Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 068_མདོ་སྡེ།_ཡ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
བྱ་བ་ཐེག་པ་ཆེན་པོའི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་དང་། ལོཙྪ་བ་བན་དེ་དེ་བེན་དྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་བྷཱུ་མི་ནཱ་མ་མ་ཧཱ་ཡཱ་ན་སཱུཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་
གཅིག་ན། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་
ཕྱེ་བ་ཚད་མེད་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པའི་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་
བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་སོང་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་།
ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་ཚད་མེད་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ། ཉོན་མོངས་པའི་
དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ་ཡིན་པ།
ཞི་གནས་དང་ལྷག་མཐོང་ཆེན་པོའི་བཞོན་པ་ཡིན་པ་རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་ཆེན་པོའི་པད་མའི་རྒྱལ་པོ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ན་བཞུགས་

ཏེ། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་
མེད་པའི་རྟོགས་པ་བརྙེས་པ། ཕྱིར་མི་ཟློགས་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཐམས་
ཅད་ལ་ཐེ་ཙོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་
གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམ་པར་ཐར་བར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུང་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་དམ་པ་ཅན། ནམ་མཁའི་ཁམས་ཀྱི་མཐས་
གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་དེ་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ། སངས་རྒྱས་ཀྱི་སྲས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། ཆོས་འདོད་པ་རྣམས་བདེ་
བ་དང་ཕྲད་པ། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པ། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་རྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་
ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ། ཡོན་ཡོངས་སུ་སྦྱོང་

བ་ཆེན་པོ། སྤྱོད་ལམ་རབ་ཏུ་ཞི་བ། ཕུན་སུམ་ཚོགས་པ། བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐ་དད་པ་
ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར་བྱུང་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། བསྐལ་པ་དང་བསྐལ་པ་མ་ཡིན་པར་
རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ། ཆོས་ཆེན་པོའི་རོའི་དགའ་བ་དང་བདེ་བས་ཉེ་བར་བརྟན་པ། འཇིགས་པ་ལྔ་ལས་ཡང་དག་པར་
འདས་པ། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་གྱུར་པ་ཅན། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་དང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་ལ་བཀའ་
སྩལ་པ། ཤིན་ཏུ་འདུས་སངས་རྒྱས་ཀྱི་ས་ནི་ཆོས་ལྔས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་
ཀྱིས་སོ། །ཤིན་ཏུ་འདུས་དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་སུ་གྱུར་པ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ན་ཀུན་ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་ཡང་མ་ཡིན་སྣ་ཚོགས་ཀྱང་མ་ཡིན་ཏེ་རོ་གཅིག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་
རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་ཡང་མ་ཡིན་སྣ་ཚོགས་ཀྱང་མ་ཡིན་ཏེ་རོ་གཅིག་གོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་སུ་གྱུར་པ་ཐམས་ཅད་ཐ་མི་དད་པར་ཞུགས་ཀྱང་

གཟུགས་ཀྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱི་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་ཀྱང་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་
གོས་སོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་སུ་གྱུར་པ་ཐམས་ཅད་ལ་གོ་འབྱེད་ཀྱང་ནམ་མཁའ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་
དབྱིངས་རྣམ་པར་དག་པ་ཡང་ཡེ་ཤེས་དང་། སྤྲུལ་པ་དང་། སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་
གཟུགས་རྣམ་པ་ཐ་དད་པ་རྣམས་ཀྱི་སྐྱེ་བ་ཡང་སྣང་། འཇིག་པ་ཡང་སྣང་ཡང་ནམ་མཁའ་ནི་སྐྱེ་བ་ཡང་མེད་འཇིག་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཡང་ཡེ་ཤེས་དང་། སྤྲུལ་པ་དང་། སེམས་ཅན་གྱི་
བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་སྐྱེ་བ་ཡང་སྣང་། འཇིག་པ་ཡང་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་གཟུགས་རྣམ་པ་སྣ་ཚོགས་དུ་མ་དག་གི་འཕེལ་བ་ཡང་སྣང་། འགྲིབ་པ་
ཡང་སྣང་ཡང་ནམ་མཁའ་ལ་ནི་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེ་བཞིན་གཤེགས་པའི་བསྟན་པ་སྙིང་ཁུ་འཕེལ་བ་ཡང་སྣང་། ནུབ་པར་འགྱུར་བ་ཡང་སྣང་ཡང་ཆོས་ཀྱི་དབྱིངས་
རྣམ་པར་དག་པ་ནི་འཕེལ་བ་ཡང་མེད། འབྲི་བ་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ཐུག་པ་མེད་པའི་ཕྱིར་ནམ་མཁའ་ལ་ཕྱོགས་བཅུ་ན་གཟུགས་སུ་གྱུར་པ་རྣམས་མཐའ་ཡས་མུ་མེད་ཀྱང་ནམ་མཁའ་ནི་འགྲོ་བའམ། འོང་བའམ། གཡོ་བའམ།

འགུལ་བ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་ཐུག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཕྱོགས་བཅུ་དག་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་སོ་སོར་ཉེ་བར་གནས་པར་བྱ་བ་
དག་མཐའ་ཡས་མུ་མེད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་འགྲོ་བའམ། འོང་བའམ། གཡོ་བའམ། འགུལ་བ་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་པ་དག་ཀྱང་སྣང་། འཆགས་པ་དག་ཀྱང་སྣང་ཡང་ནམ་
མཁའ་ནི་འཇིག་པ་ཡང་མ་ཡིན། འཆགས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དཔག་ཏུ་མེད་པ་དག་སྣང་ཡང་ཆོས་ཀྱི་
དབྱིངས་རྣམ་པར་དག་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྟེན་པ་གཟུགས་སུ་གྱུར་པ་དག་ལ་སྣང་བ་དང་། འདྲུལ་བ་དང་། འཚིག་པ་དང་། སྐམ་པ་དང་།
འགྱུར་བ་རྣམ་པ་སྣ་ཚོགས་སྣང་ཡང་ནམ་མཁའ་ལ་ནི་དེ་དག་གིས་འགྱུར་བ་ཡང་མེད། ཡོངས་སུ་སྐྱོ་བ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྟེན་པའི་སེམས་ཅན་གྱི་ཁམས་ལ་བསླབ་པ་དང་། ལུས་དང་། ངག་དང་ཡིད་ཀྱི་ལས་
ལོག་པར་གྲུབ་པ་རྣམ་པ་མང་པོ་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་དག་གིས་འགྱུར་བ་ཡང་མེད། ཡོངས་སུ་སྐྱོ་བ་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྟེན་པའི་ས་ཆེན་པོ་ཡང་སྣང་། རི་ཆེན་པོ་དང་། མེ་དང་། སྣང་བ་དང་། བྱ་རྒྱུ་བ་
དག་དང་། ཉི་མ་དང་། ཟླ་བ་རྒྱུ་བ་དག་ཀྱང་སྣང་ཡང་ནམ་མཁའ་ནི་དེ་དག་གི་མཚན་ཉིད་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་

བའི་ཡེ་ཤེས་མཐོང་བའི་ཕུང་པོ་དག་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་དག་གི་མཚན་ཉིད་མ་ཡིན་ནོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྒྱུ་དང་རྐྱེན་གཞན་དང་གཞན་འདུས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་དཔག་
ཏུ་མེད་པ་དག་སྣང་ཡང་དེ་ལ་ནམ་མཁའ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པ་
དག་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཤིན་ཏུ་འདུས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་རྟེན་ནས་གཟུགས་བརྙན་དག་སྣང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པ་
རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྟེན་ནས་སྐྱེ་མཆེད་དང་དེའི་ཡུལ་ལ་རྣམ་པར་ཤེས་པའི་གཟུགས་བརྙན་དག་སྣང་ངོ་། །དེ་བས་ན་མེ་ལོང་གི་དཀྱིལ་འཁོར་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པས་མཉམ་པ་སྟེ། དེས་ན་མེ་ལོང་ལྟ་བུའི་
ཡེ་ཤེས་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །དེ་ལྟ་བས་ན་མེ་ལོང་གི་དཀྱིལ་འཁོར་ནི་དེའི་དཔེར་རིག་པར་བྱའོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མི་བསོད་ནམས་འདོད་པ་ལ་ལ་ཞིག་གིས་སྐྱེ་བོ་ཕལ་པོ་ཆེ་ཇི་སྙེད་འོངས་ཤིང་ལྷགས་པ་དག་རང་གི་ལུས་ཀྱི་སྐྱོན་དང་ཡོན་ཏན་
ལ་སོ་སོར་རྟོག་པར་བྱ་བའི་ཕྱིར་མེ་ལོང་གི་དཀྱིལ་འཁོར་ཆེན་པོ་གནས་བཟང་པོར་མི་འགུལ་བར་བཞག་ན། སྐྱོན་སེལ་ཅིང་ཡོན་ཏན་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་ཇི་
སྙེད་པ་དག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོ་སོར་རྟོག་པར་བྱ་བའི་ཕྱིར་རྒྱུན་མི་འཆད་པས་མི་གཡོ་བར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གནས་སུ་བཞག་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སེལ་བ་དང་། སྐྱེད་པར་འགྱུར་བའི་ཕྱིར་རོ། །ཤིན་ཏུ་འདུས་འདི་

ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཕྱིས་པ་གསལ་ཞིང་རྣམ་པར་དང་ལ་གཡའ་མེད་པ་ནི་ཀུན་དུ་ལམ་མེ་ཐལ་ལེ་ལྷང་ངེའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཡེ་ཤེས་ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བསལ་བ་ཤིན་ཏུ་སྦྱངས་པ་ཡང་དེ་ལ་རྟེན་པའི་ཏིང་ངེ་འཛིན་ཡོངས་སུ་བཟུང་བས་གསལ་ཞིང་རྣམ་པར་དང་ལ་གཡའ་མེད་དེ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར་ལམ་མེ་ཐལ་ལེ་ལྷང་ངེའོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་
ནི་གཟུགས་ཀྱི་རྐྱེན་ལ་ལྟོས་ནས། གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་གྱི་དུས་ཀྱི་རྐྱེན་ལ་ལྟོས་ནས་ཡེ་ཤེས་ཀྱི་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་
འགྱུར་རོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་དེ་ལ་དེ་དག་ཡོད་པ་མ་ཡིན་ཏེ། དེ་ལ་མེ་ལོང་གི་དཀྱིལ་འཁོར་དེ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་
དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཤེས་པའི་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་འབྱུང་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ལ་ཤེས་པའི་གཟུགས་བརྙན་དེ་དག་ཡོད་པ་མ་ཡིན་ཏེ།
དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་བརྙན་རྣམ་པ་དུ་མ་སྣ་ཚོགས་མང་པོ་དེ་དག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། དེ་
དག་དང་མི་ཉེ་བ་དང་དེའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་ཤེས་པའི་གཟུགས་བརྙན་རྣམ་པ་དུ་མ་སྣ་ཚོགས་མང་པོ་དེ་དག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། དེ་དག་དང་མི་ཉེ་བ་དང་

བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ངོས་ཐམས་ཅད་ནས་ལེགས་པར་ཕྱིས་པ་ནི་མདུན་དང་། ཟུར་དང་། རྒྱབ་དང་། ཀུན་ནས་ཀྱང་གཟུགས་བརྙན་འབྱུང་བའི་རྒྱུར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་
པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་མ་ཆད་པ་དང་ཚད་མེད་པའི་རྣམ་པ་ཤིན་ཏུ་སྦྱངས་པ་ཡང་ཀུན་ནས་ཤེས་པའི་གཟུགས་བརྙན་རྣམས་འབྱུང་བའི་རྒྱུར་འགྱུར་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བར་བྱ་
བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་བྱ་བ་དང་། ཐེག་པ་ཆེན་པོ་པ་རྣམས་ཐེག་པ་ཆེན་པོས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཤེས་པའི་གཟུགས་བརྙན་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཤེས་
པའི་གཟུགས་བརྙན་རྣམས་དང་། ཐེག་པ་ཆེན་པོ་ཤེས་པའི་གཟུགས་བརྙན་རྣམས་ཀྱི་རྒྱུར་འགྱུར་རོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ས་དང་། རི་དང་། ཤིང་དང་། ཁྱིམ་དང་། གཞལ་མེད་ཁང་ཆེན་པོའི་གཟུགས་
བརྙན་སྣང་སྟེ། གཟུགས་བརྙན་ཆེན་པོ་དག་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་ནི་དེའི་ཚད་དུ་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་
དག་གི་ཡེ་ཤེས་ཀྱི་གཟུགས་བརྙན་དག་ཀྱང་སྣང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤེས་པའི་གཟུགས་བརྙན་དག་ཀྱང་སྣང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ནི་ཚད་ཡོངས་སུ་ཆད་པ་གང་ཡང་མེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་
ལོང་གི་དཀྱིལ་འཁོར་ནི་གཟུགས་གཞན་གྱིས་བསྒྲིབས་པའི་གཟུགས་རྣམས་ལ་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་མི་དགེ་བའི་གྲོགས་པོས་ཟིན་པ་དམ་པའི་ཆོས་མ་ཡིན་པ་

ཉན་པས་བསྒྲིབས་པ་དག་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་ཏེ། སྣོད་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་མུན་པའི་ནང་དུ་བཞག་པ་རྣམས་ཀྱི་གཟུགས་བརྙན་འབྱུང་བའི་
རྒྱུར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་ཉེས་པར་སྤྱོད་པ་ལ་དགའ་བ་མ་རིག་པའི་མུན་པར་ཞུགས་པ་རྣམས་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་ཏེ། སྣོད་མ་ཡིན་པའི་ཕྱིར་རོ། །
ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་ཡུལ་བསྐལ་པ་རྣམས་ན་གནས་པའི་གཟུགས་རྣམས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་དམ་པའི་ཆོས་
ཀྱིས་ཕོངས་པར་འགྱུར་བའི་ལས་རྣམ་པར་དག་པ་མ་ཡིན་པ་ལ་གནས་པ་འདོད་ཆེན་པ་མ་ཡིན་པ་དག་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་ཏེ། སྣོད་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་འདུས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཡོངས་སུ་གྲུབ་པ་རྣམ་པ་བཅུ་ལས་རིག་པར་
བྱ་སྟེ། མཚན་དང་། བདག་པོ་དང་། དགའ་བ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཉམས་སུ་མྱོང་བ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་དང་། མཚན་ཉིད་དབེན་པ་མཚན་ཉིད་མེད་པར་མཉམ་པ་ཉིད་ཁོང་དུ་
ཆུད་པའི་ཡོངས་སུ་གྲུབ་པ་ལས་དང་། ཡོངས་སུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་དང་། ཡལ་བར་མི་འདོར་བའི་རྣམ་པའི་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་དང་། སེམས་ཅན་ཐམས་ཅད་ལ་
མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཀུན་དུ་སྟོན་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང་། སེམས་ཅན་ཐམས་ཅད་ཀྱིས་གཟུང་བར་འོས་པའི་ཚིག་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང་། འཇིག་རྟེན་ཉེ་བར་ཞི་བ་དང་རོ་གཅིག་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང་།

འཇིག་རྟེན་གྱི་ཆོས་བདེ་བ་དང་སྡུག་བསྔལ་རོ་གཅིག་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང་། ཡོན་ཏན་ཤིན་ཏུ་བསྐྱེད་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །ཤིན་ཏུ་འདུས་སོ་སོར་རྟོག་པའི་ཡེ་ཤེས་ནི་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་གྱི་
ཁམས་ཀྱི་གནས་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་དང་། བསྟན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །ཤིན་
ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་རྣམས་ཀྱི་རྣམ་པར་རིག་པ་རྣམ་པ་སྣ་ཚོགས་ཅན་ཅིག་ཅར་འབྱུང་བའི་རྒྱུ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རྣམ་
པར་རིག་པ་རྣམ་པ་སྣ་ཚོགས་ཅན་ཅིག་ཅར་འཇུག་པའི་རྒྱུ་ཡིན་ནོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་ཀུན་དགའ་ར་བ་དང་། ནགས་ཚལ་དང་། རྫིང་བུ་ཉམས་དགའ་བ་རྣམ་པ་སྣ་ཚོགས་པ་དག་གིས་ལམ་མེ་ཐལ་ལེ་ལྷང་ངེའོ། །དེ་བཞིན་དུ་
དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་རྣམ་པ་སྣ་ཚོགས་ཉམས་དགའ་བ་དག་གིས་ལམ་མེ་ཐལ་ལེ་
ལྷང་ངེའོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་འདི་ལྟ་སྟེ། གླིང་དང་། ཟླ་བ་དང་། ཉི་མ་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་
བྱེད་དང་། ཚངས་རིས་ལ་སོགས་པས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་འདི་ལྟ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དང་། རྒུད་པ་དང་། རྒྱུ་དང་འབྲས་བུར་

