ་སེམས་དཔའི་བསམ་པར་བྱེད། །ཁྲོ་བ་རྣམས་ལ་མི་
ཁྲོ་ཞིང་། །མཉེས་པར་བྱེད་པའི་ཁུར་ཁྱེར་མའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་སྟེ། །དམ་ཚིག་ཕྱག་རྒྱ་མངོན་བརྗོད་བྱ། །གཏོར་མ་མཆོད་པ་ལ་དགའ་མ། །དམ་ཚིག་ཅན་དུ་དེ་མངོན་བརྗོད། །རབ་གནས་དཀྱིལ་འཁོར་འཁོར་ལོ་དང་། །དོན་དམ་པ་ལ་དགའ་བ་མའོ། །འགྲོ་བ་
རྣམས་ལ་དབང་བསྐུར་མ། །རྣལ་འབྱོར་དམ་ཚིག་ཅན་མར་གྲགས། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཞིང་། །རྟག་ཏུ་དམ་ཚིག་སྐྱོང་མའོ། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །མཆོག་ཏུ་རྨད་བྱུང་རྩེན་མའོ། །དུས་ཐམས་ཅད་དུ་དགའ་དང་བཅས། །རབ་ཏུ་རྒྱས་
པའི་བཞིན་བྱེད་མའོ། །རྣལ་འབྱོར་པ་རྣམས་བུ་བཞིན་སྣང་། །རྡོ་རྗེ་རྣལ་འབྱོར་མར་དེ་ཤེས། །དུས་ཀུན་དུ་ནི་དུབ་མེད་མ། །མཚོན་ཆ་འབེབས་པའི་མིང་ཅན་མའོ། །མི་མོ་རྟག་ཏུ་འགྲོ་བཞིན་དུ། །དམ་ཚིག་བརྡ་ནི་སྐྱོང་མ་སྟེ། །དེ་ལྟར་དམ་ཚིག་ཕྱག་རྒྱ་ཡིན། །ཕྱག་རྒྱ་ཆེན་
མོར་རབ་བཤད་བྱ། །ལྷན་སྐྱེས་ཞིང་སྐྱེས་ལྷ་མོ་དང་། །སྔགས་སྐྱེས་འཇིག་རྟེན་མགོན་པོ་དང་། །སྦྱོར་སྐྱེས་གནས་སྐྱེས་དེ་བཞིན་དུ། །དམ་ཚིག་ལྷ་རྫས་རྣལ་འབྱོར་མ། །པད་ཅན་མ་ནི་དུས་ཀུན་དུ། །ཕྱག་རྒྱ་ཆེན་པོ་རབ་བསྔགས་པའོ། །དེ་ལྟར་ཕྱག་རྒྱའི་རང་བཞིན་ཏེ། །

དེ་མངོན་ཚུལ་བདག་ཕྱག་རྒྱའི་ལན། །གང་ཞིག་གང་གི་མདོག་དང་དྲི། །དེ་ཡི་དེ་ལྟར་ཚུལ་དྲན་བྱ། །ས་སྲུང་མ་ཡི་རབ་སྦྱོར་བས། །ཀཱ་མ་རུ་པ་ཤེས་རབ་དབང་། །སེམས་ཅན་ཀུན་གྱི་དགོས་པའི་ཕྱིར། །ཕྱག་རྒྱ་འདི་ནི་བསྒྲུབ་པར་བྱ། །ཨེ་ཡིག་ཡེ་ཤེས་རླུང་
རྣམས་ནི། །ཟླ་བའི་དཀྱིལ་འཁོར་ལ་རབ་བཞུགས། །འདོད་ཆགས་མེ་ཡི་རང་བཞིན་བདག །ཐུགས་ཀྱི་འཁོར་ལོ་རྣལ་འབྱོར་མ། །རྡོ་རྗེ་གསང་བ་ལས་བཞེངས་རྩ། །ཁམས་ཐམས་ཅད་མ་འཕོ་མེད་མའོ། །འདས་དང་མ་བྱོན་སངས་རྒྱས་རྣམས། །དེ་དག་སེམས་ཅན་ཆ་ཅན་
