Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 068_མདོ་སྡེ།_ཡ

Văn bản gốc(Tây Tạng)

Trang 1 / 19 (50.000 ký tự/trang)
༄༅། །མདོ་སྡེ་ཡ་བཞུགས་སོ། །

༄༅༅། །དཔང་སྐོང་ཕྱག་བརྒྱ་པ་ཞེས་བྱ་བ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རབ་འབྱམ་མ་ལུས་པའི་དཀོན་མཆོག་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཕྱོགས་བཅུའི་སངས་རྒྱས་
ཐམས་ཅད་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་མྱ་ངན་མེད་པའི་
དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་
རྒྱལ་བའི་དབང་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བྱང་ཤར་མཚམས་ཀྱི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །

ཤར་ལྷོ་མཚམས་ཀྱི་སངས་རྒྱས་པད་མོ་དམ་པའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་མཚམས་ཀྱི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །
ནུབ་བྱང་མཚམས་ཀྱི་སངས་རྒྱས་གདུགས་དམ་པའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་པད་མོའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བླ་མ་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ་
དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ཡང་ཤར་ཕྱོགས་ཀྱི་སངས་རྒྱས་མི་འཁྲུགས་པ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ནུབ་
ཕྱོགས་ཀྱི་སངས་རྒྱས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་དོན་ཡོད་གྲུབ་པ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔའ་བརྟན་པའི་སྡེ་དགའ་བའི་རྒྱལ་པོ་དེ་བཞིན་གཤེགས་པ་
ལ་ཕྱག་འཚལ་ལོ། །སངས་རྒྱས་ཚེ་མཐའ་ཡས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་འཁྲུགས་པ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་གྱི་བླ་བཻ་དཱུརྱའི་འོད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་
ཕྱག་འཚལ་ལོ། །སངས་རྒྱས་སཱ་ལའི་མེ་ཏོག་ཀུན་ཏུ་རྒྱས་པའི་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་དཔལ་གྱི་རྒྱལ་པོ་

དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཨུད་པ་ལ་རྒྱས་པ་བསུང་གི་རྒྱལ་པོ་དེ་བཞིན་
གཤེགས་པ་ལ་ཕྱག་འཚལ་ལོ། །ངུར་སྨྲིག་གི་རྒྱལ་མཚན་གྱི་འཇིག་རྟེན་ན། སངས་རྒྱས་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ཕྱིར་མི་ལྡོག་པའི་འཁོར་ལོ་བསྒྲགས་པའི་འཇིག་རྟེན་ན། སངས་རྒྱས་རབ་ཏུ་
གདོན་མི་ཟ་བ་པད་མོ་རྒྱས་པའི་སྐུ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །རྡུལ་མེད་པའི་འཇིག་རྟེན་ན། སངས་རྒྱས་སེང་གེ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །རབ་ཏུ་སྣང་བའི་འཇིག་རྟེན་ན་སངས་རྒྱས་རིན་པོ་ཆེའི་གཙུག་ཕུད་དེ་བཞིན་གཤེགས་པ་
ལ་ཕྱག་འཚལ་ལོ། །འོད་བཟང་པོའི་འཇིག་རྟེན་ན། སངས་རྒྱས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །འདའ་བར་དཀའ་བའི་འཇིག་རྟེན་ན། སངས་རྒྱས་ཆོས་ཀྱི་འོད་ཟེར་རབ་ཏུ་རྒྱས་པའི་སྐུ་དེ་བཞིན་གཤེགས་པ་ལ་
ཕྱག་འཚལ་ལོ། །རབ་ཏུ་བཟང་པོའི་འཇིག་རྟེན་ན། སངས་རྒྱས་ཐམས་ཅད་མཁྱེན་པའི་བློ་གྲོས་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །མེ་ལོང་གི་དཀྱིལ་འཁོར་བསྒྲགས་པའི་འཇིག་རྟེན་ན། སངས་རྒྱས་ཟླ་བའི་ཐུགས་དེ་བཞིན་
གཤེགས་པ་ལ་ཕྱག་འཚལ་ལོ། །པད་མོ་དཔལ་གྱི་འཇིག་རྟེན་ན། སངས་རྒྱས་དཔལ་བཟང་པོ་དེ་བཞིན་གཤེགས་པའི་བར་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་འོད་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛེས་ཆེན་དེ་བཞིན་
གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་གྱི་དཀྱིལ་འཁོར་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་བའི་སྤྱན་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱ་མཚོའི་དཔལ་དེ་བཞིན་

གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་གྱི་གཟུ་བ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐའ་ཡས་པའི་ཡོན་ཏན་གྱི་འོད་ཟེར་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨོན་ལམ་ཐམས་ཅད་ལས་
འབྱུང་བའི་རིན་པོ་ཆེའི་གཟི་བརྗིད་ཤིན་ཏུ་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པའི་སྒྲ་དབྱངས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་རྡོ་རྗེའི་རྒྱ་མཚོའི་དབང་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །
སངས་རྒྱས་རྣམ་པར་གཟིགས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ཏོར་ཅན་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མ་ལུས་པའི་དབང་པོ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །
སངས་རྒྱས་ལོག་པར་དད་སེལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་ཐུབ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུང་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །འདས་པའི་སངས་རྒྱས་ཐམས་ཅད་ལ་
ཕྱག་འཚལ་ལོ། །ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མ་བྱོན་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དཔལ་རྣམ་པར་སྣང་མཛད་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་
ཀྱི་སྐུ་མུ་མེད་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སྐུ་གཟུགས་ཐམས་ཅད་ལ་ཕྱག་འཚལ་ལོ། །རིང་བསྲེལ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་རྟེན་ཐམས་ཅད་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་མདོའི་སྡེ་ལ་ཕྱག་
འཚལ་ལོ། །དབྱངས་ཀྱིས་བསྙད་པའི་སྡེ་ལ་ཕྱག་འཚལ་ལོ། །ལུང་དུ་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པའི་སྡེ་ལ་ཕྱག་འཚལ་ལོ། །ཆེད་དུ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །གླེང་གཞིའི་སྡེ་ལ་ཕྱག་འཚལ་ལོ། །རྟོགས་

པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །འདས་པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །སྐྱེས་པ་རབས་ཀྱི་སྡེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱས་པའི་སྡེ་ལ་ཕྱག་འཚལ་ལོ། །རྨད་དུ་བྱུང་བའི་སྡེ་ལ་ཕྱག་འཚལ་ལོ། །ཆོས་རྟོགས་པ་བསྟན་པའི་སྡེ་ལ་ཕྱག་འཚལ་
ལོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་པ་ཆེན་པོའི་མཛོད་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་གྱི་གསུང་རབ་ཐམས་ཅད་དང་། འདུལ་བ་ཐབས་ཀྱི་སྒོ་མོ་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་
བརྗོད་དུ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། དམ་པའི་ཆོས་ཀྱི་ཡི་གེ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་མཛད་ལ་ཕྱག་འཚལ་ལོ། །
ཤར་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་འབྱུང་བ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་མྱ་ངན་མེད་པས་བྱིན་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་
བྱང་ཆུབ་སེམས་དཔའ་རྒྱལ་བས་བྱིན་ལ་ཕྱག་འཚལ་ལོ། །བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་
མཚམས་ཀྱི་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་པད་མོ་དམ་པ་ལ་ཕྱག་འཚལ་ལོ། །བླ་མ་ཕྱོགས་ཀྱི་བྱང་
ཆུབ་སེམས་དཔའ་དགའ་བས་བྱིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་

ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་
སེལ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོའི་མཆོག་འཕགས་པ་ཤཱ་རིའི་བུ་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་ཆེན་པོའི་མཆོག་འཕགས་པ་མཽད་གལ་གྱི་བུ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པའི་མཆོག་འཕགས་པ་ཀུན་
དགའ་བོ་ལ་ཕྱག་འཚལ་ལོ། །སྦྱངས་པའི་ཡོན་ཏན་གྱི་མཆོག་འཕགས་པ་འོད་སྲུང་ལ་ཕྱག་འཚལ་ལོ། །བསླབ་པ་ལ་གུས་པའི་མཆོག་འཕགས་པ་ནོར་སྦྱིན་འཛིན་ལ་ཕྱག་འཚལ་ལོ། །འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བར་འཁོར་ལ་ཕྱག་འཚལ་ལོ། །
རྫུ་འཕྲུལ་གྱི་སྤྱན་མངའ་བའི་མཆོག་འཕགས་པ་མ་འགགས་པ་ལ་ཕྱག་འཚལ་ལོ། །འདྲི་ཞིང་ལན་ལྡོན་པའི་མཆོག་འཕགས་པ་རབ་འབྱོར་ལ་ཕྱག་འཚལ་ལོ། །འཕགས་པ་དགྲ་བཅོམ་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་རང་
སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་དགེ་འདུན་བཞུགས་སོ་འཚལ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་དད་པས་ཕྱག་འཚལ་ནས། །སྡིག་པ་ཀུན་བྱང་དགེ་ཚོགས་རྣམ་པར་འཕེལ། །བཅོམ་ལྡན་སོ་སོའི་
བཀའ་ལས་ཅི་འབྱུང་བ། །ཡོན་ཏན་ཁྱད་པར་ཅན་དེ་གྲུབ་པར་ཤོག །ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསྟོད་ཅིང་བསྔགས་སོ། །བལྟ་ཞིང་བརྟག་གོ། །བྱང་ཆུབ་སེམས་དཔའི་བསོད་ནམས་རབ་འབྱམ་ལས་བྱུང་བ་མི་

མཉམ་པ་དང་མཉམ་པའི་མཆོད་པ་སྣ་ཚོགས་མཆོག །གཙོ་བོ། དམ་པ། ཁྱད་པར་ཅན། བཟང་པོ། གྱ་ནོམ་པ། བླ་ན་མེད་པ། མི་མཉམ་པ་དང་མཉམ་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བྱུར་བུར་བཀང་སྟེ། ཆོས་ཀྱི་མཆོད་པ་
དང་བཅས་པས་མ་ལུས་མི་ལུས་ལུས་པ་མེད་པའི་དཀོན་མཆོག་གསུམ་ལ་ཕྱི་མའི་མུའི་མཐར་རྟག་ཏུ་རྒྱུན་མི་འཆད་པར་མཆོད་ཅིང་འདོན་ཏོ། །དབུལ་ཞིང་གསོལ་ལོ། །བཀུར་སྟིར་བགྱིའོ། །བླ་མར་བགྱིའོ། །རི་མོར་བགྱིའོ། །མཉེས་པར་བགྱིའོ། །
བདག་ཅག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་སྲིད་པ་གསུམ་གྱི་འཁོར་བ་ན་འཁོར་ཞིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་དབང་གིས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་
ཏེ། གསུང་རབ་ཀུན་ལས་འགལ་བའི་སྡིག་པ་མི་དགེ་བའི་ལས་བདག་གིས་ཅི་བགྱིས་པ་དང་། གཞན་ལ་བཅོལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་རྡུལ་ཙམ་བག་ཙམ་ཡང་མ་ལུས་པར་མཐོལ་ཞིང་བཤགས་སོ། །སྦྱངས་ཤིང་བསལ་ཏོ། །
གཞིག་ཅིང་གདོན་ཏོ། །མི་འཆབ་བོ། །མི་སྦེད་དོ། །མི་བསྙེན་མི་བགྱིད་དོ། །དེ་ནས་དེའི་ཚེ་སྡིག་པ་ཐམས་ཅད་ནི་བྱང་། བསོད་ནམས་ཐམས་ཅད་ནི་རྫོགས་ཏེ། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། དགོངས་པའི་དབང་གིས་ཆེད་དུ་
སྤྲུལ་པ་མ་གཏོགས་པར་ནམ་ནམ་ཞར་ཞར་ཚེ་ཚེ་རབས་རབས་སུ་ངན་སོང་གསུམ་ལ་སོགས་ཏེ། བགེགས་རིགས་ཐམས་ཅད་དུ་མི་སྐྱེ་ཞིང་མི་ལྟུང་བར་ཤོག་ཤིག །ལོག་པ་མི་དགེ་བའི་ལས་ལ་མི་ཕྱོགས་མི་བགྱིད་པར་ཤོག་ཤིག །ལས་དང་ཉོན་མོངས་པའི་རྒྱུ་ལ་མི་
ཕྱོགས་མི་བསོགས་པར་ཤོག་ཤིག །སྨད་པའི་ལུས་དང་སྡུག་བསྔལ་གྱི་འབྲས་བུ་ཀུན་ལས་ཐར་ནས་ཕྱིན་ཅད་མི་མྱོང་བར་ཤོག་ཤིག །དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་ནས་དགེ་བ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་ཤོག་ཤིག །ཚེ་

རབས་གར་སྐྱེས་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་མཐུ་དང་དབང་ཡོད་པར་ཤོག་ཤིག །གང་དེ་བཞིན་གཤེགས་པ་འབའ་ཞིག་གི་ཐུགས་སུ་ཆུད་པའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་
འཚང་རྒྱ་བའི་དོན་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་གིས་ཀྱང་མ་ནོར་བར་ཁོང་དུ་ཆུད་ཅིང་བསྒོམས་ལ། གཞན་དག་ལ་ཡང་མ་ནོར་བར་སྟོན་ཅིང་འདྲེན་པར་ཤོག་ཤིག །དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྟེ།
བདག་ཉིད་ལུས་དབུལ་གྱིས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སོ་སོ་ནས་རྟག་ཏུ་བཞེས་ཤིག །ཇི་ལྟར་ན་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་མ་ཟིན་པའི་
ཆོས་བདག་མེད་པ་དང་མཉམ་པ། ཐོག་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལྟར་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །
བྱང་ཆུབ་ཀྱི་སེམས་ནི་ནམ་གཞར་ཡང་མི་སྟོར་ཞིང་དགེ་བའི་བཤེས་གཉེན་དམ་པ་དེ་དང་ནམ་ཡང་མི་འབྲལ་བར་ཤོག་ཤིག །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དེ་དག་བླ་ན་མེད་པའི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ལྟར། བདག་མིང་འདི་ཞེས་བགྱི་བས་ཀྱང་འཇིག་རྟེན་
དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ནམ་འཆི་བར་ངེས་པའི་དུས་དེ་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་ནས། ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ།
བདག་གི་སྤྱི་བོར་བཞག་ནས་ལུང་ནོད་པར་གྱུར་ཅིག །བདག་གིས་ཀྱང་ཉོན་མོངས་པས་སེམས་མི་འཁྲུལ་པར་ཆོས་བདག་མེད་པ་དང་འཐུན་པའི་འདུན་པ་ཅན་དང་། བྱང་ཆུབ་ཀྱི་སེམས་ཚད་མེད་པ་དང་ལྡན་བཞིན་དུ་འཆི་བའི་དུས་བྱེད་པར་ཤོག་ཤིག །མདོར་ན་