བཅས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མ་ལུས་པ་ལ་སོ་སོར་རྟོག་པས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཡིན་ནོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་
རྣམས་ཀྱི་ལོངས་སྤྱོད་ཆེན་པོར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཀུན་དུ་སྟོན་པས་ཆོས་ཀྱི་ལོངས་སྤྱོད་ཆེན་པོར་འགྱུར་བའོ། །ཤིན་ཏུ་འདུས་
འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མིའི་འགྲོ་བ་དག་སྣང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་རྒྱུ་དང་འབྲས་བུར་བཅས་
པའི་རྣམ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་ལྡན་པའི་འགྲོ་བ་ལྔ་དག་སྣང་ངོ་། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དག་སྣང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་
རྟོག་པའི་ཡེ་ཤེས་ལ་ཡང་རྒྱུ་དང་འབྲས་བུར་བཅས་པའི་རྣམ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་ལྡན་པའི་ཁམས་གསུམ་པོ་དག་སྣང་ངོ་། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་རི་རབ་ལ་སོགས་པ་རིན་པོ་ཆེའི་རི་བོ་ཆེན་པོ་དག་སྣང་ངོ་། །དེ་བཞིན་དུ་དེ་བཞིན་
གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཐུ་དང་ལྡན་པའི་ཆོས་རྒྱ་ཆེན་པོ་སྟོན་པ་དག་སྣང་ངོ་། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་རྒྱ་མཚོ་ཆེན་པོ་ཟབ་པ་མི་འཁྲུགས་པ་དག་སྣང་ངོ་། །
དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་ཆོས་ཀྱི་དབྱིངས་ཟབ་མོ་མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཆོས་བསྟན་པ་དག་སྣང་ངོ་། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་རི་ཁོར་ཡུག་

དང་ཁོར་ཡུག་ཆེན་པོ་རྣམས་ཀྱིས་ཀུན་ནས་བསྐོར་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་དུ་རྨོངས་པ་མེད་པས་ཡོངས་སུ་བསྐོར་ཏོ། །ཤིན་ཏུ་འདུས་བྱ་བ་
སྒྲུབ་པའི་ཡེ་ཤེས་ནི་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་རྩོལ་བ་ལས་བྱུང་བ་དེས་སེམས་ཅན་རྣམས་ཞིང་ལས་དང་། ཚོང་བྱེད་པ་དང་། རྒྱལ་པོའི་ཞབས་འབྲིང་བྱེད་པ་ལ་སོགས་པས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་
རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་རྩོལ་བ་ལས་བྱུང་བ་ལུས་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལས་དང་བཟོའི་གནས་ཐམས་ཅད་ཀྱིས་རྒྱགས་ཤིང་དྲེགས་པ་རྣམས་ལ་ལས་དང་བཟོའི་གནས་ཐམས་ཅད་ཉེ་བར་བསྟན་ཏེ། ཟིལ་གྱིས་མནན་ནས་ཐབས་
ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འདུན་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་ཡོངས་སུ་སྤྱོད་པར་བྱེད་པ་དེས་སེམས་ཅན་རྣམས་གཟུགས་ལ་
སོགས་པ་ཡུལ་རྣམས་ལ་ཡོངས་སུ་སྤྱོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡོངས་སུ་སྤྱོད་པར་བྱེད་པ་ལུས་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སྐྱེ་བའི་གནས་སོ་སོར་སྐྱེས་པར་གྱུར་པའི་སེམས་ཅན་རྣམས་ལ་སྐྱེ་བ་མཚུངས་པ་ཉིད་དུ་ཉེ་བར་
སྟོན་ཏེ། རིས་འཐུན་པ་མཚུངས་པ་ཉིད་དུ་བསྟན་པས་ཀྱང་དབང་བྱས་ནས་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད་ཡོངས་སུ་སྨིན་པར་བྱེད་རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་ཉམས་སུ་མྱོང་བར་བྱེད་པ་
སེམས་ཅན་རྣམས་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་སོ་སོར་མྱོང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ལུས་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་དེ་ལྟ་བུ་བྱུང་བའི་

སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། དཀའ་བ་སྤྱད་པ་ཐམས་ཅད་ཉམས་སུ་མྱོང་བ་ཡང་དག་པར་བསྟན་ཏེ། སེམས་ཅན་རྣམས་འདུན་པར་བྱས་ནས་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད་ཡོངས་སུ་སྨིན་པར་བྱེད།
རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ངག་གི་ལས་ཡང་དག་པར་དགའ་བར་བྱེད་པ་དེས་སེམས་ཅན་རྣམས་ཕན་ཚུན་སྨྲ་ལ། ཀུན་དུ་སྨྲ་ཞིང་རབ་ཏུ་དགའ་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་
སྒྲུབ་པའི་ཡེ་ཤེས་ཡང་དག་པར་དགའ་བར་བྱེད་པ་དག་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཐོས་པ་ཙམ་ཁོ་ནས་ཀྱང་སེམས་ཅན་བྱིས་པའི་ཤེས་རབ་ཅན་དད་པར་བྱེད་པའི་ཆོས་སྟོན་པར་རབ་ཏུ་འཇུག་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་
ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ངག་གི་ལས་སྦྱོར་བར་བྱེད་པ་དེས་སེམས་ཅན་རྣམས་ཕན་ཚུན་དུ་བྱ་བ་དག་ལ་རྣམ་པར་སྦྱོར་བར་བྱེད་དེ། འཁྲུལ་པ་ལ་སྨོད།
མ་འཁྲུལ་པ་ལ་བསྟོད་ཅིང་འབོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་སྦྱོར་བར་བྱེད་པ་དག་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསླབ་པའི་གནས་འཆའ་སྟེ། བག་ཡོད་པ་ལ་ནི་སྟོད་ཅིང་དད་པས་རྗེས་སུ་འབྲང་བ་དང་།
ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་རྣམས་ཀྱང་རྣམ་པར་གཞོག་པར་བྱེད་ལ་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་
རྣམས་ངག་གི་ལས་ཡང་དག་པར་གོ་བར་བྱེད་པ་དེས་སེམས་ཅན་རྣམས་ཕན་ཚུན་དུ་དོན་མི་ཤེས་པ་རྣམས་ཤེས་པར་བྱེད་དེ། སྙན་དངགས་དང་བསྟན་བཅོས་རྣམས་ཀྱང་རྗོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡང་དག་པར་གོ་བར་བྱེད་པ་དག་

སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཐེ་ཙོམ་གྱི་རྣམ་པ་དཔག་ཏུ་མེད་པ་དག་ཟློག་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་
འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་རྣམ་པར་ངེས་པར་བྱེད་པ་དེས་སེམས་ཅན་རྣམས་བྱ་བ་དང་མི་བྱ་བ་དག་རྣམ་པར་སེམས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་རྣམ་པར་ངེས་པར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་
གཤེགས་པ་རྣམས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དག་རྣམ་པར་སེམས་ཤིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན།
སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པ་བྱེད་པ་དེས་སེམས་ཅན་དག་རྣམ་པར་བསམ་ནས་ལས་ཀུན་ཏུ་འབྱུང་བར་མངོན་པར་འདུ་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་པར་འདུ་བྱེད་པར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་
བཞིན་གཤེགས་པ་རྣམས་སེམས་ཅན་གྱི་སྤྱོད་པ་དེ་དག་གི་ཀུན་དུ་སྤྱོད་པ་དང་། ཀུན་དུ་མི་སྤྱོད་པ་ཡོན་ཏན་དང་ཉེས་པ་དག་ཀྱང་དཔྱད་ནས། དེ་དོར་བ་དང་བསྐྱེད་པའི་ཕྱིར་གཉེན་པོ་རྣམས་མངོན་པར་འདུ་བྱེད་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད།
ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་ཀུན་དུ་འབྱུང་བར་བྱེད་པ་དེས་སེམས་ཅན་རྣམས་ལས་ཀུན་ནས་སློང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀུན་
དུ་འབྱུང་བར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་དེའི་གཉེན་པོའི་ཆོས་བསྟན་པའི་ཕྱིར་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་རྗོད་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་

པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་ཉམས་སུ་མྱོང་བར་བྱེད་པ་དེས་སེམས་ཅན་རྣམས་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་
ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་མགོ་གཅིག་དང་། རྣམ་པར་དབྱེ་བ་དང་། དྲི་བ་དང་གཞག་པ་འདྲི་བ་ལ་ལན་གདབ་པ་དག་ལ་ཅི་རིགས་པར་ལན་གདབ་པར་བྱ་བའི་ཕྱིར་བྱུང་བ་དང་། འབྱུང་བ་དང་། ད་ལྟར་གྱི་
དོན་རྣམས་རབ་ཏུ་མྱོང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་རྣམ་པར་དག་ན་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་
བར་འདྲེས་པ། ཅི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་ལགས་སམ། འོན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་འདུས་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་
བར་འདྲེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་ཡང་བལྟའོ། །གསོལ་པ། ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པ་བྱང་ཆུབ་སེམས་དཔའ་གང་དག་གི་ལགས་པར་བལྟ་བར་བགྱི། བཀའ་སྩལ་པ། བྱང་
ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེ་དག་ནི་གཉིས་སུ་འདུ་ཤེས་པའི་གཉེན་པོར་སེམས་མཉམ་པ་ཉིད་ཐོབ་སྟེ། འདི་ལྟར་བདག་དང་གཞན་དུ་འདུ་ཤེས་པའི་གཉེན་པོའོ། །དེ་དག་དེ་ཡན་ཆད་བདག་དང་གཞན་དུ་འདུ་ཤེས་མི་
འབྱུང་སྟེ། ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་འདི་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ནས་བྱང་ཆུབ་སེམས་