ནོ། །སེམས་ནི་རེ་རེ་ལ་ཡང་ནི། །སུམ་ཅུ་རྩ་དྲུག་ལས་ཅན་མའོ། །ལུས་ཅན་གཟུགས་ནི་དེས་དེ་བཞིན། །ཞིང་དུ་ཀ་ལ་སོགས་པའི་གཟུགས། །ཆེན་པོའི་སྔགས་ཀྱི་ཚུལ་བདག་ཏུ། །ས་ལ་ད་ལྟར་ཉིད་རོལ་འགྱུར། །སངས་རྒྱས་ཀུན་གྱི་རིགས་ལ་ཡང་། །གཟུགས་
དང་གཟུགས་མེད་ཤེས་མི་འགྱུར། །གཞན་གྱི་གཟུགས་སུ་བྱས་ལྷ་མོ། །སངས་རྒྱས་ལམ་ནི་ཤེས་བྱེད་མའོ། །དབང་པོ་ཀུན་དུ་འགྲོ་སངས་རྒྱས། །གང་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །དེ་ལྟར་དེ་ཉིད་ངེས་ཤེས་པས། །རྣལ་འབྱོར་མ་ཡི་གཟུགས་དང་མཚུངས། །ཡེ་ཤེས་འཁོར་
ལོར་ལྷ་མོ་རྣམས། །བདག་མོ་འདོད་པ་ཀུན་སྦྱིན་མ། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །སྔགས་ཀྱི་གཟུགས་ཅན་དུ་བྱུང་བའོ། །ཨོཾ་ཛ་མ་ཊཱ་ཧཱ་ཀ་ཀ་ལཱ་ལ་པ་པཱ་མུནྟཱ་ཀུ་ག་ཊཱ་ནི་ཡ་ཏེ་ཧཱུྃ་ཛཱ་ཧཱུྃ་ཡ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་ཨཻ་རཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་
སྔགས་ཀྱི་ས་བོན་དུ། །མཆོག་སྦྱིན་མ་ནི་བྱུང་བ་སྟེ། །ཁ་དོག་དབྱིབས་ནི་སྔོན་གྱི་ཅན། །ཇི་ལྟར་ཀུན་ནས་ཐམས་ཅད་དུའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་
པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ས་སྲུང་མའི་སྐུའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་དང་ལྡན་པ་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་ལྷ་མོས་མཆོད་བྱས་ནས། །འདི་སྐད་ཀྱི་

ནི་ཚིག་སྨྲས་སོ། །གང་གིས་འབྱུང་པོ་ཐམས་ཅད་སོགས། །མཐོང་བས་ཀུན་ཏུ་སྐྲག་པ་ཡི། །ཐམས་ཅད་བདེན་པ་ཡི་ནི་བརྡ། །བཅོམ་ལྡན་མཁའ་འགྲོ་ཉིད་ཀྱིས་གསུངས། །ཕྱག་རྒྱ་ཀུན་གྱི་ནང་སོན་པ། །སྙིང་པོའི་ཕྱག་རྒྱ་དེ་ཉོན་ཅིག །རྒྱུད་གང་དུ་ཡང་མ་བཤད་པ། །
དེ་ནི་ཁྱོད་ཀྱིས་བསྐུལ་བ་སྟེ། །རྡོ་རྗེ་མེ་ཡི་རབ་སྦྱོར་བས། །ཕྱག་རྒྱ་ཐམས་ཅད་རབ་ཏུ་བརྗོད། །ལྟེ་བའི་འཁོར་ལོར་ལྷ་མོ་གང་། །ཤིང་རེག་མཐའ་ཡི་སྤྱོད་ཡུལ་ཅན། །འགྲོ་དང་འོང་བའི་རིམ་པ་ནི། །སྣ་ཚོགས་རྩ་ཡི་རིམ་པས་སོ། །ཐིག་ལེ་ཉི་མར་སོན་ཕྱག་རྒྱ། །བསམ་
