Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 068_མདོ་སྡེ།_ཡ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡིད་འོང་དགའ་ཞེས་བྱ་བ་ཡོད་དེ།
དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་
རྒྱས་ཀྱི་ཞིང་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྡུག་དགའ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་རྣམ་པར་གནོན་པ་གྲགས་མཆོག་དཔལ་ཞེས་བྱ་བ་ད་ལྟར་བཞུགས་
ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྒོ་ཀུན་ནས་འཇུག་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་རྩལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་ལྔའི་
བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རྣམ་དག་བརྩེགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བཀོད་པའི་དཔལ་ཀུན་ཏུ་སྣང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་

སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འགྱུར་མེད་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་སྨན་གྱི་རྒྱལ་པོ་དཔལ་ཐོགས་པ་མེད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་
སྤོབས་པ་བརྩེགས་པ་གང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མ་ལས་རྣམ་པར་གནོན་པས་བཞུད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་
སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་
པོ་ཆེའི་པད་མ་ལ་རབ་ཏུ་གནས་པ་སཱ་ལའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་དག་ནི་ཡོངས་སུ་དག་པ་སྟེ། སྙིགས་མ་ལྔ་མེད་དོ། །ཡ་མཚན་ཅན་
ཐམས་ཅད་མེད་དོ། །གསེག་མ་དང་གྱོ་མོ་དག་མེད་དོ། །ཉེ་བའི་ཉོན་མོངས་པ་མེད་དོ། །བུད་མེད་མེད་དོ། །དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་ཡང་མེད་དོ། །སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱིས་རེག་པ་རྣམས་མེད་དོ། །ཤཱ་རིའི་བུ་རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ངན་སོང་གསུམ་དུ་འགྲོ་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་

མེད་དེ། ཤཱ་རིའི་བུ་དེ་དག་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་དེ་ནི་གནས་མེད་དེ། མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བའི་གང་ཟག་ནི་མ་གཏོགས་ཏེ། དེ་ཡང་ཆུང་ངུ་
མྱོང་ཞིང་མང་དུ་མྱོང་བར་མི་འགྱུར་རོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་བྱང་ཆུབ་
ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ནམ་ཡང་མངོན་པར་ཤེས་པ་དང་བྲལ་བར་མི་འགྱུར། ནམ་ཡང་མཚན་དང་བྲལ་བར་མི་འགྱུར། ནམ་ཡང་གཟུངས་དང་བྲལ་བར་མི་འགྱུར། ནམ་ཡང་དབང་པོ་མ་ཚང་བར་མི་འགྱུར། ནམ་ཡང་སྒྲ་དབྱངས་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་
འགྱུར། ནམ་ཡང་རྔ་སྒྲའི་དབྱངས་དང་བྲལ་བར་མི་འགྱུར། ནམ་ཡང་སྦྱིན་གནས་དང་ཕྱིར་མི་ལྡོག་པ་དང་བྲལ་བར་མི་འགྱུར། ནམ་ཡང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་བྲལ་བར་མི་འགྱུར། ནམ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་དང་བྲལ་བར་
མི་འགྱུར་རོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཤཱ་རིའི་བུ་བུད་མེད་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་
བུད་མེད་ཀྱི་དངོས་པོ་ལན་གཉིས་ཐོབ་པར་འགྱུར་བ་དེ་ནི་གནས་མེད་དོ། །སྨོན་ལམ་གྱི་དབང་གིས་ལེན་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་
མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་རྒྱལ་པོས་འཇིགས་པར་འགྱུར་བའམ། རྐུན་པོས་སམ། མེས་སམ། ཆུས་སམ། མ་རུངས་

པས་སམ། ཀླུས་སམ། གནོད་སྦྱིན་གྱིས་སམ། དྲི་ཟས་སམ། ལྷ་མ་ཡིན་གྱིས་སམ། མིས་སམ། མི་མ་ཡིན་པས་འཇིགས་པར་འགྱུར་བའམ། གང་གིས་ཀྱང་གླགས་རྙེད་པར་འགྱུར་བ་དེ་ནི་གནས་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དྲག་པོ་ནི་མ་གཏོགས་ཏེ།
དེ་ཡང་ཆུང་ངུ་མྱོང་ཞིང་མང་དུ་མྱོང་བར་མི་འགྱུར་རོ། །དེ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་དོན་གང་ཅི་རྩོམ་ཡང་རུང་སྟེ། དེ་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་འགྱུར་གྱི། འགྲིབ་པར་མི་འགྱུར་བར་རེ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་དེ་དག་གི། །མཚན་རྣམས་འཛིན་པར་བྱེད་པ་ནི། །མི་ཁོམ་ཐམས་ཅད་ཡོངས་སྤངས་ནས། །མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར། །སངས་རྒྱས་འབྱུང་བ་མཉེས་བྱས་ནས། །སྟོན་
པ་དེ་མཐོང་དད་བྱེད་ཅིང་། །འཇིག་རྟེན་སྒྲོན་མ་མཐོང་ནས་ཀྱང་། །མཆོད་པ་བཟང་པོ་བྱེད་པར་འགྱུར། །བསྐལ་པ་བྱེ་བ་གྲངས་མེད་དུ། །འཁོར་བ་རྣམ་པར་སྤོང་བར་བྱེད། །གང་གིས་འདྲེན་རྣམས་མཐོང་འགྱུར་བའི། །དྲི་མེད་མིག་ཀྱང་རྣམ་པར་སྦྱོང་། །འཇིག་
རྟེན་མགོན་པོ་དེ་དག་གི། །མཚན་རྣམས་སུ་ཞིག་འཛིན་བྱེད་པ། །དེ་ནི་གང་དང་གར་སྐྱེས་པར། །འཇིག་རྟེན་ཕྱག་བྱའི་འོས་སུ་འགྱུར། །དེ་ཡི་གཟུགས་མཚན་ཕུན་སུམ་ཚོགས། །ཕྱུག་པོའི་ཁྱིམ་དུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །
སེར་སྣ་མེད་ཅིང་ལྷུག་པར་གཏོང་། །མཚན་རྣམས་འདི་དག་སུ་འཛིན་པ། །བསྐལ་པ་བྱེ་བ་མང་པོར་ནི། །ལྷ་ཡི་ཙན་དན་དམར་པོ་ཡི། །དྲི་ངད་ཁ་ནས་འབྱུང་བར་འགྱུར། །དྲང་སྲོང་ཆེན་པོ་དེ་དག་གི། །མཚན་རྣམས་བུད་མེད་ཐོས་གྱུར་ན། །བུད་མེད་དངོས་པོ་
རྣམ་སྤངས་ཏེ། །སྐྱེས་བུ་མཁས་པར་རེད་པར་འགྱུར། །མཚན་རྣམས་འདི་དག་སུ་འཛིན་པ། །ཕ་དང་མ་དང་སྤུན་རྣམས་དང་། །མཛའ་བཤེས་ཉེ་དུའི་ཚོགས་རྣམས་ཀྱི། །སྡུག་བསྔལ་ནམ་ཡང་མཐོང་མི་འགྱུར། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་