བག་ཆགས་མ་ལུས་ཀུན་བྱང་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཏེ། །འགྲོ་བ་མ་ལུས་བྱིན་གྱིས་བསྒྲལ་བའི་ཕྱིར། །བདག་ཉིད་མྱུར་དུ་མངོན་པར་སངས་རྒྱས་ཤོག །དཔང་སྐོང་ཕྱག་བརྒྱ་པ་རྫོགས་སོ།། །།བོད་དུ་དམ་པའི་ཆོས་
འབྱུང་བའི་སྔ་ལྟས་སུ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་དུ་ནམ་མཁའ་ལས་བབས་མི་རབས་ལྔ་ན་འདིའི་དོན་ཤེས་པ་འོང་ཞེས་རྨི་ལམ་དུ་ལུང་བསྟན་ཏེ་ཆོས་ཀྱི་དབུ་བརྙེས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཙིན་ཏྱ་རཱ་ཛ་སཱུ་ཏྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་ཆོས་ཀྱི་དབྱེ་དགོན་པ་ན། བྱང་ཆུབ་ཀྱི་སྙིང་པོ་ན་སེང་གེའི་ཁྲི་རྡོ་རྗེ་དང་ནོར་བུ་རིན་པོ་ཆེས་སྤྲས་པའི་པད་མའི་སྙིང་པོའི་གདན་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ཕྱོགས་
བཅུའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་
པའི་རྒྱལ་པོ་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་འཇིག་རྟེན་
གྱི་ཁམས་འདིའི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པའི་སངས་རྒྱས་
ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་འོད་ཟེར་ཤིན་ཏུ་སྟུག་པོ་པད་མ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཤིན་ཏུ་སྟུག་པོ་པད་མ་རབ་ཏུ་
རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་
སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་གི་
ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཆོས་ཀྱི་འོད་ཟེར་མེ་ཏོག་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འོད་ཟེར་མེ་ཏོག་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་
གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འོད་ཟེར་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཡེ་ཤེས་འོད་ཟེར་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བློ་གྲོས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟར་བསྐལ་པ་
བགྲང་བའི་ཐབས་འདི་ལྟ་བུའི་ཚུལ་གྱིས་རྩིས་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྒྱ་མཚོའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པའི་ཐ་མ་འཇིག་རྟེན་གྱི་ཁམས་པད་མའི་དཔལ་ཞེས་བྱ་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྒྱལ་བ་བཟང་པོའི་དཔལ་བཞུགས་པའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཚན་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོས་པར་འགྱུར་གྱི། གཞན་དག་གིས་ནི་ཐོས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་

རངས་ཏེ། བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་
པོའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ད་ཤ་དི་ཀ་ཨན་དྷ་ཀཱ་ར་བི་དྷྭན་ས་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཕྱོགས་བཅུའི་མུན་པ་
རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན། སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་
ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་གསོལ་ནས།
ལྷུང་བཟེད་དང་། ཆོས་གོས་བསྣམས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་ན་ཤཱཀྱ་གཞོན་ནུ་བཞིན་རབ་
གསལ་ཞེས་བྱ་བ་ཞིག་བྱ་བ་འགའ་ཞིག་གི་ཕྱིར་ཤིང་རྟ་ལ་ཞོན་ནས་སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་ཕྱིར་བྱུང་བ་དང་། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས། བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཤིང་རྟ་
དེ་ལས་བབས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་

ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གི་ཕ་མ་གཉིས་གཉིད་ལོག་པ་དང་མ་ལོག་པ་དག་ལ་མི་མ་ལགས་པ་
རྣམས་རྣམ་པར་འཚེ་བར་བགྱིད་ལ། བཅོམ་ལྡན་འདས་བདག་ཀྱང་གང་གི་ཚེ་ལྗོངས་ཀྱི་ཕྱོགས་གཞན་དུ་མཆི་བའི་ཚེ། བདག་ལ་ཡང་ཆོམ་རྐུན་པ་དག་རྣམ་པར་འཚེ་བར་བགྱིད་ཅིང་། གཅན་གཟན་དག་ཀྱང་རྣམ་པར་འཚེ་བར་བགྱིད་ན། དེའི་སླད་དུ་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅི་ནས་ཀྱང་བདག་ལ་མིའམ། མི་མ་ལགས་པ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཚེ་བར་མི་བགྱིད་པ་དེ་ལྟར་བདག་ལ་
ལེགས་པར་བསྲུང་བ་མཛད་དུ་གསོལ། བསྲུང་བའི་ཆོ་ག་ཡང་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་
ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ཤར་ཕྱོགས་ལོགས་སུ་སངས་
རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཐམས་ཅད་བསྐྱོད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སྤྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་
གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ཤར་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་སོང་ན་ཁྱོད་ལ་འཇིགས་པ་འབྱུང་བར་

མི་འགྱུར་རོ། །དེའི་ཚེ་མ་གཡེངས་པར་དེ་ཡིད་ལ་བྱས་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །རྫོགས་པའི་སངས་རྒྱས་ཐུབ་པ་ཆེ། །རྗེ་ལ་རབ་
ཏུ་ཕྱག་འཚལ་ཏེ། །རྟག་ཏུ་དེ་ནི་མངོན་བྱེད་ཅིང་། །འགྲོ་ན་ཁྱོད་ལ་འཇིགས་མི་འབྱུང་། །གཞོན་ནུ་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དགུ་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་མུན་པ་དང་མུན་ནག་གི་ཚོགས་བཅོམ་ཞེས་བྱ་བ་ཞིག་
ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་
ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ལྷོ་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་། ཁྱིམ་ལ་སོགས་པའི་ཡིད་ལ་བྱེད་པ་དང་བྲལ་བ་རྣམ་པར་མ་
གཡེངས་པ་ཡིད་ལ་བྱེད་པས་སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་། ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཁྱིམ་གྱི་བསམ་པ་
རྣམས་དང་ནི། །ཀུན་ནས་ལྡང་བ་ཀུན་བྲལ་ཞིང་། །ལྷོ་ཕྱོགས་སུ་ནི་འགྲོ་བ་ན། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་
ཡུལ་ཕེབས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོན་དང་རྒྱགས་པ་རྣམ་པར་གནོན་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ནུབ་

ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ། དྲན་པར་བྱས་ཤིང་མདུན་དུ་བྱས་ནས་སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་ཟག་པ་མེད་པ་དང་། རྣམ་པར་མ་གཡེངས་པ་དང་དྲན་པས་སོང་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་
བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཆོས་འགའ་སྐྱེས་པ་ཡོད་མིན་ཞིང་། །འགའ་ཡང་འགག་པར་མི་འགྱུར་ཏེ། །གང་གིས་ཆོས་རྣམས་དེ་ལྟར་ཤེས། །དེ་ལ་འཇིགས་པ་ཅི་ཡང་མེད། །གཞོན་ནུ་བྱང་ཕྱོགས་
ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྤོབས་པ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་གནོན་ཞེས་བྱ་བ་
ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་བྱང་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་
པར་ཡིད་ལ་བྱེད་པས་སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །རྟག་ཏུ་སེམས་ཅན་ཐམས་ཅད་
ལ། །མཉམ་པ་ཉིད་ཀྱི་སེམས་བྱོས་ལ། །སེམས་ཅན་དེ་ལ་མ་བརྙས་དང་། །ཁྱོད་ལ་འཇིགས་པར་འབྱུང་མི་འགྱུར། །གཞོན་ནུ་བྱང་ཤར་གྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་བདུད་ཀྱི་
སྡེ་བཅོམ་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་

བཞུགས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དེ། གཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེ་བྱང་
ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡིན་ནོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་བྱང་ཤར་གྱི་ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ། ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་
དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་པས་སོང་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །གང་གིས་དང་པོའི་
ཐུགས་ཀྱིས་ནི། །བདུད་རྣམས་ཕམ་མཛད་སངས་རྒྱས་དེ། །དྲན་བཞིན་དུ་ནི་ཁྱོད་སོང་ན། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཉི་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་རྟག་
ཏུ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་དེ་བཞིན་གཤེགས་
པ་དེས་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ། སངས་རྒྱས་པ་ཉིད་ཀྱི་བར་དུ་བར་ཆད་མེད་པར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་ཀུན་ཏུ་བསྟེན། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས། ཤེས་རབ་སྤྱད་དེ། གཞོན་ནུ་དེ་ནི་དེ་བཞིན་
གཤེགས་པ་དེའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡིན་ནོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ཤར་ལྷོའི་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ། ཕྱིས་ཁྱིམ་ནས་སོང་ཤིག་དང་། ཁྱོད་ལ་ཕྱིས་