དཔའ་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་དཔེ་མཛད་དུ་གསོལ། བདེ་བར་གཤེགས་པ་དཔེ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་དག་ཇི་སྲིད་དུ་འདྲེས་པའི་ཚལ་དུ་ཞུགས་པར་མ་གྱུར་པ་དེ་
སྲིད་དུ་དེ་དག་གི་ལྷའི་ལོངས་སྤྱོད་རྣམས་དངོས་པོ་དང་། ཉམས་སུ་མྱོང་བ་དང་། ང་ཡིར་འཛིན་པའི་སྒོ་ནས་འདྲེས་པ། ཉེ་བར་འདྲེས་པར་མི་གནས་ཀྱི། གང་ཚུན་ཆད་འདྲེས་པའི་ཚལ་དུ་ཞུགས་པར་གྱུར་པ་དེའི་ཚེ་འདྲེས་པའི་ཚལ་གྱི་མཐུ་འདི་འདྲ་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་དེར་ཞུགས་པ་རྣམས་ཀྱི་
ལྷའི་ལོངས་སྤྱོད་རྣམས་དངོས་པོ་དང་། ཉམས་སུ་མྱོང་བ་དང་། ང་ཡིར་འཛིན་པ་མེད་པར་འདྲེས་པ། ཉེ་བར་འདྲེས་པར་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ། ཉན་ཐོས་དང་། རང་སངས་
རྒྱས་ཐམས་ཅད་ལ་མེད་པ། སེམས་མཉམ་པ་དེ་ཐོབ་ནས་བཏང་སྙོམས་པ་དེ་ཐོབ་པར་མི་འགྱུར་ཏེ། གཉིས་སུ་འདུ་ཤེས་པ་དེ་དག་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱོད་པ་དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་མི་གནས་ཀྱི་གང་ཚུན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་
ཐོབ་པར་གྱུར་པ་དེ་ཕན་ཆད་གཉིས་སུ་འདུ་ཤེས་པའི་གཉེན་པོས་སེམས་མཉམ་པ་ཐོབ་ནས། དེའི་འོག་ཏུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་བཏང་སྙོམས་ཐོབ་སྟེ། དེ་ཕན་ཆད་དེ་དག་གི་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་
གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་གནས་སོ། །ཤིན་ཏུ་འདུས་འདི་ལྟ་སྟེ་དཔེར་ན། ཆུ་བོ་དང་། ཆུ་བྲན་རྣམ་པ་མང་པོ་དག་ཇི་སྲིད་དུ་རྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུར་པ་དེ་སྲིད་དུ་གནས་ཐ་དད་པ་དང་། ཆུ་ཐ་དད་པ་དང་། ཆུ་ཆུང་བ་དང་། ཆུ་སྐྱེ་འགྲིབ་ཡོད་པ་དང་།
སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཆུ་དང་། སྲོག་ཆགས་ཆུ་ནས་སྐྱེས་པ་བྲུལ་བུ་དག་གི་འཚོ་བ་ཉེ་བར་སྟོན་པའི་གནས་ཡིན་ནོ། །གང་ཚུན་ཆད་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་དེའི་ཚེ་གནས་ཐ་དད་པ་མ་ཡིན་པ་དང་། ཆུ་ཐ་དད་པ་མ་ཡིན་པ་དང་། ཆུ་ཚད་མེད་པ་དང་། སྐྱེ་འགྲིབ་

མེད་པའི་ཆུ་དང་། བྱ་བ་སྒྲུབ་པ་གཅིག་པའི་ལས་ཅན་གྱི་ཆུ་དང་། སྲོག་ཆགས་ཆུ་ནས་སྐྱེས་པ་ཕལ་པོ་ཆེ་ཆེན་པོ་རྣམས་ཀྱི་འཚོ་བ་ཉེ་བར་སྟོན་པའི་གནས་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་
རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུར་པ་དེ་སྲིད་དུ་གནས་ཐ་དད་པ་དང་། ཡེ་ཤེས་ཐ་དད་པ་དང་། ཡེ་ཤེས་ཆུང་བ་དང་། ཡེ་ཤེས་སྐྱེ་འགྲིབ་ཡོད་པ་དང་། སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཡེ་ཤེས་དང་། སེམས་ཅན་ཉུང་ངུ་དག་ཡོངས་སུ་སྨིན་པར་འགྱུར་
བའི་དགེ་བའི་རྩ་བའི་གནས་ཡིན་ནོ། །གང་ཚུན་ཆད་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་དེའི་ཚེ་གནས་ཐ་དད་པ་མ་ཡིན་པ་དང་། ཡེ་ཤེས་ཐ་དད་པ་མ་ཡིན་པ་དང་། ཡེ་ཤེས་ཚད་མེད་པ་དང་། ཡེ་ཤེས་སྐྱེ་འགྲིབ་
མེད་པ་དང་། ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་འགྱུར་ཏེ། སེམས་ཅན་ཚད་མེད་པ་དག་ཡོངས་སུ་སྨིན་པར་བྱེད་པའི་དགེ་བའི་རྩ་བའི་གནས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་
སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་ལྡན་དག་མཚན་ཉིད་ཅན། །དངོས་པོ་ཤེས་པ་དེ་དམིགས་པ། །དབང་ཚད་མི་ཤེས་མཚན་ཉིད་ཅན། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་ལས་ཡང་དག་འགྲུབ་པ་
ཅན། །སེམས་ཅན་ཀུན་ལ་གཉིས་སྐྱེད་པ། །རྣམ་ཀུན་མི་ཟད་འབྲས་བུ་ཅན། །ལུས་དང་ངག་དང་སེམས་སྤྲུལ་པའི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ཡིན། །ཏིང་ངེ་འཛིན་དང་གཟུངས་སྒོ་དང་། །དཔག་ཏུ་མེད་པ་གཉིས་དང་ལྡན། །རང་བཞིན་ཆོས་རྫོགས་
ལོངས་སྤྱོད་དང་། །སྤྲུལ་པས་ཐ་དད་འཇུག་པ་ཅན། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས། །རྣམ་དག་འདི་ནི་ཡང་དག་བརྗོད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་།

ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་
ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བོ་དྷི་དང་། པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་ཊཱི་ཀ་དང་སྦྱར་ཏེ་གསར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་བུད་དྷཱ་ཀྵེ་པ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་མི་སྤང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་
གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་འོད་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཚངས་པ་ལས་བྱུང་བ་འབྲུག་དབྱངས་སྤྲིན་གྱི་ང་རོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེའི་མེ་ཏོག་ཀུན་དུ་རྒྱས་པའི་གཟི་བརྗིད་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཡོན་ཏན་ལས་བྱུང་བ་
འབྲུག་གི་ང་རོས་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་གཟི་བརྗིད་རྣམ་པར་བསྒྲགས་པ་གྲགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་བཀོད་པ་མཐའ་ཡས་པ་བསྒྲུབ་པ་ལ་སེམས་པ་དང་། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པའི་མེ་ཏོག་ཀུན་དུ་རྒྱས་པའི་རྣམ་པར་བསྒྲགས་པ་གྲགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་སྣང་བས་སྟོབས་པ་བསྟན་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བཅུ་པོ་དེ་དག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ། །དེ་དག་ནི་གཟུངས་ཐོབ་པར་བྱ་བའི་ཕྱིར་ལོ་བདུན་དུ་བརྩོན་པར་གྱུར་པ་དག་གོ། །དེ་དག་ནི་ལོ་བདུན་འདས་ནས་སེམས་མཉམ་པར་བཞག་པ་ཡང་མ་ཐོབ་ན་གང་གཟུངས་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། དེ་
དག་ནི་ལོ་བདུན་དུ་རྨུགས་པ་དང་གཉིད་ཡོངས་སུ་སྤངས་ཤིང་འདུག་པ་དང་། འཆག་པ་ལ་བརྩོན་པར་བྱས། འདོད་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་ལ་བརྩོན་པར་བྱས་ཀྱང་བསམ་པ་བཞིན་མ་ཐོབ་ཅིང་གཟུངས་མ་ཐོབ་ནས་ཡོངས་སུ་སྐྱོ་བའི་ཡིད་ཀྱིས་བསླབ་པ་ཕུལ་ནས་
ཉམས་པར་གྱུར་ལ། ཐམས་ཅད་ཀྱང་ཁྱིམ་ན་གནས་པའི་སྐྱོན་ཁས་བླངས་ཤིང་བསྟན་པ་འདི་ལས་ཕྱིར་དོང་བ་ཤ་སྟག་གོ། །ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་ཏོ། །
འགྱོད་པ་བསལ་བ་དེས་ཀྱང་ཞག་བདུན་དུ་སྦྱིན་པ་བྱིན་ཞིང་བཅིངས་པ་ཐམས་ཅད་ཀྱང་རབ་ཏུ་ཐར་བར་བྱས་སོ། །དེ་སྦྱིན་པ་བྱིན་ཏེ་ཞག་བདུན་པོ་དེ་དག་འདས་ནས་སྲོག་ཆགས་བྱེ་བ་ཕྲག་བདུན་དང་ལྷན་ཅིག་ཏུ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་སོ། །རིགས་ཀྱི་བུ་
བཅུ་པོ་ཁྱིམ་ན་གནས་པའི་སྐྱོན་ཁས་བླངས་ནས་བསྟན་པ་འདི་ལས་ཕྱིར་དོང་བ་དེ་དག་ཀྱང་འཁོར་དེ་ཉིད་དུ་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་ཞེས་བྱ་བ་གཟུངས་ཐོབ་པ། བསྐལ་པ་གྲངས་མེད་པར་རྗེས་སུ་འཐུན་པའི་ཆོས་
ཀྱི་བཟོད་པ་དང་ལྡན་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། སྤོབས་པ་སྣ་ཚོགས་པ། ཡེ་ཤེས་ཀྱི་སྒོ་དང་། ཆོས་ཀྱི་སྒོ་ཐམས་ཅད་སྒྲུབ་པ་ལ་མཁས་པ། ཆོས་བཤད་པའི་ཕྱིར་སེམས་ཅན་རྣམས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་དང་། མོས་པ་ལ་མཁས་པ་ཞིག་