དང་དེ་དག་འཇིག་རྟེན་ན། །འདབ་མ་སྟོང་ཕྲག་བྱེ་ལྡན་པའི། །རིན་ཆེན་པད་མར་སྐྱེ་བར་འགྱུར། །མཚན་རྣམས་འདི་དག་སུ་འཛིན་པ། །སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། །ནམ་མཁའ་ལས་ནི་འགྲོ་བྱེད་ཅིང་། །འཇིག་རྟེན་མགོན་པོ་སངས་
རྒྱས་ཞིང་། །རྣམ་པར་དག་པ་མཐོང་བར་འགྱུར། །འཇིག་རྟེན་མགོན་པོའི་དྲུང་དག་ཏུ། །ཟབ་མོའི་ཆོས་ནི་ཉན་བྱེད་ཅིང་། །ཇི་ལྟར་ཐོས་པ་ཆུད་མི་གསོན། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་དག་ལ་ནི་སྡིག་ཅན་བདུད། །ནག་པོའི་རྩ་ལག་སྡེར་བཅས་པས། །
ནམ་ཡང་གླགས་རྙེད་མི་འགྱུར་རོ། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་དག་མཚོན་གྱིས་མི་གསོད་ཅིང་། །དུག་དང་མེས་ཀྱང་མ་ཡིན་ལ། །རྒྱལ་པོ་དང་ནི་རྐུན་པོ་ཡིས། །དེ་དག་གཙེ་བར་བྱེད་མི་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྟོ་འཕྱེ་ཆེ་རྣམས་
ཀྱིས། །གླགས་ཀྱང་རྙེད་པར་མི་འགྱུར་རོ། །སངས་རྒྱས་འདི་དག་མི་མཆོག་སྟེ། །དཔལ་གྱི་སྙིང་པོ་འབྲུག་གི་རྒྱལ། །མཛངས་པ་བག་ཡོད་གྱུར་ནས་ནི། །མཁས་མི་སུ་ཞིག་མཚན་མི་འཛིན། །འཇིག་རྟེན་མགོན་པོ་ཐམས་ཅད་ཀྱི། །མཚན་རྣམས་འདི་དག་
སུ་ཉན་པ། །མི་དེ་དག་ནི་ཆོ་གས་ཉན། །གྲགས་ལྡན་རྣམས་ཀྱི་མཚན་ཐོས་ནས། །དེ་དག་དཔའ་ཞིང་ཤེས་རབ་ཆེ། །འཇིག་རྟེན་མི་མཆོག་སངས་རྒྱས་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཐམས་ཅད་
དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།ཤློ་ཀ་དགུ་བཅུ་རྩ་གཅིག། །།

༄༅། །རྒྱ་གར་སྐད་དུ། ད་ཤ་བུད་དྷ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་ཕྲག་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཡུལ་ཡངས་པའི་ལི་ཙྪ་བཱི་གཞོན་ནུ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་
གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་ཅག་གིས་ཞུ་བ་ཞུས་པས་བཅོམ་ལྡན་འདས་ཀྱི་ཐུགས་རངས་པ་ལྟ་ན། བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གང་དང་གང་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་
ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་འཇིག་རྟེན་གྱི་ཁམས་གཞན་དག་ན་ད་ལྟར་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ལ་གཞེས་

ཤིང་ཆོས་ཀྱང་སྟོན་པ་གང་དག་གི་མཚན་བཟུང་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་
ཏན་རིན་ཆེན་མེ་ཏོག་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ལེགས་སོ་ལེགས་སོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ཁྱོད་འདི་ལྟར་འདིར་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ལྷ་དང་། མི་དང་།
སྐྱེ་བོ་མང་པོ་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ཁྱོད་
ཀྱང་ལེགས་སོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་
ཆེན་མེ་ཏོག་རྒྱས་པས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ཤར་ཕྱོགས་ལོགས་ན་ཡོན་ཏན་ཐམས་ཅད་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བསྐལ་པ་དཔག་ཏུ་མེད་པ་ལས་འདས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་ཐམས་ཅད་ཉེ་བར་བསགས་ཤིང་བརྩེགས་པ་ཞེས་བྱའོ། །དེ་ན་སེམས་
ཅན་རྣམས་ཀྱི་ཚེ་ཡང་དཔག་ཏུ་མེད་དོ། །བཅོམ་ལྡན་འདས་ཡོན་ཏན་བསྐལ་པ་དཔག་ཏུ་མེད་པ་ལས་འདས་པ་དེའི་འཁོར་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤ་སྟག་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བསྐལ་པ་དཔག་ཏུ་མེད་པ་ལས་འདས་པ་ཞེས་བྱ་བ་དེའི་མཚན་བཟུང་ན་བསྐལ་པ་སྟོང་ཕྲག་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །ཤི་འཕོས་ནས་ཀྱང་སྒྲིབ་པ་མེད་པའི་གཟུངས་ཞེས་བྱ་བ་འཐོབ་པར་
འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སྤོབས་པ་ཡང་དག་པར་བསྐྱེད་དོ། །ཆོས་སྟོན་པ་ན་ཡང་ཁེངས་པར་མི་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་སྐྱོབ་པའི་མཚན་ནི་བཟུང་བྱས་ན། །
དེ་ལ་བྱང་ཆུབ་དམ་པ་རྙེད་སླ་ཞིང་། །བདེ་བར་གཤེགས་པའི་ཡོན་ཏན་གཞན་རྣམས་དང་། །ཡོན་ཏན་དྲི་མེད་འདི་དག་མིས་འཐོབ་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ལྷོ་ཕྱོགས་ལོགས་ན་ཡོན་ཏན་རིན་ཆེན་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་བཀོད་པའི་དཔལ་གཟི་བརྗིད་ཀྱི་ཕུང་པོའི་བསྐལ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་ཡོན་ཏན་རྒྱ་ཆེ་བ་ཞེས་བྱའོ། །
རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་བཀོད་པའི་དཔལ་གཟི་བརྗིད་ཀྱི་ཕུང་པོའི་བསྐལ་པ་ཞེས་བྱ་བ་དེའི་མཚན་བཟུང་ན་ཤི་འཕོས་ནས་ཉི་མའི་དཀྱིལ་འཁོར་འོད་ཀྱིས་མཐས་ཀླས་
པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བཀོད་པ་དཔག་ཏུ་མེད་པ་རྣམས་ཡོངས་སུ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཀྱང་སྐྱེ་བ་གཅིག་གིས་ཐོགས་སོ། །ཤི་འཕོས་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱང་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཁྱབ་བདག་མཚན་འདི་སུས་བཟུང་བ། །མཐའ་ཀླས་པ་ཡི་ཏིང་ངེ་འཛིན། །འོད་ནི་ཉི་མའི་དཀྱིལ་འཁོར་

ཅན། །མཚན་རྣམས་བཅས་ཏེ་ཤི་བས་འཐོབ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ནུབ་ཕྱོགས་ལོགས་ན་སྦྱོར་བས་མུན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་ཤཱཀྱའི་རྒྱལ་པོ་བཀོད་པ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ཞེས་བྱ་བ་དེའི་མཚན་བཟུང་ན་མཚོན་ཆ་དང་། མེ་དང་། ཆུ་དང་། དུག་གིས་འཆི་བའི་དུས་བྱེད་པར་མི་འགྱུར་ཞིང་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཤི་འཕོས་ནས་ཤུགས་བརྒྱ་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་
པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྒྱལ་བ་དེ་ཡི་མཚན་ནི་སུས་བཟུང་བ། །མེ་དང་ཆུ་དང་དུག་གིས་མི་འཆི་ཞིང་། །འདི་ལ་མཚོན་གྱིས་མི་ཚུགས་མཁས་པ་དང་། །མངལ་དུ་མི་སྐྱེ་གཟུངས་རྣམས་མི་དེས་འཐོབ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་བྱང་ཕྱོགས་
ལོགས་ན་མུན་པ་དང་རྡུལ་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཡང་དག་པར་སྤྱོད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །
བསྐལ་པ་དེ་ནི་རིན་ཆེ་བ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཡང་དག་པར་སྤྱོད་པ་ཞེས་བྱ་བ་དེའི་མཚན་བཟུང་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་
མཉེས་པར་བྱེད་དོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། །སྒྱུ་མ་ལྟ་བུ་ལས་ངེས་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །བླ་ན་མེད་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་སུ་མ་གྱུར་གྱི་བར་དུ་ནམ་ཡང་ངན་སོང་གསུམ་དུ་མི་སྐྱེ་ཞིང་མི་སྤྱོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེས་པ་དེ་དང་དེར་སེམས་ཅན་ངན་སོང་དུ་སོང་བ་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་ཅིང་དེ་དག་ཐམས་ཅད་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདེ་གཤེགས་དེ་ཡི་མཚན་ནི་སུས་བཟུང་བ། །སེམས་ཅན་མཐའ་ཡས་བྱང་ཆུབ་བསྐྱེད་པ་དང་། །གཟུངས་དང་ཏིང་ངེ་འཛིན་རྣམས་ཐོབ་པ་དང་། །ངན་འགྲོར་སྐྱེ་
བས་འཇིགས་པར་མི་འགྱུར་རོ། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ཤར་ལྷོའི་ཕྱོགས་མཚམས་ལོགས་ན་ཡུན་རིང་པོར་བདེ་བ་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་འབྲུག་
སྒྲ་སྒྲ་དབྱངས་སྟོང་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་ཡོན་ཏན་འབྱུང་བ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་འབྲུག་
སྒྲ་སྒྲ་དབྱངས་སྟོང་པ་ཞེས་བྱ་བ་དེའི་མཚན་བཟུང་ན། དེ་ཤི་འཕོས་ནས་སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་པར་འགྱུར་རོ། །མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་འཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅྭ་བརྒྱད་འཐོབ་པར་འགྱུར་རོ། །ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་འདྲ་བའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་བཀོད་པ་རྣམས་འཐོབ་པར་འགྱུར་རོ། །བུད་མེད་ཀྱང་
ཤི་འཕོས་ནས་སྐྱེས་པའི་དངོས་པོ་འཐོབ་ཅིང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་མཚན་འདི་དག་ནི་བཟུང་བྱས་ན། །འོད་དཔག་མེད་འདྲའི་ཞིང་དག་འཐོབ་པ་དང་། །བུད་མེད་ཕོར་འགྱུར་བསམ་