འགྱོད་པའམ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །རྣམ་པར་མ་གཡེངས་པས་ཡིད་ལ་བྱེད་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཡན་ལག་
ལྔས་ནི་ཕྱག་འཚལ་ཏེ། །ཕྱི་ནས་ཁྱིམ་ནས་སོང་ཤིག་དང་། །ཆོམ་རྐུན་རྣམས་ཀྱིས་ཁྱོད་ཀུན་ཏུ། །ཟིལ་གྱིས་མི་ནོན་འགྲོ་བར་འགྱུར། །གཞོན་ནུ་ལྷོ་ནུབ་ཀྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་
གསེར་གྱི་དྲ་བས་གཡོགས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གདུགས་འཕགས་སྣང་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་
གི་ཕྱིར་ལྷོ་ནུབ་ཀྱི་ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་པའི་ཡིད་ལ་བྱེད་པས་སོང་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་
ཞིང་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །མེ་ཏོག་སིལ་མས་གཏོར་ཅིག་དང་། །ཁྱོད་ནི་ལྷོ་ནུབ་འགྲོ་བ་ན། །
འཇིགས་པ་འབྱུང་བར་མི་འགྱུར་རོ། །གཞོན་ནུ་ནུབ་བྱང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོངས་དག་རབ་གནས་མངོན་པར་འཕགས་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ནི་མི་གཙང་བ་མེད་པ། འཁྲིག་པ་མེད་པ། བུད་མེད་མེད་

པ། ཚེར་མ་དང་། གསེག་མ་དང་། གྱོ་མོ་མེད་པ། སྙིགས་མ་ལྔ་མེད་པ་ཡིན་ནོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ནུབ་བྱང་གི་ཕྱོགས་སུ་འགྲོ་ན་ཚངས་པར་སྤྱོད་པ་ཡང་དག་པར་བླངས་ནས་ཕྱིས་ཁྱིམ་ནས་རྣམ་པར་མ་གཡེངས་པའི་
ཡིད་ལ་བྱེད་པས་སོང་ཤིག་དང་། གཞོན་ནུ་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཚངས་སྤྱོད་ཡང་དག་
བླངས་བྱས་ཏེ། །ཕྱི་ནས་ཁྱིམ་ནས་སོང་ཤིག་དང་། །ཁྱོད་ནི་གང་དང་གར་འགྲོ་ཡང་། །ཆོམ་རྐུན་རྣམས་ཀྱིས་ཟིལ་མི་ནོན། །གཞོན་ནུ་སྟེང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་
གྱི་ཁམས་དམིགས་པ་མེད་པ་ཡིད་ལ་བྱེད་པ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་
ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ་འདུག་ཀྱང་རུང་། འགྲེང་ཡང་རུང་། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཤིང་གནས་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཁྱོད་ཀྱིས་མ་གཡེངས་ཡིད་བྱེད་ཀྱིས། །རྟག་ཏུ་རྒྱལ་བ་དེ་དྲན་ཞིང་། །རྟག་ཏུ་བྱམས་པའི་སེམས་བྱོས་དང་། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་འོག་གི་ཕྱོགས་ལོགས་
སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དགུ་ཁྲི་ཉིས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་པོ་སེམས་བསྐྱེད་ཐེ་

ཙོམ་གཅོད་མཛད་ཉོན་མོངས་བསྐྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་བྱ་བ་རྩོམ་པ་ཐམས་ཅད་དང་། འགྲེང་ཡང་རུང་། འདུག་ཀྱང་རུང་། འཆག་ཀྱང་རུང་སྟེ། སྤྱོད་ལམ་ཐམས་ཅད་དུ་ཕྱག་
འཚོལ་ཅིག །ཡིད་ལ་བྱོས་ཤིག་དང་། སེམས་ཅན་རྣམས་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་སྒྲུབས་ཤིག་དང་། གཞོན་ནུ་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་ཞིང་། དགོས་པ་ཐམས་ཅད་ཀྱང་འབད་མི་དགོས་པར་འགྲུབ་པར་འགྱུར་
རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །བྱ་བ་ཀུན་ལ་ཉིན་མཚན་དུ། །སངས་རྒྱས་དེ་ནི་དྲན་བྱ་ཞིང་། །བྱང་ཆུབ་སེམས་ཀྱང་མ་གཏང་དང་། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་ཁྱོད་ཀྱིས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ལེགས་པར་བཟུང་བར་གྱིས་ཤིག །ལེགས་པར་བཅང་བར་གྱིས་ཤིག །ལེགས་པར་ཀུན་ཆུབ་པར་གྱིས་ཤིག་དང་། འཇིགས་པའམ། བག་ཚ་བའམ། སྤུ་ཟིང་
ཞེས་བྱེད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཁྱོད་ལ་འབྱུང་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་བཟུང་ལགས་ཏེ། བཅོམ་ལྡན་འདས་བདག་ལ་འཇིག་རྟེན་གྱི་ཁམས་དེ་དག་མུན་པ་མ་མཆིས་ཤིང་། བཅོམ་ལྡན་འདས་བདག་གིས་འཇིག་རྟེན་གྱི་ཁམས་དེ་དག་དང་། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དཔེར་ན་དེ་བཞིན་གཤེགས་པ་ད་ལྟར་འཁོར་རྣམས་ལ་ཆོས་སྟོན་པ་བཞིན་དུ་མཐོང་ངོ་། །དེ་ནས་འཁོར་དེ་ལས་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་སོགས་པ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་

བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། རིམ་གྲོ་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འཁོར་དེར་འདུས་པར་གྱུར་པའི་སྲོག་ཆགས་སྟོང་ཚང་བ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ། བླ་གོས་ཕྲག་
པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དོན་གྱི་སླད་དུ་དེ་བཞིན་གཤེགས་པས་ཆོས་
ཀྱི་རྣམ་གྲངས་འདི་བཤད་པས་བཅོམ་ལྡན་འདས་བདག་ཅག་ལ་ཕྱོགས་དེ་དག་དང་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་མུན་པ་མ་མཆིས་པར་གདའ་ལ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་དག་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དཔེར་ན། ད་ལྟར་དེ་བཞིན་
གཤེགས་པ་ཆོས་སྟོན་པ་འདི་བཞིན་དུ་གདའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་
སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་རྣམས་ཐོས་ནས་མིག་
རྣམ་པར་དག་ཅིང་ཕྱོགས་བཅུ་དག་ན་འཇིག་རྟེན་གྱི་ཁམས་གང་དག་མཆིས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་བ་དེ་དག་གི་མིག་རྣམ་པར་དག་པའི་བསོད་ནམས་དེ་དག་བཅོམ་ལྡན་འདས་ཅི་ལགས། ཚེ་རབས་གཞན་དུ་ཚེ་འཕོས་ན་ཡང་
འབྲལ་བར་འགྱུར་རམ། འོན་ཏེ་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟར་མིག་རྣམ་པར་དག་པ་དེ་དག་ནི་སྒྲིབ་པ་མེད་པའི་

ཚུལ་གྱིས་ཤིན་ཏུ་རྣམ་པར་དག་པ་ཉིད་དུ་འགྱུར་རོ། །ཤཱ་རིའི་བུ་ཁྱོད་ཀྱིས་སྲོག་ཆགས་སྟོང་ཚང་བ་འདི་མཐོང་ངམ། ཤཱ་རིའི་བུ་འདི་དག་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱི་མཚན་བཟུང་བའི་དགེ་བའི་རྩ་བ་འདིས་རེ་རེས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་
ཀླུང་གི་བྱེ་མ་སྙེད་དག་བྱེད་དུ་བཅུག་ནས་སྲིད་པ་ཐ་མ་དང་། ལུས་ཐ་མ་ལ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་རྫོགས་པར་བྱས་ཏེ། བསྐལ་པ་གཅིག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་དག་པས་བརྒྱན་པ་ཞེས་བྱ་བར་མཚན་འཐུན་པ་
ཤ་སྟག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་རྣམས་ལུང་བསྟན་པ་བཤད་པ་འདི་བཀའ་སྩལ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་
གཡོས་པར་གྱུར་ཏེ། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་
རབ་ཏུ་ཆེམ་ཆེམ། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །ས་བླའི་ལྷ་རྣམས་ཀྱིས་ཀྱང་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་
བཟུང་ཞིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པས་དོན་ཐམས་ཅད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པར་འགྱུར་བ་ནི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མི་འགྱུར་ཞེས་སྒྲ་བསྒྲགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་
པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་རིས་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་དང་། ཚངས་པ་ཆེན་པོ་རྣམས་ནས་འོག་