ཀྱང་འཁོར་དེ་ཉིད་དུ་འོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་
བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་བཅུ་པོ་འདི་དག་ནི་དགུང་ལོ་བདུན་དུ་གཟུངས་ཀྱི་དོན་ལ་བརྩོན་པར་གྱུར་ན་དེ་དག་བསམ་པ་མ་གྲུབ་ཅིང་བསྟན་པ་འདི་ལས་སླར་མཆིས་པ་ཁྱིམ་ན་གནས་པར་གཡར་གྱིས་བླངས་པ་ལགས་
ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་ལ་ཅི་ནས་མྱུར་བ་ཁོ་ནར་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ལྟར་ལེགས་པར་ལུང་དབོག་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལྟར་དེ་དག་གིས་སངས་རྒྱས་མི་སྤང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་ལ། སངས་རྒྱས་སྤོང་བ་ནི་རྗེས་སུ་ཐོབ་སྟེ། དེས་ན་རིགས་ཀྱི་བུ་དེ་དག་མྱུར་དུ་ཤེས་པ་འདི་ལ་མ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པས་ཚིགས་སུ་བཅད་པ་འདི་དག་གིས་ཞུས་སོ། །ཆོས་ཀྱི་རྒྱལ་པོ་འོད་མཛད་པ། །མི་ཡི་ཉི་མ་ཁྱོད་ལ་ཞུ། །བྱང་ཆུབ་སེམས་དཔའི་ལས་སྤྱོད་པ། །སྤྱོད་པ་གང་ལགས་དེ་བསྟན་གསོལ། །
དཔག་མེད་ཁྱབ་པར་འཕགས་པའི་བློ་གྲགས་པ། །སངས་རྒྱས་ཐོགས་མེད་སྟོབས་བཅུ་མཚུངས་མ་མཆིས། །སྲིད་གསུམ་འབྱུང་བ་རྣམ་གྲོལ་སྤྲོས་མི་མངའ། །སངས་རྒྱས་བྱང་ཆུབ་སྤྱོད་པ་དྲི་མེད་གསུངས། །དཔག་མེད་ཡེ་ཤེས་མངའ་བ་ཁྱོད་ལ་ཞུ། །ཡིད་གཉིས་
གཅོད་པར་མཛད་པ་ཁྱོད་ལ་ཞུ། །བཅོམ་ལྡན་མཚུངས་པ་མི་མངའ་ཁྱོད་ལ་ཞུ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་གང་ལགས། །རྒྱལ་བ་བདུད་ཐུལ་བདེ་གཤེགས་གང་གིས་ན། །ཉོན་མོངས་ཀུན་ལས་རྣམ་པར་གྲོལ་བར་འགྱུར། །ཐུགས་རྗེས་ཉོན་མོངས་ཐུལ་ལ་

བྱང་ཆུབ་ལམ། །འཕགས་པ་དེ་ནི་རབ་ཏུ་བཤད་དུ་གསོལ། །ལེགས་གསལ་ལེགས་བྱུང་ལེགས་འབྲེལ་གསུང་བ་བོ། །སྲིད་སེལ་སྲིད་འགྲོ་རྣམ་འཇོམས་ལྷུར་མཛད་པ། །དགེ་སྦྱོང་བཟང་པོ་སྨྲ་མཆོག་ཡིད་གཉིས་སེལ། །རྒྱལ་བ་བདེ་
གཤེགས་དྲི་མེད་སྤྱོད་ཀུན་གསུངས། །སྔོན་གྱི་སྲིད་བརྒྱར་ལེགས་སྤྱད་ཡོན་ཏན་དགེ། །འགྲོ་བ་ཕན་བདེར་བསྔོ་ལ་བརྩོན་པ་པོ། །རིན་ཆེན་གླང་པོ་རྟ་སྤངས་ཡུན་ཀྱང་རིང་། །བུད་མེད་ཚོགས་དང་བུ་ཡང་སྤངས་མཛད་པ། །བཟོད་དང་དུལ་དགྱེས་ཚུལ་ཁྲིམས་ཡོན་ཏན་
གཞོལ། །བློ་གྲོས་དགྱེས་གཞོལ་བརྟུལ་ཞུགས་དཀའ་ཐུབ་བརྩམས། །ཡོན་ཏན་ཚོལ་བས་སྡུག་བསྔལ་བརྒྱ་བཟོད་པ། །རྒྱལ་བ་ཁྱོད་ཀྱིས་དེ་བརྙེས་ཡིད་གཉིས་བྲལ། །སྤྱོད་ལ་མཁས་པ་ཡིད་གཉིས་རྣམ་སྤངས་པ། །སྐྱོན་ཚོགས་དྲི་མ་གསུམ་གྱི་ཐ་བ་བྲལ། །འགྲོ་
བ་ཐམས་ཅད་དུ་ཡང་རབ་གཤེགས་པ། །མགོན་པོ་བྱང་ཆུབ་མཆོག་གི་ཚུལ་བཤད་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པར་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བཅུ་
པོ་འདི་དག་ཐམས་ཅད་ཀྱིས་ནི་སངས་རྒྱས་མི་སྤང་བ་བྱས་སོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་མི་སྤང་བ་ཞེས་བགྱི་བ་དེ་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་སུམ་ཅུ་འདས་པ་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་སྨིག་
རྒྱུ་ཅན་དུ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་པའི་ང་རོ་ཞེས་བྱ་བ་བྱུང་བར་གྱུར་པ་དེའི་ཚེ་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱི་མའི་དུས་ཕྱི་མའི་ཚེ་ན་རིགས་ཀྱི་བུ་བཅུ་པོ་འདི་དག་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་ཏོ། །དེའི་ཚེ་རིགས་ཀྱི་
བུ་བཅུ་པོ་དེ་དག་ཐམས་ཅད་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་བྱེད་དུ་བཅུག་གོ། །གཙུག་ལག་ཁང་རེ་རེར་ཡང་དགེ་སློང་སྟོང་སྟོང་གནས་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་ཞེས་བྱ་བ་གཟུངས་ཐོབ་པ་ཞིག་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཆོས་སྨྲ་བ་