གྱིས་མི་ཁྱབ་པའི། །ཡོན་ཏན་འདི་དང་གཞན་ཡང་འཐོབ་པར་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་ན་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་འོད་དམ་པ་དཔལ་གྱི་གཟི་བརྗིད་འབྱུང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་ཡིད་བདེ་བ་ཡང་དག་པར་སྐྱེད་པ་ཞེས་བྱའོ། །རིགས་ཀྱི་བུའམ་
རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་འོད་དམ་པའི་དཔལ་གྱི་གཟི་བརྗིད་འབྱུང་བ་ཞེས་བྱ་བ་དེའི་མཚན་ཐོས་ན་མཚན་དེ་དག་ཐོས་པ་ཙམ་གྱིས་སངས་རྒྱས་བྱེ་བ་མཉེས་པར་འགྱུར་རོ། །
ཐམས་ཅད་དུ་མདངས་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་མཚན་དེ་དག་རྒྱུན་དུ་བཟུང་བ་བྱས་ན་ཤི་འཕོས་ནས་སེམས་ཅན་ཐམས་ཅད་མདངས་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་འཇོག་པར་བྱེད་ཅིང་། ཐམས་ཅད་
ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་ཐམས་ཅད་མདངས་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་བྱེད་ཅིང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཞེ་ན། རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཏིང་ངེ་འཛིན་འདི་ལ་གནས་ཤིང་ཆོས་བསྟན་ན་དེ་ལྟར་ཆོས་བསྟན་པས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །
དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་དུ་འོང་བ་ཞེས་བྱ་བའི་ཞིང་ན་སེམས་ཅན་རྣམས་བདེ་བ་ལ་གཅིག་ཏུ་བཀོད་པ་དང་། ངན་སོང་དུ་སོང་བའི་སེམས་ཅན་རྣམས་ཀྱང་ཡོངས་སུ་གྲོལ་བར་བྱེད་ཅིང་ལྷ་དང་མིའི་ངོ་བོ་ཉིད་

ཐོབ་པར་བྱེད་པ་དང་། དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱེད་པ་བཞིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་མགོན་དེའི་མཚན་ནི་བཟུང་བྱས་ན། །ཕྱི་རོལ་མ་ཡིན་རྟོག་པར་བྱེད་པ་དང་། །མདངས་ལྟ་བུ་ཡི་
ཏིང་འཛིན་ཐོབ་བྱེད་ཅིང་། །དེ་དང་གཞན་དུ་མང་པོ་སྐྱེད་པར་བྱེད། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་ནུབ་བྱང་གི་ཕྱོགས་མཚམས་ལོགས་ན་ངན་སོང་སྤངས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམ་པ་མང་པོའི་གཟི་བརྗིད་ཀྱི་རྒྱལ་པོ་དཔལ་འབྱུང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་དགེ་བ་རྒྱ་ཆེ་བ་ཞེས་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་མང་པོའི་གཟི་བརྗིད་ཀྱི་རྒྱལ་པོ་དཔལ་འབྱུང་བ་ཞེས་བྱ་བ་དེའི་མཚན་བཟུང་ན་ཤི་འཕོས་ནས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། །ཚེགས་ཆུང་ངུས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཕུན་སུམ་ཚོགས་པ་བཀོད་པ་ཡོངས་སུ་འཛིན་པར་འགྱུར་རོ། །སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ། །སངས་རྒྱས་
བྱེ་བ་ཕྲག་དགུ་བཅུས་ཆོས་བསྟན་པ་ཡང་ཐོས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་རྒྱལ་བའི་མཚན་དེ་བཟུང་བྱས་ན། །སྐྱེ་བ་གཅིག་གིས་བྱང་ཆུབ་འཐོབ་པ་དང་། །འོད་དཔག་མེད་དང་མཉམ་པའི་ཞིང་དག་དང་། །གཟུངས་ཀྱང་སེམས་ཅན་དེ་ཡིས་
འཐོབ་པར་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་བྱང་ཤར་གྱི་ཕྱོགས་མཚམས་ལོགས་ན་མྱ་ངན་གྱི་གནོད་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་

བྱེ་བ་གྲངས་མེད་པར་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་སྤོབས་པ་བཀོད་པ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་ཀུན་ཏུ་འབྱུང་བ་ཞེས་བྱ་བ་དེའི་མཚན་བཟུང་ན་ཤི་འཕོས་ནས་སྒྲ་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྤོབས་པ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ། །སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ལས་དགེ་བའི་རྩ་བ་བསྐྱེད་པར་
འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་རྒྱལ་བའི་མཚན་དེ་དག་ནི་བཟུང་བྱས་ན། །རྒྱལ་བ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་མཆོད་པ་ཡི། །བསོད་ནམས་དེ་དག་དེ་ལ་ཆུང་བར་མི་འགྱུར་ཞིང་། །སྒྲ་དབྱངས་ཕུན་ཚོགས་ཡན་ལག་དྲུག་ཅུར་ལྡན་པ་འཐོབ། །ཡོན་
ཏན་རིན་ཆེན་མེ་ཏོག་རྒྱས་པ་སྟེང་གི་ཕྱོགས་ལོགས་ན་གཟི་བརྗིད་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བ་གསེར་གྱི་ནམ་མཁའ་ངེས་པར་སྒྲོགས་པ་བཀོད་
པ་དཔལ་གྱི་གཟི་བརྗིད་འབྱུང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་སྣང་བ་ཤིན་ཏུ་གསལ་བ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དགེ་བ་གསེར་གྱི་ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པ་དཔལ་གྱི་གཟི་བརྗིད་འབྱུང་བ་ཞེས་བྱ་བ་དེའི་མཚན་བཟུང་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དཔག་ཏུ་མེད་པ་དང་། ཤེས་རབ་ཀྱི་ཕུང་
པོ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཕུང་པོ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་དག་པར་བྱེད་དོ། །ས་ནས་ས་འཐོབ་པར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་