མིན་གྱི་ལྷ་རྣམས་ཀྱི་བར་གྱིས་ས་བླའི་ལྷ་རྣམས་ཀྱིས་སྒྲ་དེ་ཐོས་ནས་ཡི་རངས་ཤིང་རབ་ཏུ་དགའ་ལ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཚིག་འདི་སྐད་ཅེས་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བཟུང་ཞིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པས་དོན་ཐམས་ཅད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པར་འགྱུར་བ་ནི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མི་འགྱུར་ཞེས་སྨྲས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་
ཆུབ་པར་བྱེད་ཅིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དང་། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་བར་བྱེད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་
པ་ཡིན་པར་རིག་པར་བྱའོ། །དེ་དག་ལ་འཆི་བའི་འཇིགས་པ་མི་འབྱུང་བར་རིག་པར་བྱའོ། །དེ་དག་གཤིས་ངན་དུ་འཆི་བར་མི་འགྱུར་རོ། །དེ་དག་ཕ་རོལ་གྱི་གནོད་པས་འཆི་བར་མི་འགྱུར་རོ། །དེ་དག་ལ་ཆུ་དང་། ཆོམ་རྐུན་དང་། དུག་དང་། མཚོན་གྱིས་
འཇིགས་པ་མི་འབྱུང་བར་ཡིད་ཆེས་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྲུང་བ་ལུང་བསྟན་པ་འདི་ལྟ་བུ་འདི་ཤེས་ནས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་ལྷའི་བུ་སྟོང་ཚང་བས་ཡོངས་སུ་བསྐོར་ཅིང་མདུན་
དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དང་སྲོག་ཆགས་སྟོང་ཚང་བ་གང་དག་བཅོམ་ལྡན་འདས་

ཀྱིས་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་ལ་ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་རྣམས་ཀྱིས་མངོན་པར་གཏོར་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་
ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་པ་དང་། འཆང་བར་བགྱིད་པ་དང་། ཀློག་པར་བགྱིད་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་བསྲུང་བར་བགྱིའོ། །བཅོམ་ལྡན་
འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཁྱིམ་ན་མཆིས་སམ། དགོན་པ་ན་མཆིས་སམ། ཤིང་དྲུང་ན་མཆིས་སམ། ཁྱིམ་སྟོང་པ་ན་མཆིས་སམ། འབྲོག་དགོན་པ་ན་མཆིས་སམ། ལམ་དང་ལམ་གོལ་བ་ན་མཆིས་སམ། གཉིད་ལོག་གམ་གཉིད་
མ་ལོག་པ་དག་ན་ཡང་དེ་དག་ལ་ཕ་རོལ་གྱི་གནོད་པས་འགུམ་པར་མི་འགྱུར་བར་བདག་གིས་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་བཞུགས་ཏེ། འཚོ་ཞིང་གཞེས་པ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་
ན། ཀུན་དགའ་བོ་དེ་ཙམ་གྱིས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར། རི་མོར་བྱས་པར་མི་འགྱུར། མཆོད་པ་བྱས་པར་མི་འགྱུར་གྱི། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་པར་བྱེད་དམ། འཆང་བར་བྱེད་དམ། ཀློག་པར་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་ན། ཀུན་དགའ་བོ་

དེ་ཙམ་གྱིས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་དམ་པ་དང་། བླ་མར་བྱ་བ་དམ་པ་དང་། རི་མོར་བྱ་བ་དམ་པ་དང་། མཆོད་པ་དམ་པས་བཀུར་སྟི་བྱས་པ་ཡིན། བླ་མར་བྱས་པ་ཡིན། རི་མོར་བྱས་པ་ཡིན། མཆོད་པ་བྱས་པ་ཡིན་ནོ། །དེ་ནས་ཚེ་
དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕྱོགས་
བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བར་ཟུང་ཤིག །འདི་དེ་བཞིན་གཤེགས་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་དང་། དངོས་པོ་མེད་པར་རྟོགས་པ་ཞེས་བྱ་བ་དང་། མཚན་ཉིད་མེད་པར་རྟོགས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་
དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་དང་། སྲོག་ཆགས་སྟོང་ཚང་བ་དེ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་
དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་
སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། ལོཙྪ་བ་བན་དེ་རྩངས་དེ་བེན་དྲ་རཀྵི་ཏས་བསྒྱུར། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཀླུའི་རྒྱལ་མཚན་གྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་སཔྟ་བུད་དྷ་ཀ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་
གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཏི་སེའི་རིའི་རྩེ་མོ་ལྷའི་གནས་ན་དྲང་སྲོང་གི་སྤྱོད་པ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ་དང་། མཐའ་ཡས་མེ་ཏོག་དང་། ཀུན་ནས་མེ་ཏོག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་
ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིའི་རྩེ་མོའི་ནགས་ཁྲོད་དེ་ཉིད་ན་དགེ་སློང་ཞིག་འབྱུང་པོས་ཟིན་ནས་བརྡོལ་ཅིང་གཅེར་བུ་གོས་མེད་ལ་ལག་པ་བསྒྲེང་སྟེ་ངུ་ཞིང་འདུག་པ་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནམ་མཁའི་སྙིང་པོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་
མཁའི་དཀྱིལ་ན་ཀྱི་ཧུད་ཅེས་སྒྲ་འབྱིན་པ་འདི་དང་། དགེ་སློང་གཅེར་བུ་གོས་མ་མཆིས་པ། ལག་པ་སྟོང་པ་ཅིག་ཤོས་འདི་ཡང་སུ་ཞིག་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་འདི་ནི་ནད་ཀྱིས་བཏབ་པ་ཡིན་ནོ། །ཅིག་ཤོས་འདི་ཡང་ནད་ཀྱིས་བཏབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ནད་ཐམས་

ཅད་རབ་ཏུ་ཞི་བར་བགྱིད་པ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་རིག་སྔགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྤྲུལ་པ་མཛད་དེ། དེ་ནས་ནམ་མཁའ་ལ་དེ་བཞིན་
གཤེགས་པ་དྲུག་བྱུང་ངོ་། །བདུན་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་
དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཧི་ལ་ཧི་ལི་ཡ། ན་མོ་ཛ་ཀ། ན་མ་ཤྩནཱ་ཡ། ན་མོ་ན་མཿསྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་
པ་རྣམ་པར་གཟིགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་གང་ལ་ལ་ཞིག་རིག་སྔགས་འདི་འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་ན། དེའི་ལུས་ལ་མཚོན་གྱིས་མི་ཚུགས། ཆུ་
དང་། སྡུག་བསྔལ་བའི་ནད་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར། དུས་མ་ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་དུག་ཟོས་ཀྱང་ཟས་བཞིན་དུ་འགྱུར་རོ། །ཟས་དང་སྐོམ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཟོས་ན་ཕ་རོལ་གྱི་གནོད་པ་མི་འབྱུང་ངོ་། །
ནད་ཐམས་ཅད་ཀྱིས་བཏབ་པར་མི་འགྱུར་རོ། །རིང་དུ་འཚོ་བར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདུན་གྱི་གཟུགས་མཐོང་བར་འགྱུར་རོ། །མཚོན་བཏབ་པའི་རྣ་བར་བཟླས་བརྗོད་བྱས་ལ་སྣ་མའི་མར་སྦྱིན་ནོ། །མཛེ་དང་སྐྲངས་
ནད་ཀྱིས་བཏབ་པ་རྣམས་ལ་སྣ་མའི་མར་དང་། ཨུད་པ་ལ་སྔོན་པོ་དང་། ཤུ་ཏི་དང་། ཉེའུ་ཤིང་རྣམས་བསྲེས་པའི་མར་བྱིན་ན་ནད་ཐམས་ཅད་སོས་པར་འགྱུར་རོ། །ལས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་སྟེང་གི་ནམ་

མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་
པ་ཙ་པ་ཙ་པཱ་ཙ་ཡ་པཱ་ཙ་ཡ་སརྦ་བྷཱུ་ཏཱ་ནཱཾ། ཙྪིན་དྷ་ཡ་ཀཱི་ལ་ཡ་པ་ར་བིདྱཱ་ནཱཾ་སྭཱ་ཧཱ། ནམ་མཁའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། བསྒོམ་ཉེས་པ་དང་། རྨི་ལམ་ངན་པ་ཐམས་ཅད་བཟློག་པ་དང་། དུས་མ་
ཡིན་པར་འཆི་བ་དགག་པའི་ཕྱིར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གསུངས་ཤིང་། ངས་ཀྱང་ད་ལྟར་བཤད་པའི་སྙིང་པོ་འདི་ཟུང་ཤིག །ནམ་མཁའི་སྙིང་པོ་གང་ལ་ལ་ཞིག་ངའི་སྙིང་པོ་འདི་ཉིན་ལན་གསུམ་ཡིད་ལ་བྱེད་ན། དེ་ལ་ཕ་རོལ་གྱི་
གནོད་པ་འབྱུང་བར་མི་འགྱུར་རོ། །གཉིད་ཀྱིས་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་རོ། །གཤིས་ངན་དུ་འཆི་བར་མི་འགྱུར་རོ། །འདི་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར་ཞིང་མཉེས་པར་བྱེད་པར་
འགྱུར་རོ། །དེ་ནས་འདིའི་ཆོ་ག་གཞན་ནི་ནད་ཐམས་ཅད་ལ་སྐུད་པས་བཅིང་བར་བྱའོ། །འདུས་པ་ལས་གྱུར་པ་ལ་ནི་སྣ་མའི་མར་ལ་བཟླས་བརྗོད་བྱས་ཏེ་སྦྱིན་ནོ། །ཆུས་ཕྱོགས་བཅིང་བར་བྱའོ། །སྐུད་པས་བདག་ལ་བསྲུང་ངོ་། །བྱིས་པ་རྣམས་ཀྱི་གདོན་དག་ལ་
སྐུད་པ་སྔོན་པོ་གདགས་སོ། །མཚོན་བཏབ་པའི་རྣ་བར་ལན་བདུན་བཟླས་བརྗོད་བྱའོ། །གཞན་དག་ལ་ཡང་རང་གི་བློས་སྦྱར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་།
ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཀུ་ལ་ཨུད་ས་དྷ་ནཾ་སཱ་དྷ་ནཱཾ་ཀུ་རུ། སརྦ་

གྲ་ཧཱ་ཎཱཾ་སྭཱ་ཧཱ། ནམ་མཁའི་སྙིང་པོ་གསང་སྔགས་ཀྱི་གཞི་འདི་དག་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱིས་གསུངས་ཤིང་། ངས་ཀྱང་ད་ལྟར་བཤད་པ་སྟེ། ནམ་མཁའི་སྙིང་པོ་
ཁྱོད་ཀྱིས་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །གང་ལ་ལ་ཞིག་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་ན། དེའི་ལུས་ལ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། དབྱིག་དུག་གིས་མི་ཚུགས། རིམས་ནད་ཀྱིས་མི་འདེབས་ཤིང་ཆུ་
དང་། དུས་མ་ཡིན་པར་འཆི་བ་དང་། གཤིས་ངན་དུ་འཆི་བར་མི་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ནི་མ་གཏོགས་སོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་ནང་པར་ལངས་ནས་མགོ་བཀྲུས་ཏེ། དེ་བཞིན་
གཤེགས་པའི་སྤྱན་སྔར་ལན་བརྒྱ་རྩ་བརྒྱད་བརྗོད་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་ལ་སེམས་ཅན་སྡང་བ་གང་དག་དང་། རྒྱལ་པོ་རྣམས་ཐོག་མར་སྨྲ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་དེའི་དབང་དུ་འགྱུར་རོ། །འཇིགས་པ་ཐམས་
ཅད་ཀྱི་ནང་དུ་ཡིད་ལ་བྱའོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལ་སྐུད་པ་དཀར་པོ་གདགས་སོ། །མིག་ནད་ལ་ཤིང་འོ་མ་ཅན་ལས་སྐུད་པ་བྱས་ཏེ་རྣ་བ་ལ་གདགས་སོ། །དམག་རེངས་པར་བྱེད་པར་འདོད་པས་ཞོ་དང་
སྦྲང་རྩི་ལ་སྦགས་པའི་འབྲས་ཡོས་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རཱ་ཛ་ནཱཾ་རཱ་ཛ་མཱ་ཏྲཾ་བཱ་བ་ཤཱི་ཀ་རོ་ཏུ་ཀཱ་མེ་ན། འོ་མ་ཅན་གྱི་ཤིང་གི་སྦར་ཤིང་གིས་མེ་བུས་ལ་བསྲེག་བྱ་ཏིལ་དག་ལན་སྟོང་སྦྱིན་སྲེག་བྱའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་
པ་ཐམས་ཅད་དང་། སྡིག་པ་བྱང་ཞིང་། དཔལ་ཆེན་པོ་དང་། ནོར་གྱི་ཕུང་པོ་ཆེན་པོ་སྒྲུབ་པར་འདོད་ན། འོ་མ་ཅན་གྱི་ཤིང་གི་སྦར་ཤིང་གིས་མེ་བུས་ལ་བསྲེག་བྱ་ཏིལ་དག་ལན་སྟོང་སྦྱིན་སྲེག་བྱའོ། །སྡིག་པ་ཇི་སྙེད་པ་ཐམས་ཅད་སྦྱང་བར་འདོད་པ་དང་། རིག་

སྔགས་ཐམས་ཅད་གྲུབ་པར་འདོད་པ་དང་། བདག་བཀྲུ་བར་འདོད་པས། ཤུ་ཏི་དང་། ན་ལ་ད་དང་། ཁྲེ་དང་། ཤི་རི་ཤ་དང་། རྒྱ་སྤོས་དང་། གུར་གུམ་དང་། གླ་སྒང་དང་། ཨིན་དྲ་བ་རུ་ན་དང་། བྱང་ཆུབ་ཀྱི་ཤིང་དང་། ཨ་མྲའི་མགོ་ལྕོགས་དང་། འདི་
རྣམས་ཀྱིས་བཀྲུ་བར་བྱ་སྟེ། སངས་རྒྱས་ཀྱི་སྤྱན་སྔར་ཉིན་ཞག་གཅིག་སྨྱུང་བར་བྱ་ཞིང་བུམ་པ་སར་པ་བཞག་སྟེ། ཟླ་བ་ཉ་བ་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་སྙིང་པོ་ལན་སྟོང་རྩ་བརྒྱད་སྔགས་ལ་ཁྲུས་བྱའོ། །དུག་མི་གདུག་པར་བྱེད་པར་འདོད་པས་སངས་
རྒྱས་ཀྱི་སྤྱན་སྔར་སེང་ལྡེང་གི་ཐུར་མ་བའི་ལྕི་བར་སྨྱུགས་པ་བརྒྱ་རྩ་བརྒྱད་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་ན་དུག་མི་གདུག་པར་འགྱུར་རོ། །གདོན་བསྲུང་བ་དང་། འབྱུང་པོ་ལ་སོགས་པའི་ལས་ཐམས་ཅད་ལ་ཡང་སྦྱར་བར་བྱས་ན་བདེ་བར་གནས་པར་འགྱུར་རོ། །དེ་ནས་
དེ་བཞིན་གཤེགས་པ་ལོག་པར་དད་སེལ་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་
བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོཿསཾ་གྷཱ་ཡ། ན་མཿཀྲ་ཀུ་ཙྪན་དཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་སཾ་མྱཀ་སཾ་བུད་དྷཱ་ཡ། ཨོཾ་ཀ་ཊ་ཀ་ཊ། ཀ་ཋ་ཀ་ཋ། ཀི་ཊི་ཀི་ཊི། ཀི་ཋི་ཀི་ཋི།། ཀི་ཏཱ་པ་ཡ་ན་མཿསྭཱ་ཧཱ། ནམ་མཁའི་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ཅེས་བྱ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་གསུངས་ཤིང་རྗེས་སུ་ཡི་རངས་པའི་སྙིང་པོ་འདི་ཁྱོད་ཀྱིས་ཟུང་ཤིག །བླངས་ཤིང་བཟུང་སྟེ་ཀུན་ཆུབ་པར་བྱས་ན་ཕྱི་མའི་ཚེ་དགེ་སློང་དང་། དགེ་སློང་མ་དང་།
དགེ་བསྙེན་དང་། དགེ་བསྙེན་མ་དག་དེའི་ཚེ་དཀོན་མཆོག་གསུམ་ལ་དད་པ་རྙེད་ནས་ཁྲུས་བྱས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དག་གིས་མཆོད་པ་བྱས་ནས་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བརྗོད་པར་གྱུར་ན། ཚེ་རབས་བདུན་