སྤོབས་པ་བརྩེགས་པ་དེ་ཆོས་ཀྱི་སྟན་ལ་འདུག་པ་ལ་སངས་རྒྱས་ལྔ་སྟོང་སྤོབས་པ་སྒྲུབ་པར་མཛད་དེ། ལྷ་དུང་ཕྱུར་ཕྲག་བརྒྱད་ཀྱང་ལུས་ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་གྱུར་ཏོ། །དེའི་ཆོས་བཤད་པ་གཅིག་གིས་སྲོག་ཆགས་བདུན་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྲོག་ཆགས་ཁྲི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །རིགས་ཀྱི་བུ་དེའི་ཚེ་རྒྱལ་པོ་ཟླ་བས་བྱིན་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེས་ཆོས་ལ་གུས་པས་ཆོས་སྨྲ་བ་དེ་ལ་མཆོད་པའི་ཕྱིར་བུད་མེད་ལྔ་བརྒྱ་དང་གླུ་དབྱངས་དང་རོལ་མོ་བྱས་སོ། །
དགེ་སློང་དེ་ལ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་ཀྱང་མངོན་པར་གཏོར་ཏེ། ཙན་དན་གྱི་བྱུག་པས་ཀྱང་བྱུགས་སོ། །རས་བཅོས་བུ་ལྔ་བརྒྱས་ཀྱང་བཀབ་བོ། །བདེ་བའི་རིམ་གྲོ་ཐམས་ཅད་ཀྱིས་མཆོད་པ་འདི་ལྟ་སྟེ། ཆོས་སྨྲ་བ་ལ་མཆོད་པའི་མཆོད་པ་མཆོག་གིས་ཞག་བདུན་
དུ་རིམ་གྲོ་བྱས་སོ། །དེ་ནས་དགེ་སློང་དེ་ལ་ཁྱིམ་བདག་གི་བུ་དེ་དག་གིས་འཆལ་པའི་ཚུལ་ཁྲིམས་ཀྱིས་གླེངས་སོ། །ལས་དེའི་རྣམ་པར་སྨིན་པས་དེ་དག་ལོ་དགུ་ཁྲིར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ། །ཚེ་རབས་ལྔ་བརྒྱ་ལྔ་བརྒྱར་ནི་མི་རྣམས་ཀྱི་ནང་དུ་ཟ་མ་དང་། ཀླ་ཀློ་
དང་། ལོག་པར་ལྟ་བའི་ཁྱིམ་རྣམས་སུ་སྐྱེས་སོ། །ཚེ་རབས་དྲུག་བརྒྱར་ནི་དམུས་ལོང་དང་ལྕེ་མེད་པར་གྱུར་ཏོ། །ཚེ་རབས་བདུན་བརྒྱར་ནི་རབ་ཏུ་བྱུང་ནས་ཇི་སྲིད་འཚོའི་མཐར་ཐུག་གི་བར་དུ་གཟུངས་མ་ཐོབ་པར་འཆི་བའི་དུས་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་རིགས་ཀྱི་
བུ་དེ་དག་བསྒྲིབས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་མོས་པར་བྱའོ། །ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཆོས་སྨྲ་བ་ལ་མངོན་སུམ་དུ་མཐོང་ཡང་འཆལ་པའི་ཚུལ་ཁྲིམས་ཀྱིས་བརྗོད་པར་མི་བྱ་ན་ཐོས་པ་ལྟ་ཅི་སྨོས། རིགས་ཀྱི་བུ་གང་ཞིག་
སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་བས་ནི་གང་ཞིག་ཆོས་སྨྲ་བ་ལ་གཤེ་བའི་བསམ་པས་ལྟ་བར་བྱེད་ན། དེ་ནི་དེ་བས་ཆེས་ཁ་ན་མ་ཐོ་བའི་ལས་ཆེ་བ་ཡིན་ནོ། །གང་ཞིག་སེམས་ཅན་ཐམས་ཅད་འཆིང་བར་བྱེད་ལ། གང་ཞིག་ཆོས་སྨྲ་བ་མཐོང་ན་རྒྱབ་ཀྱིས་ཕྱོགས་ཏེ་འདུག་

པར་བྱེད་ན། བསོད་ནམས་མ་ཡིན་པ་འདི་ལ་བསོད་ནམས་མ་ཡིན་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་
ཕྱིར་ཞེ་ན། གང་ཆོས་སྨྲ་བ་ལ་སྐུར་པ་འདེབས་པ་དེས་ནི་སངས་རྒྱས་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ལ་བསྙེན་བཀུར་བྱ་བར་འདོད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱའོ། །སངས་རྒྱས་ལ་མཆོད་པར་འདོད་པས་ཆོས་སྨྲ་བ་ལ་མཆོད་པར་བྱའོ། །
སངས་རྒྱས་ལ་ཕྱག་འཚལ་བར་འདོད་པས་ཆོས་སྨྲ་བ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་རོ། །གང་ལས་
བརྟེན་ཏེ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེས་པ་དེ་ལས་བརྟེན་ནས་དེ་ནི་ཉོན་མོངས་པ་རྣམས་ཀྱི་འདོད་པའི་ལོངས་སྤྱོད་ལ་གནས་པར་བརྗོད་པར་མི་བྱ། དེ་ནི་ནམ་དུ་ཡང་ཚངས་པར་སྤྱོད་པ་ལ་མི་གནས་པར་བརྗོད་པར་མི་བྱ། དེ་ནི་གཟུགས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ཀྱང་གཟུགས་མེད་པར་ཉེ་བར་འགྲོ་བར་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པའི་དབང་གིས་མི་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱི་དབང་གིས་སྐྱེ་བའི་ཕྱིར་རོ། །དེ་ནི་བྱིས་པའི་སྤྱོད་པ་ཐམས་ཅད་ལས་གྲོལ་བའོ། །
གང་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་སྟོན་པར་འདོད་པ་དེས་ནི་ནམ་མཁའི་ཁམས་ཀྱི་གཟུགས་བསྟན་པར་འདོད་དུ་ཟད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཀླུ་ཐམས་ཅད་ཀླུ་ཉིད་དུ་སྤྱིར་སོང་བ་ཡིན་པས་ཀླུའི་རྒྱལ་པོ་མ་དྲོས་པ་ནི་ཀླུའི་བགྲང་བར་ཡང་འགྲོ་ལ་ཀླུའི་ཉེས་པ་
གསུམ་གྱིས་ཀྱང་གོས་པར་མི་འགྱུར་རོ། །གསུམ་གང་ཞེ་ན། མགོ་ལ་བྱེ་ཚན་མི་འབབ་པ་དང་། སྐྱོ་བ་པོའི་ལུས་དང་ལྷན་ཅིག་ཏུ་ཀུན་དུ་མི་གནས་པ་དང་། དེ་ལ་ནམ་མཁའ་ལྡིང་གི་འཇིགས་པ་མི་འབྱུང་བ་སྟེ། རིགས་ཀྱི་བུ་ཀླུའི་སྐྱོན་གསུམ་པོ་དེ་དག་གིས་གོས་པར་མི་འགྱུར་

རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩེད་མོ་དང་། དགའ་བ་ཐམས་ཅད་ཉམས་སུ་མྱོང་བར་བྱེད་ཀྱང་སྲིད་པ་གསུམ་དུ་འདོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་བརྗོད་པར་བྱའོ། །རིགས་ཀྱི་བུ་
འདི་ལྟ་སྟེ་དཔེར་ན། སེམས་ཅན་གྱི་རིས་ཉ་བ་ཞེས་བྱ་བ་ཡོད་དེ། དེ་ནི་ཆུ་ལ་སྤྱོད་ཆུ་ལ་བལྟ་ཡང་དེར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་ན་སྤྱོད་ཀྱང་དེ་ཉིད་དུ་བྱིས་པའི་སྤྱོད་པ་ལ་གནས་ནས་ཡེ་ཤེས་
ཀྱི་སྤྱོད་པ་ཚོལ་ལོ། །ཆོས་ཡང་དག་པར་བླངས་པས་ཀྱང་རྨོངས་པར་མི་འགྱུར་རོ། །བྱིས་པ་དང་ལྷན་ཅིག་ཏུ་གནས་པས་སྲིད་པ་གསུམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་ཡང་མི་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་བསྲུང་བར་
བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་གང་ཞིག་མཆོད་བྱ་དང་། །དེ་ལ་གང་ཞིག་ཕྱག་ཀྱང་འཚལ་འདོད་པ། །དེས་འདིར་བདེ་གཤེགས་སྲས་རྣམས་མཆོད་པར་བྱ། །འདི་ནི་རྒྱལ་བ་རྣམས་
ལ་མཆོད་པ་མཆོག །ང་ཡི་གོས་དང་ལྷུང་བཟེད་གདིང་བ་དང་། །མལ་ཆ་དང་ནི་འཆག་ས་གང་ཡིན་པ། །གང་དག་བྱང་ཆུབ་དོན་དུ་བརྩོན་བྱེད་པ། །དེ་དག་ལ་ནི་ང་ཡིས་གནང་བ་ཡིན། །འདི་ལྟར་མི་མཆོག་སངས་རྒྱས་ཐམས་ཅད་ཀྱང་། །དེ་ལས་ངེས་པར་ཤིན་
ཏུ་བྱུང་བའི་ཕྱིར། །སངས་རྒྱས་རྣམས་ལ་ཇི་ལྟར་མཆོད་བྱ་བ། །དེ་བཞིན་དེ་དག་ལ་ཡང་མཆོད་པར་བྱ། །དེ་དང་དེ་དག་མགོན་དང་མཁས་པ་སྟེ། །ལོང་བ་རྣམས་ལ་མིག་ཀྱང་སྦྱིན་པར་བྱེད། །ལམ་ལ་རྨོངས་པ་རྣམས་ཀྱི་སྟོན་པ་སྟེ། །འཆི་བ་མེད་པའི་ཕྱོགས་སུ་འདྲེན་
པ་ཡིན། །གལ་ཏེ་སེམས་ཅན་རྣམས་ཀྱིས་དེ་དག་ལ། །རྟག་ཏུ་དགའ་བས་ལོངས་སྤྱོད་ཀུན་བྱིན་ཡང་། །དེ་དག་རྣམས་ཀྱི་དང་པོའི་སེམས་བརྟེན་པ། །དེ་ལའང་ལན་གླན་བྱས་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་བག་ཚ་བ་མེད་པར་གནས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གི་ལས་ཀྱི་སྒྲིབ་པ་དེ་གང་གིས་རྣམ་པར་དག་པར་འགྱུར་བའི་རྣམ་གྲངས་འགའ་ཞིག་མཆིས་ལགས་སམ། བཀའ་སྩལ་པ། ཡོད་དེ། བག་
ཚ་བ་མེད་པར་གནས་པ་གལ་ཏེ། རིགས་ཀྱི་བུ་དེ་དག་རབ་ཏུ་བྱུང་ནས་གཟུངས་སྔགས་ཀྱི་གཞི་འདི་དག་ཟློས་པར་བྱེད་ནའོ། །སྱཱད་ཡ་ཐེ་དན། ཨཙྪ། ཨཙྪ་བ་ཏི། ཨ་ནཱ་བི་ལེ། ཨ་ཀླེ་ཥེ། ཨ་ཀྲྀ་ཏེ། ཨ་ནཱ་ཡཱུ་ཧེ། ཨ་བེ། ཨ་པ་ར་ཛི་ཏེ། བྷ་བ་ཏུ། ཨཾ་
ག་མ། ཡུ་ཏཱ་ཛྙཱ་བ། པྲ་ཀྵི་པེ། ནི་རྒ་ཏེ། ཨུ་གྲ་ཧེ། ཧུ་ཧུ་མེ། ཙ་བ་ལེ། ས་དེ། ས་མེ། ས་མ་དེ། ཡོ་ཏི། ན་ཡོ། པ་རི་ཤོ་དྷི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་གཟུངས་སྔགས་ཀྱི་གཞི་འདི་དག་བཟླས་ལ། ཞག་བདུན་དུ་འཛིན་པ་མེད་པ་དང་། འཇོག་པ་མེད་པ་དང་།
གཟུགས་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། རབ་ཏུ་དང་བ་མེད་པ་དང་། ཡུན་རིང་དུ་འགྲོ་བ་མེད་པ་དང་། བྱེད་པ་མེད་པ་དང་། གོས་པ་མེད་པ་དང་། མཉམ་པའི་སེམས་དང་བྲལ་བ་དང་། ཕུང་པོ་ལྔ་དང་བྲལ་བ་དང་། མི་བཟོད་པ་མེད་
པའི་ཚུལ་གྱིས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་དགོས་ཏེ། དེ་ནི་དེ་དག་ཕྱོགས་བཅུའི་སངས་རྒྱས་སྟོང་གི་ཞལ་མཐོང་བར་བྱེད་པ་དང་། ཉེས་པ་འཆགས་སུ་འཇུག་པར་བྱེད་པའོ། །དེ་ནས་རིགས་ཀྱི་བུ་དེ་དག་གིས་རབ་ཏུ་བྱུང་སྟེ། གསང་སྔགས་ཀྱི་གཞི་འདི་དག་
བཟླས་ནས་ཞག་བདུན་དུ་བརྩོན་པར་འཛིན་པ་མེད་པ་ལ་སོགས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་ཏེ། སངས་རྒྱས་སྟོང་ཡང་མཐོང་ངོ་། །ལས་ཀྱི་སྒྲིབ་པ་དེ་ཡང་བཤགས་སོ། །དེ་ཉིད་ཀྱི་ཚེ་ཐམས་ཅད་སྒྲུབ་པའི་ཡེ་ཤེས་ཀྱི་སྒོ་ཞེས་བྱ་བའི་གཟུངས་ཀྱང་ཐོབ་བོ། །
འཁོར་བ་ལས་བསྐལ་པ་སུམ་ཅུ་ཡང་ཕྱིར་བསྙིལ་ལོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ། །བག་ཚ་བ་མེད་པར་གནས་པ་དེ་ལ་གང་རྒྱལ་པོ་ཟླ་བས་བྱིན་ཞེས་བྱ་བ་གང་གིས་ཆོས་སྨྲ་བ་དེ་ལ་མཆོད་པ་བྱས་པར་གྱུར་པ་དེ་ནི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཡིན་ཏེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བས་བྱིན་པར་གྱུར་ཏོ། །གང་སྤོབས་པ་བརྩེགས་པ་ཞེས་བྱ་བ་ཆོས་སྨྲ་བ་བྱུང་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
མི་འཁྲུགས་པ་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་ཞེས་བྱ་བར་གྱུར་ཏོ། །གང་དག་ཁྱིམ་པ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་པ་བཅུ་པོ་དེ་དག་ནི་རིགས་ཀྱི་བུ་འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་གང་དག་གིས་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་དེ་
ལ་འཆལ་པའི་ཚུལ་ཁྲིམས་ཀྱིས་གླེངས་པ་སྟེ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུ་བཅུ་པོར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པས་གནས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔས་སྲོག་གི་ཕྱིར་ཡང་འཁྲུལ་པ་ལ་ལྟ་བར་མི་
བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར་རོ། །བཞི་གང་ཞེ་ན། སྟོང་པ་ཉིད་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་། བྱང་ཆུབ་སེམས་
དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ཡང་དག་པར་བསྟན་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དོན་དེ་ཉིད་ཚིགས་སུ་བཅད་པ་འདི་དག་གིས་བཀའ་སྩལ་ཏོ། །རྒྱལ་བས་གང་གིས་དེ་དག་རྣམ་དག་པ། །སྟོང་ལ་མོས་པ་ལམ་གྱི་དང་པོར་གསུངས། །དེ་ལ་རྟག་ཏུ་བག་ཡོད་གང་གནས་པ། །དེ་ནི་སངས་རྒྱས་ཐོབ་ནས་འཇིག་རྟེན་སྣང་། །སེམས་ཅན་ཀུན་ལ་རྟག་ཏུ་དང་
བ་དང་། །གང་ལའང་ཀྭ་ཞེས་རྗོད་པར་མི་འདོད་ཅིང་། །ང་རྒྱལ་སྤངས་ནས་སྐྱེ་བོ་རྣམས་ལ་བཟོད། །འདི་ནི་སྦྱོང་བར་བྱེད་པའི་ལམ་གཉིས་པའོ། །སྡུག་པའི་དངོས་པོ་དྲི་མེད་གང་ཅིའང་རུང་། །བྱང་ཆུབ་མཆོག་བརྩོན་རྣམས་ལ་དེ་སྦྱིན་ཞིང་། །དེ་དག་ལས་ནི་ལན་འདོད་

མི་བྱ་སྟེ། །བྱང་ཆུབ་རབ་མཆོག་གི་ནི་ལམ་གསུམ་པའོ། །སྙིང་རྗེ་ཅན་གྱིས་ངེས་པར་སྐྱེ་བོ་ལ། །ཟང་ཟིང་མེད་པར་རྟག་ཏུ་ཆོས་སྦྱིན་ཞིང་། །ལྷག་པའི་བསམ་པ་ཡིས་ནི་སྙིང་བརྩེ་བ། །དེ་བཞིན་མཁས་པས་སྤྱོད་པའི་ལམ་བཞི་པའོ། །རིགས་
ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ལ་སྦྱོར་བར་བྱས་པས་ནི་དགོན་པ་ལ་བསྟེན་པར་བྱ། ཆོས་ཉན་དུ་འགྲོ་བར་བྱ། གོས་གཙང་མ་དག་བཅང་བར་བྱ། གཅིག་པུ་གནས་པར་བྱ། སྤྱོད་ལམ་བཞིས་གནས་པར་བྱ། ཆོས་སྨྲ་བ་རྣམས་
ལ་སྣ་ཚོགས་སྦྱིན་པ་བསྒྲུབ་པའི་བསམ་པ་ལ་སྦྱོར་བ་དང་མོས་པར་བྱ། དཀོན་མཆོག་གསུམ་ལ་གུས་པ་དང་བཅས་པར་བྱ། གཞན་གྱི་དབང་དུ་མི་འགྱུར་བར་བྱ། ཡོངས་སུ་མི་སྐྱོ་བ་དང་། རྟག་ཏུ་བརྩོན་འགྲུས་བརྩམས་པ་དང་། གཡོ་མེད་པ་དང་། སངས་རྒྱས་རྗེས་སུ་
དྲན་པ་དང་མ་བྲལ་བ་དང་། མི་དམིགས་པ་དང་། མཚན་མ་མེད་པ་ལེགས་པར་བསྒོམ་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པར་བྱ། སངས་རྒྱས་ལ་གསོལ་བ་གདབ་པར་མོས་པར་བྱ། ཉེས་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་ལ་
མཁས་པར་བྱ། མ་བརྟགས་པའི་སྤྱོད་ལམ་དུ་མི་བྱ། མི་སྐྲག་པ་དང་། སྟོན་པ་དང་། བླ་མ་ལ་གནས་བཅའ་བས་གནས་པར་བྱའོ། །འཐུན་པར་འཛིན་པར་བྱའོ། །ཆོས་དེ་དག་ལ་ཡོངས་སུ་མི་སྐྱོ་བས་བསྟེན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་
འདི་བཤད་པ་ན་སྲོག་ཆགས་སུམ་ཁྲི་ནི་སྔོན་སེམས་མ་བསྐྱེད་པ་ལས་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སྲོག་ཆགས་ལྔ་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །
ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅེས་སྤྲས་བྱེད་པའོ། །གང་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས། དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་

