Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 078_རྒྱུད་འབུམ།_ཁ
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
འཛིན་དྲ་བས་ཀུན་བཀང་ ནས། །འོད་གསལ་བ་ལ་ཀུན་ཐིམ་བྱོས། །རྟོགས་ནས་སངས་རྒྱས་ཉིད་འཐོབ་འགྱུར། །སྣ་ཚོགས་དུད་འགྲོ་སོགས་སྐྱེའོ། །རང་རང་སྐད་ཀྱིས་ཆོས་ཀྱང་ནི། །རང་རིགས་སྐྱེས་ལ་སྟོན་པར་འགྱུར། །སཱུ་ཡི་ཡི་གེས་འགྲོ་ཀུན་རྒྱས་བཏབ་སྟེ། །ལྷན་སྐྱེས་རང་བཞིན་དེ་ ཉིད་དྲན་པར་བྱ། །སླར་ཡང་འཁོར་བའི་སྡུག་བསྔལ་མི་འོང་ངོ་། །ཕྱུགས་གང་ཡིན་པའི་སྐྱེ་བོ་རྣམས་སངས་རྒྱས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་ གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕག་གདོང་མ་སྐྱེད་པ་དང་དཀྱིལ་འཁོར་ལ་འཇུག་པ་ལ་སོགས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བརྟན་མའི་སྦྱོར་བ་འདིར། །བཤད་ཀྱིས་སྒོམ་པ་པོ་རྣམས་ཉོན། ། ཀུན་ནས་དུས་ནི་བཞི་རྣམས་སུ། །ཟླ་བ་གསུམ་གསུམ་པ་ནི་བཞི། །བགྲོད་དང་མཉམ་པས་བཅིངས་པ་ཡི། །མཚམས་དེ་རྣམས་ནི་རབ་བཤད་བྱ། །བྱང་དུ་བགྲོད་པ་ལ་སོགས་པ། །བརྟན་མ་ལ་སོགས་མཚམས་གནས་མ། །ཉེ་བའི་གླིང་དུ་ གནས་པ་མོ། །མགོ་ཡི་ཟླ་བ་དང་ནི་གཞུ། །མོ་ཧི་ཏ་ནི་རྟག་ཏུ་དེའི། །ལས་གཉིས་དག་ཏུ་ཤེས་བྱ་སྟེ། །སྒོམ་པོ་རྣམས་ཀྱི་དུས་མིན་པའི། །འཆི་བ་མཆེ་བས་གཅོད་མ་གང་། །དེ་ཡིས་གཤིན་རྗེའི་མཆེར་ཤེས་བྱ། །ཐོག་མར་ཡི་གེ་གཉིས་ཅན་ནོ། །བཅོམ་ལྡན་དུས་ མིན་འཆི་བ་ནི། །མི་རྣམས་ལ་ནི་ཇི་ལྟར་འབྱུང་། །གང་གི་དྲིན་གྱིས་བདག་རིག་འགྱུར། །སུ་ཞིག་བདག་ལ་སྤྲུལ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བརྟན་མ་དུས་མིན་འཆི་བ་ནི། །སེམས་ཅན་རང་རང་ལས་ཀྱིས་སོ། །སྐྱེ་བོ་ཀུན་ལ་འཚེ་བ་ཡི། ། སྡིག་གང་བདག་ཉིད་ཀྱིས་བྱས་པ། །དེ་ཡིས་དེ་ནི་དུས་མིན་འཆི། །ཁམས་དང་དབུགས་ནི་འཆད་པར་འགྱུར། །གཞན་རྣམས་ཀྱིས་ནི་གཅད་པ་ཡིས། །བཟའ་བཏུང་ཕྱིན་ཅི་ལོག་ཏུ་འགྱུར། །སྦྱིན་པ་རྙེད་པ་དང་བཅས་སྦྱིན། །དུས་མིན་གྱིས་ནི་ཉམས་མི་འགྱུར། །སྦྱིན་པ་ རྣམ་པ་གཉིས་སུ་བཤད། །ལུས་དང་བསམ་པ་ལས་ཀྱང་ངོ་། །གཡོན་གྱི་སྣ་ཡི་སྒོ་རུ་ནི། །ཟླ་བ་རྒྱུ་བའི་རིམ་པ་ཡིས། །བགྲོད་པའི་སྲོག་ནི་ཉི་མའི་སྟེ། །ཨ་བ་དྷཱུ་ཏཱིའི་རླུང་རིམ་པས། །དེ་ཡིས་ཡ་ཡི་ཡི་གེ་བཤད། །མ་ཡི་ཡི་གེ་དབུས་འབབ་མའོ། །དཱ་ཡིག་གཡས་སུ་ སོང་ནས་ནི། །རེ་ཞིག་དབུས་མ་རྒྱུ་བར་འགྱུར། །ཨ་ཡི་ཡི་གེས་གནས་པ་འཐོབ། །སླུ་བ་ནམ་མཁར་འགྲོ་བ་མོ། །རྩ་ནི་བདེ་ཀུན་བདག་ཉིད་རྣམས། །ཌྷི་ཡི་ཡི་གེའི་མིང་དུ་ཤེས། །མདོར་བསྡུས་པ་ཡི་ཡི་གེ་ནི། །དཀྱིལ་འཁོར་ལྔ་རྣམས་སུ་ནི་བརྗོད། །དེ་རྣམས་དངོས་ལས་ ཁྱོད་བསྐྱོད་དེ། །དུས་མིན་བླུ་བར་རིག་པར་བྱ། །དེ་ལྟར་བསོད་ནམས་གཅིག་ཉིད་པོ། །གནས་གནས་བགྲོད་པའི་ལུས་ཅན་ནོ། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །མཁའ་སྤྱོད་གོ་འཕང་འཁྲིད་པར་འགྱུར། །འདིར་ནི་ཁ་དོག་གཉིས་སུ་འགྱུར། །ལུས་བསྒོམ་པ་ནི་དེ་བཞིན་ ནོ། །ཇི་ལྟར་མཁའ་འགྲོ་མའི་རིམ་པས། །མཚན་མ་མཚོན་ཆ་སོགས་འགྱུར་རོ། །སྤོང་བའི་ཆོས་ཤེས་བྱ་བར་གསུངས། །དཀྱིལ་འཁོར་དབུས་ཀྱི་གཙོ་མོའོ། །རྣལ་འབྱོར་སུམ་ཅུ་བདུན་བདག་ཉིད། །སྔགས་ལས་བྱུང་བའི་བདག་ཉིད་ཀྱིས། །ཨོཾ་ཨཱཿས་ཧཱུྃ་ཧ་བ་སྲ་ཛྲ། བྷུ་ཡ་ཛ་མ་བྷཱ་དཱ་སུ་ཌྷི་རཱ་ཀཱ་ཡ་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ། སྭཱ་སྭཱ་ཧཱ་ཧཱ་ཨོཾ། འདི་ནི་ཤེས་རབ་ཐབས་བདག་ཉིད། །རྣལ་འབྱོར་མ་དང་དཔའ་བོའི་གཙོ། །གཤིན་རྗེ་མཆེ་བའི་རབ་སྦྱོར་བས། །སྐྱེ་བ་མཐར་བྱེད་བཟའ་བར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་ སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་བརྟན་མའི་རྣམ་པར་གཞག་པ་དང་སྐྱེད་པའི་མཚན་ཉིད་ཅེས་བྱ་བ་སྟེ་ ལེའུ་བཅུ་གཅིག་པའོ།། །།དེ་ནས་གཤིན་རྗེ་ཕོ་ཉ་འཆད། །གང་གིས་འཆི་བ་དབང་འགྱུར་བའོ། །བྲིཤྩི་ཀ་རུ་ཡང་དག་བྱུང་། །སྨིན་དྲུག་ཅན་དང་བཟང་པོར་ལྡན། །དཔྱིད་ཀྱིས་མཉམ་པའི་དུས་ཀྱིས་ནི། །ཕོ་ཉ་མ་བསྐྱེད་མཚན་ཉིད་དོ། །གཤིན་རྗེ་གསོད་མ་དེ་ ཡི་ནི། །འཆི་བ་བླུ་བའི་འཁོར་ལོ་ལ། །རྩིབས་བཅུ་གཉིས་པའི་འཁོར་ལོ་ཆེར། །ལན་གསུམ་དུ་ནི་བསྐོར་བར་བྱ། །ལྔ་རྣམས་ཉི་ཤུ་རྩ་ལྔར་ནི། །བཅུ་གསུམ་བར་དུ་བྲི་བར་བྱ། །སླར་ཡང་སུམ་ཅུ་གཉིས་རྣམས་སུ། །གསུམ་གཉིས་གཅིག་ནི་ལོ་ཡིན་ནོ། །དུས་ཚོད་མེ་དང་ གཉིས་ཟླ་བ། །ཟླ་བའོ་ཚེས་ཕྱོགས་དེ་བཞིན་མདའ། །གསུམ་གཉིས་གཅིག་གི་སྐབས་སུ་ནི། །རིམ་པས་ཕྱི་ནས་ཉི་ཕྱེད་སོགས། །ཉི་མ་གཅིག་དང་ཞག་དང་གཉིས། །གསུམ་བཞི་ས་དང་ཉི་མ་ཕྱོགས། །ནོར་རོ་ཆུ་ཕྱོགས་རིམ་པས་ཏེ། །སུམ་ཅུ་བདུན་བདག་ཉིད་གསལ་བའོ། ། སྲོག་གི་ནུས་པར་ཤེས་བྱ་བ། །བཅུ་དགུ་ཡི་ནི་བདག་ཉིད་དོ། །བཅུ་དགུ་སླར་ཡང་འདི་རུ་ནི། །འཇོམས་པའི་བདག་ཉིད་ནུས་ཅན་ནོ། །ཉི་མར་བདུན་པོ་མཉམ་སོན་པར། །སྐྱེ་བའི་སྐར་མ་དང་ཟླ་བ། །གཅིག་ཏུ་སྤྱོད་པར་རྟག་རྒྱུ་ལས། །རྒྱས་པའི་དུས་ནི་ཡང་དག་འཐོབ། །བར་གྱི་ཉི་ མ་རྣམས་ཉིད་ནི། །བཅུ་དྲུག་གྲངས་སུ་ཤེས་བྱས་ལ། །བདུན་ཅུ་རྩ་གཉིས་རིམ་པ་ཡིས། །ལོ་ཡི་རིམ་པས་ཡང་དག་སྦྱོར། །དེ་ཕྱིར་ཕོ་ཉའི་ལྷ་མོ་ཡང་། །དཀྱིལ་འཁོར་བདག་ཉིད་ཅན་བསྒོམ་བྱ། །གང་དུ་རྩ་ནི་སྲོག་སྤངས་པ། །དེར་ནི་འདི་དེ་འབབ་པར་བྱ། ། སྟེང་དུ་ཡལ་འདབ་སྟེང་རྩ་བ། །གསང་བ་ཡིས་ནི་དབུགས་བྱ་བའོ། །དེ་ནི་མཉམ་པ་མཚམས་ཀུན་ཏེ། །མཉམ་པ་ཡ་ཡིག་གིས་འགུགས་མའོ། །དེ་ནས་གནད་བཅིངས་པས་ཉམས་པ། །མ་ཡི་ཡི་གེས་ཐམས་ཅད་བཤད། །འོག་དང་སྟེང་དུ་བསྐྱོད་བྱས་ནས། །རྣོན་པོའི་ མེ་ནི་རབ་འབར་བྱ། །ནད་རྣམས་དང་ནི་སྡིག་མང་རྣམས། །ལས་ཀྱིས་རང་ཉིད་ཉམས་པར་འགྱུར། །དེར་ནི་སྦྱིན་པ་སྦྱིན་བྱ་སྟེ། །བ་ལང་མ་ཧེ་ཞོན་སོགས་སོ། །བྱང་ཆུབ་སེམས་ཀྱི་ལམ་དུ་ནི། །མཛེས་མ་རྣམས་ཀྱི་དེ་ཚེ་བཏུང་། །དེར་ཡང་རང་གི་ཡན་ལག་ལས། །བྱུང་བའི་སྣ་ སྨན་གཏང་བར་བྱ། །འོ་མ་དང་མཉམ་བཟའ་བྱ་སྟེ། །གློ་བ་ལ་སོགས་མ་ཚོས་པའོ། །གཡུལ་ངོར་རང་ཉིད་འགྱེལ་བ་ཡི། །གལ་ཏེ་རྙེད་ན་ཁྲག་ཆེན་པོ། །ཐེ་ཚོམ་སྤངས་ནས་བཏུང་བྱ་ཞིང་། །དེ་ཡི་ཤ་ཡང་བཟའ་བར་བྱ། །ཡང་ན་གང་གི་ས་གནས་སུ། །འཆི་ལྟས་ཟད་ནས་ སོང་བར་དུ། །བཟའ་བ་འོ་མས་བྱས་ན་བདེ། །ཡང་ན་ཤ་རྣམས་ཐམས་ཅད་དོ། །གོས་འཇམ་རྣམས་ཀྱིས་ཡོངས་གཡོགས་ནས། །བདག་ཉིད་ལ་ནི་དུས་ཀུན་དུ། །དེར་ནི་གནས་པ་བསྲོ་བྱ་ཞིང་། །མེ་དང་ལྷན་ཅིག་ངེས་གནས་བྱ། །དེར་ནི་ཆུ་དྲོན་ཀྱང་བཏུང་ཞིང་། །བཟའ་བ་ཆུང་ངུ་ ཉུང་ངུའོ། །གཤིན་རྗེའི་ཕོ་ཉ་བསྒོམ་བྱ་སྟེ། །སུམ་ཅུ་རྩ་བདུན་བདག་ཉིད་རང་། །གསང་སྔགས་ཁ་སྦྱོར་བདག་ཉིད་ཅན། །སེར་དམར་གཉིས་ཀྱི་ཁ་དོག་ཅན། །སེར་པོས་འཆི་བ་རེངས་པར་བྱེད། །དམར་པོས་དབང་དུ་འགུགས་པར་བྱེད། །ལྷན་སྐྱེས་རྫོགས་བྱང་ཆུབ་ དངོས་ཀྱིས། །ལྟེ་འོག་མགྲིན་པ་རྐན་འགྲོ་རྣམས། །ཟབ་པས་སྲོག་ནི་གཞན་འགྲོ་བ། །ཕན་ཚུན་ཕུག་རྣམས་སུ་འདུ་འགྱུར། །དེ་ཕྱིར་ཁ་ཊྭཱཾ་ག་བསྒོམ་སྟེ། །ཡན་ལག་ཁ་ཊྭཱཾ་སྦྱོར་བས་སོ། །སྙིང་གའི་པད་དབུས་སུ་སེམས་ཀྱིས། །དཀྱིལ་འཁོར་སྔོན་ཆའི་ཆ་ཅན་ནོ། །ལྷ་མོ་ མོའི་མདོག་ནི་སྔོན་ཅན་ཏེ། །དབྱིབས་སོགས་གཟུགས་ཅན་མ་དང་མཚུངས། །ཨོཾ་བ་པ་ཛྲ་ར་ཡ་ཤུ་མ་པཱ་དཱུ་ཤྭ་ཏཱི་དྱ་ཡེ་ཏ་ཧཱུྃ་ཤཱུ་ཧཱུྃ་ལ་ཕཊ་ཁ་ཕཊ་ཊྭཱཾ་སྭ་ག་ཧཱ་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ་ཧཱུྃ། ཤེས་རབ་ཐབས་བདག་ཉིད་དུ་སྐྱེས། །སྒྱུ་འཕྲུལ་ཆེན་མོའི་རང་བཞིན་ཅན། །རྣལ་འབྱོར་ མ་ནི་འདི་རྣམས་ཀུན། །བདུད་རྩིའི་གཟུགས་སུ་བསྒོམ་པར་བྱ། །དེ་རྣམས་སྙིང་གར་དཀར་བ་ནི། །འཁོར་ལོ་ཐམས་ཅད་རྣམ་བསྒོམ་བྱ། །དེ་རྣམས་ནང་དུ་རང་མིང་ཡང་། །ཁ་དོག་དཀར་པོ་འོད་བཅས་པ། །རྩ་ཡི་བུ་ག་སོ་སོ་ཡི། །ནང་དུའང་རྣམ་པར་བསྒོམ་པར་བྱ། ། རློན་དང་བཙོས་པའི་རའི་འོ་མ། །བདུད་རྩི་ལྔ་དང་རང་བྱུང་ནི། །རྡོ་རྗེའི་རྩེ་མོས་འཐུངས་པས་ཀྱང་། །དུས་སུ་འཆི་བ་ཉམས་པར་འགྱུར། །ཟག་མེད་དེ་ཉིད་ཐོབ་པས་ན། །དེ་ལ་དུས་མིན་འཆི་མིང་ཅི། །དེ་ཕྱིར་ཡང་དག་རབ་སྤོང་བའི། །ཆོས་ཉིད་གཤིན་རྗེའི་ཕོ་ཉར་ ཤེས། །རྡོ་རྗེས་བཏུང་བྱས་རབ་བཤད་པ། །ལས་ཀྱིས་རྣམ་པ་གཉིས་སུ་འདོད། །གཅིག་ནི་ཕྱི་རོལ་གྱིར་བཤད་དེ། །གཉིས་པོ་ནང་གི་བདག་ཉིད་འདོད། །རྡོ་རྗེ་རྩེ་གསུམ་བསྒོམ་བྱ་བ། །རྩ་དྲུག་དུས་ནི་རྒྱུ་བ་མོ། །ངང་པའི་རྒྱུ་བར་འཛིན་པའི་སྲོག །འོག་ གི་ཆུ་ནི་འཐུང་བ་ཡི། །བདུད་རྩི་ལྔ་སོགས་གང་ཅུང་ཟད། །དེ་ཡི་དབུས་སུ་རབ་ཏུ་ཞུགས། །འཐུངས་པས་རྒས་དང་འཆི་བ་འབྲོས། །རྡོ་རྗེ་འཆང་གི་གདམས་ངག་གོ། །གཤིན་རྗེའི་ཕོ་ཉ་མ་ཡི་རྣལ་འབྱོར་མ་ཁྱོད་བཞུགས། །དེ་ཡིས་སླར་ཡང་རྒས་དང་འཆི་བ་མེད་པ་ འཐོབ། །འཆི་བ་སློང་བར་བྱེད་པའི་རྣལ་འབྱོར་མ་བླ་མེད། །རྣལ་འབྱོར་མ་ལ་སྡིག་དང་བསོད་ནམས་མི་ལྡན་ནོ། །དེ་ནི་མཉམ་པའོ་མཉམ་སྲོག་ལས། །གཡོན་དང་གཡས་དང་དབུ་མ་ཡི། །རྩོལ་བ་གཡོ་མེད་དངོས་པོ་ལས། །སླར་ཡང་ཡ་མའི་ཡི་གེ་འདོད། །ཕོ་ ཉ་ཕྱོགས་གཉིས་ཀྱི་ངང་པ། །དབུ་མར་ཟད་པའི་གོ་འཕང་ངོ་། །དེ་ལྟར་རྣམ་པ་མང་པོ་ནི། །བརྟན་པའི་བློ་ལྡན་གྱིས་མཚོན་བྱ། །འདིར་མང་བཤད་པས་ཅི་བྱ་སྟེ། །སྦྱིན་པའི་ཕ་རོལ་ཕྱིན་སོགས་པ། །དགེ་བའི་ལས་ཀྱང་བསྙེན་བྱ་སྟེ། །ལུས་གཅིག་ལུས་མང་པོ་ ཅན་ནོ། །རྣལ་འབྱོར་མ་ལ་མཆོད་བྱ་ཞིང་། །དཔའ་བོ་རྣམས་ལ་རྗེད་པར་བྱ། །གང་ཞིག་གང་སློང་ལ་ཡང་དག །དེ་ཕྱིར་དེ་རྣམས་ལ་ངེས་སྦྱིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་ དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་ཕོ་ཉ་མོ་སྐྱེད་པ་ལ་སོགས་པའི་མཚན་ཉིད་དང་འཆི་བ་བསླུ་བའི་འཁོར་ལོ་བསྒོམ་པའི་མན་ངག་མདོར་བསྡུས་པ་སྟེ་ལེའུ་ བཅུ་གཉིས་པའོ།། །།དེ་ནས་གཤིན་རྗེ་མཆེ་གཙིགས་མ། །བཤད་ཀྱིས་ད་ནི་མཉན་པར་གྱིས། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི། །སྐྱོན་གྱིས་གུར་ལ་འབིགས་དང་བསྲེག །གང་ཞིག་གང་ལ་ལས་བྱས་པས། །དེ་ཡི་དུས་སུ་འབིགས་པར་ འདོད། །བརྒྱད་ཅུ་རྩ་བཞིའི་གནད་རྣམས་ནི། །གང་དང་དེར་ནི་གནས་རྣམས་ཀྱང་། །འདི་རྣམས་དབུས་སུ་བྱ་བ་སྟེ། །དགེ་དང་དམན་པ་མཚོན་པར་བྱ། །མི་དགེ་བ་ནི་འཆིར་དོགས་པས། །གནད་དུ་ན་བས་མཚོན་པར་བྱ། །གལ་ཏེ་དུས་ནི་གཅིག་ལ་ནི། །རྐན་གསུམ་ དུ་ནི་གཟེར་བ་ན། །དེ་ཚེ་ཞག་གསུམ་ན་འཆི་བར། །རིག་བྱ་འདི་ལ་ཐེ་ཚོམ་མེད། །རྐང་པའི་བྲང་བར་གཟེར་བ་དང་། །གལ་ཏེ་ལྟེ་བར་གཟེར་བ་ན། །ལྷ་མོ་ཞག་གཉིས་ན་འཆི་བར། །སྐྱེ་བོ་རྣམས་ནི་འགྱུར་བའོ། །རྐང་པ་གཉིས་ཀྱི་བྲང་མཐིལ་དང་། །གལ་ཏེ་མིག་ ཏུ་གཟེར་བ་ན། །དེ་ཚེ་ཟླ་བ་གསུམ་དུ་ཡང་། །འཆི་བྱེད་ཀྱི་ནི་དབང་དུ་འགྲོ། །རྐང་པའི་མཐིལ་ནི་གཟེར་བ་དང་། །གལ་ཏེ་སྣ་ནི་གཟེར་བ་ན། །ཞག་གསུམ་ན་ནི་འཆི་འགྱུར་བར། །འདི་ལ་ཡང་ནི་ཐེ་ཚོམ་མེད། །བཤང་དང་གཅི་བའི་དུས་སུ་ནི། །གལ་ཏེ་སྦྲིད་པ་བྱུང་བ་ ན། །དེ་ཡི་དེ་ལྟར་དུས་ཚོད་ཀྱི། །ལོ་ན་ངེས་པར་འཆི་བའོ། །སྔ་དྲོ་ཡི་ནི་ཉིན་ལྔ་དང་། །དབུས་མའི་གུང་ལ་བཅུ་དེ་བཞིན། །གཞན་གྱི་གུང་ལ་ཟླ་ཕྱེད་གཅིག །ནམ་ཕྱེད་ལ་ཡང་ཟླ་བ་སྟེ། །འདི་ཚེའི་དེ་ལྟར་དུས་སུ་ནི། །གལ་ཏེ་སྦྲིད་བྱུང་སྔོན་བཞིན་ཏེ། །དུས་ཀྱི་ ངེས་པར་འཆི་འགྱུར་བས། །འདི་ལ་ཐེ་ཚོམ་མེད་པའོ། །ལྟག་པ་ཡི་ནི་བདུད་ཁུང་དུ། །གཟེར་ན་ལོ་ནི་ལྔ་རྣམས་ན། །དེ་ནི་འཆི་བར་འགྱུར་བ་ནི། །ཤེས་བྱ་འདི་ལ་ཐེ་ཚོམ་མེད། །ལྷ་མོ་ལྕེ་རྩེ་མ་མཐོང་ན། །དེ་ཕྱིར་ཞག་ནི་གསུམ་ན་འཆི། །ཉན་པ་ཡི་ནི་རྩེ་མོར་གཟེར། ། འཆི་བ་ཟླ་བ་བཞི་ནའོ། །མིག་གཡོན་པ་ཡི་འབྲས་བུ་ནི། །མེ་ལོང་ལ་ནི་མ་མཐོང་ན། །དེ་ཚེ་ཞག་བདུན་ན་འཆི་བར། །སྔོན་གྱི་སྐྱེ་བར་བཤད་པའོ། །དཀར་པོ་ཡི་ནི་ཚེས་གཅིག་ལ། །གལ་ཏེ་ཁུ་བ་དཀར་མིན་འགྱུར། །ཟླ་བ་དྲུག་ན་དེ་འཆི་སྟེ། །དམར་པོས་ནང་དུ་ངེས་ པར་འགྱུར། །བྷ་ག་ལིང་ག་ཡོངས་སྦྱར་བའི། །མཐའ་རུ་གལ་ཏེ་སྦྲིད་པ་ནི། །བྱུང་ན་ཟླ་བ་ལྔ་ན་ནི། །དེ་ཚེ་ལྟུང་བར་འགྱུར་བའོ། །སྦྱོར་བའི་དུས་སུ་དྲིལ་བུའི་སྒྲ། །རྣ་དག་ལ་བྱུང་འཆི་གསལ་བར། །གལ་ཏེ་བརྒྱ་བྱིན་མཉམ་གྱུར་པ། །ཟླ་བ་ལྔ་ན་ཐེ་ཚོམ་མེད། ། དེ་བཞིན་དུས་ནི་གཅིག་གི་ཚེ། །གལ་ཏེ་ཟླ་བ་ཉི་མ་དག །གང་གི་སེམས་ཅན་ལ་གཟེར་བ། །ཟླ་བ་གཅིག་ཏུ་འཚོ་བཅས་པའོ། །རྐང་ལག་དག་གི་ཚིགས་བཞི་དང་། །མཐེའུ་ཆུང་གི་ནི་སོར་མོ་ལ། །གང་གི་དུས་གཅིག་ལ་གཟེར་བ། །ངེས་པར་ཟླ་བ་གཅིག་ན་ འཆི། །བསྣུན་པ་གསུམ་གྱིས་གཟེར་བ་ན། །གལ་ཏེ་ནུས་སྟོབས་བདག་མཉམ་པ། །རྐང་པའི་མཐེ་བོང་དག་ལས་དཔའ། །ས་གསུམ་དུ་ནི་སྐྱེ་བོ་རྣམས། །མདུད་པའི་རྒྱལ་པོ་ལྟ་བུའི་ཚུལ། །དཔེ་དེས་རྟག་ཏུ་བཤད་པའོ། །དེ་ཚེ་ཟླ་དྲུག་ན་འཆི་བར། །གལ་ཏེ་དྲག་ པོ་མཉམ་ཀྱང་འགྱུར། །སྙིང་གའི་དབུས་དང་དེ་བཞིན་སྔོན། །འདིར་ཡང་མགྲིན་པའི་སྤྱོད་ཡུལ་ཏེ། །ཟླ་ཕྱེད་གསུམ་ན་འཆི་བར་ནི། །རྣམ་དཔྱད་སྤྱོད་ཡུལ་འདི་ལ་མེད། །སླར་ཡང་མགོ་བོའི་རྩེ་མོར་གཟེར། །གྲོང་ཁྱེར་གསུམ་གྱི་རྒྱ་མཚོ་བསྲེག །འཕྲལ་དུ་ འཆི་བར་ཤེས་བྱ་བར། །ལུས་ཀྱི་གུར་དུ་བཤད་པའོ། །རྣ་བའི་རྩ་བར་དེ་བཞིན་གཟེར། །འཕྲལ་དུ་འཆི་བར་ངེས་པར་བཤད། །སྨིན་མའི་དབུས་སུ་དེ་བཞིན་གཟེར། །དེ་ཡི་སྐད་ཅིག་ལ་འཆི་འགྱུར། །སྣ་ཡི་རྩེ་མོར་རླུང་གྲང་མོར། །གྱུར་ན་ཡོངས་རྫོགས་ དུས་ཡིན་ནོ། །དེ་ལྟར་འཆི་བ་ཐམས་ཅད་ནི། །མཆེ་གཙིགས་གོ་འཕང་གིས་བསླུའོ། །གང་གི་དུས་སུ་འདི་འགྱུར་བ། །གཟེར་ནི་དེ་ཚེའི་དུས་འདིར་འགྱུར། །གཟེར་བའི་གནས་ནི་གསལ་མཚོན་ནས། །རྩ་བ་བཅུ་ཡིས་མཉེ་བར་བྱ། །ཁྱབ་འཇུག་ ཅེས་བྱའི་མར་ཁུ་ནི། །མགོ་བོར་རྟག་ཏུ་གཟུང་བར་བྱ། །སྣ་ནས་རྣམ་སྣང་མར་ཁུ་དང་། །མར་དང་ཁྲག་ཏུ་ཡོངས་ལྡན་པའོ། །ཉི་མའི་འོད་ཀྱིས་མི་གདུང་སྟེ། །སྐྱེ་བོ་དང་བྲལ་ཁྱིམ་དྲོན་པོར། །སྦྱོར་བའི་རྒྱ་མཚོ་ཆེ་གཟུང་བས། །རྣལ་འབྱོར་མ་དེ་ཡང་བསྒོམ་བྱ། །ཡ། གང་གི་དཀྱིལ་འཁོར་ཆེན་པོར་ནི། །མ། དབུ་མའི་མཐའ་ཡི་མཚན་ཉིད་ལས། །གཡས་སུ་བགྲོད་པའི་དུས་སུ་ནི། །དཾ་ཡིག་ཚིགས་མཚམས་ཀུན་དུའོ། །བུ་ག་གཟེར་བྱེད་ཕུག་ནས་ནི། །དེའི་སྐད་ཅིག་ལ་དབྱུག་གུ་དབྱུག །ཊ། ཧྲིལ་ཧྲིལ་པོར་ནི་འགྱུར་བཞིན་པ། །ཥ། སྙིང་ གའི་རྫིང་བུ་ལ་སོགས་པ། །ཤེས་བྱ་མཚམས་ཀུན་དུ་ཡང་སྟེ། །གཟེར་བའི་འཆི་བ་སླུ་བ་ལ། །ཨི། དབང་པོ་ཡིས་ནི་ཐམས་ཅད་ལའང་། །ཡིད་ནི་དེ་བཞིན་ངེས་པར་གནས། །ཥྚི་ཡི་ཡི་གེ་ཞེས་བྱ་བ། །དེ་ལྟར་ཚིགས་བཅད་གཉིས་ཀྱིས་གསུངས། །དེར་ནི་ཏིང་ འཛིན་ཞེས་བྱ་བ། །དབང་པོ་སྦྱངས་པས་ཐོབ་པར་གྱིས། །པད་སྣལ་སྐུད་པས་ནོར་བུ་དང་། །སྤྱི་གཙུག་ཀྱང་ནི་གཅིག་ཏུ་བྱ། །རྣམ་ཤེས་བརྒྱད་པོ་དེར་གནས་པར། །བསྒོམ་བྱ་མྱོས་བྱེད་འབབ་པ་མོ། །ཀུན་དུ་སྐུད་པ་དེ་བཏང་བས། །གཤིན་རྗེའི་མཆེ་བ་འཇོམས་པ་མོ། ། དེ་ཡིས་ནཱི་ཡི་ཡིག་བཤད་དོ། །གཟེར་བ་ཐམས་ཅད་རྣམ་འཇོམས་མའོ། །ཁ་དོག་དམར་དང་སྔོ་བ་སྟེ། །འཆི་བ་འཇོམས་མ་བྱང་ཆུབ་འགྲོ། །དེ་ཡི་མཚོན་ཆར་འགྱུར་བ་ནི། །དུམ་སྐྱེས་རྣལ་འབྱོར་མ་ཡིའོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །སུམ་ཅུ་རྩ་བདུན་བདག་ ཉིད་མཆོག །ཨོཾ་བ་བྱཱ་ཛྲ་གྷྲ་ཡ་ཛི་མ་ན་དཾ་ཨ་ཥྚཱི་མྦ་ཎཱི་ར་ཡ་དྷ་ཀེ་རཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕ་ཕ་ཊ་ཊ་ཕཊ་སྭཱ་སྭཱ་ཧཱ་ཧཱ་ཨོཾ། ཤེས་རབ་ཐབས་ཀྱི་རང་བཞིན་དུའང་། །སྐུད་པའི་དབུས་སུ་བསྒོམ་པར་བྱ། །ཐ་སྐར་ཟླ་བ་དེ་བཞིན་དུ། །སྲང་དང་ཁྱུ་མཆོག་རཱ་སིའིའོ། །འདིས་ ནི་བྱེད་བཞིན་པ་ཡིས་ནི། །འཆི་བ་སླུ་བ་དགེ་བའོ། །གཞན་ནི་དེ་ལ་དེ་ལྟར་བྱ། །ཕོ་ཉ་མ་ནི་གསལ་བར་བརྗོད། །གཞན་གྱི་འཆི་བ་བླུ་བ་ཡང་། །བརྒྱ་ཕྲག་འབུམ་རྣམས་ཤེས་པར་བྱ། །འོན་ཀྱང་ཀུན་སྟོང་གནས་བྱས་ནས། །བླ་མཆོག་མཉེས་པར་བྱས་པས་སོ། །དཔའ་ བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་མཆེ་བ་མའི་རབ་ ཏུ་སྦྱོར་བ་ལ་འཇུག་པ་འཆི་བ་བསླུ་བ་ལ་སོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཇོམས་མའི་འཇུག་པ་ནི། །གང་གིས་ཕ་རོལ་འགྲོ་བཤད་བྱ། །རྣལ་འབྱོར་མ་རྣམས་འདུས་བྱས་ནས། །གཞི་ལས་འདྲི་བར་བྱེད་པ་སྟེ། །འཇུག་པ་ཞེས་བྱ་ཅི་རུ་ བཤད། །ཁྱབ་བདག་ཕ་རོལ་མིང་ནི་ཅི། །ཤིན་ཏུ་ངོ་མཚར་སྟོན་པས་གསུངས། །རྡོ་རྗེ་འཛིན་པ་བཀའ་དྲིན་མཛོད། །ཉོན་ཅིག་སྒྱུ་མའི་འཇུག་པ་ཡང་། །མི་བདེན་པ་ནི་བདེན་བཏགས་ཏེ། །ལྷ་མོ་དབང་པོའི་དྲ་བ་ལྟར། །འཇོམས་མ་ཡི་ཡང་འཇུག་པ་སྟེ། །མཐོང་ བ་ན་ཡང་དེ་ལ་མེད། །ཆུ་ཡི་ཟླ་བ་ལྟ་བུ་མཆོག །རང་གི་རང་བཞིན་ལ་འཇུག་འགྱུར། །རྣལ་འབྱོར་དེ་ཉིད་འཛིན་རྣམས་ཀྱིའོ། །དུས་ཀྱི་འཆི་བའི་དངོས་པོ་ཡང་། །ལས་ཀྱིས་སུ་ནི་བླུ་བ་སྟེ། །འཁོར་བ་ལས་ནི་ཕ་རོལ་འགྲོ། །འཆི་མེད་བླུ་བ་ཡང་ནི་མེད། །སྟོན་གྱི་ནམ་ ཉིན་མཉམ་དུས་སུ། །སྣ་ཡི་ནམ་མཁའི་དཀྱིལ་འཁོར་དུ། །རླུང་ནི་རྣམ་པར་འཛིན་བཞིན་པས། །འཆི་བའི་དུས་ནི་བླུ་བའོ། །བརྒྱ་ཕྲག་དྲུག་དང་ཉི་ཤུ་གཅིག །སྟོང་ཕྲག་རྣམས་ཀྱི་སྲོག་རྣམས་ནི། །ཨ་བ་དྷཱུ་ཏཱིར་རབ་ཞུགས་པ། །དེ་ནི་འཇོམས་མར་མངོན་བརྗོད་པའོ། ། བྱིས་པའི་མཁས་པ་རྨོངས་པ་ཡིས། །བླུ་བ་བཤད་པ་དེ་མ་ཡིན། །དེ་མིན་བླུ་བ་རབ་བཤད་པ། །འདི་ནི་བདག་གི་རང་མཚན་ཉིད། །སླར་ཡང་ལྷ་མོ་དེས་གསུངས་པ། །ཡ་སོགས་དེ་ལྟར་དོན་བསྟན་པས། །གང་གང་ཏིང་འཛིན་དམིགས་ནས་ནི། །ནམ་མཁའ་མཉམ་ སོགས་འདུས་པའི་མཐའ། །རྒྱུད་ནི་དེ་བཞིན་སྲོག་ཆེན་པོ། །རྡོ་རྗེ་ལྟ་བུར་ཡང་ནི་བཤད། །དལ་གྱིས་དལ་གྱིས་འགྲོ་བདག་ཉིད། །ཚིགས་རྣམས་ཀུན་དུ་ཐིམ་པའོ། །ཞི་གནས་ལྷག་མཐོང་དག་གིས་ནི། །བྱང་ཆུབ་འཆི་བའི་སྤྱོད་ཡུལ་མིན། །རྡོ་རྗེའི་ སར་ནི་འཁྲིད་པར་གྲགས། །གོ་འཕང་ཆེན་པོ་འཛིན་མཆོག་གོ། །དེ་ལྟར་ཡོན་ཏན་ཁྱད་འཕགས་པས། །མི་རྣམས་ཀྱི་ནི་མི་དགེ་འཛད། །ནོར་ཆེན་གོ་འཕང་ཐོབ་པ་ནི། །ཡང་དག་སྤོང་བའི་མཚན་ཉིད་དོ། །སྲོག་ནི་ཡང་དག་རྒྱུ་བྱས་ནས། །དུས་ཀུན་དུ་ནི་ཉེ་བར་བྱ། །རྟག་ཏུ་ འཆི་ལྟས་འཆི་བ་སླུ། །རྣལ་འབྱོར་པ་རྣམས་ཀྱིས་ལྷན་ཅིག །རྣལ་འབྱོར་མ་རྣམས་དང་མཇལ་བ། །བསོད་ནམས་དབང་གིས་བརྒྱ་ལམ་འཐོབ། །དེ་རྣམས་དང་བྱས་དགའ་ཆེན་པོ། །མྱངས་པས་འཆི་བ་བསླུ་བ་ཡིན། །དེ་ཕྱིར་རྣལ་འབྱོར་མ་རྣམས་ཀྱི། །མཆོད་པ་རྣལ་ འབྱོར་པ་ཡིས་བྱ། །རྡོ་རྗེ་འཆང་ཆེན་གོ་འཕང་ནི། །དེ་རྣམས་མཉེས་པས་འཐོབ་པར་འགྱུར། །རྨོངས་པ་གང་ཞིག་སྨོད་བྱེད་པ། །དེ་ཡི་དངོས་གྲུབ་མཆོག་མེད་དོ། །དེ་རྣམས་ལ་ནི་སྨད་པ་ལས། །མནར་མེད་དམྱལ་བ་ཆེན་པོར་འགྱུར། །དེ་ཡི་བསོད་ནམས་བྱས་པ་ཅི། ། སྨྱུང་བར་གནས་པའམ་དཀའ་ཐུབ་ཅི། །རྣལ་འབྱོར་མ་ལ་རྟག་གུས་པ། །སྐད་ཅིག་ཡུད་ཙམ་སོགས་ཀྱིས་སོ། །ལྷ་མོ་ཁ་དོག་གཉིས་མ་སྟེ། །སྲིད་དང་མྱ་ངན་འདས་གཟུགས་ཅན། །དཀྱིལ་འཁོར་པ་རྣམས་དབུས་སུ་ནི། །བསྒོམ་བྱ་མཚན་མ་ལཱ་མ་བཞིན། །སྔགས་ཀྱི་ ཡི་གེའི་སྦྱོར་བ་ཡིས། །སུམ་ཅུ་རྩ་བདུན་རྣལ་འབྱོར་མས། །བསྐྱེད་བྱ་ཐབས་དང་བཅས་པ་སྟེ། །ལྷན་སྐྱེས་སྦྱོར་བས་རྡོ་རྗེ་འཛིན། །ཨོཾ་བ་མ་ཛྲ་ཧཱ་ཡ་དྷཱུ་མ་མྲཱ་མནྡྷ་ཐ་ཀཱ་ནཱི་ར་ཡེ་བ་ཧཱུྃ་པུ་ཧཱུྃ་ཥཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕ་ཨོཾ་ཊ་སྭཱ་ཧཱ། དེ་ལྟར་ཡུངས་ཀར་ཙམ་གྱི་ནི། །ཐིག་ལེའི་ དབུས་མ་བསྒོམ་པར་བྱ། །སྙིང་ག་ལ་སོགས་འཁོར་ལོ་རུ། །གང་དུ་ཡིད་ནི་ཡོངས་སྦྱོར་གྱིས། །བུ་མོ་རུས་སྦལ་ཟླ་བ་ཡང་། །ཁྲུམས་ཅན་ཉེ་བའི་གླིང་མའོ། །སེམས་ཅན་དོན་བྱེད་དེ་ཉིད་དུ། །ཐིམ་དང་ལོངས་སྤྱོད་སོགས་བྱེད་མ། །ཕག་མོའི་སྤྲུལ་པའི་བདག་ཉིད་དུ། ། སྐྱེས་པ་སྲིད་པ་འཇོམས་བྱེད་མའོ། །བཅོམ་ལྡན་རྡོ་རྗེའི་རྣལ་འབྱོར་ཆེས། །ལྷ་རྣམས་ཐམས་ཅད་བཞུགས་པ་དང་། །འཁོར་ལོ་སྒྱུར་ཆེན་ངོ་བོ་ལས། །ཐམས་ཅད་ཀུན་ནི་སྤྲུལ་པ་དང་། །སངས་རྒྱས་ཉིད་བདག་འདུ་ཤེས་ཀྱིས། །དེའི་བདག་ཉིད་དུ་སྡུད་པར་འགྱུར། ། བསྡུ་དེ་དེ་ལྟར་ཡོད་མིན་པ། །འབྱིན་པ་རུ་ནི་ཇི་ལྟར་འགྱུར། །འདི་ཀུན་སྒྱུ་འཕྲུལ་དྲ་བ་སྟེ། །སྒྱུ་མ་མེད་ཅིང་སྟོང་ཉིད་མེད། །ངོ་བོ་ཀུན་དུ་སྦྱོར་བ་ཙམ། །སངས་རྒྱས་ཉིད་སོགས་འདུ་བཅས་པའོ། །རྫོགས་ལྡན་གསུམ་ལྡན་སོགས་དངོས་ཉིད། །རང་གི་རང་བཞིན་མཚན་ཉིད་ དོ། །རྣམ་གཞག་ཙམ་དུ་གསུངས་པ་ནི། །དངོས་པོ་མ་འཁྲུལ་ངོ་བོ་ཉིད། །རྣམ་པར་རྟོག་པས་བརྟག་པར་བྱ། །རྟོག་པ་མེད་པར་གྱུར་པ་ན། །བརྟག་པ་ཉིད་དུ་མི་བྱའོ། །རྟོག་དང་རྟོག་མེད་ལས་གྲོལ་འགྱུར། །ཐམས་ཅད་གཟིགས་པ་རྣམས་ཀྱིས་བས་བསྟན། ། གང་ཞིག་གང་དངོས་སྐད་ཅིག་མཐོང་། །དེ་མཐོང་རི་བོང་རྭ་བཞིན་ནོ། །འདི་ཡིས་འགོག་པ་མེད་པར་ནི། །སྐྱེ་བ་ལ་སོགས་ཡོངས་རྟོགས་བྱ། །སྣ་ཚོགས་ལུང་དང་རྒྱུད་རྣམས་ལའང་། །རིགས་པ་ཅན་འདིར་རྣམ་པར་དཔྱོད། །རྣམ་དཔྱད་གྱུར་པས་རིགས་པ་ནི། །དེ་རིགས་ བདག་གི་ཆེ་བའོ། །སེམས་ནི་དེ་ཡི་གཞི་རྟོགས་པར། །རྣ་བའི་དྲུང་དུ་བརྗོད་པའོ། །སློབ་མའི་ཕྱིར་དང་བླ་མ་ལ། །གུས་ཕྱིར་འདི་ནི་གཟུང་བར་གྱིས། །དེང་སང་སྐྱེ་བོ་ཚེ་ཐུང་ལ། །རིགས་པ་གཞན་བདག་ལ་ཡོད་མིན། །གཡོ་ཅན་རྩོད་པའི་དུས་སུ་ནི། །བློ་ཆུང་བསོད་ ནམས་ཤིན་ཏུ་ཆུང་། །དེ་ཕྱིར་བསོད་ནམས་ལྡན་རྣམས་ཀྱི། །ཡེ་ཤེས་སངས་རྒྱས་སྤྱོད་ཡུལ་མིན། །ཡུན་རིང་དུས་ནས་སྙིང་རྗེ་ནི། །བསྟེན་འགྱུར་རྟོག་པ་མ་བྱེད་ཅིག །བསོད་ནམས་གྲངས་མེད་མ་བྱས་པར། །སླར་ཡང་ཡེ་ཤེས་སྨྲ་བ་ཅི། །བྱང་ཆུབ་སེམས་ཅི་སངས་ རྒྱས་ཅི། །འདི་ལ་ཁྱད་པར་ཡོད་མི་འགྱུར། །དངོས་པོ་རྟོགས་ཕྱིར་སངས་རྒྱས་དང་། །དེ་དངོས་བྱང་ཆུབ་སེམས་དཔའ་རང་། །དབང་པོ་རྣམས་ནི་བྱང་ཆུབ་སེམས་དཔར་བསྐྱེད། །ཡུལ་རྣམས་ཀྱིས་ནི་སངས་རྒྱས་ཉིད་དུ་གྱིས། །ཕུང་པོ་དང་ནི་སངས་རྒྱས་ལྷན་ཅིག་ ཟུང་། །ཁམས་རྣམས་རྡོ་རྗེ་འཛིན་པར་གཟུང་བར་བྱོས། །སྲིད་པར་སླར་ཡང་ལྡོག་པར་འགྱུར་བ་མ་ཡིན་ནོ། །ཐམས་ཅད་འཆི་བ་མེད་པའི་ངོ་བོར་ཟུང་། །སྙིང་རྗེ་ཡི་ནི་སྦྱོར་བས་ཁྱོད་བཞུགས་ཤིག །གང་དང་གང་གིས་གཞན་གྱི་དགོས་པ་གྱིས། ། བརྗོད་མེད་ཀུན་ལའང་ནན་ཏན་བྱོས། །མཁའ་འགྲོ་མ་སོགས་འཇོམས་མཐའ་ཡི། །འཇོམས་མ་འདུས་པ་ཐམས་ཅད་དང་། །བགེགས་སོགས་འབྱུང་པོ་འདུས་པ་མ། །འཇིག་རྟེན་སྡང་བ་ཐམས་ཅད་དང་། །ཡི་དགས་སོགས་དང་དམྱལ་བའང་རུང་། །གཤིན་རྗེ་ལ་ སོགས་ཁྲོ་བ་འདིར། །སྔོན་གྱི་བག་ཆགས་འཇོམས་མའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་ མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་འཇོམས་མ་འཇུག་པ་སྐྱེད་པ་དང་དུས་སུ་འཆི་བ་བསླུ་བའི་ཆོ་གའི་མཚན་ཉིད་དང་སངས་རྒྱས་ཀྱི་གནས་སྐབས་ཀྱི་རང་བཞིན་ཏེ་ལེའུ་བཅུ་བཞི་པའོ།། །།དེ་ནས་འདི་ལས་གསང་ཆེན་བཤད། །ཡང་དག་ཏིང་འཛིན་ མཚན་ཉིད་དོ། །དཔལ་ཧེ་རུ་ཀར་གནས་གང་གིས། །གུས་བཅས་ལས་གཞན་ལ་ཡོད་མིན། །འཇིགས་པ་ལ་སོགས་ཆགས་པའི་མཐར། །བསྟན་པ་སྤྲུལ་པའི་སྐུ་གསལ་བའོ། །ཆོས་དང་ལོངས་སྤྱོད་རྫོགས་སོགས་འདིར། །ཐམས་ཅད་བསྡུས་པ་བྱས་པར་ འགྱུར། །ཐོག་མར་གནས་ནི་ཀུན་བསྒྲུབ་བྱ། །སྐྱེ་བོ་མེད་དང་རི་སོགས་དང་། །དུར་ཁྲོད་དུ་བྱ་དེ་རུ་ནི། །གཏོར་མ་ཞིང་སྐྱོང་རྣམས་ལའོ། །རྣལ་འབྱོར་ཁ་ཡི་གཙང་སྦྲ་སོགས། །སྔོན་སོང་མཆོད་ཡོན་ལ་སོགས་འབུལ། །བཅོམ་ལྡན་འདས་ཀྱི་སྐུར་དམིགས་ནས། །རས་ བྲིས་སོགས་བསྒོམ་བཤད་ལྡན་པར། །ཡི་དགས་གདན་ཅན་དྲག་ཆེན་པོ། །བསྒོམ་པ་འགྲོ་བའི་དོན་དང་ལྡན། །ཀུན་ནས་ཀུན་དུ་སྐད་ཅིག་གིས། །ཏིང་ངེ་འཛིན་ནི་དམིགས་པར་བྱ། །ཤྲཱི་ཡིག་འབྱུང་བ་ཀུན་གྱི་དོན། །ཕྱི་དང་ནང་གི་བདག་ཉིད་འདོད། །འདི་དག་ ཀུན་རྫོབ་གཟུགས་དང་ནི། །འཇུག་མེད་བདེ་བའི་མཐའ་ཅན་གང་། །ཨེ་བྃ་ལ་སོགས་གཉིས་མེད་པའང་། །ཤྲཱི་ཞེས་བྱ་བའི་ཡིག་ངེས་བརྗོད། །ཧེ་ཡིག་སྙིང་ག་ནས་ཀུན་ཏུ། །ཧེ་རུ་ཀ་སོགས་རང་འཁོར་འགྲོ། །བསྒོམ་པ་ཀུན་གྱི་འབྱུང་གནས་ལས། །འཛིན་པ་ལ་ སོགས་རྣམ་བསྐྱེད་འགྱུར། །དེ་ནི་རྒྱུ་སྟོང་བདག་ཉིད་དེ། །རྒྱུའི་བདག་ཉིད་དུ་མི་རྟོག་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པའི་རྣལ་འབྱོར་གནས། །བཀོད་པ་གང་ཟག་བདག་མེད་པ། །རྟོག་པའི་དྲ་བ་ཆེན་པོ་ནི། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་ ནི་བདག་གི་བཀོད་བྲལ་བའོ། །སླར་བརྗོད་ཀ་ནི་མ་ལུས་པའི། །བདག་གིས་གཉིས་བྱར་མེད་ཤེས་གང་། །གང་ཕྱིར་ཅི་ལའང་མི་གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། །དངོས་པོ་མངོན་སུམ་སྟོང་པ་མིན། །དངོས་པོ་ཙམ་གྱི་རང་བཞིན་ཅན། །དཔལ་ཧེ་རུ་ཀ་གནས་ལྷ་ མོ། །སྔ་ནས་བསྒོམ་པ་ཀུན་འགྲོ་བའོ། །སྙིང་ལ་པདྨ་ཉི་དབུས་སུ། །ཡེ་ཤེས་ས་བོན་རང་བྱུང་ལས། །འོད་ཟེར་ཁ་དོག་སྣ་ཚོགས་པ། །ནམ་མཁའ་གང་བར་སྤྲོ་བར་བྱ། །ཡེ་ཤེས་མཁའ་འགྲོ་མ་ཡི་གཟུགས། །ལྷ་ཡི་ཚོགས་ནི་སྤྱན་དྲངས་ནས། །ནམ་མཁའི་ཁོངས་ ཀྱི་དབུས་སུ་ནི། །འགྲོ་བའི་བདག་པོ་བཞག་བྱས་ལ། །ཟླ་ཉི་ཤར་བདག་ཉིད་སྐྱེས་པའི། །བདུད་རྩི་སོགས་ཀྱིས་མཆོད་བྱས་ནས། །སྡིག་པ་བཤགས་སོགས་བྱས་ནས་ནི། །སྙིང་རྗེ་ལ་སོགས་རྗེས་དྲན་བྱ། །སྟོང་ཉིད་རང་བཞིན་བདག་ཉིད་ཀྱི། །རྣལ་འབྱོར་དག་པ་རྣམ་ བསྒོམ་བྱ། །ས་བོན་ལྔ་ཡི་རང་བཞིན་ལས། །ཁང་པ་བརྩེགས་པ་རྣམ་སྤྲུལ་བྱ། །རྒྱུ་ཡི་རྡོ་རྗེ་འཆང་བ་ཕྱིས། །རི་རབ་པདྨའི་སྟེང་དུ་གསལ། །སྐུ་མདོག་དཀར་པོ་ཞལ་བཞི་པ། །སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ། །ཤེས་རབ་ཁ་སྦྱོར་སྦྱོར་བདག་ཉིད། །བྱིས་པའི་རྒྱན་ གྱིས་བརྒྱན་པའོ། །དཀར་དང་ལྗང་གུ་དམར་བ་དང་། །སེར་པོ་གཡོན་ནས་བསྐོར་བས་སོ། །ཞལ་གྱི་རལ་པའི་ཅོད་པན་ལ། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་འཛིན། །འཕྲོག་བྱེད་དཀར་མོ་མཉམ་པར་མནན། །གཡས་བརྐྱང་ཞབས་ཀྱིས་ཡང་དག་བཞུགས། །རྡོ་རྗེ་དྲིལ་བུ་ གླང་ཆེན་གྱི། །པགས་པ་ཅང་ཏེའུ་གྲི་གུག་དང་། །དགྲ་སྟ་རྩེ་གསུམ་དེ་བཞིན་དུ། །ཁ་ཊྭཱཾ་ག་སྣོད་ཞགས་པ་དང་། །མགོ་སྟེ་གཡོན་དང་གཡས་པར་རོ། །འདམ་སྐྱེས་ཁ་དོག་སྣ་ཚོགས་པ། །འདབ་མ་བཞི་བཅུ་རྩ་བརྒྱད་དང་། །འཁོར་ལོའང་བཅུ་ གཉིས་བདག་ཉིད་ཅན། །སྒོ་ནི་བཅུ་དྲུག་བདག་ཉིད་དང་། །ཉམས་དགའ་དུར་ཁྲོད་སོ་གཉིས་ནའོ། །གྲི་གུག་རིན་ཆེན་རྡོ་རྗེ་དང་། །པདྨ་འཁོར་ལོ་རལ་གྲི་དང་། །སྣ་ཚོགས་རྡོ་རྗེ་ཐོད་པ་དང་། །མགོ་བོ་ཀེང་རུས་འདི་རྣམས་དང་། །ཞགས་པའམ་ལྕགས་ཀྱུར་ཤེས་བྱ་ སྟེ། །འཁོར་ལོ་འཁོར་ལོར་ཕྲེང་བའོ། །རེ་རེར་རྩིབས་ནི་སུམ་ཅུ་དྲུག །རྡོ་རྗེ་པདྨ་ཉི་མ་ཅན། །རྒྱུ་ཡི་རྡོ་རྗེ་ཡོངས་གྱུར་པ། །ལྔ་བརྒྱ་བཞི་ཡིས་ལྷག་པ་ཡི། །དཀྱིལ་འཁོར་འཁོར་ལོ་རྫོགས་པའོ། །རྟག་ཏུ་གླུ་མའི་སྒྲ་ཡིས་སོ། །མངའ་བདག་ཉི་མ་རེ་རེར་འགྲོ་བ་ མགྲོན་འབོད་ན། །ཁྱོད་ནི་ཅི་ཡི་ཕྱིར་ན་སྟོང་པ་ཉིད་དུ་ཞུགས། །བཞེངས་ཤིག་བཞེངས་ཤིག་བདག་ནི་སྙིང་རྗེའི་རང་བཞིན་ཏེ། །རྡོ་རྗེ་འཛིན་པ་བདེ་ཆེན་བདག་ལ་འདོད་པ་མཛོད། །གསོན་ཅིག་གསོན་ཅིག་གཞན་གྱི་དགོས་པ་ནུབ། །འཇིག་རྟེན་ཕྱུགས་གང་ཤི་བ་བཞིན་ དུ་འགྱུར། །བདག་གི་པདྨ་རྒྱས་པ་ལ་འདོད་མཛོད། །དེ་ལྟར་འཇིག་རྟེན་ཀུན་བདེར་འགྱུར་བར་བྱོས། །རྡོ་རྗེ་འཛིན་པས་བདག་ལ་རོལ་ཅིག་རོལ། །ལྷན་སྐྱེས་རང་བཞིན་བརྗོད་དུ་མེད་པ་འཐོབ། །སེམས་ཅན་འཇིག་རྟེན་གཞན་ནི་རྨོངས་གྱུར་པས། །ཇི་ལྟར་ཁྱོད་ཀྱི་ སྟོང་པ་དོན་མེད་འགྱུར། །ཁྱོད་ནི་ཆོས་རྣམས་ཀུན་གྱི་བྱེད་པ་སྟེ། །ཅི་ཕྱིར་ལྷན་སྐྱེས་རང་བཞིན་འགྲོ་མེད་བཞུགས། །བདག་ལ་མཆོག་གི་དོན་གྱིས་འདོད་པ་མཛོད། །དེ་ལྟར་ཁྱོད་ནི་འཇིག་རྟེན་རྣམས་མཐུན་བཞུད། །གླུ་འདིས་རྗེས་སུ་བསྐུལ་བ་ཡིས། །རང་ཉིད་ཧེ་རུ་ ཀ་རབ་སད། །ཨོཾ་ཨཱཿཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཧཱུྃ་ཕཊ་ཧོཿ། གསང་སྔགས་འདི་ནི་འདོན་པ་ན། །སྐད་ཅིག་རྣམ་པའི་རྣལ་འབྱོར་ལྡན། །སྐད་ཅིག་སྔགས་ལས་བྱུང་བདག་ཉིད། །དཔའ་བོ་ཀུན་དང་རྣལ་འབྱོར་མའོ། །འཇིགས་བྱེད་མཚན་མོ་ནག་མོ་དང་། །ལྟེ་བ་ཉི་མ་ ཆེ་མཆོག་ལ། །གར་དུ་མཛད་པ་ཡི་ནི་སྐུ། །གནག་དང་ལྗང་གུ་ཕྱེད་ཕྱེད་དོ། །བདུན་ཅུ་རྩ་དྲུག་ཕྱག་དང་ནི། །ཞལ་བཅུ་བདུན་ལ་སྤྱན་གསུམ་པ། །དཔའ་བོ་རལ་པའི་ཅོད་པན་འཛིན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ཅན། །མཆེ་བ་ཆེན་པོ་གཙིགས་པའི་ཞལ། །གཡས་ དང་གཡོན་པ་རྟག་ཏུ་ནི། །སེར་བ་དང་ནི་ལྗང་གུ་གྲགས། །ནུབ་ནི་དམར་པོ་དེ་བཞིན་ཏེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །མཆེ་བ་གཙིགས་པ་འཇིགས་པར་བྱེད། །རིམ་པ་ཇི་ལྟའི་མཚོན་ཆའི་ཚོགས། །གཡས་དང་གཡོན་པར་ཤེས་པར་བྱ། །གླང་ཆེན་པགས་ པས་ཕྱག་གཉིས་ཀྱིས། །སྐྱེ་གནས་ཕྱག་རྒྱ་དེ་བཞིན་གཞན། །རྡོ་རྗེ་རལ་གྲི་མདུང་རིངས་དང་། །རྩེ་གསུམ་ཇི་ལྟའི་རིམ་པས་གཡས། །དགྲ་སྟ་གྲི་གུག་མདའ་དང་ནི། །གསལ་ཤིང་ཕུབ་དང་ཐོ་བ་དང་། །འཁོར་ལོ་ཅང་ཏེའུ་ཆུ་གྲི་དང་། །དབྱུག་ཏོ་དང་ནི་མཚོན་རྩེ་ གཅིག །དུང་དང་ཟངས་དུང་དབྱི་གུ་དང་། །རྨ་བྱའི་མཇུག་མ་དེ་བཞིན་དུ། །བྱ་རོག་སྒྲོ་དང་པིར་དང་ནི། །མེ་ཡི་ཐབ་དང་རི་བོ་དང་། །དབྱུག་པ་མེ་ལོང་པི་ཝང་དང་། །རྐང་མགོ་ལག་པ་གློ་བ་དང་། །རྒྱུ་མ་སྒྲ་གཅན་ལྕགས་སྒྲོག་དང་། །གདོས་དང་དུ་བྷུ་ས་ཉ་རྒྱ། ། མགོ་མེད་འབར་བའི་མར་ནག་དང་། །འཇིགས་བྱེད་གཟུགས་ཏེ་རིམ་པས་སོ། །གཡོན་པ་དྲིལ་བུ་ཕུབ་རིངས་མཆེ། །གཏུན་ཤིང་ཞགས་པ་ཐོད་པ་དང་། །གཞུ་དང་ཁ་ཊྭཱཾ་ག་པོ་ཏི། །ཕུབ་ཆུང་ཡུ་ཅན་སྡིགས་མཛུབ་དང་། །གཡེར་ཀའི་ཕྲེང་དང་ལྕགས་སྒྲོག་དང་། །བྲག་དང་ དུར་ཁྲོད་རྡུལ་དང་ནི། །བྷོ་ཀཾ་རྔ་དང་པགས་རློན་དང་། །སྐྲ་ཡི་ཐག་པ་འཕྱང་བ་དང་། །རོ་སྲེག་སྐུལ་པའི་ཤིང་བུ་དང་། །འཕོངས་དང་ཕུབ་རིངས་མགོ་བོ་དང་། །ཀེང་རུས་ཟོར་བ་དེ་བཞིན་དུ། །མིག་དང་མཁལ་མ་གཉེ་མ་དང་། །སྤེན་པ་ཡི་ནི་ཕུར་བུ་དང་། །ས་བོན་ གང་བ་སོག་ལེ་དང་། །ཁབ་དང་སླུད་བཤུས་པགས་པ་དང་། །སྤྲིན་ཆར་འབབ་དང་ཤིང་ལྕགས་ཀྱུ། །ཕྱག་གི་མཚོན་ཆ་བདུན་ཅུ་གཉིས། །དེ་ལྟའི་རིམ་པས་ཤེས་པར་བྱ། །མགོ་བོ་ལྔ་ཡིས་རྒྱན་དུ་བྱས། །ཕྱག་རྒྱ་དྲུག་དང་ལྡན་པས་བཀླུབས། །དེ་བཞིན་མགོ་བརྒྱའི་ ཕྲེང་བ་དང་། །དཔུང་རྒྱན་ཞབས་གདུབ་སྒྲ་སྒྲོགས་དང་། །སྐུ་ལ་བ་སྤུའི་ཕྲེང་བར་ལྡན། །དེ་ཡི་མདུན་དུ་ལྷ་མོ་ཆེ། །རྡོ་རྗེ་ཕག་མོ་སྔར་དང་མཚུངས། །ཤེས་རབ་ཐབས་ཀྱི་བདེ་བས་བརླན། །སྐུ་ཡི་ཚིགས་སྐབས་ཀུན་ལའོ། །སྣ་ཚོགས་ཧེ་རུ་ཀ་འབར་བས། ། རྣམ་པར་འཕྲོ་བཅས་རྣམ་བསྒོམ་བྱ། །དབུ་རྣམས་ཀུན་ལ་དར་དཔྱངས་ཀྱི། །ཕྲེང་བ་བརྟུལ་ཞུགས་ཅན་གྱིས་བྱ། །པདྨའི་འདབ་མར་ཤར་སོགས་ཀྱི། །བར་བར་དུ་ནི་རྣལ་འབྱོར་མ། །ཉི་ཤུ་རྩ་བཞིའི་གྲངས་ཉིད་ནི། །མཁའ་འགྲོ་མ་སོགས་དྲུག་དྲུག་གོ། །ཤར་ ལ་སོགས་ནས་བྱང་གི་མཐར། །མཁའ་འགྲོ་མ་སོགས་དྲུག་དེ་བཞིན། །དང་པོ་བྱང་ནས་ནུབ་ཀྱི་མཐར། །སླར་ཡང་ལཱ་མ་ལ་སོགས་དྲུག །ནུབ་ལ་སོགས་ནས་ལྷོ་ཡི་མཐར། །དུམ་སྐྱེས་མ་ལ་སོགས་པའི་རིགས། །དང་པོ་ལྷོ་ནས་ཤར་གྱི་མཐར། །དེ་ནས་གཟུགས་ ཅན་མ་སོགས་དྲུག །མཁའ་འགྲོ་མ་དང་གཟུགས་ཅན་ཉིད། །འོ་བྱེད་མ་དང་གཞན་སྒྱུར་མ། །བྱིས་བཅས་མ་དང་རྗེས་འཇུག་མ། །ཕྱེད་ནག་ཕྱེད་སྔོན་ཅན་རྣམས་སོ། །ལཱ་མ་རྣལ་འབྱོར་དབང་ཕྱུག་དང་། །བཟང་མོ་ཐོད་པ་ཅན་ནག་མོ། །རྒྱལ་མོ་སྐོར་མ་ཕྱེད་ལྗང་ གུ། །གང་ཕྱིར་ཕྱེད་དམར་རིམ་པས་སོ། །དུམ་སྐྱེས་མ་དང་དུར་ཁྲོད་མ། །རྣམ་པར་ཞུ་མ་ཀུ་རུ་ཀུ་ལ་མ། །ངུ་མ་གར་མར་གྲགས་མ་རྣམས། །ཕྱེད་དམར་བ་ལ་ཕྱེད་སེར་མོ། །གཟུགས་ཅན་འཇིགས་བྱེད་གཙུག་པུད་མ། །ཐོར་ཚུགས་རལ་པ་ཅན་དྲག་མོ། ། ལྷ་མོ་ཕྱེད་སེར་ཕྱེད་ནག་མའོ། །ཕྱག་མཚན་ལ་སོགས་ཕག་མོ་བཞིན། །མཚམས་ཀྱི་འདབ་མ་རྣམས་ལ་ནི། །བདུད་རྩི་ལྔ་ཡི་སྣོད་རྣམས་སོ། །གཡས་བརྐྱང་ཞབས་ཀྱིས་དེ་བཞིན་དུ། །ཐོད་པའི་ཕྲེང་བ་སོགས་འཛིན་མ། །གཡོན་སྐོར་དུ་ནི་ཤེས་བྱ་སྟེ། །རི་ རབ་སྟེང་གི་ཆར་སྐྱེས་མའོ། །དེའི་རྒྱབ་རྡོ་རྗེའི་འཁོར་ལོ་ནི། །སྔོ་ནག་པ་ཡི་དབུས་སུ་ནི། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །རབ་གཏུམ་མོ་དང་གཏུམ་མིག་མ། །འོད་ལྡན་མ་དང་སྣ་ཆེན་མོ། །དཔའ་བློ་མོ་དང་མིའུ་ཐུང་མ། ། ལང་ཀའི་བདག་མོ་ཤིང་གྲིབ་མ། །ས་སྲུངས་མ་དང་དེ་བཞིན་འདིར། །འཇིགས་བྱེད་ཆེན་མོ་རུ་ནི་དྲན། །རླུང་ཤུགས་མ་དང་ཆང་ཟ་མོ། །སྔོ་སངས་ལྷ་མོ་རབ་བཟང་མ། །རྟ་རྣ་མ་དང་བྱ་གདོང་མ། །འཁོར་ལོའི་ཤུགས་མ་དུམ་སྐྱེས་མ། །ཆང་འཚོང་འཁོར་ལོའི་གོ་ཆ་མ། ། ཤིན་ཏུ་དཔའ་མོ་སྟོབས་ཆེན་མ། །འཁོར་ལོས་སྒྱུར་མ་བརྩོན་ཆེན་མོ། །གཤིན་རྗེ་མ་སྐྱེས་གཤིན་རྗེ་མ། །དེ་བཞིན་གཡོ་བྱེད་སྐྲག་བྱེད་མ། །གཏུམ་མོ་དང་ནི་དབྱངས་ཅན་མ། །འདོད་འགྲུབ་མ་དང་འབར་ཆེན་མོ། །ཁ་དོག་འཁོར་ལོ་ཇི་ལྟ་བའོ། །ཕྱག་བཞི་མ་ ལ་ཞལ་གཅིག་མ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །ཅང་ཏེའུ་གྲི་གུག་དེ་བཞིན་ནོ། །སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་མ། །སྐུ་ལ་ཕྱག་རྒྱ་ལྔ་སོགས་ཏེ། །རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན། །ཡི་དགས་གདན་ཅན་དྲག་ཆེན་མོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ། ། སྣ་ཚོགས་རྒྱན་དང་ལྡན་པ་དང་། །དེ་བཞིན་ཤེས་རབ་ཐབས་ལྡན་པའོ། །དེ་ལྟར་གཟུགས་མེད་ཁམས་དང་ནི། །དེ་ཡང་གནས་སུ་ངེས་པར་བརྗོད། །རབ་ཏུ་དགའ་བའི་སར་གྲགས་པའོ། །སླར་ཡང་གནས་དང་ཉེ་གནས་སོགས། །དེ་ལྟར་ས་ཡི་དབུས་སུ་ཡང་། །ས་ བཅུ་གཉིས་སུ་འདོད་པ་ཡིན། །དེ་ལྟར་ཐམས་ཅད་དུ་ཤེས་བྱ། །ཁམས་གཅིག་འདིར་ནི་ཐམས་ཅད་དེ། །སུམ་ཅུ་རྩ་དྲུག་བཤད་པ་རྣམས། །གཙོ་བོ་ཡོན་ཏན་ཀུན་རང་བཞིན། །དེ་ལྟར་ཁམས་ནི་དཔའ་བོ་དང་། །རྣལ་འབྱོར་མ་རྣམས་རང་བཞིན་ཅན། །ཁོར་ཡུག་ ཏུ་ནི་སེམས་ཅན་རྣམས། །རྫུས་སྐྱེས་རིགས་ཀྱི་རིམ་པས་སོ། །དེ་ཡང་སུམ་ཅུ་རྩ་དྲུག་གི། །ཡུལ་དང་ཡུལ་རིམ་པས་ཕྱེའོ། །ཞེས་བྱ་བ་ནི་རྡོ་རྗེའི་འཁོར་ལོའོ། །དེ་ནས་དེ་ཡི་ཕྱི་རོལ་འཆད། །སླར་ཡང་སྙིང་པོའི་འཁོར་ལོ་འདི། །དམར་སེར་ཁ་དོག་ལ་དེ་བཞིན། ། འཁོར་ལོའི་རྩིབས་ཀྱི་དབུས་སུ་ནི། །རྡོ་རྗེ་འཆང་མ་མི་བསྐྱོད་མ། །རྣམ་སྣང་རིན་ཆེན་དབང་མོ་དང་། །པདྨ་གར་མ་དོན་ཡོད་མ། །སྤྱན་མ་དང་ནི་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་གཟུགས་རྡོ་རྗེ། །སྒྲ་དང་དེ་བཞིན་དྲི་དང་རོ། །རེག་དང་ཆོས་དབྱིངས་རྡོ་རྗེ་མ། །ས་སྙིང་མ་ དང་མཁའ་སྙིང་མོ། །ཕྱག་མ་འཇིག་རྟེན་མགོན་པོ་མ། །སྒྲིབ་ཀུན་སེལ་མ་ཀུན་བཟང་མོ། །རིན་ཆེན་སྒྲོན་མེ་བདག་མེད་མ། །ཁྲོ་གཉེར་རི་ཁྲོད་ལོ་མ་ཅན། །གཤིན་མཐར་བྱེད་མ་ཤེས་མཐའ་མ། །པད་མཐའ་མ་བགེགས་མཐར་བྱེད་མ། །མི་གཡོ་ མ་དང་དབྱུག་སྔོན་མ། །འདོད་རྒྱལ་མ་དང་སྟོབས་ཆེན་མོ། །གཙུག་ཏོར་མ་དང་གནོད་མཛེས་མ། །ཁ་དོག་འཁོར་ལོ་ཇི་བཞིན་ཏེ། །ཞལ་ལ་སོགས་པའི་མཚན་ཉིད་ཀུན། །ལྷག་མ་རྡོ་རྗེའི་འཁོར་ལོ་བཞིན། །ཉེ་བའི་གནས་སུ་ལྷ་མོ་རྣམས། །རང་འདྲའི་ཐབས་དང་ བསམ་པར་བྱ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་ཀྱང་། །གཟུགས་ཀྱི་ཁམས་དང་དྲི་མེད་དང་། །གླིང་དང་པོ་རུ་འདོད་པ་ཡིན། །འདྲེན་པར་རྣམ་པར་ཤེས་བྱ་དང་། །ཆུང་ངུའི་ཧེ་རུ་ཀར་འདོད་དང་། །གསུམ་པར་པདྨའི་ཧེ་རུ་ཀ། །བཞི་པ་ནམ་མཁའ་པར་འདོད་དང་། །ལྔ་ པར་འཐོར་རླུང་ཧེ་རུ་ཀ། །དྲུག་པར་ས་ཡི་ཧེ་རུ་ཀ། །བདུན་པར་འབར་བའི་ཧེ་རུ་ཀ། །བརྒྱད་པར་གཤེར་བའི་ཧེ་རུ་ཀ། །དགུ་པར་ཡེ་ཤེས་ཧེ་རུ་ཀ། །བཅུ་པར་ཐུགས་ཀྱི་ཧེ་རུ་ཀ། །བཅུ་གཅིག་གསུང་གི་ཧེ་རུ་ཀ། །བཅུ་གཉིས་པར་ནི་སྐུ་ཡིར་འདོད། །བཅུ་གཉིས་དེ་རྣམས་ རྡོ་རྗེ་ཆེ། །ཧེ་རུ་ཀ་སྟེ་རྒྱུད་གཞན་མེད། །འཁོར་ལོ་གསུམ་སྡོམ་ཧེ་རུ་ཀ། །དེ་རྣམས་དབྱིབས་ནི་ཅི་འདྲ་བ། །སྐུ་མདོག་རང་རང་འཁོར་ལོ་ལས། །བློ་ལྡན་རྣམས་ཀྱིས་མཚོན་པར་བྱ། །ཞེས་བྱ་བ་ནི་སྙིང་པོའི་འཁོར་ལོ་སྟེ་གཉིས་པའོ།། །།དེ་ནས་དེ་རྒྱབ་ཡོན་ཏན་ ཀུན། །ཞེས་བྱའི་འཁོར་ལོ་དཀར་དམར་བ། །རྡོ་རྗེའི་རྩིབས་ཀྱི་དབུས་སྦྱིན་པ། །ཕོ་ཉ་མ་མཆོག་སུམ་ཅུ་དྲུག །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་མོ། །དམངས་མོ་གཏུམ་མོ་ཁྱི་འཚོང་མ། །གཡུང་མོ་གར་མ་ཐོད་པ་ཅན། །ཉ་པ་མོ་དང་སྨྱིག་དཀར་མ། །དུང་མཁན་མོ་ དང་ཐ་ག་མོ། །ཁུར་བ་མཁན་མོ་ཤིང་བཟོ་མ། །ཕྲེང་མ་ཁ་མ་ཚོས་མ་དང་། །སྲིན་བལ་བྱེད་མ་ཕོ་ཉ་མོ། །བཤང་འཕྱག་མ་དང་རྩི་མཁན་མ། །ཆང་འཚོང་ལྡུམ་རའི་གཉེར་པ་མོ། །རྒྱལ་པོས་བཀྲབས་མ་ཤན་པ་མོ། །སོ་རྩི་འཚོང་བར་བྱེད་མ་དང་། །གསེར་མགར་མོ་ དང་ལྕགས་མགར་མོ། །ནོར་བུ་བརྒྱུད་མ་ནགས་པ་མོ། །ཀླ་ཀློ་ཨོ་ཌི་ཚོང་པ་མོ། །རྡོ་བཟོ་མ་དང་ཞིང་ལས་མ། །ཀོ་ལྤགས་མོ་སྟེ་རྣལ་འབྱོར་མ། །འདི་རྣམས་འཁོར་ལོའི་ཁ་དོག་གོ། །ལྷག་མ་ཐམས་ཅད་སྙིང་པོ་ཡི། །འཁོར་ལོ་ཇི་བཞིན་ཤེས་པར་བྱ། །འདིར་ནི་ ཞིང་དུ་ཤེས་བྱ་སྟེ། །འདོད་ཁམས་རིགས་ཀུན་བདག་ཉིད་དང་། །གཉིས་པའི་གླིང་ཞེས་བྱ་བར་བཤད། །རང་གི་ཤེས་རབ་ཐབས་བདག་ཉིད། །འོད་བྱེད་པ་ཡི་ས་དེ་བཞིན། །བླ་མ་རང་ཉིད་མཆོད་པར་བྱ། །རང་མིང་བརྗོད་པའི་སྔགས་ལ་ནི། །ཐོག་མར་ཕྱག་འཚལ་ རབ་ཏུ་གྲགས། །ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་མཐར། །དེ་ལྟར་འཁོར་ལོ་ཀུན་ལ་བྱ། །དེ་ཡི་ཕྱི་རོལ་ཟླུམ་པོར་སྦྱིན། །རི་མོ་གཉིས་ནི་གནག་དང་སྔོ། །སྒོ་དང་རྟ་བབས་ཁ་ཁྱེར་དང་། །དྲ་བ་དྲ་བ་ཕྱེད་པས་མཛེས། །ཤར་གྱི་སྒོ་ཡི་དབུས་སུ་ཡང་། །མཁའ་འགྲོ་མ་འདྲའི་ཁྭ་ གདོང་མ། །བྱང་དུ་འུག་པའི་གདོང་ཅན་མ། །ནུབ་ཏུ་ཁྱི་གདོང་ཅན་མ་དང་། །ལྷོ་རུ་ཕག་གི་གདོང་ཅན་ཏེ། །ཁ་དོག་ལཱ་མ་སོགས་འདྲ་མཆོག །མེ་དང་བདེན་བྲལ་རླུང་དང་ནི། །དབང་ལྡན་མཚམས་ན་གནས་པ་མོ། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །མཆེ་གཙིགས་ འཇོམས་མ་རིམ་ཇི་བཞིན། །ཁ་དོག་གཉིས་གཉིས་མཉམ་པར་བྱ། །ཞལ་ནི་རྗེས་སུ་མཐུན་རིམ་པས། །ཤར་དང་བྱང་དང་ནུབ་དང་ནི། །ལྷོ་ཡི་ས་གཞི་རྟག་པ་རུ། །གནག་དང་སྔོ་དང་ལྗང་དང་དམར། །སེར་པོ་ཡི་ནི་མདོག་ཏུ་བྱ། །ལྷན་སྐྱེས་དཀྱིལ་འཁོར་དེ་བཞིན་ དུ། །གང་ཕྱིར་འཁོར་ལོ་རིམ་པ་བཞི། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །མཇུག་ཏུ་བྱའོ་རིམ་ཇི་བཞིན། །འཁོར་ལོ་གཉིས་པར་རི་མོ་གསུམ། །གསུམ་པ་ལ་ནི་རི་མོ་བཞི། །བཞི་པ་རི་མོ་ལྔའི་བདག་ཉིད། །དུར་ཁྲོད་ཀུན་ནས་རིམ་པས་ཏེ། །ཕྱི་རོལ་ལ་ སོགས་ས་གཞི་ནི། །ཟླུམ་པོའི་དབྱིབས་སུ་བྱ་བར་འདོད། །འཁོར་ལོ་རི་མོ་ལྔའི་བདག་ཉིད། །གྲྭ་བཞི་པ་ལ་ཀུན་དུ་འབར། །དེ་ལ་ལྷན་སྐྱེས་འཁོར་ལོ་ཡི། །དུར་ཁྲོད་རྣམས་ནི་བཤད་བྱ་སྟེ། །གཏུམ་དྲག་ཚང་ཚིང་དེ་བཞིན་དུ། །འབར་བས་འཁྲིགས་པའི་ཀེང་རུས་ཅན། ། འཇིགས་སྡེ་ཤར་ལ་སོགས་པ་ཡི། །ཕྱོགས་སུ་གཡོན་སྐོར་ཡོངས་སུ་གནས། །ཨཊྚ་ཊྚར་རྒོད་དབང་ལྡན་དུ། །དཔལ་གྱི་ནགས་ནི་སྲེག་ཟར་ཏེ། །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་དུ་ཀི་ལི་ཀི་ལི་སྒྲོགས། །དུར་ཁྲོད་དྲག་པོའི་གཟུགས་རྣམས་ནི། ། རོ་ལངས་འབྱུང་པོ་ཅེ་སྤྱང་སྒྲ། །རིམ་པ་འདི་ཡིས་གནས་པ་སྟེ། །དུར་ཁྲོད་བརྒྱད་པོ་རྣམས་སུ་ཡང་། །ཤིང་དང་ཕྱོགས་སྐྱོང་ཀླུ་དབང་སྟེ། །ཤིར་ཤིང་ཁྱབ་ནས་ཀྃ་ཀ་ལི། །ཙུ་ཏའི་ཤིང་དང་ནྱ་གྲོ་དྷ། །དེ་བཞིན་ཀ་རཉྫ་ཀ་ཉིད། །ལ་ཏཱ་པར་ཀ་ཊི་དང་པི་ཐ་བ། །དབང་ པོ་ནོར་སྦྱིན་དེ་བཞིན་དུ། །ཀླུ་དབང་དང་ནི་གཤིན་རྗེའི་བདག །དབང་ལྡན་དེ་ནས་སྲེག་ཟ་དང་། །སྲིན་པོའི་དབང་པོ་རླུང་བདག་པོ། །ནོར་རྒྱས་འཇོག་པོ་དེ་བཞིན་དུ། །སྟོབས་ཀྱི་རྒྱུ་དང་པདྨ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་ངོ་། །སྒྲོགས་པ་ དང་ནི་འུར་སྒྲོགས་དང་། །དྲག་པོ་འཁྱིལ་པ་མཐུག་དེ་བཞིན། །གང་བ་ཆར་འབེབས་གཏུམ་པོ་སྟེ། །འདི་རྣམས་སྤྲིན་གྱི་བདག་པོའོ། །འདིར་ནི་དུར་ཁྲོད་ཐམས་ཅད་ལ། །རྡོ་རྗེ་ཕྲེང་བ་རྣམ་པར་སྦྱིན། །ཐམས་ཅད་ཀྱང་འདིར་དེ་བཞིན་བྱ། །ཕྱི་དང་ནང་དུ་འདོད་ པ་ཡིན། །ཞེས་བྱ་བ་ནི་གསུམ་པ་ཡོན་ཏན་གྱི་འཁོར་ལོའོ།། །།དེ་ནས་ཕྱི་རོལ་ནམ་མཁའ་ཡི། །འཁོར་ལོ་འདམ་སྐྱེས་སྔོན་པོ་མཚུངས། །སུམ་ཅུ་དྲུག་རྩིབས་དབུས་སུ་ཡང་། །མཁའ་སྤྱོད་རྣལ་འབྱོར་མ་འདི་རྣམས། །མིའམ་ཅི་མོ་དྲི་ཟ་མོ། ། ཧུ་ཊུ་ཀ་མ་བཱ་ཊ་བ་མ་དེ་བཞིན་དུ། །པི་ཝང་གླིང་བུ་མུ་ཀུན་ད་མ་དང་། །རྫ་རྔ་མ་དང་ངེས་པར་གག་ག་རི། །ཆ་ལང་མ་དང་ཤཱེ་ལེན་དྲི་ཀི་མ། །གླུ་མ་ཀ་ར་ཌ་དང་ཏ་མ་ཌཱ་མཆོག་དང་། །གར་མ་སྒེག་མོ་ཊཀ་ཀ་མ་དང་ནི། །ཏཱ་ལི་ཤ་ར་ཎ་མོ་རྔ་ཆེན་མ། །མཽ་དྲི་རྒྱུད་ ཅན་མ་དང་མ་རུ་མ། །ན་ལ་བ་མོ་དེ་བཞིན་ཌྷམ་བ་ཀི། །ཌམ་རུ་མ་དང་ཌུན་ཌཱུ་ཀི་དེ་བཞིན། །ཟངས་དུང་མ་དང་རྭ་དུང་མ་དེ་བཞིན། །བྷུ་ཀི་མ་དང་དྲིལ་བུ་མ་དང་དྲིལ་ཆུང་མ། །གཡེར་ཁ་མ་དང་དེ་བཞིན་ཌ་ཀོ་ལིཀ་མ་དང་། །དུང་མ་དང་ནི་དབྱངས་ལྡན་མ་དེ་བཞིན། ། འཁོར་མ་མཆོག་གི་དབང་ཕྱུག་མོ། །ཁ་དོག་སྣ་ཚོགས་བཀྲ་བའམ། །ཡང་ན་འཁོར་ལོའི་ཁ་དོག་གོ། །ཉེ་བའི་ཞིང་ན་གནས་པ་མོ། །གླིང་ནི་གསུམ་པ་མོ་མཆོག་གོ། །མཁའ་ལ་སྤྱོད་མའི་རིགས་སུ་བྱོན། །གླིང་འདི་ལ་ནི་ཡང་དག་གནས། །ས་ནི་འོད་འཕྲོ་ཅན་ དེ་དང་། །རང་རང་གནས་སོགས་ཞིང་མའོ། །ཡང་ན་ཌམ་རུ་ཁ་ཊྭཱཾ་ག །འདིར་ནི་སླར་ཡང་སྤངས་ནས་སུ། །རང་རང་མཚན་མ་སོ་སོའི་ཚུལ། །ཇི་ལྟར་འདོད་པར་བྱ་བའོ། །འཁོར་ལོ་ཀུན་གྱི་ཅོད་པན་ལ། །རང་གི་བདག་པོས་བྱ་བའོ། །འདིར་ནི་ཤེས་རབ་ཐབས་བདག་ཉིད། ། རིགས་ལྡན་བདག་ཉིད་རིགས་ཅན་མའོ། །ཇི་ལྟར་རྒྱན་ལ་སོགས་མང་པོ། །ལྷག་མ་སྔོན་བཞིན་བྱ་བའོ། །འཁོར་ལོ་ཀུན་དུ་སྤྱན་གསུམ་དང་། །ཕྱོགས་ཀྱི་གོས་འཆང་རྗེས་འགྲོ་མའོ། །ཞེས་བྱ་བ་ནི་ནམ་མཁའི་འཁོར་ལོ་སྟེ་དང་པོའོ།། །།དེ་ནས་ཕྱི་རོལ་རླུང་ འཁོར་ལོ། །སྔོན་པོ་སྣ་ཚོགས་པ་ཡི་མདོག །རྡོ་རྗེའི་རྩིབས་དབུས་སྦྱིན་བྱ་བ། །རྣལ་འབྱོར་མ་རྣམས་རིམ་ཇི་བཞིན། །ནམ་མཁའི་སྙིང་པོ་ལས་གཞན་མིང་། །བློ་དང་ལྡན་པས་ཤེས་པར་བྱ། །མཁའ་ལྡིང་ངང་མོ་བཀྲ་བ་མོ། །བྱ་རོག་བྱ་གར་སྲེག་པ་མོ། །རྨ་བྱ་ཟངས་ཀྱི་ གཙུག་པུད་མ། །གུ་ད་བུ་ལི་འཇམ་པ་མོ། །ཕུག་རོན་བྱ་རོག་ཆེན་མོ་དང་། །ག་ཌི་ནི་དང་གོང་མ་སྲེག །ནེ་ཙོ་སྔགས་མ་བཞད་མོ་དང་། །བྱ་རྒོད་འུག་མ་མཆིལ་པ་མོ། །ཤིང་བྱེའུ་མོ་དང་ངུར་པ་མ། །བྲི་ཀྵ་ར་ཎཱི་ཀཀྐ་པའི། །སོ་བྱ་མོ་དང་བྱི་ལ་མོ། །ལྕུག་མའི་མགྲིན་ དང་སཱ་རི་མོ། །ཁྲ་མོ་གུར་གུམ་ལྕེ་ཅན་མ། །བཱ་ཊི་རཱི་ཀཱ་ཀྃ་ཛཾ་གྷ་མོ། །ཧོར་མོ་ཀཾ་ཀ་མོ་དེ་བཞིན། །དཏྣ་རི་མོ་རི་དགས་དགྲ། །དེ་ལྟར་རྣལ་འབྱོར་མའི་འཁོར་ལོ། །འཁོར་ལོའི་ས་གཞི་གང་འདྲའི་མདོག །ཡང་ན་རང་རང་ལས་ཤེས་བྱ། །ཕྱག་སོགས་དེ་བཞིན་སྔོན་དང་ མཚུངས། །ཐམས་ཅད་ཤེས་རབ་ཐབས་བདག་ཉིད། །འདུན་ས་ལ་ནི་གནས་མ་མཆོག །སྦྱོང་དཀའི་སར་ནི་ཤེས་བྱ་སྟེ། །གླིང་ནི་བཞི་པ་མར་འདོད་དོ། །འཁོར་ལོ་འདི་ནི་སྒོང་སྐྱེས་དང་། །ཡོན་ཏན་གསུམ་གྱི་དབྱེ་བ་ཅན། །གསུམ་གྱི་བདག་ཉིད་གསུམ་པ་ཡི། ། འཁོར་ལོ་དྲོད་གཤེར་སྐྱེས་གཟུགས་ཅན། །བཞི་པ་མངལ་སྐྱེས་ཞེས་བྱ་བ། །འཁོར་ལོ་གསུམ་གྱི་བདག་ཉིད་འདོད། །ཞེས་བྱ་བ་ནི་རླུང་གི་འཁོར་ལོ་སྟེ་གཉིས་པའོ།། །།དེ་ནས་ཕྱི་རོལ་གྱི་བཤད་བྱ། །འཁོར་ལོ་ས་ཡི་མིང་ཅན་མཆོག །ཁ་དོག་ སེར་པོའི་རང་བཞིན་ལ། །སུམ་ཅུ་དྲུག་རྩིབས་རྣམས་ཀྱིས་སྤྲས། །རྣལ་འབྱོར་མ་ནི་སུམ་ཅུ་དྲུག །ས་སྤྱོད་མ་རྣམས་རིམ་ཇི་བཞིན། །སེང་མོ་སྟག་མོ་བྷིམྦྷ་རི་བོང་མ། །གླང་ཆེན་རི་དགས་བྱི་ལ་མོ། །བ་དང་མ་ཧེ་མོ་རྟ་མོ། །ཅེ་སྤྱང་མོ་དང་སེ་མོ་འབྲི། །བྱི་བ་བོང་མོ་བྷི་ ཌི་མ། །ར་མོ་ལུག་མོ་རིམ་པ་བཞིན། །ཁྱི་མོ་ཕག་མོ་དོམ་མོ་དང་། །ཌ་ན་ཌ་རི་མོ་མཽ་ཛྙཱ་ཀ། །དྲེད་མོ་དང་ནི་སྒེག་མོ་དང་། །ནགས་མ་དང་ནི་ཁྱི་ཆེན་མོ། །བྱ་རོག་ཆེན་མོ་ཁ་སྒོ་མ། །སྦྲུལ་མོ་སྤྲ་མོ་རྔ་མོ་དང་། །སྲེ་མོ་རྩངས་མོ་ཕུག་པ་མོ། །གྲོང་ན་གནས་པ་མ་མཆོག་གོ། །དེ་ ལྟར་འཁོར་ལོའི་མདོག་བཞིན་མ། །ཡང་ན་རང་རང་ཁ་དོག་གོ། །ལྷ་མོ་ཤེས་རབ་ཐབས་བདག་ཉིད། །ཉེ་བའི་འདུན་སར་གནས་པ་མོ། །མངོན་དུ་གྱུར་པའི་ས་ཉིད་དང་། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །ལྔ་པའི་གླིང་དུ་གནས་པ་མོ། །མཚོན་ཆ་ལ་སོགས་སྔོན་བཞིན་ནོ། །ལུས་ ནི་བུད་མེད་རྣམ་པའི་གཟུགས། །གདོང་པ་རང་གི་དངོས་པོར་འདོད། །ཤར་དང་བྱང་དང་ནུབ་དང་ནི། །ལྷོ་ཡི་སྒོ་རུ་ཤེས་བྱ་བ། །ཚངས་མ་དབང་ཕྱུག་ཆེན་པོ་མ། །གཞོན་ནུ་ཁྱབ་འཇུག་མ་དེ་བཞིན། །ཕག་མོ་དབང་མོ་གཏུམ་མོ་དང་། །དཔལ་ཆེན་མོ་ནི་གྲྭ་རྣམས་སུ། །སྒོ་རུ་ གཟུགས་དང་མཚན་མ་ནི། །མཁའ་འགྲོ་མ་སོགས་བཞིན་དུ་གྲགས། །གྲྭ་རུ་བརྟན་མ་ལ་སོགས་བཞིར། །ཤེས་བྱ་འདིར་ནི་རི་མོ་གསུམ། །སྐུ་གསུང་ཐུགས་ཀྱི་ཆོས་རྣམས་སོ། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས། །དུར་ཁྲོད་རྣམས་ནི་བརྗོད་བྱ་སྟེ། །མེ་ཡི་འཁོར་ལོའི་ དབུས་སུ་ནི། །གསོད་དང་ཀུན་དུ་སྐྲག་བྱེད་དང་། །འཇིགས་པ་ཆེ་དང་འཇིགས་བྱེད་དང་། །དྲག་པོའི་དུར་ཁྲོད་དེ་བཞིན་དུ། །གཡོན་སྐོར་དུ་ནི་རྣམ་པར་དགོད། །སྐྲོད་བྱེད་དང་ནི་སྡང་བྱེད་དང་། །ལྐུགས་བྱེད་དང་ནི་རེངས་བྱེད་སླར། །དབང་ལྡན་ལ་སོགས་གྲྭ་ལའོ། །ཤིང་ནི་ རིམ་པས་སྦྱིན་བྱ་སྟེ། །གོ་ཡུ་སྟར་ག་ནཱ་ལི་ར། །སེ་འབྲུ་བིལ་བའི་ཤིང་དེ་ནས། །སྐྱུ་རུ་བི་ཛྙཱ་རཀྴའི་ཤིང་། །རིམ་པ་ཇི་བཞིན་རྣམ་པར་དགོད། །དབང་པོ་གཤིན་རྗེ་མ་ཆུ་མོ། །གནོད་སྦྱིན་འབྱུང་མོ་དྲང་སྲོང་མ། །སྲིན་མོ་རླུང་གི་ཆུང་མ་སྟེ། །འཇིག་རྟེན་སྐྱོང་མ་སྦྱིན་པར་ བྱ། །ཀླུ་མོ་སྲིན་མོ་ཐམས་ཅད་ནི། །འདིར་ནི་རྣམ་པ་ཀུན་དུ་སྦྱིན། །དེ་ལྟར་དཀྱིལ་འཁོར་འཁོར་བཤད་ལ། །ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན། །ལས་ཀྱི་རྗེས་མཐུན་སྐུ་མདོག་ཅན། །དེར་ནི་གཙོ་བོ་བསྒོམ་པར་བྱ། །ཞེས་བྱ་བ་ནི་འཁོར་ལོ་གསུམ་པ་སའི་དཀྱིལ་ འཁོར་ལ་རིམ་པ་གཉིས་དང་བཅས་པའོ།། །།དེ་ནས་ཕྱི་རོལ་སླར་ཡང་འདིར། །མེ་ཡི་འཁོར་ལོ་བདག་གིས་བཤད། །ཁ་དོག་དམར་པོ་འབར་ཆེན་མོ། །སུམ་ཅུ་དྲུག་རྩིབས་རྣམས་མཆོག་ལ། །རྣལ་འབྱོར་མ་སླར་དགོད་བྱ་བ། །ལྷ་སོགས་རིགས་ལས་བྱུང་ མ་སྟེ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །འབྱུང་མོ་ངོ་བོ་ཙམ་པོའོ། །དེ་ཀུན་གསུངས་པ་འདི་ནི་ཅི། །ལྷ་ཡི་རིགས་བྱུང་བཤད་པར་བྱ། །མ་དང་ཆུང་མ་སྲིང་མོ་དང་། །བུ་མོ་སྲིང་མོའི་བུ་མོ་དང་། །ཕ་ཡི་སྲིང་མོ་དེ་དང་ནི། །ཞང་པོ་ཡི་ནི་ཆུང་མ་དང་། །ཆུང་མའི་སྤུན་ཟླ་མ་ དང་ནི། །དེ་ཉིད་ཀྱི་ནི་ཕ་ཡི་མ། །ཆུང་མ་ཡི་ནི་ཕྱི་མོ་དང་། །མ་ཡི་མ་དང་གཉེན་མོ་དང་། །མ་ཡི་སྤུན་ཟླའི་བུ་མོ་དང་། །རང་གི་ཕྱི་མོའི་སྤུན་ཟླ་དང་། །སྤུན་ཟླའི་བུ་མོ་དེའི་བུ་མོ། །ཕ་ཡི་མ་དང་ཕྱི་མོ་དང་། །ཁུ་བོ་ཡི་ནི་ཆུང་མ་དང་། །བུ་མོའི་བུ་ཡི་ཆུང་མ་དང་། །སླར་ ཡང་ཆུང་མའི་སྤུན་ཟླ་དང་། །རང་ཕའི་སྲིང་མོའི་བུ་མོ་དང་། །དེ་ཉིད་ཀྱི་ནི་རང་རིགས་སྐྱེས། །སྤུན་ཟླའི་ཆུང་མ་བུ་མོ་དང་། །བུ་ཉིད་ཀྱི་ནི་ཆུང་མ་དང་། །བུ་མོའི་ཁྱོ་ཡི་མ་ཡི་ནི། །བུ་ཉིད་ཀྱི་ནི་སྒྱུག་མོ་དང་། །བུ་མོའི་བུ་མོར་ཡང་དག་བཤད། །ཕོ་ཉ་སུམ་ཅུ་དྲུག་རྣམས་སོ། ། ཁ་དོག་དམར་པོར་ཡང་དག་གྲགས། །མཚོན་ཆ་ལ་སོགས་སྔར་དང་མཚུངས། །ས་ནི་རིང་དུ་སོང་ཉིད་དང་། །དྲུག་པའི་གླིང་དུ་གནས་པ་མོ། །འདུ་བར་རྟག་ཏུ་ཤེས་བྱ་སྟེ། །ཤེས་རབ་ཐབས་བདག་ངོ་བོ་ཅན། །ནུས་པའི་འཁོར་ལོར་འདི་རྟག་ཏུ། །ཤེས་བྱ་རང་འདྲའི་མཛེས་ མའོ། །ཀུན་དུ་རྡོ་རྗེའི་ཕྲེང་ལ་སོགས། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །གཡོན་དང་གཡས་པའི་ལག་པ་ཡིས། །འདིར་ནི་མཆོད་པ་བྱེད་པ་ཡིན། །ཕྱུགས་རྣམས་ཀྱི་ནི་ཤ་ཐམས་ཅད། །ཀུན་དུ་སོན་པར་དབུལ་བར་བྱ། །བཏུང་བ་རྣམ་པ་ སྣ་ཚོགས་དབུལ། །བལྡག་བྱ་སྣ་ཚོགས་ཉིད་དེ་བཞིན། །རང་རང་སྟན་ལས་ལངས་ནས་ནི། །བླ་མ་རྡོ་རྗེ་འཛིན་པ་མཆོད། །སླར་ཡང་འོངས་ནས་འཁོར་ལོ་ཡི། །མཆོད་པ་བཅུ་གཉིས་རྣམས་ལའོ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་འཕར་མའི་མེའི་འཁོར་ལོ་དང་ པོའོ།། །།དེ་ནས་དེ་ཡི་ཕྱི་རོལ་བཤད། །ཆུ་ཡི་འཁོར་ལོ་རྫུ་འཕྲུལ་ཆེ། །མདོག་དཀར་སུམ་ཅུ་དྲུག་རྩིབས་ལ། །རྣལ་འབྱོར་མ་ནི་རིམ་པས་བསྒོམ། །མ་ཀ་ར་མོ་རུས་སྦལ་ཉ། །སྦལ་མོ་རུས་སྦལ་ཆུ་སྲམ་མོ། །སྡིག་ནག་གགྒར་མ་ཤྲཱི་ལི་མ། །ཆུ་ཡི་ཕུག་མ་སྲིན་བུའི་ གདོང་མ་དང་། །ཆ་ག་པ་མོ་ཀ་ཀ་རུ་མོ་སུ་ས་མོ། །ཆུ་བྱི་མོ་དང་གྲོག་མོའི་གདོང་མ་དང་། །ཆུ་ཡི་མི་མོ་དང་ནི་རྒོད་མ་དང་། །གླང་ཆེན་མོ་དང་སྟག་མོ་ཅེ་སྤྱང་མོ། །ཆུ་སྦྲུལ་མོ་དང་དུང་མོ་འགྲོན་བུ་མ། །ཉ་ཕྱིས་མ་དང་ནོར་བུ་ཛིང་གུ་ར་མ་དང་། །ལི་ས་མོ་དང་དུད་དུ་ར་མ་ཀརྞྞ་ཊཱ། ། ཕ་ཊཀ་མོ་དཱ་བ་ཀ་མ་ཀྲི་མ་མོ། །ཛུ་ཥ་ཛུ་ཥཱི་མ་དང་ཤ་སྦྲང་མ་ཀ་ལཱ་མ། །ལྷ་ཡི་གཙོ་མོ་མཆོག་རྣམས་སོ། །དེ་ལྟར་ཁ་དོག་རང་བཞིན་ནི། །དཀར་མོའམ་རང་རང་རིགས་སྐྱེས་པ་མོ། །གདོང་ནི་རང་རང་གཟུགས་ཀྱིས་ཏེ། །རྣལ་འབྱོར་མའི་རིམ་ཇི་བཞིན་ནོ། །ཉེ་བའི་འདུ་བ་ཉིད་ དང་ནི། །ས་ནི་མི་གཡོ་བ་མཆོག་གོ། །བདུན་པའི་གླིང་དུ་གནས་པར་ནི། །ཤེས་བྱ་མཚོན་ཆ་སྔོན་བཞིན་ནོ། །ཡང་ན་གང་བའི་རི་སོགས་ཀྱི། །མི་རྣམས་སུམ་ཅུ་དྲུག་ལྷའོ། །གནས་སོགས་རིམ་པས་དེ་རྣམས་སུ། །མི་མོ་དངོས་སུ་ཡང་དག་བྱ། །འཛམ་བུའི་གླིང་འདི་དེ་ ཡིས་ནི། །དུམ་བུ་བཅུ་གཉིས་ཀྱིས་བརྒྱན་པའོ། །བ་ཚ་ཞེས་བྱའི་རྒྱ་མཚོར་ནི། །དེ་རུ་གཏོགས་པའི་སྐྱེ་བོ་རྣམས། །དྲོད་གཤེར་སྐྱེས་དང་འདུ་འཕྲོད་ལས། །སྐྱེས་པའམ་མངལ་ནས་སྐྱེས་པར་བསམ། །འཁོར་ལོ་འདི་ནི་དྲོད་གཤེར་སྐྱེས། །མེ་ཡི་འཁོར་ལོ་མངལ་སྐྱེས་ སོ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །ཤེས་རབ་ཐབས་བདག་ཉིད་རང་ངོ་། །ཞེས་བྱ་བ་ནི་ཆུའི་འཁོར་ལོ་སྟེ་གཉིས་པའོ།། །།དེ་ནས་དེ་ཡི་ཕྱི་རོལ་འཆད། །ཀུན་ནས་ཡེ་ཤེས་འཁོར་ལོའོ། །སུམ་ཅུ་དྲུག་རྩིབས་སྣ་ཚོགས་མདོག །ལྷ་མིན་ མོ་ཡི་རིགས་རིམ་པས། །ཏིལ་མཆོག་མ་དང་ཕུལ་དུ་བདེ། །ལྷ་ཡི་བུ་མོ་དགའ་ཆེན་མ། །དགའ་དང་དགར་གྲགས་པདྨ་ཅན། །དུང་ཅན་སྣ་ཚོགས་གླང་ཆེན་མ། །གཟུགས་ཆེན་མ་དང་གཟུགས་མཛེས་མ། །འོད་ཆགས་རྣམ་སྒེག་བདེ་བ་མོ། །མེ་ཏོག་འདོད་མ་ ཨུཏྤལ་དཀར། །ཨུཏྤལ་སྔོ་དང་མཛེས་མ་དང་། །འདོད་ཆགས་མ་དང་འདོད་ཆགས་ཆེ། །རོལ་གྲགས་མ་དང་རོལ་ཆེན་མ། །མྱོས་མ་དང་ནི་མྱོས་དགའ་མ། །འདོད་པ་མོ་དང་འདོད་ཆེན་མ། །བདེ་ལས་བྱུང་དང་བདེ་ལྡན་མ། །མཐུན་མཆོག་མོ་དང་བྱམས་པ་མོ། ། སྐལ་བཟང་ལྡན་མ་སྐལ་བཟང་མོ། །དམའ་བ་མོ་དང་ཞུམ་པ་མོ། །སྐྱེ་གཟུགས་མར་ནི་གྲགས་པ་སྟེ། །རྣལ་འབྱོར་མ་ཡི་གཙོ་མོ་མཆོག །ཐམས་ཅད་ཤེས་རབ་ཐབས་བདག་ཉིད། །རྣམ་པ་སྣ་ཚོགས་མདོག་དེ་བཞིན། །ཕྱག་དང་མཚོན་ཆ་སྔོན་བཞིན་ཤེས། །ལེགས་ པའི་བློ་གྲོས་ས་དེ་བཞིན། །དུར་ཁྲོད་རིན་པོ་ཆེར་སྣང་བ། །རང་འབྱུང་བདེ་བ་བྱེད་པ་པོ། །དེ་ཕྱིར་ལོངས་སྤྱོད་རྫོགས་སྐུ་དང་། །དཀྱིལ་འཁོར་འཁོར་ལོ་གསུམ་པ་ལ། །དགའ་བ་བཞི་ནི་དག་པ་ཡིས། །ཀུན་ནས་རི་མོ་བཞི་ཅན་ནོ། །ཤར་ལ་སོགས་པའི་སྒོ་བཞི་རུ། །རྣལ་ འབྱོར་མ་རྣམས་རིམ་ཇི་བཞིན། །དཀར་མོ་ཆོམ་རྐུན་རོ་ལངས་མ། །ཟ་ཕོད་མ་ཡང་རྣམ་པར་དགོད། །གྲྭ་ལ་གནས་པའི་ལྷ་མོ་བཞི། །སྦོས་མོ་རི་ཁྲོད་མ་དེ་བཞིན། །གཏུམ་མོ་དང་ནི་གཡུང་མོ་སྟེ། །རིམ་པས་སྔོན་བཞིན་རྟག་ཤེས་བྱ། །ཕྱི་རོལ་དུར་ཁྲོད་འཁོར་ལོ་ནི། །ཆུ་ ཡི་དཀྱིལ་འཁོར་དབུས་སུ་སྟེ། །བྱིས་པ་འཆི་དང་ལྷག་མ་ཟ། །གཡུལ་དྲག་མོ་དང་མཆེ་བ་ཀུན། །ཤར་ལ་སོགས་པར་གཡོན་སྐོར་དུ། །དེ་ལྟར་བརྩེ་བ་ཆེན་པོས་བསམ། །དུ་བ་མུན་ནག་དང་ནི་མེ། །ཧཱ་ཧཱའི་སྒྲ་དང་སྒྲ་ཆེན་ནོ། །ཤིང་ནི་ཙནྡན་ག་པུར་དང་། །ཛཱ་ཏི་ཕ་ལ་དང་ ཨེ་ལ། །ནཱ་ག་གེ་སར་ཙམ་པ་དང་། །ཀུན་དུ་རུ་དང་ལྷའི་ཤིང་ངོ་། །ཕྱོགས་སྐྱོང་རྣམས་ནི་མཚོན་བྱ་བ། །ཉི་མ་བསིལ་བ་ས་ཡི་བུ། །རི་བོང་ཅན་སྐྱེས་བླ་མ་ཉིད། །ངན་སྤོང་ཉི་མའི་བུ་དེ་བཞིན། །ལྷ་མིན་མགོ་བོར་ཤེས་བྱ་སྟེ། །དྲག་པོའི་གདོང་ རྣམས་སུ་བྱའོ། །འབར་བ་རལ་གྲི་ཆུ་གྲི་དང་། །མདུང་རིང་སྤུ་གྲི་བྲག་དེ་བཞིན། །གློག་དང་སྣ་ཚོགས་མཚོན་འབེབས་པར། །དུར་ཁྲོད་ཀྱི་ནི་དབུས་སུ་བྱ། །རལ་གྲི་མིག་སྨན་རི་ལུ་དང་། །རྐང་པ་བྱུག་དང་བཅུད་ལེན་དང་། །མཆིལ་ལྷམ་དངུལ་ཆུ་ས་འོག་གི། ། དངོས་གྲུབ་སྒྲུབ་པ་མཁས་པས་བྱ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོ་སྟེ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་འཁོར་ལོ་གསུམ་གྱི་བདག་ཉིད་དོ།། །།དེ་ནས་དེ་ཡི་ཕྱི་རོལ་འཆད། །ཐུགས་ཀྱི་འཁོར་འདི་གསལ་བའོ། །མདོག་ནག་སུམ་ཅུ་རྩ་དྲུག་རྩིབས། ། ཐམས་ཅད་རང་བཞིན་སྐྱེས་པ་མཆོག །ཀླུ་མོ་གནོད་སྦྱིན་མོ་འབྱུང་མོ། །ཡི་དགས་དམྱལ་མོ་མནར་མེད་མ། །ལྟུང་བ་མོ་དང་བར་མེད་མ། །བུམ་མོ་གཤིན་རྗེ་མོ་དེ་བཞིན། །ཐིག་ནག་མ་དང་མེ་མདག་མོ། །ཚ་བ་མོ་དང་རབ་ཚ་མ། །ངུ་འབོད་མ་དང་ངུ་འབོད་ཆེ། ། མར་ནག་ཏུ་འཚེད་རི་གཉིས་འཚིར། །སྡང་མ་རྨོངས་མ་ཕྲག་དོག་མ། །ཆགས་མྱོས་སེར་སྣ་སྐུད་པ་མ། །གྲངས་མ་རལ་གྲིའི་ནགས་མ་ཉིད། །དུ་མ་དང་ནི་མུ་གེ་མ། །ནད་དགོན་མ་དང་མཚོན་གྱི་དང་། །ཆུ་ཡི་དགོན་པ་མ་དང་ནི། །རལ་གྲི་སེན་མོ་རབ་མེད་མ། །སྤུ་གྲིའི་ སོ་མ་འཁོར་ལོ་མ། །གྲུལ་བུམ་མོ་སྟེ་ལྷ་མོ་ཆེ། །མདོག་ནི་འཁོར་ལོ་ཅི་འདྲ་བའོ། །ཕྱག་དང་མཚོན་ཆ་སྔོན་བཞིན་དུ། །ཤེས་བྱ་རང་གི་གཟུགས་ཅན་ནོ། །དེ་ལ་ཉེ་བའི་དུར་ཁྲོད་དང་། །དེ་ནས་ས་ནི་ཆོས་ཀྱི་སྤྲིན། །སེམས་ཀྱི་རང་བཞིན་དག་པ་ཉིད། །ཀུན་འགྲོ་འཁོར་ལོ་ ཅན་དུ་འདོད། །རང་བཞིན་སྤངས་པ་བདག་མེད་པ། །འཁོར་ལོ་ཅན་སར་བཞུགས་པའོ། །འཁོར་ལོ་རྣམས་ནི་རིམ་ཇི་བཞིན། །ཐམས་ཅད་དེ་ལྟར་ཤེས་པར་བྱ། །སྒོ་སྐྱོང་མ་ནི་ཐམས་ཅད་ཀྱི། །གནས་བཞི་རྣམས་ནི་བཅུ་གཉིས་སོ། །དེ་ལྟར་བཅུ་དྲུག་ཤེས་བྱ་བ། །སྟོང་པ་ཉིད་ ནི་མཁས་པ་ཡི། །ཡེ་ཤེས་རྣམ་ཤེས་ངོ་བོའི་ཕྱིར། །དུར་ཁྲོད་བཅོམ་ལྡན་འདས་རང་ཉིད། །སྤྲུལ་པའི་འཁོར་ལོ་འདི་ལ་ནི། །གསུམ་གྱི་བདག་ཉིད་མིང་གིས་སོ། །ཕྱི་ནས་གཞན་འདི་ཐམས་ཅད་ནི། །འཁོར་ལོ་གཉིས་སུ་བཤད་པར་བྱ། །ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ ལོའི་དང་པོའོ།། །།དེ་ནས་ཕྱི་རོལ་དུ་གཞན་པ། །གསུང་གི་འཁོར་ལོ་དེ་བཤད་བྱ། །དམར་པོ་བཙོད་ཀྱི་ཁ་དོག་སྟེ། །སུམ་ཅུ་དྲུག་རྩིབས་བདག་ཉིད་གཙོ། །མཆོད་མ་ཟ་མ་གཉིད་མ་དང་། །ལེ་ལོ་མ་ཆོས་སེམས་སྒོམ་མོ། །ཁྱིམ་སེམས་བུད་མེད་སེམས་མ་དང་། ། དོན་སེམས་མ་དང་སྦྱོར་བྲལ་མ། །བུ་སེམས་རྣམས་དང་མྱ་ངན་མ། །བསམ་གཏན་མ་དང་སྔགས་ཟློས་མ། །ངོ་ཚ་ང་རྒྱལ་གདུང་བ་མོ། །སེམས་ཅན་དོན་བྱེད་བརྩོན་མ་དང་། །རྒྱལ་པོ་སེམས་མ་གཞན་གནོད་མ། །ཡེ་ཤེས་ཐོབ་མ་དཀའ་ཐུབ་མ། །རྒས་མ་འཆི་བའི་བསམ་ ཅན་མ། །བདེ་མ་སྡུག་མ་མི་དགེ་མ། །ཡོད་དང་མེད་མ་ཉིད་དང་ནི། །བླ་མ་སེམས་མ་འགྲོ་བ་མོ། །བཟོད་མ་མི་བཟོད་མ་ངལ་མ། །ངལ་སོས་མ་དང་བཀྲེས་མ་མཆོག །ལས་ནི་ཐམས་ཅད་བྱེད་ལྷ་མོ། །རང་བཞིན་འཁོར་ལོ་འདི་ཆེའོ། །ཁ་དོག་རང་གི་འཁོར་ལོར་ གྲགས། །ལྷག་མ་འདི་ནི་སྔོན་བཞིན་ནོ། །ཤེས་རབ་ཐབས་བདག་ཉིད་ལྷ་མོ། །རང་བཞིན་གྱི་ནི་དཀྱིལ་འཁོར་འདི། །གདན་བཞི་པའི་རྒྱུད་སྟོང་ཕྲག་ནི། །བཅུ་གཉིས་པ་ལ་བཤད་པ་སྟེ། །ཡེ་ཤེས་མཁའ་འགྲོ་མ་སོགས་ཀྱི། །མཆོད་སོགས་ལྷ་མོར་འདོད་པ་ཡིན། །གྲོང་ མཐའི་གནས་ནི་འདི་ལྟ་བུ། །ཀུན་དུ་འོད་ཀྱི་ས་ཡིན་ནོ། །དེ་ལྟར་ཡེ་ཤེས་སོགས་སྐུའི་མཐའ། །ཆུ་མེ་རླུང་དང་ནམ་མཁའ་ཡི། །བསྐོར་བའི་འཁོར་ལོ་ཞེས་བྱ་བར། །རྡོ་རྗེ་མཆོག་མ་ཤེས་པར་བྱ། །ཞེས་བྱ་བ་ནི་གསུང་གི་འཁོར་ལོའི་གཉིས་པ་སྤྲུལ་པའི་འཁོར་ལོའོ།། །། དེ་ནས་སྐུ་ཡི་འཁོར་ལོ་བཤད། །སྐུ་གསུང་ཐུགས་ཀྱི་ཁ་དོག་ཅན། །སུམ་ཅུ་རྩ་དྲུག་རྩིབས་དབུས་སུ། །རྣལ་འབྱོར་མ་ཡི་འཁོར་སྒྱུར་མའོ། །རྒྱལ་ཆེན་བཞི་ཡི་རིས་མ་དང་། །སུམ་ཅུ་རྩ་གསུམ་འཁོར་སྒྱུར་མ། །འཐབ་བྲལ་དགའ་ལྡན་འཁོར་སྒྱུར་མ། །འཕྲུལ་དགའ་ མ་དང་དེ་བཞིན་དུ། །གཞན་འཕྲུལ་དབང་བྱེད་མ་དང་ནི། །ཚངས་རིས་མ་ཡི་འཁོར་ལོ་མ། །ཚངས་པ་མདུན་འདོན་མ་དེ་བཞིན། །ཚངས་པ་ཆེན་པོའི་འཁོར་སྒྱུར་མ། །འོད་ཆུང་ཚད་མེད་འོད་མ་དང་། །འོད་གསལ་མ་དང་དགེ་ཆུང་མ། །ཚད་མེད་དགེ་ བའི་འཁོར་སྒྱུར་མ། །དགེ་རྒྱས་མ་དང་སྤྲིན་མེད་མ། །བསོད་ནམས་སྐྱེས་མའི་འཁོར་ལོ་དང་། །འབྲས་བུ་ཆེ་བའི་འཁོར་སྒྱུར་མ། །མི་ཆེ་མི་གདུང་འཁོར་ལོ་མ། །ཤིན་ཏུ་མཐོང་སྣང་བཟང་སྣང་མ། །འོག་མིན་མ་ཡི་འཁོར་སྒྱུར་མ། །ནམ་མཁའ་མཐའ་ཡས་སྐྱེ་ མཆེད་མ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ། །ཅི་ཡང་མེད་པའི་སྐྱེ་མཆེད་མ། །འདུ་ཤེས་མེད་དང་འདུ་ཤེས་ནི། །མེད་མིན་དམྱལ་མོ་ཡི་དགས་མ། །དུད་འགྲོ་མི་མོ་ལྷ་མིན་མོ། །གཞལ་མེད་ཁང་སྤྱོད་མ་དེ་བཞིན། །ཟླ་བ་ཉི་མ་གཤིན་རྗེ་མོ། །དབང་མོ་འཁོར་སྒྱུར་ མར་ཤེས་བྱ། །རང་གི་འཁོར་ལོའི་མདོག་བཞིན་བྱ། །ཕྱག་དང་མཚོན་ཆ་སྔར་བཞིན་ནོ། །ཤེས་རབ་ཐབས་ཀྱི་རང་བཞིན་ཏེ། །ཉེ་བའི་གྲོང་མཐར་ཡང་དག་གནས། །ས་ནི་མོས་པ་སྤྱོད་པ་སྟེ། །འདི་རྣམས་འཁོར་ལོ་བཅུ་གཉིས་སོ། །འཁོར་ལོ་འདི་ནི་གྲུ་ བཞི་སྟེ། །སྤྲུལ་པའི་སྐུར་ནི་འདུ་ཤེས་སོ། །རི་མོ་ལྔ་ནི་མེ་ལོང་སོགས། །ཐམས་ཅད་མཚན་ཉིད་ཀྱིས་མཚན་པའོ། །བརྒྱད་གཉིས་ལྷ་མོས་བྱས་པ་ཡི། །མཆོད་པའི་དཀྱིལ་འཁོར་བཞི་ལའོ། །ཕྱི་རོལ་དུར་ཁྲོད་བརྒྱད་རྣམས་ཏེ། །སྒོ་སྐྱོང་མ་ནི་རིམ་ཇི་བཞིན། །ཤར་ དུ་ཆུ་སྐྱེས་དཀར་མོ་བསྒོམ། །བྱང་དུ་གན་དྷ་རི་མའོ། །ནུབ་ཏུ་རྡོ་རྗེ་གར་མ་སྟེ། །ལྷོ་རུ་རྟ་རྒོད་མ་ཡི་ཁ། །གྲྭ་ཡི་ཆར་ནི་ལྷ་མོ་བཞི། །དབང་ལྡན་ལ་སོགས་རིམ་ཇི་བཞིན། །ལྷ་མོ་རྡོ་རྗེ་འབར་ཞལ་དང་། །རྡོ་རྗེ་ཁྲོ་གཉེར་མའི་ཞལ་དང་། །རྡོ་རྗེ་འཐུབ་མ་གཏུམ་མོ་སྟེ། ། ཁ་དོག་ལ་སོགས་སྔོན་བཞིན་ནོ། །དྲག་མོ་ཆེན་མོ་གཙིགས་པའི་ཞལ། །འབར་བའི་ཕྲེང་བས་རྣམ་མཛེས་མའོ། །དཔའ་བོ་རྣམས་ཀྱི་མདོག་དང་གཟུགས། །རྣལ་འབྱོར་མ་ཀུན་ཇི་ལྟ་བའོ། །ཀུན་ལ་མགོ་བོའི་ཕྲེང་བས་བརྒྱན། །དཔའ་བོ་རྣམས་ལ་དར་ཕྲེང་ཅན། །རལ་པའི་ ཅོད་པན་དཔའ་དེ་རྣམས། །ཡན་ལག་ཀུན་ལ་ཐལ་བས་བསྐུས། །རྣལ་འབྱོར་མ་ཡི་མཐོ་ཞིང་འཕྲེང་། །ལག་གདུབ་སྤྱི་གཙུག་བརྒྱན་པ་དང་། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །ཕག་མོའི་རིགས་ལས་བྱུང་བའོ། །དཔའ་བོ་ཀུན་གྱི་མིང་རྣམས་ནི། །ཐོག་མའི་ འཁོར་ལོ་ལ་སོགས་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་དུ། །སྣ་ཚོགས་པདྨ་མཁའ་འགྲོ་དང་། །རིན་ཆེན་ཐོད་པའི་དུམ་བུ་དང་། །ཀེང་རུས་ཆེན་པོའི་ཀེང་རུས་དང་། །མཆེ་བ་རྣམ་གཙིགས་ལྷ་དགྲ་དང་། །འོད་དཔག་མེད་དང་རྡོ་རྗེ་འོད། །རྡོ་རྗེ་སྐུ་དང་མྱུ་གུ་ཅན། །རྡོ་རྗེ་རལ་ པ་ཅན་དེ་བཞིན། །དཔའ་ཆེན་རྡོ་རྗེ་ཧཱུྃ་མཛད་དང་། །ཤིན་ཏུ་བཟང་དང་རྡོ་རྗེ་བཟང་། །འཇིགས་བྱེད་ཆེན་པོ་མིག་མི་བཟང་། །སྟོབས་ཆེན་རིན་ཆེན་རྡོ་རྗེ་དང་། །རྟ་མགྲིན་ནམ་མཁའི་སྙིང་པོ་དང་། །ཧེ་རུ་ཀ་དང་པད་གར་ཅན། །རྣམ་སྣང་མཛད་དང་རྡོ་རྗེ་སེམས། །སྟོབས་ཆེན་ ཡེ་ཤེས་མཁའ་འགྲོ་དང་། །བློ་བརྟན་ཐར་དང་ཡེ་ཤེས་དང་། །ཐབས་དང་ཐུགས་ཀྱི་རྡོ་རྗེའོ། །ལྷག་མའི་མིང་ནི་ལྷ་མོ་བཞིན། །སྐྱེས་བུའི་རྟགས་རྣམས་སུ་བྱའོ། །འཁོར་ལོ་བཅུ་གཅིག་རྣམས་ཀྱི་ནི། །སྒོ་ལ་སོགས་པའང་དེ་བཞིན་ནོ། །སྙིང་པོའི་པདྨའི་ལྷ་མོ་རྣམས། ། གཙོ་བོས་བདག་པོ་བཞིན་དུ་བྱ། །འོན་ཀྱང་བདག་པོ་སོགས་འཁོར་ལོར། །ཇི་ལྟར་བསྐལ་བཟང་རྒྱལ་བ་ནི། །བཞི་ཡིས་དམན་པའི་སྟོང་ཕྲག་གཅིག །དེ་རྣམས་ཐམས་ཅད་རྣམ་བསྒོམ་བྱ། །མཚན་ནི་ཡོན་ཏན་དབྱེ་བས་ཕྱེ། །སྤྲུལ་པའི་སྐུ་ཅན་བདག་ཉིད་དོ། །གང་ཞིག་གང་ གི་འཁོར་ལོ་ཡི། །རྣལ་འབྱོར་མ་ནི་ཐོག་མར་བྱུང་། །དེ་ཡིས་བཅུ་གཉིས་ཤེས་པར་བྱ། །ཀུན་སྤྱོད་གནས་དང་ཉེ་གནས་མའོ། །ལྷག་མ་ས་ནི་བཅུ་གསུམ་པ། །སྒོ་དང་གྲྭ་ལ་སོགས་གནས་མའོ། །མཆོད་དང་བསྟོད་སོགས་དུས་སུ་ནི། །ཐོག་མར་རྡོ་རྗེའི་མིང་ཤེས་བྱ། ། དཔའ་བོ་རྣམས་ལའང་དེ་བཞིན་ནོ། །ཕྱི་རོལ་དུར་ཁྲོད་བཤད་བྱ་བ། །དང་པོར་ཚིག་པར་ཤེས་བྱ་སྟེ། །གཉིས་པར་ཡང་ནི་མ་ཚིག་པ། །གསུམ་པ་དུམ་བུར་གྱུར་པ་ཉིད། །བཞི་པ་ཡང་ནི་མ་གཏུགས་པ། །ལྔ་པ་འཇིགས་སུ་རུང་བར་བཤད། །དྲུག་པ་ཡང་ནི་ འཇིགས་བྱེད་པ། །བདུན་པ་གསལ་ཤིང་ཕུག་པ་སྟེ། །སྟེང་ནས་བཏགས་པས་བརྒྱད་པའོ། །དུར་ཁྲོད་བརྒྱད་པོ་རྟག་ཏུ་ནི། །དམྱལ་སྲུང་ཆེན་པོ་བརྒྱད་རྣམས་སོ། །ཤལ་མ་ལི་ཤིང་མྱ་ངན་མེད། །ཡོངས་འདུ་ཨུ་དུམ་བཱར་དེ་བཞིན། །ཌོམ་བི་ར་དང་ གམ་བྷ་རི། །རྒྱ་ཤུག་དང་ནི་བ་རུ་རའོ། །སྣ་ཚོགས་རོ་ལངས་ཚོགས་དང་ནི། །རྣལ་འབྱོར་མ་དང་དཔའ་བོའི་ཚོགས། །མཁའ་སྤྱོད་མ་དང་ས་སྤྱོད་གཞན། །གང་ཡིན་དེ་ཡང་རྫུ་འཕྲུལ་ཆེ། །མགོ་མེད་རྒྱུག་དང་གཞན་ཡང་ནི། །མགོ་བོ་མེད་པ་གར་བྱེད་དང་། ། ཉལ་བ་དང་ནི་རྐང་མེད་དང་། །མགོ་དང་ལུས་སོགས་གཏུབས་པ་སྟེ། །ཏིང་འཛིན་ཆེན་པོའི་རྒྱུ་ཡིས་ནི། །དེ་རྣམས་དགའ་བཅས་གར་བྱེད་པའོ། །དེ་ལྟར་དེ་བཞིན་དབུས་སུ་ནི། །རྒྱུ་སྐར་སྣ་ཚོགས་བྱ་བ་ཡིན། །ཁ་དོག་སྣ་ཚོགས་ཤེས་བྱ་སྟེ། །བཞོན་པ་གང་གི་ཡིན་ པའོ། །རྫོགས་པའི་བྱང་ཆུབ་རྒྱུའི་བདག་ཉིད། །ཡོངས་རྫོགས་དཀྱིལ་འཁོར་བསྒོམ་པར་བྱ། །རྒྱུ་ཡི་རྡོ་རྗེ་ཅི་འདྲ་བ། །ཡང་ནི་དེ་འདྲ་སྤྲོ་བར་བྱ། །དུད་འགྲོའི་ཞལ་ཅན་ལྷ་མོ་ནི། །ལས་ཐམས་ཅད་མས་ཁྱེར་ནས་འོངས། །ཁྲོ་བོའི་ཚོགས་ཀྱིས་མཉམ་བཀུག་ནས། ། སྔོན་དུ་བགེགས་ནི་བསལ་བར་བྱ། །སུམ་བྷས་བཀའ་བསྒོ་རྡོ་རྗེ་ཅན། །བརྟུལ་ཞུགས་ཅན་གྱིས་ཕུར་གདབ་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ཀཱ་ཡི་ཀཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲཱིཧྞ་གྲཱིཧྞ་བཱ་ཙི་ཀཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲཱིཧྞ་པ་ཡ་གྲྀཧྞ་པ་ཡ་ཙི་ཏ་སི་ཀཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ། བྷ་ག་ཝཱན་བཛྲ་ཛྙཱ་ནི་ཀཱཾ་ ཧཱུྃ་ཧཱུྃ་ཕཊ། །ཤར་ལ་སོགས་པའི་ཕྱོགས་སུ་གཞག །རྡོ་རྗེ་གུར་གྱི་དབུས་སུ་ནི། །འོག་ཏུ་རྡོ་རྗེའི་ས་གཞིར་འགྱུར། །སྟེང་དུ་མདའ་ཡི་དྲ་བ་ཅན། །རྡོ་རྗེ་ར་བ་བླ་བྲེའོ། །ཆོས་ཀྱི་འབྱུང་གནས་ནང་དུ་ཡང་། །དེ་ཡང་གསུམ་བཞི་ལྔ་དང་ནི། །གྲུ་དྲུག་པ་རུ་བསྒོམ་པར་བྱ། ། འཕར་མ་བཞི་ཡི་རིམ་ཇི་བཞིན། །རིམ་པས་ཐམས་ཅད་འདིར་དགོད་བྱ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣན་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཕུར་བུ་གདབ་པའི་ སྔགས་སོ། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུྃ་ཕཊ། བརྡུང་བའི་སྔགས་སོ། །དེ་ལྟར་འཁོར་ལོ་ཀུན་དཔའ་བོ། །བཅོམ་ལྡན་རྡོ་རྗེའི་རིགས་བྱུང་བའོ། །སྤྲུལ་པའི་སྐུ་ནི་མ་ལུས་པ། །རྣལ་འབྱོར་མ་ནི་བྱང་ཆུབ་སྣོད། །འདི་ནི་སྐུ་ཡི་འཁོར་ལོ་སྐུ་གསུམ་གྱི་བདག་ཉིད་དང་སྤྲུལ་ པ་དང་ལྷན་ཅིག་པ་སྟེ་གསུམ་པའོ།། །།དེ་ནས་གནས་དང་ཉེ་གནས་སོགས། །ཇི་ལྟའི་རིམ་པ་རྣམས་གསུངས་པ། །གནས་ནི་གང་བའི་རི་ཉིད་དང་། །དྲ་བ་འཛིན་དང་ཨོ་ཌྱན་དང་། །ཨར་བུ་ད་ཡང་དེ་བཞིན་གནས། །གོ་དཱ་བ་རི་ཉེ་གནས་ཏེ། །དགའ་བའི་ དབང་ཕྱུག་ལྷ་མོའི་མཁར། །གྱད་ཡུལ་ཡང་ནི་ཉེ་གནས་སོ། །འདོད་གཟུགས་དེ་བཞིན་ཨོ་ཌི་དང་། །ཏྲི་ཤ་ཀུ་ན་ཀོ་སལ་ཞིང་། །ཀ་ལིང་ཀ་དང་ལམ་པ་ཀ། །ཀཱཉྩི་ཁ་བའི་གནས་ཉེ་ཞིང་། །ཡི་དགས་གྲོང་དང་ཁྱིམ་ལྷ་མོ། །སཽ་རཥྚ་དང་གསེར་གླིང་ནི། །འདུན་སའོ་ཉེ་ བའི་འདུན་ས་ནི། །གྲོང་ཁྱེར་སིནྡྷུ་མ་རུ་དང་། །ཀུ་ལུ་ཏཱ་ཡང་ཉེ་འདུན་ས། །འདུ་བ་ཆུ་ཀླུང་འགྲམ་དང་ནི། །སྐྱེད་ཚལ་རྒྱ་མཚོར་རབ་བཤད་དང་། །ལམ་གྱི་བཞི་མདོའོ་ཉེ་འདུ་བ། །རི་ཡི་སྤྱི་བོ་གྲོང་དབུས་དང་། །ཚོགས་ཅན་གཞོན་ནུའི་རི་དང་ནི། །རིགས་ཀྱི་ཞིང་ཡང་ཉེ་འདུ་བའོ། ། དུར་ཁྲོད་མུ་མུ་ནི་ཡ་ནས། །སྤྱོད་དང་ཧ་རི་ཀེ་ལ་དང་། །སྒྱུ་མའི་གྲོང་ཁྱེར་དུར་ཁྲོད་དོ། །ཉེ་བའི་དུར་ཁྲོད་རི་མཐའ་དང་། །སྔགས་ཀྱི་ཞིང་དང་ལྷ་ཡི་གྲོང་། །ཀརྞྞ་ཊ་དང་པ་ཊ་ཡང་། །དེ་བཞིན་གྲོང་མཐར་བཤད་པའོ། །གྲོང་མཐའ་ཀོང་ཀ་ན་ཉིད་དང་། །ཁྱབ་བདག་ ལས་ཀྱི་ཡུལ་ལྗོངས་དང་། །རྣལ་འབྱོར་མ་ནི་སྟུག་པོའི་གྲོང་། །དེ་བཞིན་འདིར་ནི་ཉེ་གྲོང་མཐའོ། །ཕ་ཡི་ནགས་དང་ཁྱིམ་གྱི་ལོགས། །ལྟེང་ཀ་དང་ནི་རྫིང་བུ་སྟེ། །གནས་འདི་རྣམས་སུ་བུ་མོ་གང་། །ལྷན་སྐྱེས་རང་གི་སྐྱེ་གནས་སྐྱེས། །ཡུལ་དང་ཡུལ་དུ་ཤེས་བྱ་བ། ། ཡེ་ཤེས་ལྡན་དང་གཉིས་མེད་གནས། །འཁོར་ལོ་བཅུ་གཉིས་རྣམས་ཀྱིས་ནི། །མདའ་ཡི་དབྱེ་བས་གནས་སྐྱེས་རྣམས། །བཅུ་གཉིས་གནས་སོགས་རབ་བཤད་པ། །སུམ་ཅུ་དྲུག་ཁམས་རྒྱུ་ཡིས་སོ། །རེ་རེ་ཡི་ནི་ཁམས་རྣམས་ལའང་། །མིག་ལ་སོགས་པའི་སྐྱེ་མཆེད་ རྣམས། །བདེན་དོན་རྣམ་པ་བཅུ་གཉིས་སུ། །ཤེས་བྱ་ལྷན་སྐྱེས་རྣལ་འབྱོར་མའོ། །སྔོན་གྱི་ཚིགས་བཅད་འདི་ཡིས་ནི། །དབང་བསྐུར་བ་ནི་ནོད་པར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་གྱུར། །དེ་ བཞིན་བདག་ལ་ཁྲུས་བྱེད་འགྱུར། །ལྷ་ཡི་ཆུ་ཡིས་དག་པར་བྱ། །རྡོ་རྗེ་དང་ནི་མཁའ་བར་དུ། །སངས་རྒྱས་ཐམས་ཅད་སོན་འདི་ནི། །ཡེ་ཤེས་འོད་ཟེར་བྱུང་དེ་རྣམས། །རང་བྱུང་བདུད་རྩིའི་རྒྱུན་གྱིས་ནི། །དབང་བསྐུར་རྡོ་རྗེ་མགོན་པོ་ཡི། །ལྷན་སྐྱེས་ཆུས་ནི་དགང་ ཕྱིར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧུྃ། དབང་བསྐུར་བའི་སྔགས་སོ། །འཁོར་ལོ་གང་དང་གང་གི་ནི། །དེ་དང་དེ་ཡི་རྒྱས་གདབ་ལ། །རྣལ་འབྱོར་མ་རྣམས་བདག་པོ་སྟེ། །ཁྱབ་བདག་གཞན་གྱིས་རྒྱས་མི་གདབ། །ཡེ་ཤེས་ཏིང་འཛིན་སེམས་དཔའ་ ཡང་། །འཁོར་ལོ་ཀུན་ལ་བསྒོམ་པར་བྱ། །དེ་ལས་བྱུང་བའི་འོད་ཚོགས་ཀྱིས། །ཡེ་ཤེས་འཁོར་ལོ་དགུག་པར་བྱ། །ཛཿཧཱུྃ་བྃ་ཧོཿའི་ཡིག་རྣམས་ཀྱིས། །བླ་མའི་མན་ངག་ལས་ཤེས་བྱ། །སྣ་ཚོགས་དཔའ་བོ་རྣལ་འབྱོར་མས། །གཙོ་བོ་ལ་ནི་མཆོད་བྱེད་གཞུག ། ཐིག་ལེ་དང་ནི་ཕྲ་མོ་ཆེའི། །རྣལ་འབྱོར་གཉིས་ནི་ཡོངས་དམིགས་བྱ། །འཁོར་ལོ་བཅུ་གཉིས་ཐིག་ལེ་ཡང་། །རྡོ་རྗེའི་རྣམ་པ་རྣམས་སུ་མཚོན། །ལྟེ་བའི་འོག་སྟེང་རྩ་རྣམས་ནི། །སྟོང་ཕྲག་གཅིག་ནི་ཐིག་ལེ་ཅན། །རྩེ་མོ་བཅུ་ཡི་ཐིག་ལེ་རྣམས། །ཇི་ལྟའི་རིམ་ པ་རྣམས་སུ་མཚོན། །དུ་བ་ལ་སོགས་བརྒྱ་ཕྲག་གཅིག །ཐིག་ལེའི་གནས་སུ་འབབ་པར་བྱ། །དེ་ཕྱིར་ཕྲ་མོ་གང་ཅིའང་རུང་། །སངས་རྒྱས་སྤྱོད་ཡུལ་མིན་དེ་བསམ། །རྡོ་རྗེའི་སྲོག་རྣམས་ལ་བལྟས་པས། །ཕྱག་རྒྱ་ཆེ་དེ་སངས་རྒྱས་དེ། །གསང་སྔགས་བཟླས་པ་བྱ་ བ་ནི། །རྐང་པ་བརྒྱད་ལྷག་རྩ་བ་ནི། །བཞི་བཅུ་ལ་སོགས་འདི་རྣམས་ཀྱིས། །མཚན་ཉིད་ཐམས་ཅད་རྫོགས་པ་དང་། །བདེ་ཆེན་སོགས་དང་བཟང་པོ་དང་། །གཉིས་ཀུན་རྣམ་པར་སྤངས་པ་དང་། །མཆོད་པ་ཁམས་གསུམ་བདག་ཉིད་ནི། །དངོས་པོ་ཀུན་འབྱུང་རྣམས་ ཀྱིས་སོ། །དཀར་མོ་སོགས་དང་འགྲོ་དྲུག་འཁོར་སྒྱུར་མ། །གཟུགས་དང་གཟུགས་མེད་གཉིས་ཀྱི་ལྷ་མོ་སྟེ། །རང་གིས་ཐམས་ཅད་རང་བཞིན་དག་གིས་ནི། །མ་ལུས་པ་ཡི་འཁོར་ལོ་མཆོད་པར་འགྱུར། །དཀྱིལ་འཁོར་བདེ་བ་ཆེན་པོ་བསྒོམ་པར་གྱིས། །རྣལ་འབྱོར་བཅུ་ གཉིས་བསོད་ནམས་སྡིག་མེད་པའོ། །ཐམས་ཅད་ཟག་མེད་རང་བཞིན་མོས་པར་གྱིས། །དཀྱིལ་འཁོར་ངན་པ་དེ་ནི་བདེ་བར་ཤེས་པར་བྱོས། །དབང་པོ་འཁྲུལ་པ་བདེ་བ་ཆེན་པོ་མོས་པར་གྱིས། །སྐད་ཅིག་དེ་ལ་རང་དང་གཞན་གྱི་ངོ་བོ་མེད། །གང་གི་རྣམ་པ་སྣ་ཚོགས་ གཟུགས་ཆེན་གྱིས། །ས་གསུམ་དུ་ནི་དཀྱིལ་འཁོར་འཁོར་ལོ་སྤྲོ་བར་བྱོས། །སྔགས་དང་ཕྱག་རྒྱ་སོགས་བརྒྱན་པས། །རྣལ་འབྱོར་ཆེན་པོས་གཏོར་མ་སྦྱིན། །འབུམ་བཟླས་པ་ཡི་རྗེས་ལས་ནི། །བྱེ་བ་བཟླས་པས་དངོས་གྲུབ་ཆེ། །ཇི་ལྟར་མངོན་པར་བརྗོད་པ་བཞིན། །སྣ་ ཚོགས་དམ་ཚིག་ཉེར་སྤྱོད་ཚེ། །རྣལ་འབྱོར་དངོས་གྲུབ་གྱུར་དེ་ནས། །གང་རུང་དེར་ནི་གནས་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་ བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བཅོམ་ལྡན་འདས་ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་གཞག་པ་དང་མན་ངག་སྣ་ཚོགས་བསྟན་པ་སྟེ་ལེའུ་བཅྭ་ལྔ་པའོ།། །།དེ་ནས་རྩ་བའི་སྔགས་ཀྱི་ནི། །བཏུ་བ་བཤད་བྱ་མཉན་ པར་གྱིས། །ཆོས་འབྱུང་གི་ནི་དབུས་སུ་ནི། །དེ་ནས་འཁོར་ལོ་འདི་བྲིའོ། །དབུས་སུ་དུམ་བུ་ལྔའི་བདག་ཉིད། །དེ་ཡི་ཕྱི་རོལ་བཅུ་གཉིས་བྲི། །ཟླུམ་པོ་སྦྱིན་བྱ་སླར་ཡང་དེར། །སྒོ་དང་གྲུ་ནི་བཞི་པའོ། །རྩིབས་བརྒྱད་པ་དང་ཟུར་བཞི་པའི། །ལེའུ་ཚེར་དབྱངས་དང་སྡེ་ཚན་ ནོ། །དེར་གནས་མགོན་པོ་བཏུ་བར་བྱ། །འདོད་པ་ཀུན་དང་བདེ་འབབ་པའོ། །སྡེ་ཚན་ལྔ་སོགས་ཡི་གེ་ནི། །དབུས་སུའོ་དེ་ནས་དབྱངས་བཅུ་གཉིས། །མ་ནིང་སྒོ་ནི་བཞི་རུ་སྟེ། །གྲུ་གཉིས་པར་དེ་གཉིས་གཉིས་ཅན། །ཁྱབ་བདག་སྔགས་པས་མེ་ལ་ནི། །སོགས་པར་ཤེས་ པར་བྱ་བའོ། །ཀ་དབུས་ཙ་ཤར་ཊ་ལྷོ་ཏ་ནུབ་ཏུ། །པ་བྱང་རིམ་པ་ཇི་ལྟས་སོ། །ནུབ་ཀྱི་མཐའ་མ་གཟུང་བར་བྱ། །བྱང་གི་མཐའ་མ་དེ་བཞིན་ནོ། །མེ་ཡི་གཉིས་པའི་ཡི་གེ་ནི། །གཟུང་བྱ་དབང་ལྡན་ཆུའི་ས་བོན། །ཤར་གྱི་གསུམ་པའི་ཡི་གེ་དང་། །ལྷོ་ཡི་གསུམ་ པའི་དེ་བཞིན་ནོ། །དབུས་མའི་དང་པོ་གཟུང་བར་བྱ། །བྱང་གི་མཐའ་མའི་ས་བོན་ནོ། །དབང་ལྡན་གཉིས་པའི་གཟུང་བྱ་སྟེ། །དེ་ནི་དེ་ལྟར་ཐོག་མ་སླར། །བདེན་བྲལ་མེ་ཡི་ས་བོན་དང་། །དབང་ལྡན་གྱི་ནི་ཆུ་དེ་བཞིན། །སྲིན་པོའི་ར་ཡིག་བླང་བར་བྱ། །མེ་ཡི་གཉིས་ པའི་ཡི་གེའོ། །འདྲེ་ཡི་མེ་ཡི་ས་བོན་གཟུང་། །མེ་ཡི་རླུང་ནི་དེ་བཞིན་ནོ། །སྔགས་ཀྱི་ཚིག་ནི་དང་པོ་སྟེ། །འདི་ཡི་དབྱངས་ནི་བརྗོད་པར་བྱ། །ཚེག་དྲག་དང་ནི་ཡོངས་ལྡན་པ། །གཉིས་པའི་ཡི་གེ་ལ་སྤྲས་པའོ། །དུམ་བུ་བཞི་པས་མནན་པ་སྟེ། །གསུམ་པར་མེ་ཡི་ སྤྲས་པའོ། །ཡི་གེ་ལྔ་པར་ར་ཡིག་གིས། །འོག་གི་ཆར་ནི་བར