དུ་ཚེ་རབས་དྲན་པར་འགྱུར་རོ། །ལྷ་རྣམས་ཀྱི་ནང་དུ་ལྷའི་ཆེ་བ་ཉིད་ཐོབ་པར་འགྱུར་རོ། །ཡང་མི་རྣམས་ཀྱི་ནང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཡང་ན་ཆོ་ག་བཞིན་དུ་བསྒྲུབས་ན་དེ་མིར་སྐྱེ་བ་ཐ་མ་ཐོབ་པར་འགྱུར་ཏེ། འདི་ནས་ཤི་འཕོས་
ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཚེ་འདི་ལ་ཡང་རྟག་ཏུ་བརྗོད་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །ཟས་དང་སྐོམ་གྱི་རྣམ་པ་ལ་ལན་བདུན་བསྔགས་ཏེ། ཟོས་འཐུངས་ན་ནད་ཐམས་ཅད་ལས་ཐར་
བར་འགྱུར་རོ། །ཇི་སྟེ་སྐོམ་ཞི་བར་འདོད་ན་བཟའ་བ་ཐམས་ཅད་ལ་ལན་སྟོང་རྩ་བརྒྱད་ཀྱིས་བཀྲུ་བར་བྱའོ། །ལྷོག་རྒལ་གཅོད་ན་ཟངས་ཁབ་ཀྱིས་བྱའོ། །འཐབ་པ་དང་། རྩོད་པ་དང་། འཆིང་བ་ཐམས་ཅད་ལས་ཐར་བར་བྱ་ན་ལན་བདུན་བཟླས་བརྗོད་བྱ་སྟེ།
རྟག་ཏུ་ནོར་ཡང་འཕེལ་བར་འགྱུར། བགེགས་དང་ལོག་འདྲེན་ཐམས་ཅད་ལས་ཀྱང་ཐར་བར་འགྱུར་རོ། །ཇི་སྟེ་དེ་བཞིན་གཤེགས་པ་མཐོང་བར་འདོད་ན་དེས་ཕྱོགས་གཙང་མར་མཆོད་རྟེན་གྱི་འཁོར་སར་དཀྱིལ་འཁོར་བསྐུས་ལ། ཨ་ག་རུས་བདུགས་ཏེ། ལན་སྟོང་རྩ་
བརྒྱད་བཟླས་བརྗོད་བྱས་ན། དེའི་དྲུང་དུ་སྔས་ཤར་ཕྱོགས་སུ་བསྟན་ཏེ་ཉལ་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ཡིད་ལ་ཅི་སྨོན་པ་དེ་ཐམས་ཅད་སྟོན་ཏོ། །ཚེའམ་སྟོབས་སམ་ཕམ་རྒྱལ་ཐམས་ཅད་ཀྱང་སྟོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་གསེར་ཐུབ་
སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ།
ན་མཿཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀ་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ས་ར་ས་ར་ས་ར་ས་ར། སི་རི་སི་རི་སི་རི་སི་རི། སཱི་རཱ་ཡ། དྷ་མ་དྷ་མ་དྷ་མ་དྷ་མ། དྷུ་མ་དྷུ་མ་དྷུ་མ་དྷུ་མ། དྷུ་མཱ་ཡ། ན་མོ་ན་མཿཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀ་

སཾ་བུད་དྷཱ་ཡ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་གང་ལ་ལ་ཞིག་སྙིང་པོ་འདི་འཛིན་ཅིང་རྟག་ཏུ་བཟླས་བརྗོད་བྱེད་པ་དེ་ལ་མཚོན་གྱི་འཇིགས་པ་མི་འབྱུང་།
མེ་དང་། ཆུ་དང་། ལྕེ་འབབ་པས་འཆི་བའི་དུས་བྱེད་པར་མི་འགྱུར། དུག་ཐམས་ཅད་ཀྱང་ཟས་དང་འདྲ་བར་ཐུབ་པར་འགྱུར། དུས་མ་ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མི་འགྱུར། གཤིས་ངན་དུ་འཆི་བར་མི་འགྱུར། ཚེ་རིང་བར་འགྱུར། ལོངས་
སྤྱོད་ཆེ་བར་འགྱུར། རྟག་ཏུ་དེ་བཞིན་གཤེགས་པ་དང་ལྡན་པར་འགྱུར། དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན། སྔོན་གྱི་ལས་ཀྱི་སྒྲིབ་པར་གྱུར་པ་ཐམས་ཅད་བྱང་བར་འགྱུར་རོ། །ཅི་སྟེ་ཕ་རོལ་ནད་ལས་ཐར་བར་
བྱེད་པར་འདོད་ན་ཅི་ནུས་སུ་གཏོར་མ་གཏོང་ཞིང་པོག་གམ། ཨ་ག་རུའི་བདུག་པས་བདུགས་ལ་གཟའ་ཐམས་ཅད་ལ་ཁྲུས་བྱའོ། །མཛེ་དང་སྐྲངས་ནད་དང་མཆིན་སྐྲན་ལ་ཤུ་དག་འཇམ་པོ་བཏགས་པ་སྦྲང་རྩི་དང་བསྲེས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་
ལན་སྟོང་རྩ་བརྒྱད་བསྔགས་ཏེ་བསྐུས་ན་མཛེ་ནད་ཐམས་ཅད་སོས་པར་འགྱུར་རོ། །ཞག་བཞི་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྣ་མའི་མེ་ཏོག་གི་ཕྲེང་བ་ལ་ལན་སྟོང་རྩ་བརྒྱད་བསྔགས་ཏེ། མིའི་མགོ་ལ་བཅིངས་ན་ཞག་བཞི་པའི་རིམས་སོས་པར་འགྱུར་
རོ། །མཚོན་བཏབ་པའི་རྣ་བར་བཟླས་བརྗོད་བྱས་ན་བརྗེད་བྱེད་ལས་ཐར་བར་འགྱུར་རོ། །ལུས་སྲུལ་པོས་ཟིན་པ་རྣམས་ལ་སངས་རྒྱས་ལ་ཕུལ་བའི་མེ་ཏོག་གིས་བདུག་གོ། །དེ་ལ་སོགས་པའི་ལས་རྣམས་བྱེད་དེ། ལས་ཐམས་ཅད་བྱེད་པ་ཞེས་བྱའོ། །དེ་ནས་
དེ་བཞིན་གཤེགས་པ་འོད་སྲུང་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུད་དྷཱ་ཡ། ན་

མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་ཧ་ར་ཧ་ར་ཧ་ར། ཧ་ཧ་ཧ། ན་མཿཀཱ་ཤྱ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀ་སཾ་བུད་དྷཱ་ཡ། སིདྷྱན་ཏུ་མན་ཏྲ་པ་དཻཿསྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་འོད་སྲུང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་
མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་སྙིང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་དག་གིས་གསུངས་པ་སྟེ། ནམ་མཁའི་སྙིང་པོ་སྙིང་པོ་འདི་ཁྱོད་ཀྱིས་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །
གང་ལ་ལ་ཞིག་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཉིན་མོའམ། མཚན་མོ་ལན་གསུམ་གསུམ་བཟླས་རྗོད་བྱེད་ན་མདོར་ན་རྨི་ལམ་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་འགྱུར་ཏེ། སྔོན་གྱི་ལས་
ནི་མ་གཏོགས་སོ། །ལས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །མཛེ་དང་ཤ་བཀྲ་ལ་སོགས་པ་ལ་སངས་རྒྱས་ལ་ཕུལ་བའི་མེ་ཏོག་ལ་སངས་རྒྱས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་བསྔགས་ཏེ་བཀླགས་ཤིང་བཀྲུས་ན་སོས་པར་འགྱུར་རོ། །ཀླད་པ་ན་བ་ལ་སངས་རྒྱས་ལ་ཕུལ་
བའི་མེ་ཏོག་སངས་རྒྱས་ཀྱི་སྤྱན་སྔར་བཞག་སྟེ། སངས་རྒྱས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། །ཐམས་ཅད་དུ་ཡང་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་
ཅད་ལ་ཕན་པའི་དོན་གྱི་ཕྱིར་རིག་སྔགས་འདི་དག་བཀའ་སྩལ་ཏོ། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། གྷུ་མེ་གྷུ་མེ་མ་ཧཱ་གྷུ་མེ། ཏ་ལེ་ཏ་ལེ་མ་ཧཱ་ཏ་ལེ། ཙ་ལེ་ཙ་ལེ་མ་ཧཱ་ཙ་ལེ། དྷུ་རེ་དྷུ་རེ་མ་ཧཱ་དྷུ་རེ། ཏི་རི་ཏི་རི་མ་ཧཱ་ཏི་རི། ཀི་ལི་ཀི་ལི་
མ་ཧཱ་ཀི་ལི། ཙུ་རུ་ཙུ་རུ་མ་ཧཱ་ཙུ་རུ། མི་ལི་མི་ལི་མ་ཧཱ་མི་ལི། ཏི་ལི་ཏི་ལི་མ་ཧཱ་ཏི་ལི། དྷུ་མེ་དྷུ་མེ་མ་ཧཱ་དྷུ་མེ། ཙ་ལེ་ཙ་ལེ་མ་ཧཱ་ཙ་ལེ། ཁི་རི་ཁི་རི་མ་ཧཱ་ཁི་རི། ཙི་ལི་ཙི་ལི་མ་ཧཱ་ཙི་ལི་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་ཀླད་པའི་ནད་བསལ་ན་མཚོན་དང་ལག་མཐིལ་གྱིས་བྱའོ། །སྤྲིན་བཟློག་ན་ཤིང་ཀ་ར་བཱི་རའི་ལྕུག་མས་བྱའོ། །དུག་སྤོ་ན་ཆུས་བྱའོ། །ལས་གཞན་རྣམས་ཀྱང་བྱའོ། །ཁྲུས་ཀྱི་ཆོ་གས་སྦྱར་
བར་བྱའོ། །ཆོ་ག་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་
དོ། །འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་བུད་དྷ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ།
འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་
སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་
བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་
དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས། མ་དཀྲོལ་བར་བར་སྣང་ལས་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྒྲ་དག་ཀྱང་བྱུང་། ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོའི་མེ་
ཏོག་གི་ཆར་ཡང་བབ་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཐམས་ཅད་རིན་པོ་ཆེའི་མེ་ཏོག་གི་ཆལ་པས་གང་བར་གྱུར་ཏོ། །དེ་ནས་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསེར་
གྱི་ཁ་དོག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་མོད་ལ་ཤར་ཕྱོགས་ནས་པད་མ་སྡོང་པོ་ནི་གསེར། འདབ་མ་ནི་དངུལ། ཟེའུ་འབྲུ་ནི་བཻ་དཱུརྱ། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ་བརྒྱད་ཅིག་བྱུང་བར་གྱུར་ཏོ། །པད་མའི་སྙིང་པོ་ཐམས་ཅད་ཀྱི་སྟེང་
ན་སེང་གེའི་ཁྲི་གྲུ་བཞི་པ། རྩ་བ་བཞི་ཟུག་པ། བཀྲ་བ། བལྟ་ན་སྡུག་པ། དྲི་དང་ལྡན་པ། ཡིད་དུ་འོང་བ། དར་གྱི་ལྡ་ལྡི་སྦྱངས་པ། པོག་པོར་ནས་སྤོས་ཀྱི་དྲིས་ཤིན་ཏུ་བདུགས་པ། རིན་པོ་ཆེ་སྣ་ཚོགས་དུ་མ་དག་གིས་ལེགས་པར་བརྒྱན་པ། དྲིལ་བུ་
གཡེར་ཀའི་དྲ་བ་དུ་མ་འཁྲོལ་བ། རིན་པོ་ཆེ་དུ་མའི་བླ་རེ་བྲེས་པ་དག་བྱུང་བར་གྱུར་ཏོ། །སེང་གེའི་ཁྲི་ཐམས་ཅད་ཀྱི་སྟེང་ན་དེ་བཞིན་གཤེགས་པའི་སྐུ་དག་ཀྱང་བཞུགས་པར་ཡང་སྣང་སྟེ། མཛེས་པ། བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་
བ་དང་ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ། དབང་པོ་བསྲུངས་ཤིང་ཐུལ་བ། གླང་པོ་ཤིན་ཏུ་དུལ་བ་ལྟ་བུ། མཚོ་ལྟར་དངས་ཤིང་རྙོག་པ་མེད་ལ་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་སྐུ་ལེགས་
པར་བརྒྱན་པ། གསེར་གྱི་ཁ་དོག་ལྟ་བུའི་སྐུས་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ཏེ་བཞུགས་པ། སྤྱོད་ལམ་བརྒྱ་སྟོང་དུ་མ་དང་ལྡན་པ། སྐུ་མདོག་བལྟ་བས་ཆོག་མི་ཤེས་པ་དག་སྣང་ངོ་། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་

ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤར་ཕྱོགས་ནས་པད་མ་སྡོང་
པོ་ནི་གསེར། འདབ་མ་ནི་དངུལ། ཟེའུ་འབྲུ་ནི་བཻ་དཱུརྱ། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ་བརྒྱད་པོ་འདི་དག་བྱུང་བར་གྱུར་ཏེ། པད་མའི་སྙིང་པོ་ཐམས་ཅད་ཀྱི་སྟེང་ན་སེང་གེའི་ཁྲི་གྲུ་བཞི་པ། རྩ་བ་བཞི་ཟུག་པ། བཀྲ་བ། བལྟ་ན་སྡུག་པ། དྲི་དང་ལྡན་པ། ཡིད་
དུ་མཆི་བ། དར་གྱི་ལྡ་ལྡི་སྤྱངས་པ། པོག་པོར་ནས་སྤོས་ཀྱི་དྲིས་ཤིན་ཏུ་བདུགས་པ། རིན་པོ་ཆེ་སྣ་ཚོགས་དུ་མས་ལེགས་པར་བརྒྱན་པ། དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་འཁྲོལ་བ། རིན་པོ་ཆེ་དུ་མའི་བླ་རེ་བྲེས་པ་དག་བྱུང་བར་གྱུར་པ། སེང་གེའི་ཁྲི་ཐམས་ཅད་
ཀྱི་སྟེང་ན། དེ་བཞིན་གཤེགས་པའི་སྐུ་དག་བཞུགས་པར་ཡང་གདའ་སྟེ། མཛེས་པ། བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ། དབང་པོ་བསྲུངས་ཤིང་ཐུལ་བ། གླང་པོ་ཆེ་
ཤིན་ཏུ་དུལ་བ་ལྟ་བུ། མཚོ་ལྟར་དངས་ཤིང་རྙོག་པ་མེད་ལ་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་གིས་སྐུ་ལེགས་པར་བརྒྱན་པ། གསེར་གྱི་ཁ་དོག་ལྟ་བུའི་སྐུས་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ཏེ་བཞུགས་པ། སྤྱོད་ལམ་བརྒྱ་སྟོང་
དུ་མ་དང་ལྡན་པ། སྐུ་མདོག་བལྟ་བས་ཆོག་མི་ཤེས་པ་དག་གདའ་བའི་རྒྱུ་གང་ལགས་རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་
ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་

ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཡོངས་
བསྒྲགས་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