འཐོབ་པར་འགྱུར་རོ། །གཉེན་གྱི་སྟོབས་དང་། རྒྱལ་སྲིད་འཐོབ་པར་འགྱུར་རོ། །སྤོབས་པ་མི་བུལ་བ་འཐོབ་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སེམས་ཅན་ཐམས་ཅད་ཀྱང་འཆི་
འཕོ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། བརྡ་སྐད་ཤེས་པ་འཐོབ་པར་འགྱུར་རོ། །སྤོབས་པ་རྒྱུན་མི་འཆད་པ་འཐོབ་པར་འགྱུར་རོ། །རིགས་མཐོན་པོ་འཐོབ་པར་འགྱུར་རོ། །རིགས་ཆེན་པོ་འཐོབ་པར་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་རོ། །
མངོན་པར་ཤེས་པ་ལྔ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་སངས་རྒྱས་མཚན་དེ་དག་ནི་བཟུང་བྱས་ན། །ཡན་ལག་ཀུན་དང་ལྡན་པའི་ཕུན་སུམ་ཚོགས་པ་དང་། །བྱང་ཆུབ་དམ་པ་
སངས་རྒྱས་རིང་པོར་མི་ཐོགས་ཤིང་། །འཇིག་རྟེན་རྣམས་ཀྱི་ཤེས་པ་བླ་མེད་འཐོབ་པར་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་འོག་གི་ཕྱོགས་ལོགས་ན་རྡུལ་ཐམས་ཅད་འདུས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་བའི་གཟི་བརྗིད་འབྱུང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །བསྐལ་པ་དེ་ནི་འཇིག་རྟེན་ཀུན་ཏུ་བསགས་པ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་པའི་གཟི་བརྗིད་འབྱུང་བ་ཞེས་བྱ་བ་དེའི་མཚན་བཟུང་ན་ཟླ་བའི་གཟུངས་ཞེས་བྱ་བ་འཐོབ་པར་འགྱུར་རོ། །སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུས་ཆོས་བསྟན་པ་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་ཐམས་ཅད་ཀུན་ཏུ་འཛིན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་མགོན་དེའི་མཚན་ནི་བཟུང་བྱས་ན། །སངས་

རྒྱས་བྱེ་བའི་ཆོས་ནི་འཛིན་བྱེད་ཅིང་། །སྐྱེ་བ་གཅིག་གིས་བྱང་ཆུབ་དམ་པ་དང་། །ཟླ་བ་ཞེས་བྱའི་གཟུངས་ནི་འདིས་འཐོབ་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཡོན་ཏན་ཐམས་ཅད་དགའ་བས་ནི་གཟུངས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་ནི་ཕྱིར་མི་ལྡོག་པ་ལ་གནས་པས་གནས་པར་གྱུར་ཏོ། །ལྷ་དང་མི་ཁྲི་ཕྲག་དཔག་ཏུ་མེད་པས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །
བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཐམས་ཅད་དགའ་བ་དང་། བྱང་ཆུབ་སེམས་དཔའ་དང་། དགེ་
སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །སངས་རྒྱས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་
ཝར་མ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅། །རྒྱ་གར་སྐད་དུ། ཨཱརྱ་དྭཱ་ད་ཤ་བུད་དྷི་ཀན་ནཱ་མ་མ་ཧཱ་ཡཱ་
ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་
རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་མ་ཕམ་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་གོ །

དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྗོད་དུ་མེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་
རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་ཏོག་གི་འོད་མེ་ཏོག་པད་མ་བཻ་དཱུརྱའི་འོད་ཟེར་རིན་པོ་ཆེའི་
གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་མཆོག་དམ་པས་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་
མེད་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སུ་རྒྱལ་བའི་མཚན་འཛིན་པ་དེ་བསྐལ་པ་ཆེན་པོ་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་འཁོར་བ་ལས་ལྡོག་གོ། །དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དྲི་མེད་ཅེས་བྱ་བ་ལུང་བསྟན་ཏེ། དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་ཏོག་གི་འོད་མེ་ཏོག་པད་མ་བཻ་དཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་
མཆོག་དམ་པས་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་
དམ་པའི་ཆོས་ནུབ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་

རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆུ་ལྷ་གཞོན་ནུ་ཉི་མའི་སྒྲོན་མ་ཟླ་བའི་མེ་ཏོག་རིན་ཆེན་པད་མ་གསེར་སྡུག་ནམ་མཁའ་ལྟ་བུའི་སྐུ་ལྡན་རྣམ་པར་སྣང་མཛད་འོད་ཟེར་རབ་
བརྒྱན་ཐོགས་མེད་འཁོར་ལོའི་དཀྱིལ་འཁོར་ཕྱོགས་བཅུར་འོད་ཟེར་རབ་འབྱིན་འཇིག་རྟེན་ཁམས་ཀུན་ཏུ་སྣང་བྱེད་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤར་ཕྱོགས་དེ་ཉིད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་བཀོད་པ་ཐམས་ཅད་དྲི་མེད་འོད་ཅེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཚིག་འདོན་ཏོ། །ཕྱག་བྱའོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པའི་རྒྱན་ལ་དགོངས་པ་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །
ཡིད་ལ་བྱའོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་གྲགས་ལྡན་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །
ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འོད་མཛད་ཅེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་རིན་ཆེན་མཆོག་གི་ཏོག་གྲགས་ལྡན་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །ནུབ་བྱང་གི་
ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འཇིགས་མེད་རྣམ་པར་གཟིགས་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འཇིགས་བྲལ་བག་ཚ་བ་མི་མངའ་སྤུ་ཟིང་མི་བྱེད་ཅེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་
བྱའོ། །འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་སེང་གེ་བསྒྱིངས་པའི་མིད་པ་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་གསེར་འོད་གཟི་བརྗིད་འཇིགས་བྲལ་རྒྱལ་པོ་ཞེས་བྱ་བའི་མཚན་ཀྱང་གཟུང་ངོ་། །ཕྱག་བྱའོ། །བྱམས་

པ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་གཉིས་པོ་འདི་དག་གི་མཚན་བརྗོད་ལ། ཉི་མ་བཅུར་སྡིག་པ་ཐམས་ཅད་ཀྱི་ཉེས་པ་བཤགས་པར་བྱ། དགེ་བའི་རྩ་བ་
ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱ། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བྱའོ། །འོན་ཀྱང་སྡིག་པ་ཐམས་ཅད་
ཟད་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་བྱང་བར་འགྱུར་རོ། །དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དང་། མི་འཇིགས་པ་ཕུན་སུམ་ཚོགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་
དཔའི་དགེ་འདུན་ཕུན་སུམ་ཚོགས་པ་དང་། གཟུངས་ཕུན་སུམ་ཚོགས་པ་ཡང་འཐོབ་བོ། །ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་འཐོབ་བོ། །བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་
ཕུན་སུམ་ཚོགས་པ་ཡང་མྱུར་དུ་ཡོངས་སུ་འཛིན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་ཞིང་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །འཁོར་བ་ན་འཁོར་བའི་ཚེ་ཡང་ཀུན་ཏུ་མཛེས་པ་དང་། དེའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་
དང་། རིགས་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དང་། རུས་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། རིས་འདྲ་བའི་སྐྱེ་བོའི་འཁོར་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་དང་
གང་དུ་སྐྱེས་པ་ཡི། །ཚེ་རབས་ཚེ་རབས་ཐམས་ཅད་དུ། །མཐོང་ན་དགའ་ཞིང་དགའ་བྱེད་དང་། །འོད་བྱེད་པ་དང་མཐུ་ཆེན་དང་། །འབྱོར་པ་ཆེན་པོར་འགྱུར་བ་ཡིན། །གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་རྣམས་ཀྱང་བརྗོད་པར་བྱའོ། །ཏདྱ་ཐཱ། ཨ་ཁེ། མ་ཁེ།