པར་བྱེད་ལ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན། དེ་ནི་དེ་དག་ལས་མཆོག་ཏུ་བཀྲབས་པའོ། །གང་ཞིག་བསྐལ་པ་སྟོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན་འདི་ནི་དེ་དག་ལས་མཆོག་
ཏུ་བཀྲབས་པའོ། །གང་ཞིག་སངས་རྒྱས་སྟོང་ལ་སྔ་དྲོ་དང་། ཉི་མ་ཕྱེད་དང་། ཕྱེ་མ་རེད་ཀྱི་དུས་སུ་བསྙེན་བཀུར་བྱེད། གུས་པར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན། འདི་ནི་དེ་དག་ལས་མཆོག་ཏུ་བཀྲབས་
པའོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང་། བཅང་བ་དང་། བཀླག་པ་དང་། བསྟན་པ་དང་། ཡི་གེར་བྲི་བར་བྱ་བའི་ཕྱིར་ཁྱེད་ཅག་ལ་གཏད་ཀྱིས། ངའི་བསྟན་པ་འདི་ལུས་དང་སྲོག་ཡོངས་སུ་གཏང་བ་དང་ཡང་བསྡོ་ཞིང་ཡོངས་སུ་བསྲུང་བར་
བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བག་ཚ་བ་མེད་པར་གནས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་
བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་མི་སྤང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་
དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་མཎྜལ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ་
འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་

བ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྒྲ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་མི་ཕམ་པ་དང་། ངག་མཆོག་དང་། བློ་གྲོས་མཐའ་ཡས་དང་། དྲི་མེད་སྙིང་པོ་དང་། ཡེ་ཤེས་རྒྱལ་པོ་དང་། མཐའ་ཡས་སྡེ་དང་། ཡེ་ཤེས་སྣང་བ་དང་། ཡེ་ཤེས་སྒྲོན་མ་དང་། ཤེས་རབ་སྣང་བ་དང་། ཚངས་པས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ལྷའི་ཅོད་པན་དང་། དེ་དག་དང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཆེ་བ་དབང་ཆེ་བར་གྲགས་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་
ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ཤིན་ཏུ་ཡོངས་བསྒྲགས་
དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མཐོང་དགའ་ཞེས་བྱ་བ་ཡོད་དེ། དེ་ན་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་སྣང་བ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་
འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །

ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པའི་ཚོགས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་
ཁམས་རྡུལ་བྲལ་ཚོགས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་པ་སྣང་བའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་
བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སླུ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་
པར་སྟོན་པའི་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་གྱི་ཚོགས་
ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མ་ལ་རྣམ་པར་གནོན་པས་བཞུད་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་
ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མ་ལ་རབ་ཏུ་གནས་པའི་རི་དབང་

རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱད་པོ་དེ་དག་གི་སངས་རྒྱས་ཀྱི་ཞིང་དེ་དག་ནི་ཡོངས་སུ་དག་པ་སྟེ། བུད་མེད་མེད་དོ། །སྙིགས་མ་ལྔ་
མེད་དོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱད་པོ་དེ་དག་གི་མཚན་ཐོས་ནས་ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་
པར་བྱེད་དེ། འཇུག་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་སེམས་ཅན་དམྱལ་བར་འགྲོའམ། དུད་འགྲོའི་སྐྱེ་གནས་སམ། ཡི་དགས་ཀྱི་ཡུལ་ལམ་ལྷ་མ་ཡིན་གྱི་ཡུལ་གྱི་ནང་དུ་འགྲོ་བར་འགྱུར་བ་དེའི་
གནས་མེད་དེ་གོ་སྐབས་མ་ཡིན་ནོ། །མི་ཁོམ་པ་རྣམས་སུ་སྐྱེ་བ་དེའི་གནས་མེད་དོ། །ཤཱ་རིའི་བུ་བུད་མེད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས། བླངས་ཤིང་བཟུང་ལ། བཀླགས་ཤིང་ཀུན་ཆུབ་པར་བྱས་
ཏེ། འཇུག་པར་བྱས་ཤིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ན། ཤཱ་རིའི་བུ་དེ་བུད་མེད་ཀྱི་དངོས་པོ་ལན་གཉིས་ལེན་པའི་གནས་དེ་མེད་ཅིང་གོ་སྐབས་མ་ཡིན་ཏེ་དེའི་གནས་མེད་དོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་
ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས་བླངས་ཤིང་བཟུང་ལ། བཀླགས་ཤིང་ཀུན་ཆུབ་པར་བྱས་ཏེ། འཇུག་པར་བྱས་ཤིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་
པར་རབ་ཏུ་སྟོན་ན། དེ་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ཆ་ལས་འཇིགས་པ་མི་འབྱུང་བར་ཤེས་པར་བྱའོ། །ཤཱ་རིའི་བུ་རིགས་

ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་བརྗོད་དེ། ནུབ་མོ་སྲོད་ལ་ཉལ་ན་དེ་བདེ་བར་གཉིད་ཀྱིས་ལོག་པར་འགྱུར། བདེ་བར་སད་
པར་འགྱུར་ཞིང་སྡིག་པ་ཅན་གྱི་རྨི་ལམ་རྨི་བར་མི་འགྱུར་ཏེ། དེ་གཉིད་ཀྱིས་ལོག་པ་ན་ཡང་ལྷ་རྣམས་བསྲུང་བར་འགྱུར་རོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་བརྗོད་ནས་མཚན་མོ་ཐོ་རངས་འཇིག་རྟེན་པའི་བྱ་བ་རྣམས་རྩོལ་ན་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ་པར་མི་འགྱུར་རོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག །དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས་ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། འཇུག་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་ནམ་ཡང་མངོན་པར་ཤེས་
པ་དང་བྲལ་བར་མི་འགྱུར། ནམ་ཡང་གཟུངས་དང་བྲལ་བར་མི་འགྱུར། ནམ་ཡང་དབང་པོ་མ་ཚང་བར་མི་འགྱུར། ནམ་ཡང་མཚན་དང་བྲལ་བར་མི་འགྱུར། ནམ་ཡང་ཤེས་རབ་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར། ནམ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་།
རང་སངས་རྒྱས་དང་། ཉན་ཐོས་དང་བྲལ་བར་མི་འགྱུར་རོ། །དེ་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་ནམ་ཡང་ཤེས་རབ་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་
གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་འདི་དག་གི །མཚན་རྣམས་མི་གང་འཛིན་བྱེད་པ། །དེ་ནི་ངན་འགྲོ་ཀུན་ཟློག་ནས། །རིང་པོ་མི་ཐོགས་བདེ་འགྲོར་འགྲོ། །རྫོགས་པའི་སངས་རྒྱས་མཉེས་པར་བྱེད། །དེ་

ཡི་སེམས་ནི་དང་བར་འགྱུར། །རྟག་ཏུ་འཇིག་རྟེན་མགོན་མཐོང་ནས། །མཆོད་པ་དམ་པ་བྱེད་པར་འགྱུར། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །དེ་ནི་འདུ་བའི་སྒོ་རྙེད་ཅིང་། །དེ་ནི་རྟག་ཏུ་བཀུར་བར་
འགྱུར། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །ལྷ་རྣམས་ཀྱིས་ནི་རྟག་ཏུ་མཆོད། །མྱུར་དུ་བྱང་ཆུབ་འཚང་རྒྱར་འགྱུར། །མཚན་རྣམས་འདི་དག་འཛིན་བྱེད་པ། །དེ་ནི་ཤེས་རབ་འཆལ་པའམ། །བླུན་པའམ་འོན་པར་ཡོང་མི་
འགྱུར། །ཀུན་དུ་སངས་རྒྱས་མཐོང་བར་འགྱུར། །སངས་རྒྱས་རྣམས་ཀྱི་མཚན་འཛིན་པ། །དེ་ལ་ལྷ་ཀླུ་གནོད་སྦྱིན་དང་། །གསང་བ་ལྷ་དང་ལྷ་མིན་རྣམས། །ཉིན་དང་མཚན་དུ་སྲུང་བར་བྱེད། །མཚན་རྣམས་འདི་དག་འཛིན་བྱེད་པ། །དེ་ནི་གཟུགས་མཚན་ཕུན་སུམ་
ཚོགས། །འབྱོར་པའི་རིགས་སུ་སྐྱེ་འགྱུར་ཞིང་། །དེ་ནི་སྦྱིན་པའི་བདག་པོར་འགྱུར། །ཐུབ་པ་རྣམས་ཀྱི་མཚན་འཛིན་པས། །བསྐལ་པ་བྱེ་བ་བརྒྱ་མང་དུ། །དེ་ཡི་ཁ་ནས་དྲི་འབྱུང་བ། །དྲི་བསུང་ཞིམ་པོ་འབྱུང་བར