དང་སེམས་ནི་དབྱངས་གསལ་ཏེ། །སུམ་ཅུ་རྩ་དྲུག་རིང་དང་ཐུང་། །ཕྱག་རྒྱ་དེ་ནི་མངོན་སྟེར་མ། །ཕྱག་རྒྱ་དང་ནི་ཕྱག་རྒྱའི་ལན། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །བྱང་ཆུབ་སེམས་སོན་པ་ཡི་དབུགས། །འདི་ཀུན་སེམས་ཅན་ལ་ཐིམ་པའོ། །འཇིགས་བྱེད་ཆེན་མོའི་
སྦྱོར་བ་ཡིས། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །ཕྱི་མོ་དེ་ཉམས་མྱོང་བྱས་ནས། །གང་དང་གང་གི་དག་ལས་བྱུང་། །ཧཱ་ཧཱ་རྣམས་ཀྱིས་རྒོད་ཀུན་རྣམས། །ལྗོན་ཤིང་རྩ་བ་ཅན་དུ་བྱ། །དགའ་བས་དེར་ནི་འདུ་བ་ནི། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་ངོ་། །བག་ཆགས་
ཐམས་ཅད་དང་བྲལ་བ། །འཇིགས་བྱེད་འཆང་བཞིན་པ་ཡིན་ནོ། །ཨོ་ཌིའི་གནས་སུ་དད་པའི་སྟོབས། །ཇི་ལྟའི་གྲངས་ཀྱི་སྤྱོད་ཡུལ་ཅན། །ཉེ་བར་འཇལ་བའི་ཁྱིམ་དབུས་སུ། །དེའི་ཕྱིར་བརྟན་དང་འགྲོ་བ་ནི། །ཐིམ་པའང་དངོས་པོ་ཀུན་གྱི་བདག །མཁས་པས་ཕྱག་
རྒྱ་རྣམས་ཀྱིས་བརླན། །ནམ་མཁའ་རུ་ནི་འཕུར་བཞིན་པས། །འགྲོ་བ་ཀུན་ལས་ཡེ་ཤེས་མཆོག །དད་པའི་ཤུགས་ལས་ཤེས་བྱས་ནས། །ལུས་ཅན་ཀུན་གྱི་སྟོབས་ལྡན་ཡིན། །ཤ་ཆེན་པོ་ལ་ཟ་བཞིན་དང་། །ཡིད་ཀྱིས་ཁྲག་ནི་འཐུང་བར་བྱེད། །ཧེ་རུ་ཀ་མར་
བྱེད་རིག་མ། །ལྗོན་ཤིང་དྲུང་དུ་ཡང་དག་ཞུགས། །དེ་ནི་དཀྱིལ་འཁོར་འཁོར་དབུས་སུ། །འཇིགས་བྱེད་ཆེན་མོ་རྣམ་པར་བསྒོམ། །ཐུགས་ཀྱི་འཁོར་ལོའི་དབུས་སུ་ནི། །སྔགས་རྣམས་ཡི་གེ་ལས་བྱུང་བའོ། །ཨོཾ་མ་ཁ་ཧཱ་ཊ་ས་བཱྃ་མུ་ག་དྲ་ཀ་མེ་པཱ་ཁ་ལ་ལཱ་ཤཱུ་ཡ་ལ་ཧཱུྃ་པྲི་

ཧཱུྃ་ནྣ་ཕ་དྷཱ་ཊ་རི་ཕཊ་ཎེ་སྭཱ་ཧཱུྃ་ཧཱ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བྷཻ་ར་བཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་གསང་སྔགས་སྦྱོར་ཆེན་ལས། །རྣལ་འབྱོར་མ་ཡི་སྐུ་ཐུགས་ཅན། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། །དཔའ་བོ་ཐམས་ཅད་
མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཇིགས་བྱེད་ཆེན་མོའི་ནང་གི་ཕྱག་རྒྱའི་ཆོ་ག་འཆད་པའི་མཚན་ཉིད་
ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་འདོད་མའི་རྣལ་འབྱོར་མ། །ཕྱག་རྒྱ་ཡི་ནི་བརྡ་ཡི་རྒྱུད། །སྙིང་རྗེས་བཤད་བྱ་རྣལ་འབྱོར་པའི། །མཐོང་བ་ཡིས་ནི་དངོས་གྲུབ་འགྱུར། །སྣང་བ་རྣམས་སུ་གང་ཚེ་དངོས། །དབང་པོའི་སྤྱོད་ཡུལ་དུ་མཐོང་
འགྱུར། །གནག་དང་དཀར་དང་དམར་བ་དང་། །སྔོ་དང་དམར་སེར་ལྗང་གུ་དང་། །སེར་དང་སྔོ་སྐྱ་ཁྲ་བོར་སྣང་། །སྣ་ཚོགས་པ་དང་དུ་བའི་མདོག །སྔོ་དང་དམར་སེར་འདྲེས་པ་དང་། །སླར་ལ་ཡང་ནི་དཀར་ནག་མདོག །དམར་སེར་དང་ནི་ལྗང་སྔོ་སྐྱ། །སྔོ་བ་དང་ནི་
དམར་བའི་མདོག །དཀར་སྔོ་དང་ནི་དམར་ལྗང་དང་། །སྤྲིན་དང་སྣ་ཚོགས་མདོག་ཅན་དང་། །སྣ་ཚོགས་དང་ནི་སེར་པོའི་མདོག །དུ་བ་དང་ནི་གསེར་མདོག་ཅན། །སེར་ལྗང་དང་ནི་ལྗང་སེར་དང་། །དམར་པོ་དང་ནི་དུང་མདོག་ཅན། །དུད་ཁ་དཀར་པོ་སྣ་ཚོགས་སྔོ། །སེར་
དང་དམར་བ་བསྲེས་པ་ཅན། །དུད་ཁ་དང་ནི་སྔོ་སྐྱའི་མདོག །དཀར་དང་སྣ་ཚོགས་པའི་མདོག་ཅན། །སྐྱ་བོ་དང་ནི་དུ་བའི་མདོག །སྐྱ་དཀར་དང་ནི་དམར་སྐྱ་དང་། །སྤྲིན་དང་སྐྱ་བོ་ལྗང་སྐྱ་དང་། །སྣ་ཚོགས་པ་དང་སྐྱ་བོའི་མདོག །ཐམས་ཅད་མདོག་གི་ཁ་དོག་ཏུ། །ཁམས་བཅུ་
གཉིས་ཀྱི་ཁ་དོག་ཅན། །གསེར་དང་དངུལ་དང་ཟངས་དང་ལྕགས། །འཁར་བ་དང་ནི་ར་གན་ཏེ། །ཕན་ཚུན་འདྲེས་པའི་ཁ་དོག་གིས། །བརྩེ་བ་ཆེན་པོ་དེ་བཅུ་གཉིས། །རྣལ་འབྱོར་རྣམས་ཀྱི་ཁམས་ཐམས་ཅད། །དེར་ནི་སྣང་བ་སྐྱེ་བར་འགྱུར། །དེ་ཡིས་སྣང་བའི་དུས་སུ་

ནི། །འཕྲུལ་ཆེན་མོ་ནི་འབྱུང་བར་འགྱུར། །ཕྱག་རྒྱ་གཉིས་དག་རྣམ་ཤེས་པས། །ཁ་དོག་མཐོང་བས་འགྲུབ་པར་འགྱུར། །སྔོན་དང་ཕྱིས་ནི་བསྡུས་པ་ལས། །གལ་ཏེ་ལྷན་སྐྱེས་སྦྱོར་བདག་ཉིད། །རླུང་ཤུགས་མ་ཡི་རབ་སྦྱོར་བས། །ཏྲི་ཤ་ཀུ་ནིའི་གནས་སུ་ནི། །ལྷ་
མོ་བརྩོན་འགྲུས་སྟོབས་སུ་སྟེ། །དེ་ལྟར་ཡི་གེའི་དོན་རྣམས་ཀྱང་། །བ་ནི་དབུ་མར་འབབ་པ་སྟེ། །བག་ཆགས་སྟོབས་ཀྱིས་འཆི་བར་འགྱུར། །དུས་འཛོམ་ཐམས་ཅད་ཆོས་རྣམས་སུ། །སླར་ཡང་མཐོང་ལམ་བདག་ཉིད་ཡིན། །བེ་ནི་ཡུལ་དང་ལྡན་པ་ཉིད། །བདག་ཉིད་