ས་མན་ཏ་མུ་ཁེ། སཽ་ཏི། ཡུག་ཏེ། ནི་རུག་ཏེ། པྲ་བྷེ་ས་མ་ཡོ་གེ། ཙི་ཏ་བི་བརྟེ། ཨ་མེ། ཁ་མེ། མ་ད་ནེ། བི་བརྟེ། ས་མན་ཏ་གུ་ཎེ། ས་ཏྱ་ར་མེ། ཡུག་ཏེ། པྲ་ཡུག་ཏེ། ཧི་ལི་མི་ལི། མ་ས་ལེ། ཨཱ་ན་ལེ། ཙ་མེ་ཨ་ཙི་ཊི། ཨ་ཙི་
ཊི། ཙོ་ཙེ། ཨ་ར་ཧེ། བ་ཧུད་ཚེ། མཱ་ཡུ་གྲ་ཧེ། ཧེ་མ་བ་ཏི། ཛྱོ་ཏི་བཏི། དྷ་རྨ་ཙི་ཏི། ཙྱུ་ཏ་བང་ཀེ། ཨ་བི་ཀྵེ་པེ། ར་དྷི་ཀྵ་མེ། སྐན་དྷ་བི་བྷ་ཀ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་
ཀྱིས་གསང་སྔགས་ཀྱི་གཞི་འདི་རྣམས་གྲུབ་པར་གྱུར་ཅིག །དེ་ལ་འདི་སྐད་ཅེས་བྱ་སྟེ། གཟུངས་འདི་དག་ནི་བཟུང་བྱས་ན། །ཕྱོགས་བཅུ་དག་ན་གང་བཞུགས་པའི། །བྱེ་བ་དྲུག་ཅུའི་དྲང་སྲོང་རྣམས། །དེ་དག་དེ་ལ་དགོངས་པར་འགྱུར། །སྐྱེ་བ་དག་ནི་ཀུན་
ཏུ་ཡང་། །དགེ་བའི་བཤེས་གཉེན་རྙེད་པར་འགྱུར། །ཅུང་ཟད་དགེ་བ་གང་ཡིན་པ། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །པད་མའི་སྙིང་པོར་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་མངོན་དུ་མཐོང་། །གཟུངས་འདི་དག་ནི་འཛིན་བྱེད་པ། །མཁས་པ་
དཔལ་ལྡན་རྫུས་ཏེ་སྐྱེ། །དྲན་དང་བློ་གྲོས་རྟོགས་པ་དང་། །མོས་དང་ཤེས་རབ་རབ་ཏུ་འཕེལ། །ཐོས་པ་ཐམས་ཅད་འཛིན་པར་འགྱུར། །ཐོས་པ་རྣམས་ནི་ཡོངས་མི་ཉམས། །འཇིག་རྟེན་མགོན་པོ་འདི་དག་གི །མཚན་རྣམས་སུ་ཞིག་རྗོད་བྱེད་པ། །ངན་འགྲོ་ཐམས་
ཅད་སྤངས་ནས་ནི། །བཟང་འགྲོར་མྱུར་དུ་འགྲོ་བར་འགྱུར། །ཏིང་ངེ་འཛིན་དང་གཟུངས་ཀྱི་མཆོག །དེ་དག་དེ་ལ་མངོན་དུ་གྱུར། །བྱང་ཆུབ་རབ་ཏུ་དེ་འཚང་རྒྱ། །ཞིང་ནི་བྱེ་བ་ཕྲག་སྟོང་དག །གསེར་གྱིས་བཀང་སྟེ་སྦྱིན་བྱིན་པས། །གང་གིས་དེ་བཞིན་གཤེགས་
རྣམས་ཀྱི། །མཚན་རྣམས་འཛིན་པར་བྱེད་པ་ཡི། །བསོད་ནམས་ཕུང་པོ་དེ་ཆེས་མང་། །རྟག་ཏུ་ཚེ་རབས་དྲན་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །མི་ཁོམ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་འབྱུང་བ་རབ་མཛེས་བརྙེས། །རྫོགས་པའི་སངས་རྒྱས་

མཉེས་པར་བྱེད། །དད་པ་བླ་ན་མེད་པ་འཐོབ། །སངས་རྒྱས་རྣམས་ལ་རབ་དད་ཅིང་། །མཆོད་པ་དམ་པ་བྱེད་པར་འགྱུར། །སངས་རྒྱས་འབྱུང་བ་མཉེས་བྱེད་དེ། །མཐོང་ནས་སྟོན་ལ་རབ་ཏུ་དད། །འཇིག་རྟེན་སྒྲོན་མ་མཐོང་ནས་ནི། །མཆོད་པ་བཟང་པོ་བྱེད་པར་
འགྱུར། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །འཁོར་བ་རྣམ་པར་སྤངས་ནས་སུ། །བྱང་ཆུབ་མྱུར་དུ་འཚང་ཡང་རྒྱ། །ཉིན་ཞག་བདུན་དུ་ཚང་བར་ནི། །མཚན་རྣམས་འདི་དག་འཛིན་བྱེད་ན། །གང་གིས་འདྲེན་
རྣམས་མཐོང་འགྱུར་བའི། །རྒྱ་ཆེན་མིག་ནི་སྦྱངས་པར་འགྱུར། །འཇིག་རྟེན་མགོན་པོ་དེ་དག་གི །མཚན་རྣམས་མི་གང་འཛིན་བྱེད་པ། །སྐྱེ་བ་གང་དང་གར་སྐྱེས་པར། །དེ་ནི་ཕྱག་བྱའི་འོས་སུ་འགྱུར། །མཚན་རྣམས་འདི་དག་འཛིན་བྱེད་པ། །
བསྐལ་པ་བྱེ་བ་བསམ་ཡས་སུ། །བཀུར་སྟི་མ་ཡིན་འཐོབ་མི་འགྱུར། །འཇིག་རྟེན་དག་ན་གྲགས་པ་འཐོབ། །མཚན་རྣམས་འདི་དག་འཛིན་བྱེད་པ། །དེ་ལ་བསྐལ་པ་དུ་མར་ནི། །ལྷ་རྣམས་བསྟི་སྟང་བྱེད་པར་འགྱུར། །བྱང་ཆུབ་མྱུར་དུ་འཚང་
ཡང་རྒྱ། །མཚན་རྣམས་འདི་དག་འཛིན་བྱེད་པ། །མོས་བྱེད་ཤེས་རབ་འཆལ་མི་འགྱུར། །གཡོ་དང་སྒྱུ་ནི་རྣམ་པར་སྤངས། །རྟག་ཏུ་སངས་རྒྱས་རྣམས་ཀྱང་མཐོང་། །མཚན་རྣམས་འདི་དག་འཛིན་བྱེད་པ། །ལྷ་དང་དྲི་ཟ་ཀླུ་དབང་དང་། །
མཁའ་ལྡིང་ལྷ་མིན་གསང་བ་པ། །རྟག་ཏུ་དེ་ལ་སྲུང་བར་བྱེད། །གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ནོར་ཆེན་ཁྱིམ་དུ་སྐྱེ་བར་འགྱུར། །སེམས་ཅན་ཀུན་ལ་སྦྱིན་པ་བྱེད། །དཔའ་ཞིང་གཏོང་ཕོད་སེར་སྣ་མེད། །བསྐལ་པ་བྱེ་བ་བརྒྱ་
མང་པོར། །ལྷ་ཡི་ཙན་དན་དམར་པོ་དང་། །ཤིན་ཏུ་དྲི་ཞིམ་སྤོས་ཀུན་གྱི། །སྤོས་ངད་དེ་ཡི་ཁ་ནས་འབྱུང་། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བར་སྒྲ་སྐད་ནི། །ཚངས་པའི་དབྱངས་དང་ལྡན་པར་འགྱུར། །རྟག་ཏུ་ཆོས་

རྒྱལ་ཚུལ་དང་ལྡན། །མཚན་རྣམས་འདི་དག་འཛིན་བྱེད་པ། །རིན་ཆེན་སྣ་བདུན་པད་མའི་འདབ། །བྱེ་བ་སྟོང་ཕྲག་མང་ཡོད་ལས། །འབྱོར་ཆེན་དེ་སྐྱེ་ལྷ་གཟུགས་ལྡན། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ནི་ཕ་མ་སྤུན་
སྡུག་དང་། །སྐྱེ་བོ་དག་གི་ཚོགས་རྣམས་དང་། །འབྲལ་བར་འགྱུར་བ་མི་མཐོང་ངོ་། །དྲང་སྲོང་ཆེན་པོ་རྣམས་ཀྱི་མཚན། །བུད་མེད་ཀྱིས་ནི་བཟུང་བྱས་ན། །བུད་མེད་ལུས་ལ་མ་ཆགས་ནས། །སྐྱེས་པ་བློ་གྲོས་ལྡན་པར་འགྱུར། །མི་
ཡི་ལུས་ནི་ཐོབ་གྱུར་ནས། །བླ་མེད་བྱང་ཆུབ་འཐོབ་འགྱུར་ཏེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །འདོད་པ་ཇི་བཞིན་མྱ་ངན་འདའ། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ཡི་ལུས་ལ་མཚོན་དང་ནི། །དུག་དང་མེ་དང་རྒྱལ་པོ་དང་། །
གཡོན་ཅན་རྣམས་ཀྱིས་མི་ཚུགས་སོ། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ཡི་སེམས་ལ་ནམས་ཀྱང་ནི། །དཔུང་དང་བཞོན་པར་བཅས་པ་ཡི། །བདུད་ཀྱིས་གླགས་རྙེད་མི་འགྱུར་རོ། །འདི་དག་གི་ནི་མཚན་གྱི་རྣམས། །
མི་གང་འཛིན་པར་བྱེད་པ་དེ། །ཞིང་ནི་བྱེ་བ་བསམ་ཡས་པར། །ནམ་མཁའ་ལས་ནི་འགྲོ་བར་འགྱུར། །སངས་རྒྱས་སྟོན་པ་རྣམས་མཆོད་ནས། །འཇིགས་པ་མེད་པར་ཞུ་བ་ཞུ། །དེ་དག་དེ་ཡི་བསམ་མཁྱེན་ནས། །རྒྱལ་བ་དེ་དག་ལུང་སྟོན་འགྱུར། །
སངས་རྒྱས་མགོན་པོ་དེ་དག་ལས། །ལུང་བསྟན་པ་ནི་འཐོབ་གྱུར་ནས། །དེ་ནི་ཤིན་ཏུ་ཡི་རངས་ཏེ། །རྒྱལ་བའི་བསྟན་ལ་ཐེ་ཙོམ་མེད། །མཚན་རྣམས་འདི་དག་འཛིན་བྱེད་པ། །འཇིག་རྟེན་མགོན་པོ་རྣམས་ལས་ནི། །ཟབ་མོའི་ཆོས་ནི་ཐོས་གྱུར་
ཏེ། །ཐོས་ནས་ཐམས་ཅད་འཛིན་པར་འགྱུར། །དེ་ནས་ཕ་རོལ་ཕྱིན་པ་དང་། །མི་འཇིགས་པ་དང་སྟོབས་རྣམས་དང་། །མཚན་དང་དཔེ་བྱད་བཟང་པོ་རྣམས། །མ་ལུས་པར་ནི་རྫོགས་པར་འགྱུར། །སངས་རྒྱས་དེ་དག་རྣམས་ཀྱི་ནི། །གང་གི་

ཞིང་དུ་འདོང་གྱུར་པ། །དེ་ནི་བླ་མེད་ཡང་དག་རྫོགས། །བྱང་ཆུབ་རྟོགས་ནས་འཚང་རྒྱར་འགྱུར། །སྐྱེས་པ་ཡང་ན་བུད་མེད་གང་། །མཚན་རྣམས་འདི་དག་འཛིན་པ་ཡི། །ཡོན་ཏན་འདི་དང་གཞན་དག་ཀྱང་། །སངས་རྒྱས་བསྐལ་པ་རྒྱུན་དུ་གསུང་། །
བག་ཡོད་ལྡན་པར་གྱུར་ནས་ནི། །ཡོན་ཏན་ཕུན་སུམ་འདི་ཐོས་ནས། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དེ་དག་མཚན་རྣམས་འཛིན་པར་འགྱུར། །སངས་རྒྱས་འདི་དག་དཔལ་སྙིང་པོ། །སྤྲིན་གྱི་རྒྱལ་པོ་མི་ཡི་མཆོག །འཇིག་རྟེན་མགོན་པོ་འདི་དག་
གི། །མཚན་ནི་བསྐལ་པར་གང་ཉན་པ། །གང་དག་འདི་རྣམས་མཚན་ཉན་ཅིང་། །ཐོས་ནས་གུས་པར་བྱེད་འགྱུར་བ། །དེ་དང་དེ་དག་ཤེས་རབ་ཆེ། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །དྲང་སྲོང་ཆེན་པོ་དེ་དག་གི། །འདི་འདྲའི་མཚན་དག་ཐོས་གྱུར་ན། །
བག་ཡོད་ལྡན་ཞིང་མཁས་གྱུར་ལ། །ཤེས་རབ་ལྡན་པ་སུ་མི་འཛིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་
དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་
སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅། །རྒྱ་གར་སྐད་དུ། ཨཱརྱ་
བུད་དྷ་མ་ཀུ་ཊཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲཾ་མ་ཧཱ་དྷརྨ་པརྱཱ་ཡཾ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཆོས་ཀྱི་རྣམ་གྲངས་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་

ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་རྣམས་དང་ཡང་ཐབས་ཅིག །བྱང་ཆུབ་སེམས་དཔའི་
འཁོར་ཆེན་པོ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། དྲང་སྲོང་དང་། རིག་སྔགས་འཆང་དང་། ལྷའི་བུ་མོའི་ཚོགས་དུ་མ་རྣམས་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཆེན་པོ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་རྒྱུ་རབ་ཏུ་བསྟན་པར་བྱས། དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་དང་ངས་ཁྱོད་ལ་
བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གང་
གཱའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཏིང་ངེ་འཛིན་གྱིས་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །
འོད་སྲུང་ཆེན་པོ་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་མེད་རྣམ་པར་གནོན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དེ་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་
ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་ཏུ་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་

སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་མེད་རྣམ་པར་གནོན་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་
སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །བསྐལ་པ་བརྒྱར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་ཡོངས་སུ་བཟུང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་འཐོབ་པར་
ཡང་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གང་གཱ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ལེགས་མཛེས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་སངས་རྒྱས་ཀྱི་ཞིང་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པད་མ་ཞེས་བྱ་བ་ཡོད་དེ། དེ་ཡང་དེ་བཞིན་
གཤེགས་པ་དེ་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པའི་གདུགས་ཀྱི་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་
དུ་འབྱུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པའི་དཔལ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པད་མ་དེའི་མིང་འཛིན་
པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །པད་མ་དང་འདྲ་བར་འཇིག་རྟེན་ཐམས་ཅད་ཀྱི་མི་དགེ་བའི་ཆོས་རྣམས་ཀྱིས་མི་གོས་པར་འགྱུར་རོ། །པད་མ་ཆུའི་ནང་ནས་བྱུང་བ་དང་འདྲ་བར་མངོན་པར་འཕགས་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བསྐལ་པ་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཐོབ་པར་ཡང་འགྱུར་རོ། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་
ཡོངས་སུ་བཟུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གང་གཱ་གསུམ་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྡུལ་བྲལ་བསྩགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །འོད་སྲུང་ཆེན་པོ་སངས་རྒྱས་ཀྱི་ཞིང་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་འོད་ཅེས་བྱ་བ་ཡོད་དེ། དེ་ན་དེ་
བཞིན་གཤེགས་པ་དེ་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་དཔལ་ཐམས་ཅད་རྫོགས་པ་མཚན་
དམ་པའི་ལུས་ཀྱི་སྐུ་ཅན་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་འཕགས་པའི་དཔལ་ཐམས་ཅད་རྫོགས་པ་མཚན་དམ་པའི་སྐུ་ཅན་དེ་དང་། བྱང་ཆུབ་སེམས་དཔའ་ཉི་འོད་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །དགེ་བའི་ཆོས་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་
ལྟར་སྣང་བ་ཐོབ་པར་འགྱུར་རོ། །དེ་དག་ལ་ངན་སོང་གསུམ་པོ་དག་ཏུ་ལོག་པར་ལྟུང་བའི་འཇིགས་པ་ཡང་མེད་པར་རིག་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཐོབ་པར་ཡང་འགྱུར་རོ། །བསྐལ་པ་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་

ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གང་གཱ་བཞིའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་
ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གདུགས་གཅིག་པ་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་
ལ་ཡང་དག་པར་ཞུགས་པ་གང་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གདུགས་གཅིག་པ་དམ་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །རིགས་
ངན་རྣམས་སུ་ཡང་སྐྱེ་བར་མི་འགྱུར་རོ། །དབུལ་པོའི་རིགས་རྣམས་སུ་ཡང་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེ་བར་འགྱུར་བ་ཐམས་ཅད་དུ་རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །ནམ་ཡང་ཕས་ཕོངས་པའམ། མས་ཕོངས་པའམ། ལོངས་སྤྱོད་ཀྱིས་ཕོངས་
པའམ། ནད་ཀྱིས་ཉོན་མོངས་པར་མི་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཐོབ་པར་ཡང་འགྱུར་རོ། །བསྐལ་པ་སྟོང་ཕྲག་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆུ་བོ་གང་གཱ་ལྔའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་བསྩགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་དེ་སྔོན་བྱང་ཆུབ་

སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་འདི་ལྟ་བུ་འདི་སྐད་ཅེས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་བདག་གི་མིང་འཛིན་པར་བྱེད་པ་དེ་དག་སྲིད་པར་སྐྱེས་པ་ན་སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་རབ་
ཏུ་བྱུང་བ་ཐོབ་པར་འགྱུར་བ་དང་། རབ་ཏུ་བྱུང་བ་ཐོབ་ནས་ཏིང་ངེ་འཛིན་སྟོང་འཐོབ་པ་དང་། ཏིང་ངེ་འཛིན་གཅིག་ཁོ་ནས་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་བསྒྲུབ་པ་དང་། ཏིང་ངེ་འཛིན་དེ་དག་ལས་ཀྱང་རྣམ་པར་མི་ཉམས་པ་དང་། འདས་པའི་སངས་
རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ཁྲི་པོ་གང་དག་དང་ཆོས་སྟོན་པ་ལ་ལྟ་བར་བྱེད་པ་དང་། འདས་པའི་ཇི་ལྟ་བ་བཞིན་དུ་ད་ལྟར་བྱུང་བ་རྣམས་ལ་ཡང་དེ་བཞིན་དུ་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་།
སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་བསྐལ་པ་སྟོང་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཐོབ་པར་ཡང་འགྱུར་བར་བཏབ་བོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་
ལ་ཡང་དག་པར་ཞུགས་པ་གང་སུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །ཏིང་ངེ་འཛིན་གཅིག་
གིས་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་པར་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས། རྣམ་པར་བཀྲ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་དཀྱིལ་འཁོར་གཟི་བརྗིད་ཀྱིས་མངོན་པར་འཕགས་པའི་རྒྱལ་པོའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་

པར་ཞུགས་པ་གང་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་དཀྱིལ་འཁོར་གྱི་གཟི་བརྗིད་ཀྱིས་མངོན་པར་འཕགས་པའི་རྒྱལ་པོའི་དཔལ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པ་དང་
བློ་གྲོས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། མཚན་དང་ལྡན་པར་མི་སྤྲོ་བ་དེ་ལྟ་བུའི་ཚིག་དང་། སྤོབས་པ་མི་ཟློགས་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་དང་ལྡན་པར་འགྱུར་རོ། །དེ་དག་ཆོས་སྟོན་པ་ན་མདུན་ན་སངས་རྒྱས་
ཀྱི་གཟུགས་གནས་པར་འགྱུར་རོ། །མ་ཐོས་ཤིང་ལུང་མ་ཕོག་པར་བྱེ་བ་ཁྲག་ཁྲིག་གྲངས་མེད་པར་སྤྲོ་བར་མི་འགྱུར་བ་དེ་ལྟ་བུའི་ཚིག་དང་སྤོབས་པ་མི་ཟློགས་པ་དང་ལྡན་པར་འགྱུར་རོ། །ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་
འགྱུར་བ་དེ་ལྟ་བུའི་ཆོས་སྟོན་པར་འགྱུར་རོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་ཡོངས་སུ་བཟུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་
སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཞི་བཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་ཞེས་
བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་དེའི་
མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་འདུག་སྟེ་ཆོས་སྟོན་པར་འགྱུར་རོ། །འདོད་ན་འཛམ་བུའི་གླིང་འདི་སྐད་ཀྱིས་གོ་བར་བྱེད་པར་འགྱུར་རོ། །འདོད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐད་ཀྱིས་གོ་བར་བྱེད་པར་འགྱུར་རོ། །ཆོས་འཆད་

པ་ན་སེམས་ཅན་གང་དག་ཇི་ལྟར་མོས་པ་དང་། ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུར་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། །བསྐལ་པ་སྟོང་ཕྲག་དྲུག་ཅུར་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་
པར་འགྱུར་རོ། །འོད་སྲུང་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་དྲུག་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་
པོ་ཆེའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རིན་པོ་ཆེའི་སྙིང་པོ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །རིན་པོ་ཆེ་བདུན་པོ་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་རྣམས་ཐོབ་པར་འགྱུར་རོ། །འོད་སྲུང་ཆེན་པོ་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་
ཕྲག་སུམ་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་སྒྲ་ཡིད་དུ་འོང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོ་འཕང་མཐའ་ཡས་རྣམ་པར་གནོན་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །འོད་སྲུང་ཆེན་པོ་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོ་འཕང་མཐའ་ཡས་རྣམ་པར་གནོན་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་
པ་ན་ཚེ་རབས་དྲན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ཞེས་བྱ་བ་ཡང་འཐོབ་པར་འགྱུར་ཏེ། དེ་ལ་གནས་ན་ཤར་ཕྱོགས་སུ་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །དེ་བཞིན་

དུ་ལྷོ་དང་། ནུབ་དང་། བྱང་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དང་། འོག་དང་། སྟེང་གི་ཕྱོགས་དང་། ཕྱོགས་བཅུ་ཀུན་ཏུ་ཡང་ཕྱོགས་རེ་རེར་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །དེ་
རྣམས་ཀྱིས་ཆོས་བསྟན་པ་ཡང་ཡང་དག་པར་ཤེས་པར་འགྱུར་རོ། །རྟག་ཏུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་མི་འབྲལ་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བསྐལ་པ་སྟོང་ཕྲག་སུམ་ཅུ་རྩ་ལྔར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་
ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་རྩ་ལྔ་འདས་པ་ན། འཇིག་རྟེན་གྱི་ཁམས་སྤོས་མཆོག་དྲི་ཞིམ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་མཐའ་ཡས་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་
འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་དེ་བཞིན་གཤེགས་པ་སྤོས་མཆོག་མཐའ་ཡས་རྒྱལ་པོས་སྔོན་གྱི་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །སྔོན་སྨོན་ལམ་བཏབ་པ་དེ་གང་ཞེ་ན། འདི་ལྟ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་
ལ་ཡང་དག་པར་ཞུགས་པ་གང་སུ་དག་བདག་གི་མིང་འཛིན་པར་བྱེད་པ་དེ་ཡོན་ཏན་འདི་ལྟ་སྟེ། སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་ཚེ་རབས་དྲན་ཞིང་ཚངས་པར་སྤྱོད་པར་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་ལེགས་པར་བརྒྱན་པར་འགྱུར་བ་དང་
སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་སྣང་བར་བྱེད་ཅིང་ཡང་དག་པར་འགྲོ་བར་བྱེད་ལ། བདག་གིས་ཀྱང་དེ་དག་གི་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱ་ཞིང་གལ་ཏེ་ས་ཆེན་པོ་འདི་མེས་གང་བར་གྱུར་ན་མེ་དེ་ཡང་བསད་ལ་དེ་དག་ལ་རིན་པོ་ཆེ་དག་འབྱུང་བར་བྱ་བ་དང་། སློང་

བར་བྱེད་པ་རྣམས་ལ་ཅི་ནས་ཀྱང་སེམས་ཅན་གྱི་ཡིད་མི་གཅད་པར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། བསྐལ་པ་སྟོང་ཕྲག་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་བ་དང་། དེ་དག་གིས་བསོད་
ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བར་འགྱུར་བ་འདི་དག་འཐོབ་པར་གསོལ་བ་བཏབ་བོ།། །།འོད་སྲུང་ཆེན་པོ་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གང་གཱ་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །མངལ་ན་འདུག་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་
རྣམས་མཐོང་བ་དང་མཉེས་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཞལ་ནས་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱུང་བ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་
ཕྱིར་མི་ལྡོག་པ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་མངལ་ན་འདུག་བཞིན་དུ་ལྷ་དང་ཀླུ་དང་གནོད་སྦྱིན་གཞན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །བསྐལ་པ་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་བྱེད་པར་འགྱུར་རོ་ཞེས་གསུང་
ངོ་། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་ནུབ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གང་གཱ་གསུམ་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ལེགས་པར་རྣམ་པར་ཕྱེ་བ་རྣམ་པར་

འབྱེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་སྣང་ཆེ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་
དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་སྣང་ཆེ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་
དཔལ་ཞེས་བྱ་བ་ཡང་ཐོབ་པར་འགྱུར་ཏེ། དེ་ལ་གནས་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཡང་མཐོང་བར་འགྱུར་རོ། །འོད་སྲུང་ཆེན་པོ་དེ་ལྟར་ན་མི་ཕམ་པ་དང་འདྲ་བའི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཡོན་ཏན་གང་དག་ཡིན་པའི་ཡོན་ཏན་གྱི་ཕན་ཡོན་དེ་དག་ལ་འབྱུང་བར་འགྱུར་རོ། །འོད་སྲུང་ཆེན་པོ་བུད་མེད་གང་ཞིག་དེ་བཞིན་གཤེགས་པ་དེའི་མཚན་འཛིན་པར་བྱེད་པ་ཡང་དེའི་བུད་མེད་ཀྱི་དངོས་པོ་ཐ་མ་ཡང་དེ་ཡིན་ཏེ། དེ་ནས་ཤི་འཕོས་
ནས་སྐྱེས་པའི་དངོས་པོ་འཐོབ་པར་འགྱུར་རོ། །དེ་ལྟར་ན་དེ་བཞིན་གཤེགས་པ་མཐུ་འོད་ཆེན་པོ་དེའི་མཚན་འཛིན་པ་ནི་དོན་ཆེན་པོ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུད་མེད་ཀྱིས་ཀྱང་དྲང་སྲོང་
ཆེན་པོ་དེ་ཡི་མཚན་ཐོས་ན། །བུད་མེད་དངོས་པོ་དེ་སྒྱུར་སྐྱེས་བུ་མཁས་པའི་དངོས་པོར་འགྱུར། །ལུས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་དམ་པར་འཚང་རྒྱ་ཞིང་། །ལྷ་དང་བཅས་པའི་འཇིག་རྟེན་དག་གི་རྟེན་དང་དཔུང་གཉེན་འགྱུར། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་མཚན་འདི་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ། །བསྐལ་པ་གྲངས་མེད་པར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེ་དག་ལ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་

མེད་པ་ཡང་འབྱུང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་ཐོབ་པར་ཡང་འགྱུར་རོ། །འོད་སྲུང་ཆེན་པོ་བྱང་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་ཕ་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རིན་ཆེན་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། །འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིན་ཆེན་དམ་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་བསོད་ནམས་ཆེན་པོ་སྐྱེད་པར་འགྱུར་ཏེ། འོད་སྲུང་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིའི་རྒྱལ་པོ་རི་རབ་ལྟ་
བུ་དེ་ཙམ་གྱི་གསེར་གྱི་ཕུང་པོ་འབུལ་ཞིང་གཏོང་ལ་འཇོག་པར་བྱེད་ཅིང་དེ་ལྟ་བུར་དབུལ་བ་འབུལ་བར་བྱེད་པ་ཡང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་དབུལ་བ་འབུལ་བར་བྱེད་པ་བས་ནི་སངས་རྒྱས་ཀྱི་མཚན་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་འདི་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།
སྟོང་དང་། བརྒྱ་སྟོང་དང་། གྲངས་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་འགྲོ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པའི་མཚན་འཛིན་པར་བྱེད་པ་རྣམས་ལ་གལ་ཏེ་ཡོད་པ་མཆོག་ནི་འདི་ཁོ་ན་ཡིན་ནོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་ནི་མགོན་པོ་འོད་མཛད་པ། །དེ་དག་དུས་དང་དུས་མིན་མཁྱེན་པ་ཡིས། །སེམས་ཅན་ཐམས་ཅད་དག་ལ་ཕན་མཛད་པ། །དེ་དག་ཤར་དང་ལྷོ་དང་ནུབ་དང་ནི། །བྱང་
གི་ཕྱོགས་རྣམས་དག་ན་རབ་བཞུགས་པ། །སྐྱེས་བུ་རྣམས་ཀྱི་གཙོ་བོ་དེ་དག་ལ། །ཉིན་པར་དང་ནི་མཚན་མོ་དག་ཏུ་ཡང་། །གུས་དང་བཅས་པས་ཐལ་སྦྱར་ཕྱག་བྱོས་ཤིག །མི་ཡི་དམ་པ་གང་དག་ནི། །བསྐལ་པ་སྟོང་ན་འབྱུང་བ་ཡི། །མཆོག་ཏུ་རྙེད་དཀའ་

དེ་ལ་ཡང་། །ཕྱག་བྱས་མངོན་ཤེས་ཅི་ཞིག་ཡོད། །སངས་རྒྱས་བཀུར་སྟི་བྱེད་འདོད་དང་། །རྫོགས་པའི་བྱང་ཆུབ་འདོད་པ་ཉིད། །དེས་ནི་སངས་རྒྱས་རྣམས་ཀྱི་མཚན། །རྒྱལ་བས་བཤད་པ་འདི་མཉན་བྱ། །སངས་རྒྱས་ཡེ་ཤེས་བསྐྱེད་པ་ལ། །ནམ་ཡང་
སོམ་ཉི་མི་ཟ་སྟེ། །དགེ་བའི་རྩ་བ་དེ་ཡིས་ནི། །ཡེ་ཤེས་བསམ་ཡས་འདི་འཐོབ་བོ། །གང་ཞིག་རྟག་ཏུ་སངས་རྒྱས་ལ། །མཆོད་པ་བསམ་ཡས་བྱེད་འདོད་པ། །དེ་ཡིས་སངས་རྒྱས་མཚན་ཐོས་ནས། །གཞན་དག་ལ་ནི་རབ་བསྟན་བྱ། །གང་ཞིག་སེམས་ཅན་བྱེ་བ་
དག །སྲིད་པ་སྤངས་པར་དགྲོལ་འདོད་པ། །དེ་ཡིས་སངས་རྒྱས་མཚན་ཐོས་ན། །མི་ཉིད་དུ་ནི་དེ་མི་སྐྱེ། །གང་ཞིག་ཞིང་ནི་བྱེ་བ་དག །རྐང་པའི་མཐེ་བོས་བསྒུལ་འདོད་པ། །དེ་ཡིས་སངས་རྒྱས་མཚན་ཐོས་ནས། །སྐྱེ་བོ་མང་ལ་དེ་བསྟན་བྱ། །གང་ཞིག་སངས་རྒྱས་རྣམས་
ཀྱི་འདི་འཛིན་དེ། །རྒྱལ་བ་འདྲེན་པ་མང་པོ་མཆོད་པས་ན། །དེས་ནི་སྐྱེ་བ་གཅིག་གིས་མ་ཡིན་ལ། །བཅུ་ཡིས་མ་ཡིན་ཉི་ཤུས་མ་ཡིན་ནོ། །འཇིག་རྟེན་འདི་ནི་གང་གཱའི་བྱེ་སྙེད་ཀྱི། །རིན་ཆེན་གསེར་གྱི་མདོག་གིས་བཀང་འབུལ་བས། །གང་ཞིག་སངས་རྒྱས་མཆོག་གི་
མཚན་ཐོས་ན། །སྦྱིན་ཕུང་དེ་ཡིས་བརྒྱ་ཡི་ཆར་མི་ཕོད། །གང་ཞིག་སངས་རྒྱས་མཚན་འདི་ཐོས་ནས་འཛིན། །དེ་དག་མིར་གྱུར་མཆོག་ནི་ལེགས་པར་རྙེད། །དེ་མིའི་འཇིག་རྟེན་དབྱངས་ཀྱི་ཡན་ལག་ལྡན། །རབ་ཏུ་འབྱུང་བ་ལེགས་རྙེད་ཟས་ལེགས་སྤྱད། །བཅོམ་ལྡན་འདས་ཀྱིས་དེ་
སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་བརྟན་འོད་སྲུང་ཆེན་པོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་
བསྟོད་དོ། །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས་འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་