རྣམས་ཀྱི་བསྒོམ་པའི་ལམ། །དེ་ཁོ་ཉིད་མས་དམ་འཁྱུད་པ། །སྐྱོབ་པ་རྣམས་ཀྱི་གྲོལ་བའི་ལམ། །མཐོ་རིས་མི་ཡུལ་ས་འོག་གི། །འགྲོ་བ་རྣམ་པ་གསུམ་ཞེས་བྱ། །མཉམ་པའི་བདེ་བ་མཐོང་འགྱུར་བའང་། །རྡོ་རྗེ་འབར་བའི་མཚམས་ན་གནས། །བུམ་པ་ཅན་
སོགས་བྱས་གང་ཕྱིར། །གཏུམ་མོ་ཕྲ་བའི་རྩ་ཅན་ནོ། །པདྨར་རྩ་ནི་ཐམས་ཅད་ཅན། །དེ་དང་འདྲ་བའི་ཡེ་ཤེས་མེད། །དེ་ཕྱིར་བརྩོན་འགྲུས་འབྱུང་བར་འགྱུར། །སྟོབས་སུ་ཡེ་ཤེས་ཡེ་ཤེས་ཅན། །དེ་ལྟར་ཤེས་བྱས་རྟག་རྣལ་འབྱོར། །འདོད་ཅན་མ་ལ་འདོད་སྤྱད་ཀྱིས། །
དཀྱིལ་འཁོར་གྱི་ནི་བདག་མོ་དང་། །གསང་སྔགས་ཡི་གེར་ཡང་དག་བྱུང་། །ལྷན་སྐྱེས་རྫོགས་བྱང་ཆུབ་མཆོག་ཏུ། །ལྷ་མོ་ཆེན་མོ་སྐྱེ་བར་འགྱུར། །ཨོཾ་བེ་བྱཱ་ཏཱ་གྷྲ་ལ་ཙཱ་སྃ་རྨཱ་གྷམྦ་མ་ར་རྡྷ་དྷཱ་ཎ་རི་ཀ་ཎེ་རཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཕཊ་ཕཊ་སྭཱ་ཕཊ་ཧཱ་སྭཱ་ཧཱ། ཨོཾ་བཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
ཁ་དོག་གཟུགས་ནི་སྔོན་ཇི་བཞིན། །སུམ་ཅུ་རྩ་བདུན་གྱི་དབུས་སུ། །ཁམས་གསུམ་སྙིང་པོའི་ཕྱག་རྒྱ་ཡིས། །གང་དེ་ནུས་པ་རྫོགས་པར་གྲགས། །གསུང་གི་འཁོར་ལོ་གསང་བ་ཆེར། །བདག་གིས་གང་ཞིག་རིམ་པ་ཡིས། །ཐམས་ཅད་བདེན་པར་ཤེས་པར་བྱ། །
དེ་ཕྱིར་རྡོ་རྗེ་འཆང་དབུགས་དབྱུང་། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་

པོ་ལས་རླུང་ཤུགས་མའི་ཁ་དོག་གི་ཕྱག་རྒྱའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་དྲུག་པའོ།། །།དེ་ནས་རྡོ་རྗེ་ཕག་མོ་ཡིས། །ཇི་ལྟའི་ཆོ་གས་མཆོད་བྱས་པས། །ཉོན་ཅིག་ལྷ་མོ་བཤད་བྱ་བ། །བླ་མ་རང་གིས་ལྷའི་
ཕྱག་རྒྱ། །འོ་བྱེད་དེ་བཞིན་ལཱ་མ་དང་། །མཁའ་འགྲོ་མ་དང་གཟུགས་ཅན་མ། །ཡོངས་འགྱུར་མ་དང་རྗེས་འཇུག་མ། །རྣལ་འབྱོར་ཕར་ཕྱིན་དྲུག་དེ་བཞིན། །ལག་པ་གཡོན་པ་ཡི་ནི་བརྡ། །རྣལ་འབྱོར་དབྱེ་བས་སྟོན་བྱེད་པ། །རེ་རེ་ལ་ཡང་རྣམ་གསུམ་འགྱུ